ཅ) ཇོ་བོའི་གསུང་ཐོར་བུ་ལས་གསང་སྔགས་ལམ་རིམ་གྱི་སྐོར།

ཅ) ཇོ་བོའི་གསུང་ཐོར་བུ་ལས་གསང་སྔགས་ལམ་རིམ་གྱི་སྐོར།

 

༡༽ ཇོ་བོ་རྗེས་དགོན་པ་བ་ལ་གནང་བའི་ཕྱག་ཆེན། རྒྱ་གར་སྐད་མི་གསལ་ཞིང་། སློབ་དཔོན་པའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་སྦྱོར་བྱ་བ་ཇོ་བོས་དགོན་པ་བ་ལ་གནང་བའི་གདམས་ངག་ཤིན་ཏུ་ཟབ་པ་ཡིན་གསུངས་ཤིང་། མཇུག་བྱང་ལས། ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་མདོར་བསྡུས་སྙིང་པོ་ཞེས་བྱ་བ་ཤཱཀྱའི་དགེ་སློང་ཀུ་མ་ར་ཡིས་ཡི་གེར་བཀོད་པའོ། །བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། ཌོཾ་བྷི་ཧེ་རུ་ཀ །ཇོ་བོ། དགོན་པ་བ། སྟོན་པ། པོ་ཏོ་བ། ཤར་བ་ན། སྟབས་ཁ་བ་ནས་རིམ་པར་བརྒྱུད་དེ།

མཁན་ཆེན་འཇམ་ཉག །བླ་མ་གྲགས་རྒྱལ་བ། དེས་བདག་ལའོ། །ཞེས་པ་ལས་འགྱུར་བྱང་མི་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༥༩ ནས་ ༧༦༢ བར་བཞུགས་ལ། གཞུང་གི་ལུས་ནི་ཚིག་ལྷུག་ཏུ་གནས་སོ།།

༢༽ རྒྱ་གར་སྐད་དུ། དྲི་ཤ་ཏྲ་ཨཱ་ག་མ། བོད་སྐད་དུ། ལྟ་བའི་ལུང་། མཇུག་བྱང་ལས། དཱི་པཾ་ཀ་རས་མཛད་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོས་བསྒྱུར་བའོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༦༦ ནས་ ༧༦༨ བར་བཞུགས་ཤིང་། གཞུང་གི་ལུས་བཅད་ལྷུག་སྤེལ་མར་མཛད་པ་ཞིག་གོ།

༣༽ རྒྱ་གར་སྐད་དུ། གམ་བྷཱི་མ་ར་ཀྲ་མ། བོད་སྐད་དུ། ཟབ་པའི་རིམ་པ། མཇུག་བྱང་ལས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་མཛད་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༦༨ ནས་ ༧༦༩ བར་བཞུགས་ལ། གཞུང་གི་ལུས་ཚིགས་སུ་བཅད་པ་ལས་གྲུབ་ཅིང་། གཞུང་ཚད་ཚིགས་སུ་བཅད་པ་ ༡༡ དང་། ཚིག་རྐང་ ༤༤ ཅན་ནོ།།

༤༽ རྒྱ་གར་སྐད་དུ། ཙརྱ་ཏད་ཏྭ། བོད་སྐད་དུ། སྤྱོད་པའི་དེ་ཁོ་ན། མཇུག་བྱང་ལས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་བོད་ཀྱི་ལོ་ཙཱ་བ་གྱི་ཇི་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༦༩ ནས་ ༧༧༠ བར་བཞུགས་ཤིང་། གཞུང་གི་ལུས་ཚིགས་སུ་བཅད་པ་ཤ་སྟག་ལས་གྲུབ་ལ། གཞུང་ཚད་ཚིགས་སུ་བཅད་པ་ ༡༣ དང་རྐང་པ་སྟེ་རྐང་པ་ ༥༤ ཅན་ནོ།།

༥༽ རྒྱ་གར་སྐད་དུ། ཤོ་ནིར་མ་ན་ཡ། བོད་སྐད་དུ། མྱ་ངན་ལས་འདས་པ། མཇུག་བྱང་ལས། མྱ་ངན་འདས་པ་རུ་དཱི་པཾ་ཀ་རས་མཛད་པ། ལོ་ཙཱ་བ་གྱི་ཇོས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༠ ནས་ ༧༧༡ བར་བཞུགས་ཤིང་། གཞུང་ཚད་ཚིགས་སུ་བཅད་པ་བཅུ་གསུམ་དང་། རྐང་པ་གཉིས་ཅན་ནོ།།

