ཆ༽ རྒྱ་དཀར་ནག་གི་སྐད་ལས་གསར་དུ་བསྒྱུར་བ།
༡༽ ཆོས་ཡང་དག་པར་བསྡུས་པ།
༡༥༤༽ གསར་དུ་བསྒྱུར་བ། རྒྱ་གར་སྐད་དུ། (धर्मसंग्रह:) དྷརྨ་སཾ་གྲ་ཧཿ བོད་སྐད་དུ། ཆོས་ཡང་དག་པར་བསྡུས་པ། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། བསྟན་བཅོས་འདི་ཉིད་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་ཀྱིས་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་ནས་ཕྱི་ལོ་ ༡༩༨༨ ལོར་འཕགས་བོད་པོད་ཕྲེང་ཁོངས་པར་སྐྲུན་གནང་ཞིང་།
བསྟན་བཅོས་འདི་ཉིད་ཀ་སྡེའི་དཀོན་མཆོག་གསུམ་ནས་ས་སྡེའི་བསླབ་པ་གསུམ་བར་ཆོས་ཀྱི་རྣམ་གྲངས་སྡེ་ཚན་ ༡༤༠ ཅན་གྱི་མཛོད་ཆུང་ཞིག་ཡིན་ལ། ཝཱ་ཎ་མཐོ་སློབ་ཀྱི་བུ་མོ་བཀྲ་ཤིས་བཟང་མོ་དང་། བདེ་ཆེན་འཆི་མེད་རྣམ་གཉིས་ཀྱིས་དབྱིན་བསྒྱུར་ཡང་གནང་སྟེ། སཾ་བོད་དབྱིན་གསུམ་ཤན་སྦྱར་ཐོག་འཕགས་བོད་པོད་ཕྲེང་ ༢༧ ཁོངས་སུ་པར་སྐྲུན་གནང་བ་ལྟར་ཞལ་སྐོང་ཞུས་པའོ།། །།
༢༽ དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ།
༡༥༥༽ གསར་དུ་བསྒྱུར་བ། རྒྱ་དཀར་ནག་གི་སྐད་མི་གསལ། དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དོར་ཞི་གདོང་དྲུག་སྙེམས་བློས་ཕྱི་ལོ་ ༢༠༠༣ ལོར་རྒྱའི་སྐད་ལས་བོད་སྐད་དུ་བསྒྱུར་བའོ།།
དེ་ཡང་གཞུང་གི་འགྱུར་བྱང་ལས། སློབ་དཔོན་ཀླུ་སྒྲུབ་གསུང་གི་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་པ་འདི་ཉིད། ཕྱི་ལོ་ ༩༨༠ ཐམ་པའི་ལོ་ལ་རྒྱའི་ལོ་ཙཱ་བ་ཧྲི་ཧོས་ཞེས་པས་སིང་ཀིར་ཏའི་སྐད་ལས་རྒྱ་ཡིག་ཏུ་ཐོག་མར་བསྒྱུར་ཅིང་། ཕྱི་ལོ་ ༡༩༩༧ ལོར་སིང་ཀིར་ཏའི་སྐད་ལ་མཁས་པའི་རྒྱ་རིགས་མཁས་པ་ཝུ་པེ་ཧོས་ཞེས་པས་སླར་ཡང་མ་དཔེ་དང་དག་གཏུགས་བྱས་ནས་འགྱུར་བཅོས་བྱས་ཏེ་རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་པའི་རྩོམ་དེབ་ཏུ་བཀོད་པ་དེ་ལ་གཞིར་བྱས་ནས། བོད་འགྱུར་ཀླུ་སྒྲུབ་ཀྱི་དབུ་མའི་རིགས་ཚོགས་ཀྱི་ཆད་བསབ་དང་། རང་གིས་ཀྱང་གཞུང་འདི་ལ་བག་ཆགས་འཇོག་ཕྱིར། གངས་ཅན་རིག་སྨྲའི་ཐ་ཤལ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་དུ་འབོད་པས་ཕྱི་ལོ་ ༢༠༠༣ ལོའི་རྒྱ་ནག་ལུགས་ཀྱི་སངས་རྒྱས་འཁྲུངས་སྐར་ཡོས་ཟླའི་ཚེས་བརྒྱད་ལ་བོད་ཡིག་ཏུ་བསྒྱུར་ཅིང་གཏན་ལ་ཕབ་བོ། །ཞེས་གསལ་ལོ།།
གཞུང་འདིར་ཡིག་འབྲུའམ་ཚེག་བར་དགུ་ཅན་གྱི་ཤླཽ་ཀ་ ༢༤ དང་། ཚིག་རྐང་ ༩༦ ཡིག་འབྲུ་ ༨༦༤ ཤད་ ༡༩༢ བཅས་མཆིས་ལ། སྔར་དབུ་མ་པོད་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་བི་ཾཤི་ཀཱ། བོད་སྐད་དུ། ཐེག་པ་ཆེན་པོ་ཉི་ཤུ་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཙནྡྲ་ཀུ་མཱ་ར་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བ་ལ་ཚེག་བར་བདུན་ཅན་གྱི་ཚིགས་བཅད་ ༢༢ དང་རྐང་པ་གསུམ་སྟེ། གཞུང་དངོས་གཞིར་ཡིག་འབྲུ་བདུན་ཅན་གྱི་རྐང་པ་ ༩༡ ཡོད། གོང་གསལ་ཉི་ཤུ་པའི་མཚན་ཅན་གྱི་བསྟན་བཅོས་བསྒྱུར་སྔ་ཕྱི་གཉིས་ཆོས་ཚན་གཅིག་དང་ཐ་དད་གང་ཡིན་སོགས་ལ་དཔྱད་པར་འཚལ་ལ། ཕྱི་མ་འདི་གསར་བསྒྱུར་གྱི་གྲས་ཡིན་པས་ཞལ་སྐོང་ཞུས་ཏེ་བཞུགས་སུ་གསོལ་བའོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༩ ནས་ ༢༦༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།