ཁ༽ སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་མཚན་བྱང་།
སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་ལེགས་བཤད་ཀྱི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་ཤེར་ཕྱིན་དང་། དབུ་མ། མདོ་སྡེ། འདུལ་བ། སྤྲིང་ཡིག །ཚད་མ། སྣ་ཚོགས་བཅས་སྡེ་ཚན་བདུན་གྱི་ནང་དུ་ཆོས་ཚན་ ༢༠ བཞུགས་པ་ལས། དང་པོ་ཤེར་ཕྱིན་གྱི་སྐོར་ལ་གསུམ་སྟེ། ༡ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ་དང་།
༢ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ། ༣ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བའི་འགྲེལ་པ་བཅས་སོ།།
གཉིས་པ་དབུ་མའི་སྐོར་ལ་དགུ་སྟེ། ༡ དབུ་མ་རྒྱན་གྱི་དཀའ་འགྲེལ་དང་། ༢ དབུ་མ་སྣང་བ་ཞེས་བྱ་བ། ༣ དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༤ ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ། ༥ བྱང་ཆུབ་ཀྱི་སེམས་བསྒོམ་པ། ༦ བསྒོམ་རིམ་དང་པོ། ༧ བསྒོམ་རིམ་བར་མ། ༨ བསྒོམ་རིམ་ཐ་མ། ༩ རྣལ་འབྱོར་བསྒོམ་པ་ལ་འཇུག་པ་བཅས་སོ།།
གསུམ་པ་མདོ་སྡེའི་སྐོར་ལ་གཉིས་ཏེ། ༡ འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་དང་། ༢ འཕགས་པ་སཱ་ལུ་ལྗང་པའི་མདོ་སྡེའི་རྒྱ་ཆེར་འགྲེལ་པ་གཉིས། བཞི་པ་འདུལ་བའི་སྐོར་ལ་གཅིག་སྟེ། ༡ དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པ་མདོ་ཙམ་དུ་བརྗོད་པ། ལྔ་པ་སྤྲིང་ཡིག་གི་སྐོར་ལ་གཉིས་ཏེ། ༡ ལྷོ་ཟ་མོ་ཚངས་དབྱངས་ལ་སྡུག་བསྔལ་གྱི་བྱེ་བྲག་བསྟན་པ་དང་། ༢ དད་སྐྱེད་སྒྲོན་མ་གཉིས། དྲུག་པ་ཚད་མའི་སྐོར་ལ་གཉིས་ཏེ། ༡ རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་དང་། ༢ དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་གཉིས། བདུན་པ་སྣ་ཚོགས་སྐོར་ལ་གཅིག་སྟེ། ༡ སློབ་དཔོན་ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་བཅས་ཁྱོན་བསྡོམས་ཆོས་ཚན་གྲངས་ ༢༠ བཞུགས་སོ།།
དེ་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་ཆོས་ཚན་ ༢༠ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་དཔེ་ལྷག་མ་ལུས་པའི་ཆོས་ཚན་ ༩ དང་། ལེགས་སྦྱར་གྱི་མ་དཔེ་ཉམས་ཟིན་མ་བཞུགས་པའི་ཆོས་ཚན་ ༡༡ རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༡༥ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་གྲངས་ ༥ བཞུགས་ལ། ཆོས་ཚན་ ༢༠ བཞུགས་པའི་ཁྲོད་ནས་སྡེ་དགེ་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ ཅོ་ནེ་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ དེ་བཞིན་པེ་ཅིན་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༢ དང་། སྣར་ཐང་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༢ བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༡ ནས་ ༡༨༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།