ད༽ པཎ་གྲུབ་བཅུ་བདུན་གྱི་གསུང་རྩོམ་གྱི་རྣམ་གྲངས།

ད༽ པཎ་གྲུབ་བཅུ་བདུན་གྱི་གསུང་རྩོམ་གྱི་རྣམ་གྲངས།

 

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་མང་དུ་མཛད་པ་ལས། སྔོན་བྱོན་པཎ་གྲུབ་ལོ་པཎ་དག་གིས་དཀའ་བ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་རྒྱལ་བའི་བཀའ་འགྱུར་དང་། དགོངས་འགྲེལ་གྱི་བསྟན་འགྱུར་ཞེས་སྡེ་ཚན་ཆེན་པོ་གཉིས་སུ་ཕྱེ་སྟེ་ཕྱོགས་བསྒྲིགས་མཛད་པ་ལྟར། པཎ་གྲུབ་བཅུ་བདུན་གྱི་གསུང་བསྟན་འགྱུར་དུ་བཞུགས་པ་ཆོས་ཚན་གྲངས་ ༥༣༡ དང་།

དེ་མིན་ལེགས་སྦྱར་དང་རྒྱའི་སྐད་ལས་གསར་དུ་བསྒྱུར་བའི་ཆོས་ཚན་གྲངས་ ༣ ལེགས་སྦྱར་ནས་བོད་སྒྱུར་ཞུ་བསྡད་ཆོས་ཚན་གྲངས་ ༡༡ དང་། རྒྱའི་སྐད་ལས་བོད་སྒྱུར་ཞུ་བསྡད་ཆོས་ཚན་གྲངས་ ༥༣ བོད་སྒྱུར་མཛད་ཟིན་ཀྱང་བསྟན་བཅོས་ཀྱི་མཚན་བྱང་ཙམ་ལས་མ་དཔེ་དངོས་མ་རྙེད་པ་ཆོས་ཚན་གྲངས་ ༢༡༦ བསྟན་འགྱུར་དུ་མ་འཁོད་པའི་བསྟན་བཅོས་གསར་རྙེད་གྲངས་ ༡༧༦ བཅས་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་བསྟན་བཅོས་ཁྱོན་བསྡོམས་གྲངས་ ༩༩༠ ཡོད་པ་ལས། ད་ལན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཔེ་ཚོགས་འདིར་བསྟན་བཅོས་ཀྱི་མ་ཡིག་ལག་ཏུ་སོན་པ་ཆོས་ཚན་གྲངས་ ༧༠༩ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་ཡོད། འདི་ལྟར་བགྱིས་པ་འདིས་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་རྣམས་བོར་བརླག་ཁ་འཐོར་དུ་མི་འགྲོ་བ་དང་། ཉམས་ཞིབ་པ་དག་ལ་རྒྱུ་ཆ་ཕྱོགས་གཅིག་ནས་ལྟ་ཀློག་གི་མཐུན་རྐྱེན་སྐྲུན་ཐབས་སོགས་ལ་བསམས་ནས་རྩོད་གཞི་ཅན་དང་། ཁ་གཡར་གྱི་རིགས། བསྟན་འགྱུར་དུ་མ་འཁོད་པའི་བསྟན་བཅོས་རྣམས་ཀྱང་ད་ལན་འདིར་ཆབས་ཅིག་ཏུ་ལེགས་བསྒྲིགས་ཞུས་པ་ལགས་སོ།།

