༩༽ མཆོག་གསུམ་རྗེས་སུ་དྲན་པ།
དེ་ཡང་ཀུན་མཁྱེན་འཇིགས་མེད་དབང་པོའི་ (1728-1791) གསན་ཡིག་ལས[1]། སློབ་དཔོན་དབྱིག་གཉེན་གྱིས་མདོ་ལས་ཕྱུང་བའི་འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། ༼༥༦༽ ཆོས་རྗེས་སུ་དྲན་པ། ༼༥༧༽ དགེ་འདུན་རྗེས་སུ་དྲན་པ། ༼༥༨༽ འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་དང་བཅས་བཞི་སློབ་དཔོན་དྷརྨཱ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།
ཞེས་བྱུང་བ་ལྟར་འདི་དག་སློབ་དཔོན་དབྱིག་གཉེན་གྱི་གསུང་ཡིན་པར་གསུངས་ལ། དེ་བཞིན་གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[2]། ཀ༽ མདོ། ༼གི༽ འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་པཎྜི་ཏ་པྲ་ཛྙཱ་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར། ལྡེབ་གྲངས་ ༡༨༧བ། ༡༨༩བ། བར་བཞུགས་པར་གསལ་ལོ།།
དེ་བཞིན། ཁ༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[3]། མདོ། ༼གི༽ ཆོས་རྗེས་སུ་དྲན་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ལྡེབ་གྲངས་ ༡༨༨བ། ༡༨༩ན། བར་བཞུགས་པར་གསལ་རུང་། ཡོངས་གྲགས་བསྟན་འགྱུར་པར་མ་ཁག་བཞིར་སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ་དང་། ཆོས་རྗེས་སུ་དྲན་པའི་འགྲེལ་པ། དགེ་འདུན་རྗེས་སུ་དྲན་པའི་བཤད་པ་གསུམ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པར་གསལ་བས་དཔྱད་དགོས།
འོན་ཀྱང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མཆོག་གསུམ་རྗེས་སུ་དྲན་པ་ལས། སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ་འདི་ཁོ་ན་ལས་མི་སྣང་མོད། གསེར་བྲིས་བསྟན་འགྱུར་དུ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གསལ་ལ། ཀུན་མཁྱེན་གྱི་གསུང་ནང་དབྱིག་གཉེན་གྱིས་མདོ་ལས་ཕྱུང་བར་གསུངས་ནའང་། འཕགས་པ་སངས་རྒྱས་རྗེས་སུ་དྲན་པ་ནི་པཎྜི་ཏ་ཆེན་པོ་ཀུ་མུད་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་དང་། དེ་བཞིན་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་མཛད་པའི་མཆོག་གསུམ་རྗེས་སུ་དྲན་པའི་ཆོས་ཚན་ཁག་བཞི་ལས་བསྟན་འགྱུར་ནང་མི་བཞུགས་ལ། སྒྱུར་བྱེད་ལོ་ཙཱ་བ་ལྟར་ན། ཐོགས་མེད་སྐུ་མཆེད་གཉིས་མཆོག་གསུམ་རྗེས་སུ་དྲན་གྱི་འགྲེལ་པ་རྣམས་མིན་པར་སྣང་བས་ད་དུང་འདི་དག་ཐད་ཞིབ་ཏུ་དཔྱད་དགོས་པ་ཡོད་དོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ད༽ གསན་ཡིག་སྟོད་ཆ། བླ་བྲང་པར་མ། ཤོག་ ༤༠བ༦
[2] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༠༧
[3] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༠༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣20 ནས་ ༣༢༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།