༤༽ ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ།

༤༽ ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ།

 

ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲ་སྟེ། དྷརྨ་ཞེས་པ་ཆོས་དང་། པཱ་ལ་ཞེས་པ་སྐྱོང་བ། བྷ་དྲ་ཞེས་པ་བཟང་པོའི་དོན་ཡིན་པས། བོད་སྐད་དུ་ཆོས་སྐྱོང་བཟང་པོ་ཞེས་སུ་གྲགས་པ་ནི། གཙང་ཞྭ་ལུ་གསེར་ཁང་གོང་མར་རབ་བྱུང་བདུན་པའི་ལྕགས་བྱ་ཕྱི་ལོ་ ༡༤༤༡ ལོར་ཡབ་འགོས་ཀྱི་རིགས་ལས་བྱུང་བ་བསམ་གྲུབ་བཟང་པོ་དང་། ཡུམ་རིན་ཆེན་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། མཚན་ལ་ཆོས་སྐྱོང་འབུམ་ཞེས་གསོལ།

དགུང་ལོ་བཅོ་བརྒྱད་བཞེས་ཐོག་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་མཁན་ཆེན་དཀོན་མཆོག་བཟང་པོའི་སྤྱན་སྔར་རབ་ཏུ་བྱུང་བས། མཚན་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་དྲུག་པར་རྗེ་དོན་གྲུབ་གྲགས་པའི་དྲུང་ནས་བསྙེན་པར་རྫོགས། སྐུ་ཞང་མཁན་ཆེན་ཆོས་གྲུབ་པ་སོགས་བླ་མར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད།

དགུང་ལོ་བཞི་བཅུའི་སྟེང་དབུས་སུ་ཕེབས་ཤིང་། སྟག་ལུང་ཆོས་རྗེ་སོགས་ལ་ཐུན་མོང་རིག་གནས་ཀྱི་བཤད་ཁྲིད་དང་། རྒྱ་སྟོན་ལྕགས་རི་བའི་གདན་ས་གྲྭ་ཐང་གཙུག་ལག་ཁང་སོགས་སུ་དབང་དང་བཀའ་ཆོས་མང་དུ་སྩལ། དགུང་ལོ་དོན་བཞི་བཞེས་སྐབས་བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་བཀོད་ལྟར་ཞྭ་ལུར་ཕེབས་ཏེ་ཞྭ་ལུ་དགོན་དགོན་པའི་གདན་སའི་གདན་ཪབས་ཉི་ཤུ་པར་ཕེབས། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པར་སློབ་གཉེར་མཛད། ལྷག་པར་རིག་གནས་ཀྱི་བཤད་རྒྱུན་ཉམས་པ་གསོ་ཕྱིར་སྒྲ་རིག་པ་ཆེན་པོ་གནས་བརྟན་ལེགས་པ་རྒྱལ་པོ་དང་། དཔལ་སྡིངས་སྒྲ་པ། ལོ་ཆེན་གྲགས་པ་རྒྱ་མཚོ། རྒྱ་སྟོན་ལྕགས་རི་བ་ཐར་པ་བཟང་པོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་མཁས་པ་དུ་མའི་ཞབས་ལ་གཏུགས་ནས་ཡིག་རིགས་མི་འདྲ་བ་སྣ་ཚོགས་ནས་བཟུང༌སྟེ་སྒྲ། མངོན་བརྗོད། སྙན་ངག །སྡེབ་སྦྱོར། ཟློས་གར་ཏེ་ཐ་སྙད་རིག་གནས་ལྔ་ལ་འཕགས་ཡུལ་ནས་འགྱུར་ཟིན་པའི་གཞུང་ཆེན་པོའི་འགྲེལ་པ་དང་བཅས་པ་དང་། མ་འགྱུར་བ་མང་པོའི་རྒྱ་དཔེའི་སྟེང་ནས་གཏན་ལ་ཕབ་སྟེ་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད་པས་རིག་པའི་གནས་གཞན་ལ་སྤེལ་བའི་སློབ་དཔོན་ཆེན་པོར་གྱུར།

འདི་ཉིད་ཀྱིས་རྒྱ་དཔེ་ལ་གཟིགས་བཞིན་བོད་སྐད་དུ་སྒྱུར་སྐབས་སློབ་མ་རྣམས་ཀྱིས་བོད་དཔེ་བཟུང་ནས་གནས་པ་ན་ཡི་གེ་གཅིག་ཀྱང་ཆད་ལྷག་མེད་པ་ཤིན་ཏུ་ཁུངས་དག་པར་གསུངས་པ་རྣམས་སློབ་མ་བཟང་བ་དག་གིས་ཀྱང་རྗེས་ནོན་དཀའ་བ་ཡོད་པར་གྲགས། ལོ་ཆེན་འདི་ཉིད་ཀྱིས་གཞུང་མང་པོ་ལ་འགྱུར་འཆོས་སམ་ཧོར་ཀོང་བསབ་པ་སོགས་ཀྱི་སྒོ་ནས་ལེགས་པར་མ་འགྱུར་བ་དང་། ལོག་པར་བསྒྱུར་བ། འགྱུར་ཆད་པ་སོགས་མཐའ་དག་གི་དྲི་བཀྲུས་ནས་ཇི་ལྟ་བ་དང་ཇི་སྙེད་པའི་རིག་གནས་ཀྱི་རྒྱུན་བཟང་པོ་ཤིན་ཏུ་གསལ་བར་མཛད་པར་མ་ཟད། བསྟན་བཅོས་ཀྱང་མང་པོ་གཞི་བསྒྱུར་དང་བརྩམས་གནང་བ་བཅས་གངས་རིའི་ཁྲོད་ཀྱི་བློ་གཟུ་བོར་གནས་པ་ཐམས་ཅད་ཀྱི་བཀུར་བསྟིའི་གནས་དམ་པ་དང་། ལྷག་པར་རིག་གནས་ལ་ཕྱག་རྗེས་ཤིན་ཏུ་ཆེ་བ་སྟེ། གསུང་རྩོམ་ལ་བྱེད་པ་ཅན་གྱི་འགྲེལ་པ་དང་། ཀ་ལཱ་པའི་བཤད་སྦྱར། བརྡ་སྤྲོད་ཟ་མ་ཏོག །རྟགས་འཇུག་གི་འགྲེལ་པ་སོགས་བསྟན་བཅོས་མང་དུ་བཞུགས། མཐར་དགུང་ལོ་གྱ་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ་ ༡༥༢༧ ལོར་གྲྭ་ཐང་དུ་སྐུ་གཤེགས་པ་བཅས་སོ།།

སྒྱུར་རྩོམ་ནི་བསྟན་འགྱུར་ལས། རྡོ་རྗེ་འཆང་ཆེན་པོའི་བསྟོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། སྐྱེས་རབས་ཀྱི་བསྟོད་པ། ས་དང་ཤིང་དང་རྡོའི་ཆོ་ག །སྐྱེས་རབས་ཀྱི་དཀའ་འགྲེལ། རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བདེན་པ་བརྗོད་པ་རྒྱལ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། སྒྲ་གཅིག་དོན་མང་ནོར་བུའི་ཕྲེང་བ། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག །ལྷག་པར་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་ཞབས་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་ཆོས་ཚན་ཧ་ཅང་མང་པོ་བཞུགས་སོ།།

དེ་འཕྲོས་བོད་ཀྱི་སྐད་གཉིས་སྨྲ་བའི་སྒྲ་སྒྱུར་གྱི་ལོ་ཙཱ་བ། ༥༽ བནྡེ་ཡེ་ཤེས་སྡེས་སློབ་དཔོན་ཀ་མ་ལ་ཤཱིའི་གསུང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ་དང་། སྒོམ་པའི་རིམ་པ་ཐོག་མཐའ་བར་གསུམ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ། དབུ་མ་རྒྱན་གྱི་དཀའ་འགྲེལ་བཅས་བསྒྱུར་བ་དང་། ༦༽ བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བའི་འགྲེལ་པ་དང་། འཕགས་པ་སཱ་ལུ་ལྗང་པའི་མདོ་སྡེའི་རྒྱ་ཆེར་འགྲེལ་བ་བསྒྱུར་བ། ༧༽ ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་དབུ་མ་སྣང་བ། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་བཅས་བསྒྱུར་གནང་མཛད།

༨༽ ལོ་ཙཱ་བ་རིན་ཆེན་བཟང་པོས་སློབ་དཔོན་ཀ་མ་ལ་ཤཱི་ལས་སློབ་མ་ལྷོ་ཟ་མོ་ཚངས་པའི་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བསྟན་པ་དང་། དད་བསྐྱེད་སྒྲོལ་མ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་བཞིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན། ༩༽ སློབ་དཔོན་ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་ཞེས་བྱ་བ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་སྐབས་བཅས་སོ་སོར་བཀོད་ཟིན་པས་དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༣ ནས་ ༢༠༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *