༡༢༽ ལོ་ཙཱ་བ་ཡར་ལུང་པ་སེངྒེ་རྒྱལ་མཚན།
ལོ་ཙཱ་བ་ཡར་ལུང་སེངྒེ་རྒྱལ་མཚན་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན་པ་བསྟན་འགྱུར་ཁྲོད་བསྡུས་ཡོད་པའི་ཁོང་གི་འགྱུར་ཆོས་ཀྱི་མཇུག་བྱང་ལ་བལྟས་པས་ཤེས་ཐུབ་ལ། ལོ་རྒྱུས་ཞིབ་པ་ལག་སོན་མ་བྱུང་། ཁོང་དང་རྒྱ་གར་གྱི་པཎྜི་ཏ་ཤྲཱི་མ་ཧཱ་ཛ་ན་དང་བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་བཅས་ཀྱིས་ལྷན་དུ་བསྒྱུར་བ་ལ། བསྟན་འགྱུར་ལས། ཤེར་ཕྱིན་ ༼མ༽ པོད་དུ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་ཡོངས་སུ་ཤེས་པ་རྒྱ་གར་གྱི་པཎྜི་ཏ་ཤྲཱི་མཧཱ་ཛ་ནས་མཛད་པ། སེམས་ཙམ་ ༼ཕ༽ ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ།[1] ལྷག་པར་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་ནག་པོའི་ཆེན་པོའི་སྒྲུབ་ཐབས་བོད་ཀྱི་ལོ་ཙཱ་བ་ག་རོད་ཀྱིས་བསྒྱུར་བའོ། །རྒྱལ་ཚ་ལུང་མང་པོ་དང་། ཆོས་རྗེ་བསོད་ནམས་ཀྱི་ཕྱག་དཔེ་ལས། ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་ཞུས་དག་བགྱིས་པ་ལས་བཤུས་པའོ། །ཞེས་བྱུང་བ་རྣམས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༡༤༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༢ ནས་ ༣༥༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།