༩༽ འགོས་ལོ་ཙཱ་བ་གཞོན་ནུ་དཔལ།

༩༽ འགོས་ལོ་ཙཱ་བ་གཞོན་ནུ་དཔལ།

 

དེ་ཡང་སྤྱན་སྔ་བ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས་ (1453-1524) མཛད་པའི་འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུའི་ཞབས་ལ་བསྟོད་པ་ལས[1]།

བླ་མེད་བྱང་ཆུབ་སེམས་ལ་ཐུགས་རྒྱུད་སྦྱངས། །

མང་དུ་ཐོས་ཤིང་སྒྲུབ་པ་སྙིང་པོར་མཛད། །

འཇིག་རྟེན་ལས་འདས་ཕུན་ཚོགས་ཀུན་མངའ་བའི། །

ནམ་མཁའ་བློ་གྲོས་ཞབས་ལ་མགོས་ཕྱག་འཚལ། །

ཞེས་གསུངས་པ་ལྟར། འགོས་ལོ་གཞོན་ནུ་དཔལ་མཆོག་ནི། མཚན་གཞན་ཡིད་བཟང་བརྩེ་པ་ཞེས་ཞུ་ཞིང་། རབ་བྱུང་བདུན་པའི་ཆུ་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༣༩༢ ལོར་ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་སའི་ཆར་ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་། ཡུམ་སྲིད་ཐར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་མཉམ་མེད་བཀའ་བརྒྱུད་པའི་ལོ་ཙཱ་བ་གྲགས་ཅན་ཞིག་སྟེ། རྗེ་ཙོང་ཁ་པའི་དངོས་སློབ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས་ཀྱི་ནང་ཚན། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བའམ། རྩེད་ཐང་པ་འགོས་ལོ་གཞོན་ནུ་དཔལ་བ་ཡིད་བཟང་རྩེ་པ་ཞེས་བྱ་བ་དེབ་ཐེར་སྔོན་པོ་མཛད་པ་པོ་དེ་ཡིན། དགུང་ལོ་དགུ་པར་སྤྱན་གཡས་མཁན་པོ་སངས་རྒྱས་དཔལ་བའི་དྲུང་དུ་རབ་བྱུང་མཛད། སློབ་དཔོན་ཤེས་རབ་དར་རྒྱས་ཀྱི་དྲུང་ནས་སྤྱོད་འཇུག་སོགས་གསན། དགུང་ལོ་བཅུ་གཉིས་ནས་ཉེར་གསུམ་གྱི་བར་དུ་རྩེད་ཐང་གི་མཁན་པོ་བསམ་བཟང་པ་ལས་ཚད་མ་རྣམ་འགྲེལ་དང་། སྟོན་པ་ཤཱཀྱ་པ་ལས་ཕར་ཕྱིན་དང་བྱམས་ཆོས་སྡེ་ལྔ། འཕན་པོ་ཐང་སག་གི་མཁས་པ་ཡེ་ཤེས་རྒྱལ་མཚན་ལས་དབུ་མ་རིགས་ཚོགས་དྲུག་གི་སྐོར། སྐྱོར་མོ་ལུང་དུ་དགེ་བཤེས་བསྟན་འཛིན་དོན་གྲུབ་ལས་འདུལ་བ་དང་མངོན་པ་གོང་འོག །རྒྱལ་བ་ཀརྨ་པ་དེ་བཞིན་གཤེགས་པ་ལས་སེམས་ཁྲིད་དང་ནཱ་རོ་ཆོས་དྲུག །གུང་སྣང་ཆོས་རྗེ་མཛེས་པ་དཔལ་ལས་བདེ་མཆོག་གི་སྐོར་གསན། དགུང་ལོ་ཉེར་བཞི་པར་རྗེ་ཙོང་ཁ་པ་ལས་ལམ་རིམ་དང་། དབུ་མ། ནཱ་རོ་ཆོས་དྲུག་བཅས་གསན།

གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོ་བསྟེན་ཏེ། རྟ་ནག་གི་ཆོས་རྗེ་སྒྲོལ་བ་དང་། རྒོད་ཕྲུག་རས་པ་གཉིས་ལས་རྙིང༌མའི་ཆོས་སྐོར་མང་པོ་དང་། རོང་སྟོན་ཤཱཀྱ་རྒྱལ་མཚན་ལས་ས་སྐྱའི་ཆོས་སྐོར། ཀརྨ་པ་ཞྭ་དམར་ནག་གཉིས་ལས་དྭགས་པོ་བརྒྱུད་ཀྱི་ཆོས་སྐོར་བཅས་གསན། སྐྱང་ཆེན་པ་ཤཱཀྱ་ཤྲཱི་ལས་དུས་འཁོར་རྒྱུད་འགྲེལ་སྐར་རྩིས་དང་། སྣང་ཐང་ལོ་ཙཱ་བ་སངྒ་ཤྲཱི་ལས་སྒྲ་རིག་པ་གསན། མདོར་ན་ཡོངས་སུ་གྲགས་པའི་བླ་མ་དྲུག་ཅུ་ལྷག་བསྟེན་ནས་མདོ་སྔགས་རིག་གནས་བཅས་ཀྱི་བདག་པོར་གྱུར། དགུང་ལོ་ཞེ་གཉིས་པར་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ལས་ལོ་ལྔ་ཙམ་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསན་ནས་གསུང་བསྒྱུར་ཡང་ཐོགས་མེད་དུ་མཁྱེན་པས། པཎྜི་ཏས་དེང་སང་འཛམ་གླིང་ན་ཀུ་མ་ཤྲཱི་ (གཞོན་ནུ་དཔལ་) ལས་མཁས་པ་ངས་མ་མཐོང་ཞེས་བསྔགས་བརྗོད་མཛད། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་མ་མྱོང་ཡང་བོད་དུ་བཞུགས་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་པར་མ་ཟད། དགུང་ལོ་གྱ་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ཕྱི་ལོ་ ༡༤༧༦ ལོར་བོད་ཀྱི་ལོ་རྒྱུས་དེབ་ཐེར་སྔོན་པོ་ཞེས་བྱ་བ་བརྩམས་དབུ་ཚུགས་ནས་ས་ཕག་ཕྱི་ལོ་ ༡༤༧༩ ལོར་ལེགས་པར་གྲུབ་ལ། མཁས་མཆོག་དེ་ཉིད་ཀྱིས་མཛད་པའི་དེབ་ཐེར་སྔོན་པོ་ནི། བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ཐམས་ཅད་ཀྱི་ཕྱི་མོ་ལྟ་བུ་དང་། ཁུངས་བཙུན་ཤོས་སུ་བོད་ཀྱི་གྲུབ་མཐའ་ཐམས་ཅད་ཞལ་མཐུན་པར་གསུང་ངོ་།།

དགུང་ལོ་དགུ་བཅུ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ལྕགས་གླང་ཕྱི་ལོ་ ༡༤༨༡ ལོར་སྐུ་གཤེགས། གསུང་རྩོམ་དང་འགྱུར་པོད་ཆེན་བཅུ་ཕྲག་ལྷག་བཞུགས་པ་ལས་གྲགས་ཆེ་བ་ནི། དུས་འཁོར་རྒྱུད་འགྲེལ་ཆེན་དང་། རྩིས་ཀྱི་བསྟན་བཅོས་འཁྲུལ་སེལ། རྒྱུད་བླ་མའི་འགྲེལ་བཤད་ཆེན་མོ། ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བཤད། དེབ་ཐེར་སྔོན་པོ་སོགས་དང་། སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། བསྟན་པའི་གཏད་རབས་ཆ་མི་ཚང་བ་དང་། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ། ལྷག་པར་སློབ་དཔོན་བྷུ་སུ་ཀུས་མཛད་པའི་གྲུབ་མཐའ་བདུན་པ་ཡང་ལོ་ཙཱ་བ་འདི་ཉིད་ཀྱིས་བསྒྱུར་བ་སོགས་བཞུགས་སོ།།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་གྲགས་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ང༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༩༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༧ ནས་ ༡༠༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *