༤༽ ལོ་ཙཱ་བ་བནྡེ་པ་ཚབ་ཉི་མ་གྲགས།
ལོ་ཙཱ་བ་བནྡེ་པ་ཚབ་ཉི་མ་གྲགས་མཆོག་ནི། སེ་ར་ཀུན་མཁྱེན་བློ་གྲོས་རིན་ཆེན་ (1386-1423) གྱིས་མཛད་པའི་བསྟོད་པ་དགེ་ལེགས་དཔལ་འབར་མ་ལས[1]།
སྐྱེ་བ་ཀུན་ཏུ་ཁྱོད་གསུང་ལྕགས་ཀྱུ་ཡིས། །
ལེགས་པར་དྲངས་ཏེ་བདག་ཡིད་གླང་པོ་ཆེ། །
གྲགས་པ་རྣམ་གསུམ་གཞུང་གི་ལམ་བཟང་ནས། །
ཐར་པའི་གྲོང་མཆོག་འཇུག་པར་བྱིན་གྱིས་རློབས། །
ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་དང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་གསུམ་ལ་གྲགས་པ་རྣམ་གསུམ་ཞེས་སུ་གྲགས་པའི་སྐྱེས་མཆོག་གསུམ་གྱི་ཡ་གྱལ་པ་ཚབ་ཉི་མ་གྲགས་ནི། ཤ་ར་བ་ཡོན་ཏན་གྲགས་དང་དུས་མཉམ་དུ་བྱོན་པ་སྟེ། རབ་བྱུང་དང་པོའི་ཤིང་ལུག་ཕྱི་ལོ་ ༡༠༥༥ ལོར་འཕན་ཡུལ་པ་ཚབ་སྟོད་དུ་སྐུ་འཁྲུངས། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[2]། ཤིང་བྱ་ཕྱི་ལོ་ ༡༠༤༥ ལོར་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་འཁྲུངས། ཞེས་བྱུང་། འདས་ལོ་མི་གསལ། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་སྦྱངས་པ་མཛད་ཅིང་། དེ་ནས་ཁ་ཆེར་ཕེབས་ཏེ་སཛྫ་ནའི་སྲས་གཉིས་གཙོ་བོར་གྱུར་པའི་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་། ལོ་ཉི་ཤུ་རྩ་གསུམ་རིང་སློབ་གཉེར་ལེགས་པར་མཛད་པར་མ་ཟད། པཎྜི་ཏ་ཀ་ན་ཀ་ཝརྨ་སྤྱན་དྲངས་ཏེ། དབུ་མ་རིགས་ཚོགས་དྲུག་དང་། གསང་འདུས་འགྲེལ་པ་སྒྲོན་གསལ་ལ་སོགས་ཀླུ་སྒྲུབ་ཀྱི་བསྟན་བཅོས་ཕལ་མོ་ཆེ་བོད་དུ་བསྒྱུར། དེའི་སློབ་མ་བཀའ་བབས་བཞི་ནི། ཚིག་ལ་མཁས་པ་ཤེའུ་གངས་པ། དོན་ལ་མཁས་པ་གཙང་པ་འགྲེ་སྒུར། ཚིག་དོན་གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་བརྩོན། ཞང་ཐང་སག་པ་དང་བཞི་སོགས་བྱོན། དཔལ་ལྡན་ཟླ་བའི་བསྟན་བཅོས་སོགས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། བོད་ཡུལ་དུ་ཕེབས་པའི་ཚེ་སྤུ་ཧྲེངས་པའི་དགེ་འདུན་སྤྱིས་གཡུ་བོ་ཆེ་ཕག་སྐུར་ཟེར་བ་ཞིག་ཕུལ་ནས་མཛོད་འགྲེལ་བསྒྱུར་བར་ཞུས་པས་དེ་བཞིན་བསྒྱུར། འཕན་ཡུལ་དུ་ཕེབས་དུས་གདུལ་བྱ་ཧ་ཅང་མི་ཆེ་བ་ལ་དགེ་བཤེས་ཤ་ར་བས་རང་གི་གྲྭ་པ་མང་པོ་ཁོང་ཉིད་ཀྱི་མདུན་དུ་དབུ་མ་སློབ་ཏུ་བཏང་བས་དེ་ནས་བཟུང་དབུ་མའི་འཆད་ཉན་ལེགས་པར་ཚུགས་ཏེ་སློབ་མ་མང་དུ་བསྐྱངས། རྗེ་འདི་ཉིད་ཀྱི་སློབ་མ་གྲགས་ཆེ་བ་ནི་གཙང་པ་སར་སྤོས་དང༌། རྨ་བྱ་བྱང་ཆུབ་ཡེ་ཤེས། དར་ཡོན་ཏན་གྲགས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་བཅས་ཡིན།
སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་འཆི་མེད་རྔ་སྒྲའི་གཟུངས་དང༌།[3] བསྟན་འགྱུར་ལས། བསམ་གྱིས་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ། རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ཡང་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ་རྣམས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ་སློབ་དཔོན་ཨཱརྱ་དེ་བས་མཛད་ཟེར་བ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། འདི་ནི་གྲོང་ཁྱེར་དཔེ་མེད་དབུས་རིན་ཆེན་སྦས་པའི་ཀུན་དགའ་ར་བར་བསྒྱུར་བ། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། སློབ་དཔོན་འཕགས་པ་ལྷས་མཛད་པའི་རྣལ་འབྱོར་སྤྱོད་པ་བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་ཀུན་དགའ་ར་བར་བསྒྱུར་བ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པར་བཟློག་པར་མཛད་པས་སྦྱར་བ། དབུ་མ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་འཕགས་པ་ལྷའི་སྐུ་རིང་ལ་བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར་བ་ལ། ཕྱིས་ར་ས་ར་མོ་ཆེར་བོད་ཀྱི་ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་། ལེགས་པར་བཅོས་ཏེ་གཏན་ལ་ཕབ་པ། གཞུང་ཚད་ནི་བམ་པོ་བཅུ་གཅིག་དང་བམ་པོ་གཉིས་སོ། །མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ་མཁས་པ་ཆེན་པོ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འདི་ཉིད་སྐད་གཉིས་སྨྲ་བའི་དགེ་སློང་ཉི་མ་གྲགས་པ་དང་ཁུ་མདོ་སྡེ་འབར་གྱིས་བསྒྱུར་[4]བ་སོགས་ཆོས་ཚན་སུམ་ཅུ་སོ་གསུམ་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྒོམ་སྡེ་ཚིག་མཛོད་ཆེན་མོ། ཐེ་ཝན་པར་མ། གླེགས་བམ། ༼༡༽ ༢༠༡༣ ལོ། ཤོག་གྲངས་ ༢༩༡
[2] བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༢༡༥
[3] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༨༣། ༢༥༠། ༢༥༧ བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།
[4] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་པར་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༠༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧ ནས་ ༥༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།