ཁ༽ མཁན་ཆེན་ཞི་འཚོའི་གསུང་གི་མཚན་བྱང་།
དེ་ཡང་བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མཁན་ཆེན་ཞི་བ་འཚོའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། དབུ་མ། སེམས་ཙམ། ཚད་མ་བཅས་སྡེ་ཚན་ཁག་ལྔའི་ཁྲོད་དུ་ཆོས་ཚན་ ༡༨ བཞུགས་པ་ལས། དང་པོ་བསྟོད་ཚོགས་ཀྱི་སྐོར་ལ་གསུམ་སྟེ། ༡ བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་དང་།
༢ བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་བཤད་པ་དང་། ༣ དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ་བཅས་གསུམ་མོ།།
གཉིས་པ་རྒྱུད་ཀྱི་སྐོར་ལ་དགུ་སྟེ། ༡ ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ་དང་། ༢ རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག །༣ རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ། ༤ འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། ༥ ཡང་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་(འབྲིང་པོ།)། ༦ དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག །༧ དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། ༨ དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ། ༩ དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། ༡༠ ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། ༡༡ དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཅས་སོ།།
གསུམ་པ་དབུ་མའི་སྐོར་ལ་གསུམ་སྟེ། ༡ བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ་དང་། ༢ དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། ༣ དབུ་མའི་རྒྱན་གྱི་འགྲེལ་པ་བཅས་གསུམ། བཞི་པ་སེམས་ཙམ་སྐོར་ལ་གཅིག་སྟེ། ༡ སྡོམ་པ་ཉི་ཤུ་པའི་འགྲེལ་པ། ལྔ་པ་ཚད་མའི་སྐོར་ལ་གཉིས་ཏེ། ༡ རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་དང་། ༢ དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་བཅས་ཆོས་ཚན་གཉིས་ཏེ། མདོར་ན་བསྟོད་ཚོགས་སུ་ཆོས་ཚན་ ༣ དང་། རྒྱུད་ཀྱི་སྐོར་ལ་ཆོས་ཚན་ ༡༡ དབུ་མའི་སྐོར་ལ་ཆོས་ཚན་ ༣ སེམས་ཙམ་གྱི་སྐོར་ལ་ཆོས་ཚན་ ༡ ཚད་མའི་སྐོར་ལ་ཆོས་ཚན་ ༢ བཅས་ཁྱོན་བསྡོམས་ཆོས་ཚན་ཞལ་གྲངས་ ༢༠ བཞུགས་སོ།།
གོང་གསལ་སློབ་དཔོན་ཞི་བ་འཚོའི་བསྟན་བཅོས་ཁག་གི་མཛད་བྱང་དུ་གསལ་བའི་མཛད་པ་པོའི་མཚན་གྱི་རྣམ་གྲངས་ལ། བོད་སྐད་ཀྱི་མཚན་སློབ་དཔོན་ཞི་བ་འཚོ་ཞེས་གསལ་བ་ ༡༠ དང་། མཚན་ཟུར་དུ་ཆེ་བསྟོད་ལ་མང་དུ་ཐོས་པ་དང་། སློབ་དཔོན་ཞེས་གསལ་བ་ཁག་གཉིས་བྱུང་ཞིང་། ལེགས་སྦྱར་གྱི་མཚན་བོ་དྷི་ས་ཏྭ་ཞེས་འཁོད་པ་ཁག་ ༧ དང་། དེའི་མཚན་ཟུར་གྱི་ཆེ་བསྟོད་དུ་སློབ་དཔོན་དང་མཁན་པོ་གཉིས་གསལ་བ་དང་། གཞན་ཡང་ལེགས་སྦྱར་གྱི་མཚན་སློབ་དཔོན་ཤཱནྟ་རཀྵི་ཏ་ཞེས་འཁོད་པའི་ཆོས་ཚན་ ༢ ཀྱི་མཚན་ཟུར་དུ་སློབ་དཔོན་ཞེས་གསལ་ཞིང་། ཟ་ཧོར་གྱི་མཁན་པོ་[1]ཤཱནྟ་དེ་བ་ཞེས་གསལ་བ་ ༡ བཅས་མཆིས་ལ། མཛད་བྱང་མ་འཁོད་པའི་གསུང་གཉིས་བཞུགས། དེ་ལྟར་མཁན་ཆེན་ཞི་བ་འཚོའི་བསྟན་བཅོས་ ༢༠ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་དཔེ་བཞུགས་པའི་ཆོས་ཚན་ ༤ དང་། ལེགས་སྦྱར་གྱི་མ་དཔེ་རྩ་བརླག་ཏུ་སོང་ཟིན་པའི་ཆོས་ཚན་གྲངས་ ༡༤ ཡོད་ལ། གོང་གསལ་ཆོས་ཚན་ ༢༠ ལས་ཅོ་ནེ་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༣ དང་། པེ་ཅིན་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ སྣར་ཐང་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་ ༡ བསྟན་འགྱུར་པར་བཞི་གར་མི་གསལ་ཞིང་། ཚལ་པའི་བསྟན་འགྱུར་དུ་གསལ་བ་ ༢ ཡོད་པ་བཅས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༧༧༡ ཐོག་པེ་སྣར་པར་མ་གཉིས་ནང་མཁས་པ་ཞེས་གསལ་ལོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༩ ནས་ ༡༤༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།