ཅ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།
༡༽ ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་།
ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་མཆོག་ནི། འཁྲུངས་ལོ་མི་གསལ་ཡང་འཁྲུངས་ཡུལ་ནི་མངའ་རིས་པུ་རངས་[1]ཡིན་པ་དང་། མེས་པོའི་རྒྱུད་ནི།[2] སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཇོ་བོ་སྤྱན་འདྲེན་མཁན་གྱད་མི་ལྷ་དགའ་དང་། ཁྲི་སྲོང་སྐབས་ཀྱི་རྒྱ་སང་ཤི་དང་སྦ་གསལ་སྣང་བཅས་ཡིན་པར་གྲགས། ཞེས་གསལ་ཡང་། ཨ་ལགས་ཤར་གདོང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ་[3]དང་།
༸གོང་ས་༸སྐྱབས་མགོན་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་ལས[4]། རྒྱ་བརྩོན་སེང་ཟེར་བའི་རྒྱ་ཞེས་པ་འདི་བོད་ལ་རུས་མིང་རྒྱ། གདོང་། འབྲི་གསུམ་ཟེར་བའི་ནང་གི་རྒྱ་སྟེ་རུས་ཆེན་ཞིག་གི་མིང་ཡིན་གསུངས་པ་ལས་རྒྱ་དཀར་ནག་གི་རྒྱ་མིན། ཞེས་གསུངས་པ་ལྟར། རུས་མིང་གི་ཆ་ནས་རྒྱ་དང་། མཚན་དངོས་ནི་བརྩོན་འགྲུས་སེངྒེ་ཡིན་ནོ།།
རྗེ་འདིས་བོད་ཀྱི་མཁས་ཆེན་རིན་ཆེན་བཟང་པོ་སོགས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཁྱད་པར་དུ་ལེགས་སྦྱར་གྱི་སྐད་ལ་ནང་བྱན་ཆུད་པ་ཞིག་ཡིན། རབ་བྱུང་དང་པོའི་ལྕགས་ལུག་ཕྱི་ལོ་ ༡༠༣༡ ལོའི་ཡས་མས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཁོང་ཉིད་རྒྱ་གར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པར་མངགས་ཀྱང་རེ་ཞིག་སྤྱན་མ་འདྲོངས་པར་དམ་པ་དེ་ཉིད་ཀྱིས་ཇོ་བོ་རྗེ་བསྟེན་ཏེ་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་ཤིང་བཀའ་དང་བསྟན་འགྱུར་མང་པོ་བོད་ཡིག་ཏུ་བསྒྱུར། དེ་རྗེས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་པར་ཕེབས་སྐབས་རྒྱ་བརྩོན་འགྲུས་སེང་གེ་ནག་ཚོ་ཇོ་བོའི་སྤྱན་སྔར་ཁྲིད་དེ་ཇོ་བོར་བོད་ཀྱི་རྒྱལ་པོས་ཇོ་བོ་སྤྱན་འདྲེན་པ་ལ་སྐུ་ལས་ཇི་ཙམ་བསྐྱོན་པ་དང་། ཇོ་བོ་བོད་དུ་ཕེབས་ཚེ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཡོད་ཚུལ་སོགས་ཐེངས་མང་ཞུས་པས་ཇོ་བོ་བོད་དུ་ཕེབས་རྒྱུའི་ཞལ་བཞེས་མཛད། རབ་བྱུང་དང་པོའི་ལྕགས་འབྲུག་ཕྱི་ལོ་ ༡༠༤༠ ལོར་ཇོ་བོ་གདན་དྲངས་ནས་བལ་ཡུལ་དུ་ཕེབས་སྐབས་རྒྱ་བརྩོན་འགྲུས་སེང་གེ་བལ་ཡུལ་དུ་སྐུ་གཤེགས། དེ་ཡང་། རྒྱ་བརྩོན་སེངྒེ་དང༌། ནག་ཚོས་ཇོ་བོ་རྗེ་སྤྱན་འདྲོངས་ནས་བལ་པོར་ཕེབས་དུས། རྒྱ་བརྩོན་སེང་ལ་མུ་སྟེགས་པའི་ངན་སྔགས་བྱུང་ནས་འདས། ཇོ་བོའི་ཞལ་ནས། བོད་སྤྱི་མཐུན་ལ་རྒྱ་བརྩོན་སེང་མི་འཆི་བའི་བསོད་ནམས་ཡང་མི་འདུག །ད་ལོ་ཙཱ་མཁས་པ་མེད་པས་ང་ཕྱིན་ཀྱང་བོད་ལ་ཕན་མི་ཐོགས། ཕྱིར་ལོག་འགྲོ་གསུངས་པ་ལ། ནག་ཚོས། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་སོགས་པ་ཡོད་པས། ཞུ་བ་ནན་སྐྱེད་པས། མཐོ་ལྡིང་དུ་ཡོན་མཆོད་ཞལ་མཇལ། ཆོས་མང་པོ་བསྒྱུར་བ་[5]སོགས་མཛད་པར་གསུངས།
དེ་བཞིན་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[6]། དེ་ནས་བལ་ཡུལ་དུ་བྱོན་པའི་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་སེང་ཤིན་ཏུ་བསྙུང་བས་ཇོ་བོའི་ཞལ་ནས་ཁྱོད་ཀྱིས་ཅི་བྱས་གསུངས། གཞན་ཅི་ཡང་མ་བགྱིས་མུ་སྟེགས་པ་ཞིག་ལ་ངན་སྔགས་གཅིག་ཞུས་པ་དེའི་རྔན་པ་གསེར་ཅུང་ཟད་ཅིག་ལུས་པ་ལ་གསེར་སྡུད་ཅིག་བྱིན་པས་མ་འདོད། ཞུ་ལ་ཁྱེར་ལ་ཤོག་ཟེར་བ་ལ་མ་ཕོད་པར་དེ་དང་འགྲས། དེ་ནས་ཁམས་ཅུང་ཟད་མ་བདེ་བ་ལགས་ཞུས་པས། ཇོ་བོའི་ཞལ་ནས་སྤྱིར་ཡང་དེ་ལྟ་བུ་ཞུ་བ་མ་ལེགས། དེ་ནས་ང་ལ་མི་ཤད་པར་ཐབས་ཡོད་པ་ཡིན་ཏེ་གསུངས་ནས་བྱིན་བརླབས་མཛད་པས་ཐལ་ནས་འདུག་གསུངས། དེར་ལོ་ཙཱ་བ་རྒྱ་འགུམ་པར་འདུག་པས་བལ་པོ་ཕན་ཆད་ན་ཡུལ་ཆོས་ཀྱིས་ཁྱིམ་དུ་ཤི་ན་དེའི་ནོར་ཁྱིམ་བདག་དེས་འཁྱེར་བས་དེའི་ནུབ་མོ་ཆུ་སྲོལ་ཞིག་ཏུ་ཐང་བྲང་བཏབ་ནས་བཞུགས། དེའི་ནུབ་མོ་འདས། ཁོང་གི་ཡོ་བྱད་ཕལ་མོ་ཚུར་ཐོན། དཔེ་ཁ་ཤས་ཤིག་བལ་ཡུལ་དུ་ཡོན་བདག་ལ་བཅོལ་བའི་གསེབ་ཏུ་རྩ་ལྟུང་རྒྱ་ཆེར་འགྲེལ་ཞེས་བྱ་བ་ཇོ་བོ་དང་རྒྱ་བརྩོན་སེང་གཉིས་ཀྱིས་བསྒྱུར་བ་དེ་ཡང་ལུས། ཕྱིས་བླངས་ཏེ་བོད་དུ་བསྒྱུར་བའི་ཆོས་ལ་འགྱུར་བཟང་པོ་ཡིན་སྐད། དེ་ལྟ་བུའི་ལོ་ཙཱ་བ་དེ་འདས་པས་ཇོ་བོའི་ཞལ་ནས་བོད་དུ་ཕྱིན་ཀྱང་དོན་མེད་པའི་ལྕེ་ཆད་པས་ཕན་མི་ཐོགས། བོད་སྤྱི་མཐུན་གྱི་བསོད་ནམས་ལ་བརྩོན་འགྲུས་སེངྒེ་མི་འཆི་ཙམ་གྱི་བསོད་ནམས་ཤིག་མེད་པ་གསུངས། དེར་ལོ་ཙཱ་བས་བླ་མ་དེ་སྐད་མི་གསུང་བར་ཞུ། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་དང་། དགེ་བའི་བློ་གྲོས་དང་། ཁུ་ལ་སོགས་པ་མང་དུ་མཆིས། ཁོ་བོས་ཀྱང་ལོ་ཙཱ་ཕྲ་མོ་ཤེས་པས་ཐུགས་ངན་མ་མཛད་ཞུས་པས། ཇོ་བོའི་ཞལ་ནས་མཁན་སློབ་དང་མཐོ་ཤོས་ཀྱི་མྱ་ངན་དམའ་ཤོས་སློབ་མས་སེལ་བ་མ་ཡིན། ངེད་རྒྱ་གར་ན་པཎྜི་ཏའི་མྱ་ངན་སེལ་བ་རྣལ་འབྱོར་པས་བྱེད། རྣལ་འབྱོར་པའི་ཆོས་ཀྱི་རྒྱབ་ཐམས་ཅད་པཎྜི་ཏས་བྱེད་པ་ཡིན། འོན་ཀྱང་ལོ་ཙཱ་བ་དེ་ཀུན་ལས་ཁྱོད་རང་དྲག་ནས་འོང་། ངས་ཀྱང་ཁས་སློབས་བྱས་པས་ཆོག་གིས་གསུངས། དེ་དུས་སུ་རྒྱལ་པོ་ནེ་ཡ་པཱ་ལ་ལ་བརྫངས་པའི་འཕྲིན་ཡིག་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ། །ཞེས་བྱུང་ངོ་།།
སྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུར་ལས། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་དང་བཅས༌པའི་གཟུངས་དང༌། བསྟན་འགྱུར་ལས། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ། དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་བ་སོགས་ཆོས་ཚན་ཉི་ཤུ་ལྷག་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཙང་མཁན་ཆེན་གྱིས་བསྒྲིགས་པའི་ཇོ་བོའི་རྣམ་ཐར་ལས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ནས་ཉང་སྟོད་སྟག་ཚལ་བ་རྒྱ་བརྩོན་འགྲུས་སེངྒེ་འཁོར་བརྒྱ་ཙམ་དང་བཅས་པ་ལ་གསེར་ལིང་པ་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པ་གཅིག་གིས་སྣ་དྲངས་གསེར་མང་དུ་བསྐུར་ཅིང་འཕྲིན་ཕུལ་བ། ཞེས་བྱུང་བས་དཔྱད་དགོས་པར་སྣང་ངོ་།།
[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༦༤༥ གཞན་དུ་འདི་ལྟར་མི་གསལ།
[3] རྒྱ་བརྩོན་འགྲུས་སེངྒེ་ནི་རྒྱ་སྡོང་འབྲི་གསུམ་ཞེས་པའི་བོད་ཀྱི་རུས་ཆེན་ཞིག་ཡིན་པ་ལས་རྒྱ་བོད་ཀྱི་རྒྱ་མིན། ཞེས་བྱུང་།
[4] ལམ་རིམ་ཆེན་མོའི་བཀའ་ཁྲིད། སྟོད་ཆ། ༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༨ ལོ། ཤོག་ ༡༢༦
[5] རྒྱ་བོད་ཡིག་ཚང་ཆེན་མོ། པོད། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༣༤
[6] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡ན༣བ༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༣ ནས་ ༤༦༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།