༡) བ་རི་ཆོས་གྲགས།
ལོ་ཙཱ་བ་དྷརྨ་ཀཱིརྟི་སྟེ་བ་རི་ཆོས་གྲགས་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས། ལོ་ཙཱ་བ་དགེ་སློང་རྡོ་རྗེ་རྒྱལ་མཚན་དང་དུས་མཉམ་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང༌། དེ་ནས་ཁ་ཆེ་དང༌། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ཤིང་།
བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། དགྱེས་པ་རྡོ་རྗེའི་མཎྜལ་གྱི་ཆོ་ག་དང་། ཀྱཻ་རྡོ་རྗེའི་བསྟོད་པ། སྦྱིན་སྲེག་གི་ཆོ་ག་སོགས་ཆོས་ཚན་བརྒྱད་ཅུ་གྱ་གཉིས་བཞུགས་སོ།། །།
༢) བ་རི་ལོ་ཙཱ་བ་རིན་ཆེན་གྲགས།
བ་རི་ལོ་ཙཱ་བ་རིན་ཆེན་གྲགས་མཆོག་ནི། རབ་བྱུང་དང་པོའི་ལྕགས་འབྲུག་ཕྱི་ལོ་ ༡༠༤༠ ལོར་མངའ་རིས་སུ་སྐུ་འཁྲུངས་ཤིང༌། ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་ཡིན་ལ། འཁོན་དཀོན་མཆོག་རྒྱལ་པོ་སྐུ་གཤེགས་རྗེས་སྲས་ཀུན་དགའ་སྙིང་པོ་ནར་མ་སོན་བར་རྗེ་འདིས་དཔལ་ལྡན་ས་སྐྱའི་གདན་ས་བསྐྱངས་པས། དཔལ་ལྡན་ས་སྐྱ་པའི་ཁྲི་རབས་རིམ་བྱོན་ལས་ཁྲི་རབས་གཉིས་པ་དེ་ཡིན། པཎྜི་ཏ་དོན་ཡོད་རྡོ་རྗེ་སྤྱན་དྲངས་ཏེ་དོན་ཞགས་དང་། སྲུང་བ་ལྔ། རྣམ་རྒྱལ་མ། རྣམ་འཇོམས་ཀྱི་སྐོར། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར། དོན་ཞགས་ལ་གཙོ་བོར་མཛད་ནས་ཐུགས་རྗེ་ཆེན་པོ་ཞལ་གཟིགས། རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོས་མི་བརྒྱ་ཕྲག་གླུད་དུ་གསོད་པ་གསེར་གང་ཡོད་ཀྱིས་བླུས་ཤིང་། གཙོ་བོར་དོན་ཞགས་ཀྱི་སྐོར་ལ་འཕྲིན་ལས་ཆེ་བ་ལགས། རབ་བྱུང་གཉིས་པའི་ལྕགས་ཡོས་ཕྱི་ལོ་ ༡༡༡༡ ལོར་སྐུ་གཤེགས།
སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། འཕགས་མ་འོད་ཟེར་ཅན་གྱི་གཟུངས་དང་། བྱ་རྒྱུད། འཇིག་རྟེན་དབང་ཕྱུག་གི་རྟོགས་པ་སོགས་དང༌། བསྟན་འགྱུར་ལས། བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དང་། དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབས་པ་ཀུ་རུ་ཀུ་ལེའི་སྒྲུབ་ཐབས་སོགས་དུ་མ་བཞུགས་སོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦ ནས་ ༤༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།