ཕྱོགས་སྒྲིག་པའི་སྔོན་གླེང་།

ཕྱོགས་སྒྲིག་པའི་སྔོན་གླེང་།

 

རིགས་རུས་ཕུན་ཚོགས་སྐུ་ཡི་ཆེ་བ་དང་། །

འཕགས་བོད་ཡུལ་དུ་གཞན་དོན་ཕུན་ཚོགས་ཀྱི། །

འཕྲིན་ལས་རྒྱུན་གྱི་རྒྱལ་བསྟན་དར་འཕེལ་སོགས། །

རྣམ་ཐར་ཁུངས་བཙན་ཟབ་གསལ་ཕྱོགས་གཅིག་བཀོད། །

ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་པོད་ཕྲེང་གཉིས་པ་འདིར། ༡༽ སྣར་ཐང་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་པ་ (1210-1285) མཆོག་གིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་དང་།

༢༽ ལས་ཆེན་ཀུན་དགའ་རྒྱལ་མཚན་ (1432-1506) གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེའི་ཤོག་གྲངས་ ༥༢ ནས་ ༡༢༩ བར་གསལ་བའི་ཇོ་བོ་རྗེའི་རྣམ་ཐར། ༣༽ དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/66) མཛད་པའི་ཆོས་འབྱུང་མཁས་དགའ་སྟོན་ཤོག་གྲངས་ ༦༥༥ ནས ༧༠༣ བར་གསལ་བའི་ཇོ་བོ་རྗེའི་རྣམ་ཐར། ༤༽ ཇོ་ནང་ཀུན་དགའ་གྲོལ་མཆོག་ (1507-1565/66) གིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་དོན་བསྡུ་སོགས་ཏེ། དེ་ཡང་། ཇོ་བོས་བྱང་ཆུབ་སེམས་གཉིས་བཙལ་བའི་རྣམ་ཐར་དང་། ༥༽ ཇོ་ནང་ཀུན་དགའ་གྲོལ་མཆོག་ (1507-1565/66) གིས་མཛད་པའི་གསེར་གླིང་པ་དང་དངོས་སུ་མཇལ་བའི་རྣམ་ཐར། ༦༽ ཇོ་ནང་ཀུན་དགའ་གྲོལ་མཆོག་ (1507-1565/66) གིས་མཛད་པའི་ཇོ་བོ་བོད་དུ་བྱོན་པའི་རྣམ་ཐཪ། ༧༽ ཇོ་ནང་ཀུན་དགའ་གྲོལ་མཆོག་ (1507-1565/66) གིས་མཛད་པའི་ཇོ་བོ་དགའ་ལྡན་ཆོས་ཀྱི་མདུན་སར་དགོངས་པ་བསྐྱོད་པའི་རྣམ་ཐར་བཅས་ཁག་བཞི། ༨༽ འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ཤོག་གྲངས་ ༤༢ ནས་ ༨༧ བར་གསལ་བའི་ཇོ་བོ་རྗེའི་རྣམ་ཐར། ༩༽ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) མཆོག་གིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བྱུང་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར། ༡༠༽ ཕུན་ཚོགས་ཚེ་བརྟན་གྱིས་བསྒྲིགས་གནང་བའི་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས།

༡༡༽ ཡིག་རྙིང་དབུ་མེད་བྲིས་མ་ལས་བྱུང་བའི་བླ་མ་ཨ་ཏི་ཤའི་རྣམ་ཐར་བཞུགས་སོ། ། ༼ཕྱི་ར་༢༢༽ ཅན་འདི་ལོ་ཙཱ་བ་རིན་ཆེན་བཟང་པོའི་ལུགས་ཡིན་ཚུལ་མཆན་ནང་གསལ་བ་ལས། མཛད་པ་པོ་མི་གསལ་ལ། མཇུག་ཏུ་རྣལ་འབྱོར་མའི་བསྟོད་པ་ཞིག་བཞུགས་པ་ནི། རྒྱ་གར་གྱི་མཁན་པོ་བཛྲ་པ་ཎི་དང་། རྨ་བན་ཤཱཀྱ་མུན་ནེས་གུས་པས་བསྒྱུར་བ་དང་། དཔལ་རྡོ་རྗེ་ཕག་མོའི་བསྟོད་པ་རྐང་པ་དྲུག་པ་ཞེས་བྱ་བ་ནི། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པར་གསལ་བ་བཅས། ཇོ་བོའི་རྣམ་ཐར་ཁག་བཅུ་གཅིག་རྣམས་པོད་ཕྲེང་གཉིས་པ་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པའོ།།

དེ་ཡང་མཆིམས་ནམ་གྲགས་པ་མཆོག་གིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་འདི་ཉིད་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས་[1]དང་། སྣར་ཐང་གསེར་ཕྲེང་ནང་བཞུགས་པ་འདི་ཉིད་ནི། གོང་གསལ་རྣམ་ཐར་ཁག་བཅུ་གཅིག་ལས་དུས་ཀྱི་ཆ་ནས་སྔ་ཤོས་དང་། ནང་དོན་གྱི་ཆ་ནས་ཞིབ་ཚགས་ཤིང་གྲ་རྒྱས་ཤོས་ཤིག་ཡིན་པར་མ་ཟད། ལྷག་པར་བོད་ས་བཅད་ཀྱི་ལམ་སྲོལ་བཞིན་ས་བཅད་དུ་བཀྲལ་ནས་ཕྱོགས་བསྡེབས་མཛད་ཅིང་། སྣར་ཐར་ཡིག་རྙིང་ཞིག་ཡིན་ལ། བྱུང་བ་རྣམས་ཀྱང་ཧ་ཅང་ཁུངས་བཙན་པ་ནི། མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་དེ་ཉིད་ལས་འདི་ལྟར་བྱུང་སྟེ།[2] ཇོ་བོའི་ལོ་རྒྱུས་ཕྱོགས་རེ་བ་ཀུན་ལ་ཡོད་དེ། རྒྱས་པ་འདི་གཞན་ལ་མེད། འདི་གང་ལས་བྱུང་ན་དགེ་བའི་བཤེས་གཉེན་རོང་པ་ཕྱག་སོར་བ་ཉིད་ཀྱིས་སྐྱེ་བ་བཅུ་གསུམ་དྲན་པའི་མངོན་ཤེས་མངའ་བ་བསྒོམས་པའི་སྟོབས་ཀྱིས་རིག་པའི་གནས་ལྔ་ཐུགས་སུ་ཆུད་པ་དེ་ལས་བྱོན་ཏེ། དེས་ཇོ་བོའི་གདམས་པ་བཙལ་བའི་ཕྱིར་ཇོ་བོའི་དངོས་སློབ་བརྒྱད་ཉིང་སློབ་གཉིས་ཏེ་བཅུ་ལ་བརྟེན་ནས་ཇོ་བོའི་ཆོས་དང་སྐུ་ཆེ་བའི་ཡོན་ཏན་ཞུས་པས། དངོས་སློབ་རྣམས་གསུང་མཐུན་པར་བྱུང་བ་ལ་ཉིང་སློབ་གཉིས་མ་མཐུན་པ་ལ་བརྟེན་ནས་དགེ་བཤེས་ཕྱག་སོར་བའི་ཐུགས་དགོངས་ལ་ཇོ་བོ་ལོ་བཅུ་དགུ་བསྟེན་པའི་ (ནག་ཚོ་) ལོ་ཙཱ་བ་ཆེན་པོ་གུང་ཐང་ན་ད་དུང་བཞུགས་པར་འདུག །ཇོ་བོ་བཞུགས་ཀྱང་ལོ་ཙཱ་བར་དུ་འཇུག་པ་ལས་མེད། དེ་ལ་རང་གཅིག་ཐུག་དགོས་སྙམ་ནས་ཡར་བྱོན་པས་ལོ་ཙཱ་བ་ཡང་ཐོག་ན་བཞུགས་པ་དང་མཇལ་ནས། དང་པོར་གསང་སྔགས་ཀྱི་གདམས་པ་འགའ་ཞིག་ཞུས་ནས་བག་ཕབ། དེ་ནས་ཕྱི་དེ་ལོ་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་གདམས་པ་ཞིག་ཞུ། ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་དང་། བོད་དུ་སྤྱན་དྲང་ལུགས་ཤིག་ཞུ་ཞེས་ཞུ་བ་ཕུལ་བས། ལོ་ཙཱ་བའི་ཞལ་ནས་དེ་ལ་ང་མཁས་པ་ཡིན་ཏེ་ཁྱེད་མིན་པ་རྩ་གཅོད་པ་རང་མ་བྱུང་གསུངས། ལོ་རྒྱུས་རྒྱས་པ་འདི་གསུངས། སྒྲུབ་པའི་གདམས་པ་ཡང་མ་ལུས་པར་གནང་། དེ་ནས་བྱོན་ཁར་ཁྱོད་གནས་འདི་ལྟ་བུ་ཞིག་ཏུ་སྒྲུབས་ཤིག་གསུངས་ནས་ལག་སོར་དགོན་པའི་ལུང་བསྟན་ཡང་མཛད། སྐྱེལ་ཐུང་མཛད་ནས་འགྲོ་ཆོས་སུ།

དལ་འབྱོར་རྟེན་ཅན་གྱི་ཤེས་རབ་ཅན། །ཚེ་འདིར་ཇི་ལྟར་བྱས་ཀྱང་ཕྱིད། །

བླ་མེད་བྱང་ཆུབ་རྙེད་པར་དཀའ། །འབད་པ་ཆེན་པོ་བྱ་འཚལ་ལོ། །

གསུངས། བྱོན་པའི་ཚེ་ཕོད་མདོ་བས་སྣེ་ལེན་བྱས་ཏེ་མདོ་རྩ་དང་བསླབ་བཏུས་གསུངས། དེ་ནས་ལག་སོར་དགོན་པར་མཚམས་བཅད་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་དུས་སུ་པ་ཚབ་འཕྲང་ཀ་རྗེའི་འཁྲུག་པ་སྡུམ་པའི་ཚེ་ཕོད་མདོར་དགེ་བཤེས་རྨ་ཚོ་དང་མཇལ་བས་དད་ནས། འོན་འཇང་དོར་སྤྱན་དྲངས་ཏེ་ཆོས་བཙུགས། དེའི་དུས་ཀྱི་རྨ་ཚོའི་ཞར་ཆོས་པ་ཆེན་པོ་བཞིས་ཇོ་བོའི་ཆོས་ཞུས་རོང་པའི་བུ་བཞིར་གྲགས། ཟུལ་ཕུ་བ་ལ་གདམས་པ་དང་ལོ་རྒྱུས་ཉུང་བསྡུས་ཤིག་བྱུང་། རོག་སྟག་ཙམ་པ་ལ་གདམས་པ་མང་ཞིང་ལོ་རྒྱུས་ཉུང་བ་ཞིག་བྱུང་། གདམས་པ་བྲིས་ལོ་རྒྱུས་མ་བྲིས་པར་འདུག །ཞུ་ལྡན་པའི་གདམས་པ་དང་ལོ་རྒྱུས་གཉིས་ཀ་ལེགས། ཁྱད་པར་དུ་ལོ་རྒྱུས་ཞིབ་པར་མཛད་ནས་གདའ་སྐད། ཡི་གེ་དེ་རྣམས་ཅུང་ཟད་ཟུལ་ཕུ་བ་ཆེན་པོའི་ཕྱག་ཏུ་བྱོན་ནས་ཕྱོགས་གཅིག་ཏུ་མཛད་པ་ཡིན་ནོ། །བརྗོད་བྱའི་ལུས་བྱང་ཆུབ་སེམས་དཔའ་བྱ་འདུལ་བ་འཛིན་པ་ཆེན་པོའི་ཇི་ལྟ་བ་བཞིན་ལས། བླ་མའི་གསུང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཏེ། ཇོ་བོ་ཆེན་པོ་ལྷ་གཅིག་གི་ཡོན་ཏན་གངས་ཆེན་མཚོ་ལྟར་མཐའ་ཡས་པ་ལས་དད་པའི་མྱུ་གུ་གསོ་བའི་ཕྱིར་ཆུ་ཐིགས་ཙམ་ཞིག་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་དགེ་སློང་ནམ་མཁའ་གྲགས་ཀྱིས་བསྡེབས་པའོ། །ཞེས་གསལ་བར་བྱུང་ངོ་།།

༡༢༽ ས་གཅོད་ལོ་རྒྱུས་སམ་ཐུན་མོང་མ་ཡིན་པ་རིན་ཆེན་སྤུངས་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་ནི་མཛད་པ་པོ་གསལ་ཁ་མི་སྣང་ཡང་། མཇུག་ཏུ། སློབ་དཔོན་ལྷོ་པ་ལ་སློབ་མ་མྱང་སྒོམ་རྣམ་པ་གསུམ་བྱ་བ་ལ། མྱང་སྒོམ་རྒོད་པོ་དང་། དཀར་པོ་དང་། ཆོས་ཉིད་དང་གསུམ། གཞན་ཡང་དགེ་བཤེས་ཨར་དང་། རྒྱ་དམར་དང་། རྗེ་བཙུན་རྗེ་ཆུང་བ་ལ་སོགས་པའི་མཁས་བཙུན་མང་པོ་འདུས། གོང་དུ་ཡི་གེར་བཀོད་པ་མེད་པས། དགེ་བཤེས་ཨར་ལ་སོགས་པས་མི་རེས་ཟིན་བྲིས་རེ་རེ་བྱས་ནས་བཤུས་པས་སྙན་བརྒྱུད་ཀྱི་གདམ་ངག་ཆལ་དུ་འགྲོ་བར་འདུག་ནས། རྗེ་བཙུན་རྗེ་ཆུང་བ་ལ་སོགས་པས་སློབ་དཔོན་ལྷོ་པ་ལ་གདམ་ངག་འདི་རྣམས་ལ་ཡི་གེ་རེ་རེ་མཛད་པར་ཞུ་དང་ཞེས་ཞུས་པས་བླ་མ་ལྷོ་པའི་ཞལ་ནས། ང་ལ་སློབ་དཔོན་སངས་རྒྱས་པ་རང་གི་ཞལ་ནས་ཀྱང་ཁྱོད་ཀྱིས་ངའི་གདམ་ངག་འདི་རྣམས་ལ་ཡི་གེ་རེས་གཅིག་གྱིས་ན་གསུང་བ་ཡིན་པ་ལ་དེ་གོང་དུ་ཡི་གེ་མ་གྲུབ། ད་བྱ་ཡིས་གསུངས་ནས། ཐུན་མོང་གི་གདམ་ངག་བྱང་ཆུབ་སེམས་སྦྱོང་དང་། ཐུན་མོང་མ་ཡིན་པ་རིན་ཆེན་སྤུངས་པ་དང་། ཁ་འཐོར་གྱི་གདམ་ངག་གནད་བསྡུས་དོན་གྱི་གཟེར་བུ་དང་། དེ་ལྟར་གདམས་པ་གསུམ་ཡི་གེར་བཏབ་པས་ན། སེམས་སྦྱོང་གི་དབུ་ན།

དམ་པས་བསྐུལ་བས་བླ་མེད་པའི། །བྱང་ཆུབ་ལམ་གསུམ་གསལ་བར་བྲི། །

ཞེས་པའི་དོན་ཡང་འདི་ཡིན་གསུངས། བླ་མ་ལྷོ་པ་ལ་སློབ་དཔོན་ཇོ་སྲས་ལྕགས་རི་བས་གསན། དེ་ལ་སློབ་དཔོན་ཇོ་བཙུན་གྱིས་གསན། དེ་ལ་བླ་མ་བ་ལམ་པས་ཞུས་སོ། །ཐུན་མོང་མ་ཡིན་པ་རིན་པོ་ཆེ་སྤུངས་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་ལགས་སོ། །ཞེས་གསལ་ལ། འདི་ཉིད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༤ ལོར་པར་སྐྲུན་གནང་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་སུ་བསྣན་འདུག་པ་ལྟར་འདི་ཡང་དེ་བཞིན་ཕྱོགས་བསྒྲིགས་ཞུས་པའོ།།

གཞན་ཡང་བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག་ལས[3]། འབྲོམ་གྱིས་མཛད་པའི་མཉམ་མེད་ཇོ་བོ་ཆེན་པོའི་རྣམ་ཐར་རྒྱས་པ་ཡོངས་གྲགས། འབྲོམ་སོགས་ཀྱིས་བསྒྲིགས་པའི་དཔལ་མར་མེ་མཛད་ཨ་ཏི་ཤའི་རྣམ་ཐར་རྒྱས་པ། འབྲོམ་གྱིས་མཛད་པའི་ཨ་ཏི་ཤས་རྒྱ་གར་དུ་བསྟན་པ་སྤེལ་བ་དང་གསེར་གླིང་ལ་ཕེབས་པ་སོགས་ཀྱི་རྣམ་ཐར། ཇོ་བོ་རྗེའི་རྣམ་ཐར་ཆོས་འབྱུང་སོགས་བཀའ་གདམས་རིན་པོ་ཆེའི་གླེགས་བམ། ཇོ་བོ་ཆེན་པོ་བོད་དུ་བྱོན་ཚུལ་གྱི་ལམ་ཡིག་དང་ལྷ་བླ་མས་བོད་དུ་ལུང་བསྟན་ཚུལ་སོགས་ཀྱི་གསུང་། ཇོ་བོ་ཡབ་སྲས་ཀྱི་གསུང་བགྲོས་ཕ་ཆོས་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྩ་འགྲེལ་བཅས། ཞེས་བྱུང་བ་ལས། འགའ་ཞིག་ལག་ཏུ་མ་སོན་པས་བྱ་ཐབས་ཟད།

དེ་ལྟར་གོང་གསལ་ཇོ་བོ་རྗེའི་རྣམ་ཐར་མཛད་པ་པོ། ༡ མཆིམས་ནམ་མཁའ་གྲགས་པ་དང་། ༢ ལས་ཆེན་ཀུན་དགའ་རྒྱལ་མཚན། ༣ དཔའ་བོ་གཙུག་ལག་ཕྲེང་བ། ༤ ཇོ་ནང་ཀུན་དགའ་གྲོལ་མཆོག ། ༥ ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། ༦ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་བཅས་ཀྱི་རྣམ་ཐར་སྙིང་བསྡུས་རེ་ངོ་སྤྲོད་ཞུ་བར་བྱའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༤༤ ནས་ ༢༢༨ བར་གསལ་ལོ།།

[2] ཇོ་བོ་རྗེའི་རྣམ་ཐར། སྣར་ཐང་གསེར་ཕྲེང་། པོད། ༼༡༽ བྲིས་མ། དཔེ་ཐུང་། ཤོག་གྲངས་ ༡༦༩ན༢

[3] བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག །ཏེའུ་བུ་གྲོང་ཁྱེར་གྱི་བླ་བྲང་དགོན་པའི་ལས་བྱེད་ཚན་ཆུང་། ༡༩༥༩ ལོ། ཤོག་ ༧༠

 

ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༠༡ ནས་ ༠༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *