ཏ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་སྙིང་བསྡུས། ༡༽ ལོ་ཙཱ་བ་དྲན་པ་ནམ་མཁའ།

ཏ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་སྙིང་བསྡུས།

༡༽ ལོ་ཙཱ་བ་དྲན་པ་ནམ་མཁའ།

 

ལོ་ཙཱ་བ་བནྡེ་དྲན་པ་ནམ་མཁའ་མཆོག་ནི། རྗེ་འབངས་གྲུབ་ཐོབ་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་སྟེ། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། སྐུ་ཚེའི་སྟོད་ལ་བོན་གྱེར་གཤེན་ཆེན་པོ་ཞིག་ཡིན། སྐུ་ཚེའི་སྨད་དུ་རབ་བྱུང་བསྒྲུབས་ཏེ་ལོ་ཙཱ་ལ་ཡང་མཁས་པར་བསླབས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས།

རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས་ཐུབ་པའི་དངོས་གྲུབ་བརྙེས། དེ་ཡང་སློབ་དཔོན་རིན་པོ་ཆེས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[1]།

དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་ཁུགས། །

ཞེས་གསུངས་སོ།།

སྒྱུར་རྩོམ་ནི་བཀའ་འགྱུར་ལས། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ་ཤོ་ལོ་ཀ་སུམ་ཅུ་པ། འདི་ཐེག་དམན་དུ་གྲགས་ཀྱང་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བར་རྣམ་ཤེས་ཚོགས་བརྒྱད་སོགས་བསྟན་པས་ཐེག་པ་ཐུན་མོང་བ་ཡིན་ནོ། །བསྟན་འགྱུར་ལས། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་དྲན་པ་ནམ་མཁའི་འགྱུར་ལ་ཕྱིས་ལོ་ཙཱ་བ་ལྷ་རིན་པོ་ཆེས་བཅོས། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོང་བའི་ཚོགས་ཀྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་རྒྱལ་པོ་ཨིནྡྲ་བྷུ་ཏིས་མཛད་པ། ཕྱིས་ལོ་ཙཱ་བ་ལྷ་རིན་པོ་ཆེས་བཅོས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ་དོན་བརྒྱད་མ་རྒྱ་གར་གྱི་མཁན་པོ་དྲི་མ་མེད་པའི་བཤེས་གཉེན་གྱིས་མཛད་པ། འདི་ཉིད་བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ནམ་མཁའ་དང་ཡེ་ཤེས་སྙིང་པོ་ལ་སོགས་པས་བསྒྱུར་བ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རབ་ཏུ་བྱེད་པ་སློབ་དཔོན་མཁས་པ་ཆེན་པོ་ཆོས་གྲགས་པས་མཛད་པ། ལོ་ཙཱ་བ་ནམ་མཁའི་འགྱུར། སླད་ཀྱིས་པཎྜི་ཏ་རབ་འབྱོར་ཞི་བ་དང་། ལོ་ཙཱ་བ་ཏིང་ངེས་འཛིན་བཟང་པོས་བཅོས་ཤིང་གཏན་ལ་ཕབ་པ། འབྲེལ་བ་བརྟག་པའི་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བ་ལྷས་མཛད་པ་བཅས།[2] དེ་ལྟར་ལོ་ཙཱ་བ་བནྡེ་ནམ་མཁས་སློབ་དཔོན་མཁས་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པའི་འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བ་སོགས་བཞུགས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༠༡

[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་པར་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༥ ནས་ ༤༢༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *