༢༽ དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།

༢༽ དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།

 

ལོ་ཙཱ་བ་དཔང་བློ་གྲོས་བརྟན་པ་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཤོང་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་གཅུང་པོ་ཡིན། རྗེ་འདིས་སྤྱིར་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། སྒོས་སུ་གཅེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་བསྟེན་ནས་ལོ་ཙཱ་ལེགས་པར་བསླབས་པས། འཇིག་རྟེན་མིག་གཅིག་ཤོང་བློ་གྲོས་བརྟན་པ་དང་།

འཕགས་ཡུལ་བློ་བརྟན་གཉིས་པ་ཤོང་བློ་གྲོས་བརྟན་པ་ཞེས་སུ་གྲགས། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཡང་ལེགས་པར་གསན་ཞིང་། སློབ་མ་ཡང་སྒྲ་ཚད་པ་རིན་ཆེན་རྒྱལ་མཚན་དང༌། ལོ་ཙཱ་བ་མཆོག་ལྡན་གཉིས་ཀྱིས་གཙོས་པའི་མང་དུ་བསྐྱངས་པར་མཛད་ཅིང་། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱི་དྲུང་ནས་ཤོང་ལོ་ཙཱ་བ་བློ་གྲོས་བསྟན་པས་གསན་ཏེ། དེ་ནི་འཕགས་པ་རིན་པོ་ཆེའི་སྲས་ཀྱི་ཐུ་བོར་གྱུར་ཅིང་། སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བས་གཞི་འགྱུར་དང་འགྱུར་འཆོས་མང་པོ་མཛད། གཅེན་གྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མཁྱེན་ཅིང་། ཁྱད་པར་དུས་འཁོར་དང་ཐ་སྙད་རིག་པའི་གནས་ལ་མཁས་པའི་སློབ་མ་མང་དུ་ཐོན་པར་གྲགས།

དེ་བཞིན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[1]། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སྟེ། ལ་སྟོད་ལྷོ་སྤྱང་ལུང་གི་འོ་འབུ་གྱམ་དུ་མེ་ཕོ་བྱི་བ་ལ་འཁྲུངས། གདུང་དཔང་། ཡུམ་སྔ་མོ་ནས་གྲོངས་ཏེ་ལུག་གི་འོ་མས་གསོས་པས་ལུ་གུ་ཞེས་གྲགས། ཁོ་བོ་བའི་འོ་མས་གསོས་ན་ལེགས་པ་ལ་བླུན་པོ་རྣམས་ཀྱིས་ལུག་གི་འོ་མ་བྱིན་པས་བློ་གྲོས་ཀྱི་ཕྱེད་འགྲིབས་སུ་བཅུག་གསུང་། གྲུབ་ཆེན་ཨོ་རྒྱན་པས་བུ་ཆུང་དེ་ལ་དགེ་བཤེས་ཆེན་པོ་ཞིག་འོང་བས་འདི་བྱིན་གསུངས་ནས། ཇ་གསོལ་འཕྲོ་ཞིག་གསོལ་ཞལ་དང་བཅས་པ་བསྐུར། ལོ་ལྔ་པ་ལ་རྒོད་ཚང་པའི་གདན་ས་བྱང་གླིང་པ་ལས་དགེ་བསྙེན་ནོད། མཚན་བློ་གྲོས་བརྟན་པར་བཏགས། ཞེས་དང་། ཡང་དེ་ཉིད་ལས[2]། སུམ་སྟོང་བཞི་བརྒྱ་དང་བརྒྱད་འདས་པའི་(ཉག་དགུ་)མེ་ཕོ་བྱི་ (ཕྱི་ལོ་1276) ལོ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ་སྟོད་གྱམ་དུ་བྱོན། ཁོང་གིས་ལོ་ལྔ་ལོན་པའི་ཚེ་འཕགས་པ་རིན་པོ་ཆེ་དག་པའི་ཞིང་དུ་གཤེགས། ཡུམ་སྔ་མོར་གཤེགས་ནས་ལུག་གི་འོ་མས་གསོས་པས་ལུ་གུ་ཞེས་པར་གྲགས། ཁོ་བོ་བའི་འོ་མས་གསོས་ན་ལེགས་པ་ལ་ལུག་གི་འོ་མས་གསོས་པས་བློ་གྲོས་ཀྱི་ཕྱེད་འགྲིབ་ཅེས་གསུངས། ལོ་བདུན་པ་ལ་མཁན་ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་ལས་རབ་ཏུ་བྱུང་།

བཅུ་གཅིག་པ་ལ་མདོ་རྩ་རྫོགས་པར་བཟུང་། བཅུ་གསུམ་པ་ལ་མདོག་ཚ་སྣང་སྟག་སྡེ་སེང་རྒྱལ་ལོ་བཅུ་དགུ་པའི་བར་དུ་བསྟེན། བཅུ་དགུ་པ་ལ་སྟག་སྡེ་པ་གཤེགས་ནས་མང་མཁར་ཁྲ་ཚང་དུ་ལོ་ཙཱ་བ་མཆོག་ལྡན་ལ་དུས་འཁོར་སོགས་གསན། གཞན་ཡང་སྟག་སྡེ་ཏི་ཕུག་གི་མཁན་པོ་ཤེས་རབ་དཔལ་དང་། ས་སྐྱའི་འཇམ་དབྱངས་བཞི་ཐོག་པ་དང་། འཇམ་སྐྱ་དང་། རོང་པ་ཤེས་རབ་སེངྒེ་སོགས་ཀྱི་ཞབས་པད་བསྟེན། རོང་པ་ཤེར་སེང་འདི་ནི་རོང་པ་སྒ་ལོའི་སྲས་ཏེ་ལྕགས་མོ་ཕག་མོ་པ་ཡིན། ཏྭི་ཤྲི་གྲགས་འོད་ལས་ལོ་དྲུག་གིས་གཞོན། དཔང་ལོ་ལས་ཉེར་ལྔས་བགྲེས། སློབ་མ་ཡང་དཔང་ལོ། དཔལ་ལྡན་སེངྒེ་། སྐྱི་སྟོན་གྲགས་རྒྱལ་སོགས་མང་དུ་བྱུང་། ལོ་ཡང་རེ་ལྔ་བཞུགས་ཟེར་བ་དེའོ།།

ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་ལས་བསྙེན་པར་རྫོགས། སྤྱིར་བལ་པོར་ལན་བདུན་བྱོན། སོ་གཉིས་པ་ལ་གུང་ཐང་གནས་པོ་ཆེར་ཆོས་གཞི་བཙུགས། གུང་ཐང་བདེ་བློ་སོགས་སློབ་བུ་མང་དུ་བྱོན། དཔང་ལོ་འདི་ནི་ཁོང་རང་བཞུགས་དུས་ཀྱི་མཁས་པ། བུ་དོལ། རྒྱལ་སྲས་པ། མ་ཏི་པཎ་ཆེན། ཀུན་སྤངས་ཆོས་གྲགས་དཔལ། འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་གཉིས། ནེ་རིང་པ་འཇམ་དབྱངས་མཚན་ཅན་སོགས་མཁས་གྲུབ་ཐམས་ཅད་ཀྱིས་ཚུར་ཞབས་ལ་བཏུད། མཁས་པའི་གྲགས་པ་ཤིན་ཏུ་ཆེ།

བོ་དོང་ཨེའི་གདན་སར། རྒྱལ་སྲས་རིན་པོ་ཆེས་ཞུ་ཕུལ་བས། གུ་རུ་ཐོགས་མེད་ཐོས་པའི་གཏམ་ལ་སྙན། ཉིད་ཀྱི་ཞལ་ནས་ལེགས་པར་མ་གཏོགས་ཉེས་པ་བཤད་པ་ག་ལ་སྲིད། ཁོ་བོ་མཁན་པོ་ཆེན་པོ་སྟག་སྡེ་པ་སེངྒེ་རྒྱལ་མཚན་གྱིས་ཀྱང་མ་ཐོབ་པའི་གདན་ས་ཡིན་པས་དེ་རིང་རང་ལ་འགྲོ། འགྱུར་ན་མི་འདོད། ད་ལྟ་རང་འགྲོ་ཞེས་གསུངས་པ་ན་དྲུག་ཅུ་རྩ་གཅིག་ལོན་པའི་ཚེ། བོ་དོང་ཨེ་པཎ་ཆེན་འབུམ་ཕྲག་གསུམ་པའི་གདན་སེངྒེའི་ཁྲི་ལ་འཁོད། རྒྱུད་འཛིན་གྱི་སྲས་རང་ཉིད་ཀྱི་དབོན་པོ་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ཞེས་གྲགས་པ་དེ་ཡིན་ལ། དགུང་ལོ་དྲུག་ཅུ་རྩ་བདུན་པ་ཆུ་ཕོ་རྟ་ལོ་ནག་པ་ཟླ་བ་གསུམ་པའི་ཚེས་བཅུ་ལ་བོ་དོང་ཨེར་དག་པའི་ཞིང་དུ་གཤེགས་སོ། །ཞེས་གསལ་བ་ལྟར་རོ།།

གསུང་རྩོམ་ནི། སྒྲ་སྒྱུར་གྱི་ལོ་ཙཱ་བ་དཔང་བློ་གྲོས་བརྟན་པས་མཛད་པའི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་འགྲེལ་བཤད་ངེས་དོན་སྣང་བ་སོགས་བཞུགས་ལ། གཞན་ཡང་སྒྱུར་རྩོམ་ནི་བསྟན་འགྱུར་ལས། རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱཻ་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་དང་། སྡོམ་པ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་པདྨ་ཅན། སྡོམ་པ་འབྱུང༌བའི་སྒྲུབ་ཐབས། ལྷག་པར་མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པ་རྣམ་དབྱེའི་ཚིག་ལེའུར་བྱས་པའམ། བརྡ་སྤྲོད་པ་ཙནྡྲ་པའི་མདོའི་རྣམ་པར་དབྱེ་བའི་ཚིག་ལེའུར་བྱས་པ་ཡང་ལོ་ཙཱ་བ་འདི་ཉིད་ཀྱིས་བོད་བསྒྱུར་མཛད་པ་བཅས་བཞུགས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༩༩

[2] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༧༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧༦ ནས་ ༤༧༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *