༤༽ ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས།

༤༽ ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས།

 

བགྲང་ཡས་བསྐལ་པར་ཉོན་མོངས་གྲོང་ལས་འབྲོག༵ །

དམིགས་མེད་ཐུགས་བསྐྱེད་གྱིས་སྨིན་ཡང་དབེན་དུ། །

ལྷ་མི༵་གདུལ་བྱའི་མྱུ་གུ་པད་འདབ་རྒྱས། །

ལོ༵་ཙཱའི༵་ཅོད་པན་ལམ་འབྲས་པ་ལ་འདུད། །

ཅེས་བསྟོད་ཕྱག་མཛད་པ་ལྟར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་བློ་གྲོས་མཆོག་གམ། ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་འགོར་རྨ་ལོ་དགེ་བའི་བློ་གྲོས་ (1044-1089) དང་དུས་མཉམ་ཡིན་ལ། མངའ་བདག་མར་པ་ཆོས་ཀྱི་བློ་གྲོས་ཞབས་ཀྱིས་ལོ་ཙཱའམ་སྒྲ་སྦྱོང་སའི་བླ་མ་ཞིག་སྟེ། རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ་ལས[1]།

ཁོ་བོ་མར་པ་ལོ་ཙཱ་འདི། །སྐྱེས་པ་ལྷོ་བྲག་མཐིལ་དུ་སྐྱེས། །

ལས་འཕྲོ་དཀར་པོའི་ཆོས་ལ་སད། །དཔལ་མྱུ་གུ་ལུང་གི་དགོན་པ་རུ། །

སྒྲ་སྒྱུར་འབྲོག་མི་ལོ་ཙཱ་ལ། །སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚང་བསླབས། །

ཁོང་སྐུ་དྲིན་མི་ཆུང་ཆེ་བར་འཁུམས། །

ཞེས་རྗེ་མར་པས་ཁོང་གི་དྲུང་ནས་སྒྲ་ལོ་གསུམ་གྱི་རིང་སྦྱངས་ཏེ་བརྡ་འཕྲོད་ངེས་མཁྱེན་པར་གྱུར་པ་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ནན་ཏན་མཛད། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་། བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་གནང་མཛད།

མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[2]། ལོ་ཆེན་རིན་བཟང་གི་རྗེས་ལ་གཙང་ཕྱོགས་འདིར་སྔགས་ཀྱི་བསྟན་པ་སྤེལ་བ་ལ་འབྲོག་མི་ལོ་ཙཱ་བ་སྔ་བ་ཡིན་ཏེ། སྟོད་སྨད་ཀྱི་ཡབ་མཆེད་མཇལ་དུས་ལས་ལོ་གཉིས་པ། ག་ཡ་དྷ་ར་དགུང་ལོ་ཉིས་བརྒྱ་དང་ཞེ་གཅིག་བཞེས་པ། འདས་ལོ་ནས་སུམ་སྟོང་བརྒྱ་དང་ཉེར་ལྔ་འདས་པའི་ཉེར་དྲུག་པ་ཆུ་མོ་སྦྲུལ་ (ཕྱི་ལོ་ 993) འབྲོག་མི་བལྟམས། ཆུ་སྦྲུལ་དེ་ནས་དེང་སང་ནི་ལོ་ལྔ་བརྒྱ་དང་དོན་གཉིས་པ་ཡིན་ལ། ལོ་འདི་ཕྱི་དར་ས་མོ་བྱ་ནས་ཞེ་ལྔ་པ་ཡིན་ཅིང་། ལོ་ཆེན་ལས་ཉེར་གསུམ་གྱིས་གཞོན་པ་ཙམ་མོ།།

དེ་ཡང་བོད་ཀྱི་རྒྱལ་པོ་སྨད་ཀྱི་ལྡེ་གསུམ་པོ་གྲོམ་པ་ལྷ་རྩེ་ནས་བཞུགས་པའི་ཚེ། རྒྱན་གོང་དུ་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་བཀའ་སྩལ་ཏེ། མཁན་པོ་རྒྱ་ཤཱཀྱ་གཞོན་ནུ། སློབ་དཔོན་སེ་ཡེ་ཤེས་བརྩོན་འགྲུས། གསང་སྟོན་ཉང་རྡོ་རྗེ་རྒྱལ་མཚན་ལ་སོགས་པའི་དགེ་སློང་བདུན། དགེ་ཚུལ་གཉིས། དགེ་བསྙེན་གཅིག་དང་བཅུ་སྤྱན་དྲངས་ཏེ་གྲོམ་པ་རྒྱང་དུ་དགེ་འདུན་གྱི་སྡེ་བཙུགས་པའི་དུས་སུ། རབ་ཏུ་བྱུང་བ་ཕྱེད་དང་སུམ་བརྒྱ་ཙམ་འདུས་པའི་ནང་ནས། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། སྟག་ལོ་ཙཱ་བ་གཞོན་ནུ་བརྩོན་འགྲུས། ལེང་ཡེ་ཤེས་གཞོན་ནུ་གསུམ། མཁན་སློབ་རྒྱལ་པོ་དང་བཅས་པས་རྒྱ་གར་དུ་ཆོས་སློབ་ཏུ་བཏང་། བསྟན་པའི་རྩ་བ་ཡིན་པས་འདུལ་བ། བསྟན་པའི་སྙིང་པོ་ཕྱིན་པས་ཕར་ཕྱིན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་སློབས་ཤིག་ཅེས་བཀའ་རབ་ཏུ་གདམས་པ་ལས། འབྲོག་མིས་མཁས་པ་སྒོ་དྲུག་དང་། དཔའ་བོ་རྡོ་རྗེ་ལས་མདོ་རྒྱུད་ཀྱི་ཟབ་དོན་བླངས། ཁྱད་པར་ཕྱིས་ག་ཡ་དྷ་ར་བོད་དུ་བྱོན་པ་ལས། གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས་ནས། བསྟན་སྤེལ་བའི་སློབ་མའི་གཙོ་བོ། མན་ངག་ཚར་བ་གསུམ། རྒྱུད་ཚར་བ་ལྔ། གྲུབ་པ་ཐོབ་པ་བདུན་སོགས་བྱུང་བའི་དང་པོ་ལྷ་བཙུན་ཀ་ལི། འགྲོམ་དེ་པ་སྟོན་ཆུང་། སེ་མཁར་ཆུང་བའོ།།

གཉིས་པ་ནི། ས་སྐྱ་པའི་འཁོན་དཀོན་མཆོག་རྒྱལ་པོ། འཕྲང་འོག་གི་དབྲད་དཀོན་མཆོག་རྒྱལ་པོ། མངའ་རིས་པ་གསལ་བའི་སྙིང་པོ། ལྷ་རྩེའི་ཁྱི་ལྗང་དབུ་དཀར་བ། ཤངས་ཀྱི་བྲག་ཝེ་སོ་ནག་པ་དང་ལྔའོ། །གསུམ་པ་ནི། སྒྱེར་སྒོམ་སེའོ། །གཤེན་སྒོམ་རོག་པོ། དབུས་པ་གྲོང་པོ་ཆེ་སྟེ་ཕོ་གསུམ་དང་། ཤབ་མོ་ལྕམ་གཅིག །འཕྱད་མོ་ནམ་མཁའ། སྲད་མོ་ཀོ་ནེ། སྟོད་མོ་རྡོ་རྗེ་མཆོ་སྟེ་མོ་བཞིའོ།།

བླ་ཆེན་འདིའི་བཀའ་དྲིན་ལ་མ་རྒྱུད་ཀྱི་རྡོ་རྗེའི་བཀའ་སྲོལ་ལས། རྒྱུད་གསུམ་མན་ངག་དང་བཅས་པའི་ཟབ་དོན་ལྷག་པར་དར་རོ། །འདིའི་གྲུབ་ཐོབ་གསུམ་གྱི་སྒྱེར་སྒོམ་དང་། གཤེན་སྒོམ་གཉིས་ནི་གཙང་སྒྱེར་བུ་བ་དང་། རྟ་ནག་པ་ཡིན་པས། འགྲོམ་དེ་པའི་སློབ་མ་སེ་རོག་གཉིས་དང་ཅུང་མི་གཅིག་པ་འདྲ་སྟེ། དེ་པའི་སློབ་མ་སེ་རོག་གཉིས་ཀྱིས་བླ་ཆེན་ལ་ཆོས་ཀྱི་བཀའ་དྲིན་ཐོབ་པས། དངོས་གྲུབ་ཅུང་ཟད་རེ་ཐོབ་ཅེས་བཤད་ཀྱི། གྲུབ་པ་ཐོབ་ཅེས་མ་བཤད་པའི་ཕྱིར་རོ། །དེས་ན་སེ་རོག་གཉིས་ནི། དབུས་པ་རྨངས་ར་སེར་པོ་ཅན་དང་། ནག་པོ་ཅན་ཞེས་ཞྭ་ལུགས་འཆད་པ་ལྟར་དག་པར་སེམས་སོ།།

མདོར་ན། བླ་ཆེན་འདི་ག་ཡ་བལྟམས་པའི་ཆུ་མོ་སྦྲུལ་ནས་ཉིས་བརྒྱ་དང་བཞི་བཅུ་འདས་པའི་ཆུ་མོ་སྦྲུལ་ལ་སྐུ་བལྟམས། སྐུ་གཞོན་ནུ་ལ་རྒྱ་གར་དུ་བྱོན། ནཱ་ལེནྡྲར་མཁས་པ་སྒོ་དྲུག་སོགས་ལོ་བརྒྱད་དང་། དཔའ་བོ་རྡོ་རྗེ་ལ་ལོ་བཞི་དང་། བལ་པོར་ཕམ་མཐིང་པ་ལོ་གཅིག་བསྟེན་ཏེ་ལོ་བཅུ་གསུམ་རྒྱ་བལ་དུ་གསན་སྦྱོང་སོགས་མཛད། ཕྱིས་ཞེ་དགུ་ལོན་པ་ལྕགས་མོ་སྦྲུལ་ལ་ག་ཡ་དྷ་ར་དང་ཐོག་མར་མཇལ། གསུང་ངག་རིན་པོ་ཆེའི་བཀའ་དྲིན་ལོ་གསུམ་དུ་ནོད། ང་གཉིས་བཞེས་པ་ཆུ་མོ་ལུག་ལ་གསན་སྦྱོང་དང་འཆད་པ་སོགས་ཀྱིས་བསྟན་པ་སྤེལ་ནས། དེ་ནས་ཆོས་དབྱིངས་སུ་མ་གཤེགས་བར་དུ་གཙོ་བོར་སྒྲུབ་པ་མཛད། བརྒྱད་ཅུ་རྩ་ལྔ་ལོན་པའི་ཚེ་སྐུ་ལུས་མ་སྤངས་པར་འཇའ་ལུས་སུ་དགོངས་བཞེད་པ་ལ། རྟེན་འབྲེལ་ཅུང་ཟད་ལ་བརྟེན་ནས་བར་དོར་མཆོག་གི་དངོས་གྲུབ་བརྙེས་པ་སྟེ། དེ་ལྟ་བུའི་བླ་ཆེན་མ་དྲོས་པའི་ཆུ་གཏེར་ཆེན་པོ་ལས་བཀའ་བབས་ཀྱི་ཆུ་རྒྱུན་ཆེན་པོ་བཞི་བབ་པའི་རྒྱུན་འཛིན་པར་བྱེད་པ་ནི་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཁོ་ན་ཡིན་ཏེ་འོག་ནས་འཆད་པར་བྱེད་དོ། །ཞ་ལུགས་པ་རྣམས་ཀྱིས་འབྲོག་མི་རྒྱ་གར་དུ་ལན་གཉིས་བྱོན་པའི་དང་པོ་ལ། ཤནྟི་པ་སོགས་ཀྱི་དྲུང་དུ་ལོ་བརྒྱད་བཞུགས། དཔའ་བོ་རྡོ་རྗེ་དང་ཞལ་མཇལ་དབང་ཟབ་མོའི་དྲིན་ཐོབ་ཙམ་བྱས་ནས་བོད་དུ་བྱོན། སླར་རྒྱ་གར་དུ་བྱོན་དཔའ་བོ་རྡོ་རྗེའི་དྲུང་དུ་ལོ་བཞི་བཞུགས་ཞེས་འཆད་པར་བྱེད་དོ། །ཞེས་གསུངས་སོ།།

སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་ཆོས་བཞི་བསྒྲུབ་པ་ཞེས་བྱ་བའི་མདོ། བམ་པོ་གཅིག་དང་ཤླཽ་ཀ་བརྒྱ་ཡོད་པ་ལོ་ཙཱ་བ་ཤཱཀྱ་བློ་གྲོས་དང་། དགེ་བའི་བློ་གྲོས་ཀྱིས་བསྒྱུར། འཕགས་པ་ཆོས་རྒྱ་མཚོའི་མདོ་ཤླཽ་ཀ་བརྒྱད་ཅུ་པ་རྒྱ་ལས་འགྱུར་བ། སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཆོས་ཀྱི་རྒྱ་མོ་བམ་པོ་གཉིས་པ། རྒྱ་ལས་བསྒྱུར་བ། འདི་ལའང་འགའ་ཞིག་གིས་ཐེ་ཚོམ་བྱས་ཀྱང༌། སྔོན་གྱི་མཁན་པོ་རྣམས་ཀྱི་ཚད་མར་བྱས་སོ། །ལྟུང་བ་སྡེ་ལྔའི་དགེ་མི་དགེའི་འབྲས་བུ་བཏགས་པའི་མདོ། དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱུད་ལ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོགས་པ་སུམ་ཅུ་རྩ་དྲུག་པ།

བསྟན་འགྱུར་ལས། དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེ་རྟ་དབྱངས་ཀྱིས་མཛད་པ། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པའི་འགྲེལ་པ་སློབ་དཔོན་དགའ་བྱེད་སྙན་པས་མཛད་པ། སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་ཞེས་བྱ་བ་དཔལ་ལཀྵྨཱི་ཀ་རའི་ཞལ་སྔ་ནས་ཀྱི་སློབ་མ་པཎྜི་ཏ་མཁས་པ་ཀུ་མཱ་རས་མཛད་པ། རྣལ་འབྱོར་པའི་རྟོག་པའི་གེགས་སེལ་བ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ། དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྣལ་འབྱོར་གྱི་མཚན་ཉིད་ལྡན་པ་མཁས་པ་ཆེན་པོ་དཔལ་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ། ཤེས་རབ་བརྩམ་པ་དུས་ཀྱི་གཏམ་ཞེས་བྱ་བ་བྷངྒ་ལའི་མཁས་པ་དཔལ་ངེས་པར་སྦྱངས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་བྲམ་ཟེ་བྷ་མོ་ལ་གདམས་པ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་མན་ལག་བདུན་པའི་ཆོ་ག་གཉིས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སརྤ་ཎིའི་སྒྲུབ་ཐབས། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པཱུ་ཛ་བཛྲས་མཛད་པ། མངོན་རྟོགས་རྒྱན་སེམས་ཙམ་གྱི་ལྟ་བར་བཀྲོལ་བ་འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པ་མཁས་པ་ཆེན་པོ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་དག་ལྡན་ཞེས་བྱ་བ་ཉི་ཁྲི་དང་སྦྱར་བའི་འགྲེལ་པ། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་པ་ལ། སླད་ཀྱིས་ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པ། མངོན་རྟོགས་རྒྱན་བརྒྱད་སྟོང་པ་དང་སྦྱར་ནས་སེམས་ཙམ་དུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་ཤླཽ་ཀ་སྟོང་ཕྲག་བརྒྱད་པ། རྒྱལ་པོའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ། སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས། ཡན་ལག་བརྒྱད་པའི་འགྲེལ་དུ་གྲགས་པའི་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས་མཛད་པ། ལེའུ་བཅོ་ལྔ་པ་ཡན་ཆད་རྫོགས་པ། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་། མར་ལོ་དགེ་སློང་རིག་པ་གཞོན་ནུ་དང་མཉེས་ཅོར་དགེ་སློང་དབྱིག་གི་རིན་ཆེན་དང་གསུམ་གྱིས་ཚད་ལ་ཕབ་པ་སྟེ་མཇུག་བསྡུས་ནས་རྫོགས་པར་བགྱིས་པ། ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་བའི་སྨད་དུམ་ཡུལ་ཀ་བ་དྷྱར་སྐྱེས་པ་ཐོས་པ་མང་བའི་སློབ་དཔོན་བོ་དྷི་ཝརྨའི་སློབ་མ་ཡུལ་བྷངྒ་ལར་སྐྱེ་བ་བཞེས་པ་ཐམས་ཅད་ཡོད་པར་སྨྲ་བའི་སློབ་དཔོན་པྲ་ཛྙཱ་ཝརྨས་མཛད་པ། འདི་ལ་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་དང་ལྔ་བརྒྱ་ཡོད་དོ།།[3]  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་ ༡༥༡

[2] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༨༡

[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་པར་ཁང་། ༡༩༨༣ ལོ། ཤོག་ ༡༥༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༤ ནས་ ༤༤༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *