བཞི། བར་གྱི་ངལ་གསོ་བ།
དེ་ཡང་བསྟན་བཅོས་དག་གི་ཚིག་ལྷུག་གི་ལེའུ་དང་། སརྒ་དང་། སྐབས་དང་གནས་སོགས་རེ་རེའི་བར་མཚམས་རྣམས་སུ་ངལ་གསོའི་སྙན་ཚིག་སྤེལ་བའི་ཚིགས་བཅད་ལ་བརྗོད་ཅིང་། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་སྔགས་རིམ་ཆེན་མོ་ལས[1]། འདིར་སྨྲས་པ།
དྲི་མེད་རིགས་པས་རང་གཞན་གཞུང་ལུགས་ཀྱི། །
ལེགས་ཉེས་བཤད་པའི་ཁྱད་པར་མི་ཕྱེད་ཅིང་། །
ཐེག་པ་ཆེ་ཆུང་སྔགས་དང་ཕར་ཕྱིན་གྱི། །
བསྟན་པ་སྤྱི་དང་ཐེག་པ་ཆེན་པོ་དང་། །
ཁྱད་པར་རྡོ་རྗེ་ཐེག་པ་སྐལ་ལྡན་གྱི། །
འཇུག་སྒོ་མཆོག་ཅེས་སྨྲ་བའང་དད་པ་ཙམ། །
དེ་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག །
རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །
ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །
བསྟན་པའི་གནས་ལ་ངེས་པ་བརྟན་པོ་འཚོལ། །
རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས་བསྟན་པ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ་སྟེ་ལེའུ་དང་པོ་འོ། །ཞེས་འདིར་སྨྲས་ལས། བར་གྱི་ངལ་གསོའི་ཚིགས་སུ་བཅད་པའི་ཐ་སྙད་མི་འབྱུང་ཡང་། དོན་ལ་ལེའུ་རེ་རེའི་བར་མཚམས་སུ་བསྡོམས་ཚིག་དང་བསླབ་བྱའི་ཚུལ་དུ་ངལ་གསོའི་ཚིགས་སུ་བཅད་པ་མང་ཉུང་སྣ་ཚོགས་མཛད་སྲོལ་ཡོད།
དེ་བཞིན་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་ (དུས་རབས་19པ།) གྱིས་མཛད་པའི་༸རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ་ལས[2]། སྨྲས་པ། དག་པའི་སྣང་བ་ཀུན་གསལ་བཞིན་རས་ངོས། །དམ་པའི་ངོ་མཚར་དབང་པོའི་གཞུ་རིས་ཚོན། །མ་འདྲེས་གསལ་པོར་འཆར་བའི་ངང༌ཚུལ་ལ། །རྒྱལ་བ་རྣམས་ཀྱང་གཟིགས་མོར་གཡེངས་སམ་སྙམ། །འགྲོ་རྒྱུད་མོས་བློའི་སྐལ་བ་དང་འཚམ་པར། །རང་རང་སྐད་དུ་ཐེག་གསུམ་དམ་ཆོས་ཀྱི། །སྒྲ་དབྱངས་ཆད་པ་མེད་པར་སྒྲོག་པ་དེ། །འཕྲིན་ལས་དྲིལ་བུའི་མགྲིན་རྔ་འཁྲོལ་བས་མཚོན། །ཐབས་ཤེས་ཟུང་འཇུག་བརྡའ་ཐབས་ཅང་ཏེའུས། །གསང་ཆེན་ངེས་དོན་བླ་ན་མེད་པ་ཡི། །ཐེག་མཆོག་སྣོད་ལྡན་རྣ་བའི་བུ་ག་རུ། །འགྱེད་པའི་ངང་ཚུལ་ཡོངས་ལ་གསལ་བར་བྱས། །ཐུགས་རྗེའི་བདུད་རྩིས་གང་བའི་བུམ་བཟང་ནས། །འགྲོ་རྒྱུད་ལས་ཉོན་དྲི་མ་འཁྲུད་བྱེད་པའི། །བསིལ་བའི་ངད་ལྡན་དག་བྱེད་ཁྲུས་ཀྱི་རྒྱུན། །ཆད་མེད་བསྒྲེང་བས་འཁོར་བའི་ཚ་གདུང་བཅིལ། །རང་ཉིད་གཏན་བདེའི་གོ་འཕང་བརྙེས་ཟིན་ནས། །ངལ་མེད་འགྲོ་བའི་དོན་ཆེན་སྤྱོད་པ་ལ། །རང་དབང་འཕྲིན་ལས་འདོད་རྒུར་བསྒྱུར་བ་ལས། །འཁོར་བའི་ལུས་ཅན་གཞན་ལ་རག་མ་ལས། །རིགས་གསུམ་འདུས་པའི་སྤྱི་དཔལ་ཉིད་ཡིན་པ། །ཀུན་གྱི་མངོན་སུམ་མཐོང་ཆོས་སུ་གྱུར་ན། །ལུང་དང་གཏན་ཚིགས་རིགས་པས་སྒྲུབ་སོགས་ཀྱི། །ངལ་བ་བསྟེན་པ་གྱི་ནའི་ལས་སུ་ཟད། །དེ་བཞིན་སྙིང་རྗེའི་གཏེར་ཆེན་འཕགས་མཆོག་ཏུ། །རང་གིར་ཞལ་གྱིས་འཆེས་ན་ཕྱི་རོལ་གྱི། །རྟགས་དང་མཚན་མ་སོགས་ལ་རྗེས་དཔགས་ཏེ། །དམ་པའི་སྐྱེས་བུར་སྒྲུབ་པའང་ངལ་བའི་རྒྱུ། །སྔོན་གྱི་གནས་ཀུན་རྗེས་སུ་དྲན་པ་དང་། །ལྐོག་གྱུར་ཆོས་རྣམས་མེ་ལོང་གཟུགས་བརྙན་བཞིན། །ཡོངས་སུ་གཟིགས་སོགས་དམ་པའི་ཡོན་ཏན་ལ། །བྱིས་བློས་གཞལ་བ་ནམ་མཁའ་འདོམ་གྱིས་བཞིན། །ཇི་ལྟར་ཉིན་མོའི་དཀྱིལ་འཁོར་ཚེས་པ་ན། །འོད་ཟེར་སྦར་མོས་འགེབས་པར་མི་ནུས་བཞིན། །བདག་ཉིད་ཆེ་རྣམས་འཇིག་རྟེན་བྱོན་པ་ན། །ངོ་མཚར་མཁའ་སྲིད་འགེངས་པ་དངོས་པོའི་གཤིས། །ཞེས་པ་ནི་བར་གྱི་ངལ་བསོའི་འཕྲེང་བའོ། །ཞེས་གསུངས་པ་ལྟར་ཡིན་མོད། འོན་ཀྱང་བསྟན་བཅོས་ཀུན་ལ་ངལ་གསོའི་ཚིགས་བཅད་ཡོད་པས་མ་ཁྱབ་བོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྗེ་ཙོང་ཁ་པའི་གསུང་འབུམ། ༼ག༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༥༨
[2] རྣམ་པར་ཐར་པ་ངོ་མཚར་ནོར་བུའི་ཕྲེང་བ། ཤིང་དཔར། ཤོག་གྲངས་ ༣༡ན༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༩ ནས་ ༦༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།