གོང་གསལ་པཎ་གྲུབ་བཅུ་བདུན་གྱི་གསུང་རྩོམ་རྣམ་གྲངས་དེ་དག་ལས་མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་རྒྱའི་སྐད་ནས་བོད་སྐད་དུ་གསར་དུ་སྒྲ་སྒྱུར་གནང་བ་ ༡ དང་། དཔལ་ལྡན་ཟླ་བ་གྲགས་པའི་གསུང་རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་བ་ ༡། སློབ་དཔོན་དབྱིག་གཉེན་གྱི་བསྟན་བཅོས་རྒྱའི་སྐད་ནས་བོད་བསྒྱུར་གནང་བ་གྲངས་ ༢ དང་། ལི་ཡུལ་གྱི་སྐད་ནས་བོད་བསྒྱུར་གནང་བ་ ༡ དེ་བཞིན་སློབ་དཔོན་ཕྱོགས་གླང་གི་བསྟན་བཅོས་རྒྱའི་སྐད་ནས་བོད་བསྒྱུར་མཛད་པ་ ༡ བཅས། མདོར་ན་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་བསྟན་བཅོས་རྒྱའི་སྐད་ནས་བོད་སྒྱུར་མཛད་པ་ ༥ དང་། ལི་ཡུལ་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་བསྟན་བཅོས་ ༡ བཅས་ཡོད་པ་ལས། དེ་འཕྲོས་བསྟན་བཅོས་རྣམས་ནི་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་ཤ་སྟག་གོ།

སྤྱིར་བསྟན་འགྱུར་སྒྱུར་བ་པོར་རྒྱ་གར་གྱི་པཎྜི་ཏ་ཞལ་གྲངས་ ༢༨༨ དང་། ཁ་ཆེའི་པཎྜི་ཏ་ ༢༩ བལ་པོའི་པཎྜི་ཏ་ ༡༣ རྒྱ་ནག་གི་ལོ་ཙཱ་ ༢ ལི་ཡུལ་གྱི་ལོ་ཙཱ་བ་ ༡ བཅས་རྒྱལ་ཁབ་གཞན་གྱི་ལོ་པཎ་མཁན་གསུམ་ཁྱོན་བསྡོམས་ ༣༣༣ དང་། བོད་ཀྱི་ལོ་ཙཱ་བ་ ༢༣༣ བཅས་བསྟན་འགྱུར་སྒྱུར་བ་པོ་ལོ་པཎ་མཁན་གསུམ་ཁྱོན་བསྡོམས་ ༥༦༦ ཡོད།

བསྟན་པ་སྔ་དར་སྐབས་རྒྱ་གར་གྱི་པཎྜི་ཏ་ ༢༡ དང་། བསྟན་པ་ཕྱི་དར་སྐབས་རྒྱ་གར་གྱི་པཎྜི་ཏ་གྲངས་ ༨༣ བཅས་ཁྱོན་པཎྜི་ཏ་ ༡༠༤ བོད་དུ་གདན་དྲངས་ཤིང་། ལྷག་པར་བསྟན་པ་སྔ་དར་སྐབས་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ ༧༣ དང་། བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བ་ ༡༨༣ བཅས་ཁྱོན་བསྡོམས་ལོ་ཙཱ་བ་ ༢༥༦ རྒྱ་བལ་གྱི་ཡུལ་གྲུར་ཕེབས་ནས་གསན་བསམ་སློབ་གཉེར་དང་། པཎྜི་ཏ་དང་གླེགས་བམ་གདན་ཞུ། སྒྲ་སྒྱུར་གྱི་བྱ་གཞག་སོགས་བསྟན་འགྲོའི་མཛད་འཕྲིན་རླབས་ཆེན་འཇོག་པ་གནང་ཡོད། འདི་དག་གི་སྐོར་ལོ་ཙཱ་བའི་བྱུང་རིམ་དང་སྒྲ་སྒྱུར་གྱི་རྣམ་གཞག་སྐབས་ཞིབ་གསལ་བཀོད་ཡོད་པ་དེར་གཟིགས་པར་ཞུ།

ལྷག་པར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བློ་གྲོས་ཀྱི་རྩལ་དང་། ཤེས་རབ་ཀྱི་ཉིང་བཅུད་ལས་འཁྲུངས་པའི་བསྟན་བཅོས་རྣམ་གྲངས་ ༦༨༥ ལྷག་ཙམ་བཞུགས་པ་རྣམས་བོད་སྐད་དུ་བསྒྱུར་ཞུས་མཛད་པ་པོ་རྒྱ་གར་གྱི་པཎྜི་ཏ་ཞལ་གྲངས་ ༡༡༣ དང་། ཁ་ཆེའི་པཎྜི་ཏ་ ༡༤ བལ་པོའི་པཎྜི་ཏ་ ༧། ལི་ཡུལ་གྱི་ལོ་ཙཱ་བ་ ༢། རྒྱའི་ལོ་ཙཱ་བ་ ༣ བོད་ཀྱི་ལོ་ཙཱ་བ་ ༨༩ བཅས་ཁྱོན་བསྡོམས་གོང་གསལ་རྒྱལ་ཁབ་ཁག་དྲུག་གི་ལོ་པཎ་གྲངས་ ༢༢༨ ཙམ་གྱིས་ལེགས་སྦྱར་གྱི་སྐད་དང་། རྒྱའི་སྐད། ལི་ཡུལ་བཅས་སྐད་རིགས་གསུམ་ནས་བསྟན་བཅོས་རྣམས་བོད་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་པ་ཞིག་ཆགས་ཡོད།

བསྟན་འགྱུར་ཁྲོད་དུ་བཞུགས་པའི་ལེགས་བཤད་བསྟན་བཅོས་དེ་དག་ལས་རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༤༢༩ དང་། རྒྱ་གར་སྐད་མི་གསལ་བ་ཆོས་ཚན་གྲངས་ ༡༠༢ དང་། འགྱུར་བྱང་གསལ་བའི་བསྟན་བཅོས་ ༤༢༣ དང་། འགྱུར་བྱང་མེད་པའི་ཆོས་ཚན་གྲངས་ ༡༠༨ མཆིས། ལེགས་སྦྱར་གྱི་མ་དཔེ་བཞུགས་པའི་བསྟན་བཅོས་ ༡༡༣ དང་། མ་དཔེའི་ཆ་ཤས་བཞུགས་པ་ ༣༢ བསྐྱར་གསོའི་ངོ་བོར་བཞུགས་པ་ ༣༩ ལེགས་སྦྱར་གྱི་མ་དཔེ་མི་བཞུགས་པ་རྩ་བརླག་ཏུ་སོང་བ་ ༣༤༧ བཅས་ཡོད་ལ། དེ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བསྟན་འགྱུར་གཅིག་པུར་མཁས་གྲུབ་གཞན་གྱིས་མཛད་པའི་བསྟན་བཅོས་ཀྱི་རིགས་སྒྱུར་གཞུང་ ༦༨ དང་། རང་འགྱུར་ཆོས་ཚན་གྲངས་ ༦༧ བཅས་སྒྱུར་གཞུང་ཁྱོན་བསྡོམས་ ༡༣༥ བཞུགས་ཤིང་། དེ་མཚུངས་མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་བསྒྱུར་བའི་འགྱུར་གཞུང་ཡང་མང་དུ་མཆིས་པས་འདིར་ཡིག་ཚོགས་ལ་འཇིགས་ཏེ་མ་སྨོས་སོ།།

དེ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་གླེགས་བམ་སྟོད་སྨད་བར་གསུམ་གྱི་དཔྱད་གཞིའི་ཡིག་ཆར་མཚོན་ན། དང་པོ་རྒྱལ་བའི་བཀའ་འགྱུར་གླེགས་བམ་ ༢༢ དང་། གཉིས་པ་དགོངས་འགྲེལ་གྱི་བསྟན་འགྱུར་གླེགས་བམ་ ༩༥། གསུམ་པ་ཡང་འགྲེལ་བོད་ཀྱི་གསུང་འབུམ་གླེགས་བམ་ ༢༧༨། བཞི་པ་ཚིག་མཛོད་དང་། བཀའ་སློབ། དུས་དེབ། དྲ་རྒྱ། སྐད་ཡིག་གཞན་བཅས་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་ ༥༥ བཅས་ཁྱོན་བསྡོམས་དཔྱད་གཞིའི་ཡིག་ཆ་རྣམ་གྲངས་ ༤༥༠ ལག་ཏུ་སོན་པ་དཔྱད་གཞིར་བཟུང་སྟེ་ཉམས་ཞིབ་འབྲི་རྩོམ་ཞུས་པ་བཅས་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༦ ལ།།   །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧ ནས་ ༤༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *