ག) ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་སྤྱོད་པའི་སྐོར།
༡༽ ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་ཇོ་བོ་ཆེན་པོ་རྗེས་མཛད་པ་བཞུགས། རྒྱ་གར་སྐད་དང་། མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ། བསྟན་བཅོས་ཀྱི་མཚན་བྱང་དང་མཛད་བྱང་གཉིས་ཀར། ཐེག་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་ཇོ་བོ་ཆེན་པོ་རྗེས་མཛད་པའོ། །བླ་མ་གསེར་གླིང་པ་ལས་བརྒྱུད་པའོ། །ཞེས་བྱུང་ལ། དེ་འཕྲོས། མགོན་པོ་གསེར་གླིང་པའི་ཞལ་ནས། ཞེས་པ་ནས། བློ་སྦྱོང་སེམས་པའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་བསྐྱེད་པའི་ཆོས་ཡོངས་སུ་རྫོགས་སོ། །
ཞེས་པའི་བར་ནི་བླ་མ་གསེར་གླིང་པའི་གསུང་ཡིན་འདུག་སྙམ་པས་དཔྱད་དགོས་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༢༤༢ ནས་ ༢༥༥ བར་བཞུགས་ལ། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་ནོ།།
༢༽ འཕྲིན་ཡིག་སུམ་ཅུ་པ། རྒྱ་གར་སྐད་དུ་ཏྲིང་ཤད་ཁ་ལེ་ཁ། བོད་སྐད་དུ། འཕྲིན་ཡིག་སུམ་ཅུ་པ། མཇུག་བྱང་ལས[1]། པུ་རངས་ཀྱི་མངའ་བདག་ཁུ་དབོན་ལ། ཇོ་བོ་ཨ་ཏི་ཤས་ལྷ་ས་འཕྲུལ་སྣང་ནས་བརྫངས་པའི་འཕྲིན་ཡིག་སུམ་ཅུ་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༢༦༩ ནས་ ༢༧༡ བར་བཞུགས་ལ། གཞུང་གི་ལུས་ཚིགས་བཅད་དང་། གཞུང་ཚད་ཤླཽ་ཀ་ཉེར་བཞི་ཅན་ཞིག་གོ།
༣༽ ཇོ་བོའི་གདམས་པ་ཐུན་མོང་མིན་པ་བཞུགས། རྒྱ་གར་སྐད་མི་གསལ་ལ། བསྟན་བཅོས་ཀྱི་དབུར། ན་མོ་གུ་རུ། མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ཀྱི་དོན་བསྡུས་ཏེ་བསྒོམ་པ་ནི་དབུ་མའི་མན་ངག་འདི་ཡིན་ཏེ། ཞེས་ཇོ་བོས་མཛད་པར་གསལ། མཛད་བྱང་ལས་[2]ཀྱང་། ཇོ་བོའི་གདམ་ངག་ཐུན་མོང་མ་ཡིན་པ་རྫོགས་སོ། །ཞེས་བྱུང་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༢༦༩ ནས་ ༢༩༩ བར་བཞུགས་ལ། གཞུང་གི་ལུས་ནི་ཚིག་ལྷུག་ཅན་ནོ།།
༤༽ ཇོ་བོ་རྗེ་ལྷ་གཅིག་གི་གདམས་པ་རིན་པོ་ཆེ་ཟ་ར་ཚགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ་ལ། མཛད་བྱང་ལས། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་རའི་མན་ངག་རིན་པོ་ཆེ་ཟ་ར་ཚགས་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༢༩༩ ནས་ ༣༠༨ བར་བཞུགས་ལ། གཞུང་གི་ལུས་ནི་ཚིག་ལྷུག་ཅན་ནོ།།
༥༽ ཇོ་བོའི་གདམས་པ་གནད་ཀྱི་ཁོང་གཟེར་བཞུགས། རྒྱ་གར་སྐད་མི་གསལ། བསྟན་བཅོས་ཀྱི་དབུར། ཇོ་བོ་ཡབ་སྲས་རྣམས་ལ་ཕྱག་འཚལ་ལོ། །བཞུགས་གནས་སྙེར་ཐང་འོར་མོའི་སྐྱོ་སངས་སུ། །ཀ་བ་ཤཱཀྱ་དབང་ཕྱུག་ལ་སོགས་པ། །བོད་སྟོན་ཐམས་ཅད་འདུས་པའི་བསླབ་གྲལ་དུ། །མི་འཆུག་གདམས་པའི་ཁོང་གཟེར་ཞེས་བྱ་བ། །ཕ་རྗེས་བུ་ལ་བཞག་པའི་གནས་འཇུན་འདི། །མགོན་པོ་ཐུགས་རྗེ་ཅན་དེས་འབྲོམ་ལ་མཛད། །ཅེས་དང་། མཇུག་བྱང་ལས། རྒྱལ་བའི་དོན་གྲུབ་པའི་གདན་སའི་བསྐོ་བཞག་མཛད་པ་ལས། མི་འཆུག་པ་གནད་ཀྱི་ཁོང་གཟེར་འདི་གདམས་པས་ཐམས་ཅད་བཀྲ་ཤིས་པར་གྱུར་ཏོ། །མི་འཆུག་པ་ཁོང་གཟེར་རྫོགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ་ལ། མཛད་བྱང་དང་འགྱུར་བྱང་ཡང་མི་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༣༠༨ ནས་ ༣༢༠ བར་བཞུགས་ལ། གཞུང་གི་ལུས་ནི་ཚེག་ཁྱིམ་དགུ་ཅན་གྱི་ཚིག་ལྷུག་ཤ་སྟག་གོ།
༦༽ སྡེ་སྣོད་ཀྱི་ཆོས་ཐམས་ཅད་སྒོམ་པ་དབུ་མའི་མན་ངག་གམ། སྡེ་སྣོད་བཅུད་བསྡུས་དབུ་མའི་མན་ངག །རྒྱ་གར་སྐད་མི་གསལ་ཞིང་། བསྟན་བཅོས་ཀྱི་དབུར། ན་མོ་གུ་རུ། མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ཀྱི་དོན་བསྡུས་ཏེ་བསྒོམས་པ་ནི་དབུ་མའི་མན་ངག་འདི་ཡིན་ཏེ། ཞེས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་[3]ཤོག་གྲངས་ ༣༢༠ ནས་ ༣༢༢ བར་བཞུགས་ལ། གཞུང་གི་ལུས་ཚིག་ལྷུག་དང་། ཇོ་བོའི་གདམ་ངག་ཐུན་མོང་མ་ཡིན་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༧༩༠
[2] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༨༡༡
[3] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༣༢༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༣ ནས་ ༡༩༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།