༦༽ རྒྱ་གར་སྐད་དུ། སཾ་བྷོ་ཀ་ཡོ་གི་ནི། བོད་སྐད་དུ། ལོངས་སྤྱོད་ཀྱི་རྣལ་འབྱོར། མཇུག་བྱང་ལས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཀྱི་མཛད་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༧༢ ནས་ ༧༧༣ བར་བཞུགས་ཤིང་། གཞུང་འདི་ཉིད་ཀྱི་གཞུང་ཚད་ལ་ཚེག་ཁྱིམ་བདུན་ཅན་གྱི་ཚིགས་སུ་བཅད་པ་བཅོ་ལྔ་ལས་གྲུབ་བོ།།

༧༽ རྒྱ་གར་སྐད་དུ། ཀ་ལ་མཧཱ་པན་ཙ་པུ་ཙ་ཀ་ས། བོད་སྐད་དུ། དུས་མཆོད་ཆེན་པོ་བཞིའི་ཕན་ཡོན་ཞེས་བྱ་བ། མཇུག་བྱང་ལས། ཨ་ཏི་ཤའི་ཞལ་ནས་རྒྱ་གར་ན་དུས་མཆོད་ཆེན་པོ་བཞི་པོ་འདི་ཁོ་ན་ལ་ཚོགས་ཆེ་བར་མཛད་པ་ཡིན། ཨ་ཏི་ཤས་འདིའི་དུས་སུ་ཕྱག་ལེན་མཛད་པ་ཡིན། ཨ་ཏི་ཤའི་ཞལ་ནས་ནང་པ་སངས་རྒྱས་པར་རྟོགས་པའི་མི་རྣམས་ཀྱིས་དུས་མཆོད་ཆེན་པོ་བཞི་པོ་འདི་ལ་འཆག་ཐབས་མེད་པ་ཡིན་གསུང་ངོ་། །ཇོ་བོས་རྣལ་འབྱོར་པ་ཆེན་པོ་ལ་གདམས་ངག་གསུངས། ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༧༤ ནས་ ༧༨༦ བར་བཞུགས་ཤིང་། གཞུང་གི་ལུས་ནི་ལྷུག་མ་ཅན་ནོ།།

༨༽ རྒྱ་གར་སྐད་དུ། སརྦ་ས་མ་པ་བི་ཏི་པ་མུད་ཙ་ཡ་རི་ཚེ་ད་བི་ཤི་ག་པ་ན་ཙ་ནཱ་མ། བོད་སྐད་དུ། དམ་ཚིག་ཀུན་གྱི་ཆོ་ག་ཀུན་ལས་བཏུས་པ་ལེའུ་ཉེར་ལྔ་པ་ཞེས་བྱ་བ། འགྱུར་བྱང་ལས། རྒྱ་གར་གྱི་མཁན་པོ་འདི་ཉིད་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ། །སླད་ཀྱི་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༨༠༧ ནས་ ༨༣༡ བར་བཞུགས་ཤིང་། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་དང་། གཞུང་ཚད་ནི་ལེའུ་ཉི་ཤུ་རྩ་ལྔ་ཅན་ནོ།།

༩༽ རྒྱ་གར་སྐད་དུ། ད་ཤ་ཏག་ཏྭ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ། མཇུག་བྱང་ལས། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ། །ལུས་ནི་བཅད་ལྷུག་སྤེལ་མ་ཅན་ནོ། །ཇོ་བོས་བསྒྱུར་བ་ལས་མཛད་ཚུལ་མི་གསལ་བས་དཔྱད་དགོས་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༨༣༡ ནས་ ༨༣༩ བར་བཞུགས་ཤིང་། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་དང་། གཞུང་ཚད་ལ་དེ་ཉིད་བཅུ་བཞུགས་སོ། །ཇོ་བོ་རྗེ་ཨ་ཏི་ཤའི་གསུང་འབུམ་དུ་ཇོ་བོའི་བསྒྱུར་གཞུང་ཡིན་པར་གསལ་བས་དཔྱད་དགོས་ལ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝི༽ དེབ་ཨང་། ༢༦ པ། ཤོག་གྲངས་ ༣༢༠ ནས་ ༣༢༡ བར་བཞུགས་པའི་དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ་ནི། སློབ་དཔོན་གཉིེས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ། །བླ་མ་ཕྱག་ན་དང་། མཚུར་གྱིས་བསྒྱུར་བའོ། །ཕྱིས་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་རོ། །ཞེས་གསལ་བ་ལྟར་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པར་གསལ་ལ། འོན་ཀྱང་འདིར་བཀོད་པའི་དེ་ཉིད་བཅུ་པ་ཞེས་པ་ནི་བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས་ཇོ་བོའི་གསུང་ཆོས་ཀྱི་སྐོར་ནང་གསལ་བའི་ཇོ་བོའི་བསྟན་བཅོས་ཀྱི་གྲས་སུ་བཞུགས་པ་དེ་ཉིད་དོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༥ ནས་ ༢༠༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *