མགོན་པོ་ཀླུ་སྒྲུབ་ཀྱི་གསུང་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ།

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ།

 

དེ་འཕྲོས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་སྒྲ་སྒྱུར་མཛད་མཁན་གྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ནི། ༢༨༽ བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་བཤད་པ་སྒྲ་སྒྱུར་མཛད། ལོ་ཙཱ་འདིའི་རྣམ་ཐར་སློབ་དཔོན་འཕགས་པ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༢༩༽ ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་དང་། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་བཅས་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་སྒྲ་སྒྱུར་མཛད། ལོ་ཙཱ་འདི་ཉིད་ཀྱི་རྣམ་ཐར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༠༽ བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ་ཤྲཱི་ནཱ་ལེནྡྲའི་སྒོ་འགྲམ་དུ་བསྒྱུར་ཞུས་མཛད་པ་དང་། གཞན་ཡང་གོས་སྔོན་པོ་ཅན་གྱི་དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག་དང་། གནོད་པ་སེལ་བའི་བདུད་རྩི། རྡོ་རྗེ་བྱབ་པའི་ལས་ཚོགས། ཡན་ལག་བདུན་པའི་སྒྲུབ་ཐབས་བཅས་ཀྱང་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༡༽ ནག་ཚོ་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་དང་། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་སེངྒེ་བཟཟང་པོའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༢༽ བོད་ཀྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྐུ་གསུམ་ལ་བསྟོད་པ་ཞེས་བྱ་བའི་རྣམ་པར་འགྲེལ་པ་དང་། སྒྲུབ་པའི་ཐབས་མདོར་བྱས་པ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་མདོ་དང་བསྲེས་པ་ཞེས་བྱ་བ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། རིམ་པ་ལྔ་པ། དབང་གི་རིམ་པ་བསྟན་པ་ཞེས་བྱ་བ། ལྟུང་བ་བཅོ་ལྔ་པ། ཡན་ལག་གི་ཉེས་པ་བདུན་པ། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། བསྡུས་པའི་རིམ་པའི་སྒྲུབ་ཐབས། སྨན་པ་རྣམས་ལ་བརྫངས་པ་སྨན་འཚོ་བའི་མདོ་ཚིགས་སུ་བཅད་པ། སྨན་ཨ་བའི་ཆོ་ག །སྤོས་སྦྱོར་རིན་པོ་ཆེའི་ཕྲེང་བ། མཆན་ཁུང་གི་སྦྱོར་བ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༣༽ བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཕྱག་རྒྱ་བཞི་གཏན་ལ་དབབ་པ་དང་། དངོས་པོ་སྦྱོང་བ་ཞེས་བྱ་བ། ཚིགས་སུ་བཅད་པ་ཕྱེད་དང་ལྔ་ཞེས་བྱ་བ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༤༽ ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་གྲུབ་མཐའ་བདུན་པ་ཞེས་བྱ་བ། བྷུ་སུ་ཀུ་སོགས་ཀྱིས་མཛད། ས་ར་ཧའི་ཞབས་དང་བར་མ་ཆད་པ། དཔལ་ཀླུ་སྒྲུབ་ཞབས་ཀྱིས་རྒྱ་མཚོ་ལས་ཕྱུང་བ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༥༽ ཞ་མ་ལོ་ཙཱ་བས་གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། ཀླུ་སྒྲུབ་སོགས་གྲུབ་ཐོབ་ལྔ་བཅུས་མཛད་པ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༦༽ ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཐར་ལོ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ་ཞེས་བྱ་བ་སྨན་གྱི་གཞུང༌དང་། བྱང་ཆུབ་འབྱུང་བའི་སྨོན་ལམ་གཉིས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༧༽ བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་དང་། རྩོད་པ་བཟློག་པའི་འགྲེལ་པ་ས་དང་པོ་རབ་ཏུ་དགའ་བ་ལ་བཞུགས་པ་སློབ་དཔོན་འཕགས་པ་ནཱ་གཱ་རྫུ་ནས་མཛད་པ། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ་དང་། འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ་བརྒྱ་ཕྲག་བཅུ་གཉིས་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་རྣམ་པར་འགྲེལ་པ་ཀླུ་སྒྲུབ་ཀྱིས་མཛད་པ། བཤེས་པའི་སྤྲིང་ཡིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༨༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོང་ཉིད་བདུན་ཅུ་པའི་འགྲེལ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། མདོ་ཀུན་ལས་བཏུས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག །ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའམ་དཀོན་མཆོག་གསུམ་དང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའམ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཀྲ་ཤིས་མཚན་མངས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༣༩༽ སྒྲ་སྒྱུར་གྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་འགྱུར་བས་དེར་གཟིགས་པར་འཚལ་ལོ།།

༤༠༽ བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱིས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་བསམ་གྱིས་མི་ཁྱབ་པར་བསྟོད་པ་དང་། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ། འཕགས་པ་རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ཡང་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ་ཞེས་བྱ་བ། དམྱལ་བ་ནས་འདོན་པའི་བསྟོད་པ། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཚིགས་བཅད་མ། བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་བཅས་ཆོས་ཚན་བཅོ་ལྔ་སྒྲ་སྒྱུར་མཛད།

༤༡༽ ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་ཀྱིས་སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས་སྒྲ་སྒྱུར་མཛད། གོང་གསལ་ལོ་ཙཱ་བ་གཉིས་ཀྱི་རྣམ་ཐར་དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༤༢༽ ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི་ཆོས་གྲགས་ཀྱིས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བགེགས་དགྲའི་སྒྲུབ་ཐབས་དང་། རལ་གཅིག་མའི་སྒྲུབ་ཐབས། འཕགས་མ་དུག་སེལ་མའི་སྒྲུབ་ཐབས། དུག་སེལ་མའི་གཟུངས། ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས། རྟོག་པ་ལས་གསུངས་པའི་ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ།[1] ཞེས་བྱུང་བས་དཔྱད་དགོས་པར་སྣང་ངོ་།།

༤༣༽ ལོ་ཙཱ་བ་རྨ་དགེ་སློང་ཤཱཀྱ་འོད་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་ཐེག་པ་ཆེན་པོ་ཉི་ཤུ་པ་དང་། སྒོམ་པའི་རིམ་པ་གཉིས་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་འཕགས་པ་ཐོགས་མེད་ཀྱི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༤༤༽ བོད་ཀྱི་ལོ་ཙཱ་བ་ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བོད་ནས་གདན་དྲངས་པའི་རལ་གཅིག་མའི་སྒྲུབ་ཐབས་དང་། (ཡང་) རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་བཅས་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གསུང་གི་སྐབས་སུ་འགོད་པར་འགྱུར་རོ།།

༤༥༽ ལོ་ཙཱ་བ་དགེ་སློང་གཉན་དར་མ་(དྷརྨ་)གྲགས་ཀྱིས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོང་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་དང་། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་ཀྱི་རིམ་པ་བཅས་སྒྲ་སྒྱུར་མཛད།

༤༦༽ ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ལྟུང་བ་བཅོ་ལྔ་པ་དང་། ཡན་ལག་གི་ཉེས་པ་བདུན་པ། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ། བསྡུས་པའི་རིམ་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་བཅས་སྒྲ་སྒྱུར་དང་བསྒྱུར་བཅོས་མཛད། གོང་གསལ་ལོ་ཙཱ་བ་གཉིས་ཀྱི་རྣམ་ཐར་དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༤༧༽ བོད་ཀྱི་ལོ་ཙཱ་བ་ག་རོད་ཀྱིས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་དང་། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ་གཉིས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་སྐབས་སུ་འགོད་པར་འགྱུར་རོ།།

༤༨༽ བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པའི་དབང་བཞི་པའི་རབ་ཏུ་བྱེད་པ་དང་། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་ཞེས་སམ་དགེ་བའི་འདོད་འཇོའི་རྣམ་པར་བཤད་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་བཞུགས་སམ། ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་བཅས་གསུམ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་མཁན་ཆེན་ཞི་བ་འཚོའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༤༩༽ ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་དང་། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ། ཡི་གེ་བརྒྱ་པ། ཡི་གེ་བརྒྱ་པ་ཞེས་བྱ་བའི་འགྲེལ་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ་བཅས་ཆོས་ཚན་བཅུ་པོ་རྣམས་སྒྲ་སྒྱུར་མཛད།

༥༠༽ ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་མན་ངག་ཟབ་མོ་བཞུགས་སམ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་སྔགས་ཟབ་མོ་སྒྲ་སྒྱུར་མཛད། གོང་གསལ་ལོ་ཙཱ་བ་འདི་གཉིས་ཀྱི་རྣམ་ཐར་སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་སྐབས་སུ་འགོད་པར་འགྱུར་རོ།།

༥༡༽ ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་ཞེས་བྱ་བ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་གི་སྐབས་སུ་འགོད་པར་འགྱུར་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།།

གཞན་ཡང་རྒྱ་གར་གྱི་མཁན་པོ་དཔལ་རྣམ་པར་སྣང་མཛད་རྡོ་རྗེ་དང་། དགེ་བསྙེན་བཻ་རོ་ཙཱ་ན་བཛྲ། པཎྜི་ཏ་བི་བུ་ཏི་ཙནྡྲ། པཎྜི་ཏ་ཟླ་བ་གཞོན་ནུ། རྒྱ་གར་གྱི་པཎྜི་ཏ་མནྟྲ་ཀ་ལ་ཤ །རྒྱ་གར་གྱི་པཎྜི་ཏ་དཔལ་གཞོན་ནུ་བུམ་པ། རྒྱ་གར་གྱི་པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟི། པཎྜི་ཏ་གཞོན་ནུ་ཟླ་བ། རཏྣ་ཕ་ལ་སྟེ་རྒྱ་གར་གྱི་རིན་ཆེན་བཟང་པོ་ཞུ་བ་བཅས་པཎྜི་ཏ་དགུ་པོ་འདི་དག་གིས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བསྟན་བཅོས་བོད་སྐད་དུ་རང་འགྱུར་མཛད། རང་འགྱུར་མཛད་མཁན་གྱི་པཎྜི་ཏ་རྣམས་ཀྱི་རྣམ་ཐར་སྐབས་དོན་གྱི་ཞུ་བྱ་གཙོ་བོ་མིན་པས་འདིར་མ་བཀོད་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༤༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༥ ནས་ ༣༨༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *