ཐ༽ དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཡོད་མེད།

ཐ༽ དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཡོད་མེད།

 

དེ་ཡང་པཎ་གྲུབ་བཅུ་བདུན་དང་བཅས་པའི་ལེགས་བཤད་ཀྱི་བསྟན་བཅོས་རྣམས་ཀྱང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས་ལས[1]། དེ་ནས་བླ་མ་རང་བཞིན་གྱིས་ལྗགས་བདེ་བ་དང་། ཇ་བཟང་པོ་དེས་རྐྱེན་བྱས་པ་ལ་བརྟེན་ནས། ཡ་ཤས་བཀླག་ལུང་མཛད་པ་ན།

སྲོད་ཐོ་རངས་གཉིས་ལ་རྒྱས་འབྲིང་བསྡུས་གསུམ་སངས་རྒྱས་བཀླགས་ཟིན་པ་བྱུང་། དེའི་ཚོད་རྩིས་པའི་ནུབ་རེ་ལ་ཚན་ཆེན་པོ་རེ་བཏང་བ་དེ་སྟོན་ཟླ་བ་གསུམ་དུ་མ་ཆགས་པར་མཛད། དེ་ནས་སྔ་སྐད་དང་ཕྱི་སྐད་ལ་སོགས་པའི་དུས་སུ་བྲི་ཐིག་ལ་སོགས་པའི་མན་ངག་གི་ཕྲན་མང་པོ་བསླབས། གཞན་ཡང་རྒྱ་གར་གྱི་རྡོ་རྗེའི་མགུར་དང་། དབྱངས་ཀྱི་ང་རོ་དང་། རིག་པའི་གནས་ཐམས་ཅད་ལ་ཤུགས་ཕྱུང་ནས་བསླབས། ཤིན་ཏུ་དབེན་པར་བྱ་དགོས་པ་རྣམས་ཡེར་པར་གདན་དྲངས་ཏེ། ཐམས་ཅད་དེར་ཡོངས་སུ་ཚར་བར་བསླབས། མདོར་ན་ཇོ་བོ་ལ་ཞུས་པའི་ཆོས་ལ་སྒྲུབ་ཐབས་དང་ཆེ་མ་ཆུང་བསྡོམས་པས། རྒྱ་གར་སྐད་ཡོད་པའི་ཆོས་སྟོང་ཚོ་དྲུག་དང་བཞི་བརྒྱ་དང་བདུན་ཅུ་རྩ་ལྔ་ཞུས་ཏེ། དེ་ཐམས་ཅད་ཝལ་ཝོལ་མིན། སབ་སོབ་མིན། ཁ་ཙམ་ཚིག་ཙམ་མིན། དབང་པོ་གཏད་ནས་གུས་པར་ཞུས། བརྩེ་བར་གནང་བའི་ཆོས་ཡིན། ཆེ་བའི་དབང་དུ་བྱས་ན་ཡང་། བླ་མ་བརྒྱུད་པའི་ཟམ་མ་ཆད། བྱིན་རླབས་ཀྱི་བཀའ་མ་ཉམས། བར་དུ་དམ་ཉམས་དང་། རྟོག་གེ་དང་། རང་བཟོ་དང་། འདྲེས་ཁྱེར་གྱི་ལྷད་ཟེར་མ་ཞུགས། ལུང་ཡོད། ཁུངས་ཡོད། བླ་མ་དང་སློབ་མ་མཛུབ་གུ་འཛུགས་སུ་ཡོད། རྫོགས་པའི་སངས་རྒྱས་ནས་བཟུང་ནས། ད་ལྟ་ཡན་ཆད་དུ་སྙན་ཁུང་ནས་སྙན་ཁུང་དུ་བརྒྱུད་པ་ཡིན། དེ་རྣམས་ཞུས་པའི་ཡུན་གྱི་དབང་དུ་བྱས་ན་ཡང་། ལོ་ཁྱུར་པོ་བཅུ་གཉིས་སུ་ཉིན་མཚན་ཁ་སྦྲེལ་ནས་ཞུས་པ་ཡིན། དེ་ལ་ཡང་ཞུས་པའི་གནས་ཡོད། རྒྱལ་སྡེ་ལ་གྲགས་ཚོད་ཡོད། དེ་ལྟ་བས་ན་ངའི་བརྒྱུད་པ་འདི་ཤིན་ཏུ་བཀྲ་ཤིས་ཡོད། ཅེས་བྱུང་བ་ལྟར། འཕགས་བོད་ཀྱི་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་ནས་ད་བར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཞིང་། དབང་ལུང་ཁྲིད་གསུམ་དང་བཅས་པའི་བརྒྱུད་པ་ཉམས་མེད་རྒྱུན་འཛིན་གནང་བས་ན། དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཡོད་མེད་རྣམས་ཀྱང་ཤིན་ཏུ་གལ་ཆེ་ལ། འདི་དག་ཀྱང་རང་ཅག་བོད་བརྒྱུད་ནང་བསྟན་ལ་མ་གཏོགས་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཀྱང་ཡིན་པས། ཤིན་ཏུ་གཅེས་པར་འཛིན་དགོས་པ་ནི་གནད་ཀྱི་དོན་པོར་སོང་། པཎ་གྲུབ་རྣམས་ཀྱི་བསྟན་བཅོས་ཁག་ལ་ལུང་རྒྱུན་ཡོད་རིགས་ཀྱི་དཀར་ཆག་ཀྱང་ཟུར་དུ་བཀོད་ཡོད།

དེ་ཡང་དང་པོ། ལུང་རྒྱུན་ཞུ་དགོས་ཤིང་ཞུས་ན་ཕན་ཡོན་ཆེ་བའི་ཚུལ་ནི། སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་སུ་ཞུགས་ནས་དམ་པའི་ཆོས་བསྒྲུབས་ཏེ་ཐར་པ་དམ་པའི་ཕྱོགས་ལ་བརྩོན་མཁན་ཞིག་ཡིན་ཕྱིན་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་གསུམ་ལེགས་པར་ཞུས་ཏེ་ཉམས་ལེན་གྱི་གནད་ལ་དྲིལ་ན་ཕན་ཡོན་དང་བྱིན་རླབས་ཀྱི་འབྲས་བུའང་ལྷག་པར་གསུངས་པ་ལས། འདིར་བཀའ་དང་བསྟན་བཅོས་ཀྱི་གསུང་རབ་དག་གི་ལུང་རྒྱུན་ལེགས་པར་ཐོབ་པའི་སྒོ་ནས་ཉམས་ལེན་བྱས་ན་གདམས་ངག་གི་བྱིན་རླབས་ཀྱི་རྒྱུན་ཐོབ་ཅིང་། དོན་སྒོམ་ཕན་ཡོན་སྟོབས་ཆེ་བར་གསུངས་ལ། དེའི་ཚུལ་ཡང་སྟོན་པ་ (B.624-544) ཉིད་ཀྱི་གསུང་འདུལ་བ་ལུང་ལས[2]། ལུང་འབོགས་པའི་དགེ་སློང་གིས་ཤིན་ཏུ་གོམས་པ་དང༌། ལེགས་པར་བྱང་བ་དང༌། ཐེ་ཚོམ་མེད་པར་བྱས་ནས་ལུང་དབོག་པར་བྱའོ། །ལུང་ནོད་པས་ཀྱང་ཤིན་ཏུ་བྱང་བ་དང༌། ཤིན་ཏུ་ཟིན་པ་དང༌། ཐེ་ཚོམ་མེད་པར་བྱས་ནས་ལུང་མནོད་པར་བྱའོ། །ལུང་འབོགས་པའི་དགེ་སློང་དང༌། ལུང་ནོད་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ། འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་ལུང་གསུང་པ་པོས་གསུང་བྱའི་ལུང་ཚིག་ལེགས་པར་བྱང་བ་དང་ཉན་པ་པོས་ཀྱང་སྒྲ་ཟིན་པ་དང་། ཐེ་ཚོམ་མེད་པ་ཞིག་ཉན་དགོས་པར་གསུངས་པ་དེ་ལྟར་དུ་བླ་སློབ་གཉིས་ཀྱིས་ཆོས་འཆད་ཉན་གྱི་བླང་བྱའི་ཀུན་སློང་ཀུན་སྤྱོད་མ་བྲལ་བའི་ངང་ནས་འཆད་ཉན་དགོས་པར་གསུངས་སོ།།

གཉིས་པ། ལུང་ཞུ་དགོས་པར་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད་ལས[3]། འཇམ་དཔལ་དེ་བས་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་འདི་བསྒོམ་པར་བྱའོ། །གཟུངས་སྔགས་འདི་བརྗོད་པར་བྱའོ། །ནན་ཏན་དུ་བསྒྲུབ་པར་བྱའོ། །འདིའི་ཡོན་ཏན་ཤེས་པར་བྱའོ། །འདི་མཆོད་པར་བྱའོ། །ལུང་ནོད་པར་བྱའོ། །ཐེ་ཚོམ་མེད་པར་བྱའོ། །ལས་ལ་ནན་ཏན་དུ་བྱའོ། །འདིའི་བསྔགས་པ་ཡིད་ལ་བྱའོ། །ལས་སོ་སོའི་སྒོ་ནས་བསྒྲུབ་པར་བྱའོ། །ཞེས་དང་། འཕགས་བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་དགེ་བསྙེན་མའི་ལེའུ་སྟེ་བཅུ་གཉིས་པ་ལས[4]། བཟང་སྐྱོང་དེ་བས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་བསྙེན་མ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་ན། དགེ་བསྙེན་མ་དེས་ཆོས་དེ་ལྟ་བུ་དེ་དག་ལ་གནས་ཏེ་ཏིང་ངེ་འཛིན་འདི་ལུང་ནོད་པར་བྱའོ། །བསྒོམ་པར་བྱའོ། །ཞེས་རྒྱལ་བའི་བཀའ་འགྱུར་ལས་ལུང་ཞུ་དགོས་པ་དང་། ཞུས་ན་ཕན་ཡོན་ཆེ་ཚུལ་མང་དུ་གསུངས་སོ།།

དེ་བཞིན་འཕགས་པ་ཐོགས་མེད་ (310/395-390/470) ཀྱི་གཏན་ལ་དབབ་པ་བསྡུ་བ་ལས[5]། ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སྤྱོད་པ་བཅུ་པོ་འདི་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དག་ཡི་གེར་འདྲིར་བཅུག་སྟེ་འཛིན་པ་དང༌། དེ་བཞིན་དུ་མཆོད་པ་དང༌། གཞན་དག་ལ་སྦྱིན་པ་དང༌། སྟོན་པ་ན་གུས་པར་བྱས་ཏེ་ཉན་པ་དང༌། བདག་ཉིད་ཀློག་པ་དང༌། དེ་བཞིན་དུ་ཀུན་ཆུབ་པར་ལུང་ནོད་པ་དང༌། ལུང་ཕོག་པ་རྣམས་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པ་དང༌། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང༌། གཅིག་པུ་དབེན་པར་སོང་སྟེ་སེམས་པ་དང༌། འཇལ་བ་དང༌། ཉེ་བར་རྟོག་པར་བྱེད་པ་དང༌། བསྒོམ་པའི་རྣམ་པས་རྗེས་སུ་འཇུག་པར་བྱེད་པའོ། །ཞེས་དང་། འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ (1357-1419) ཆེན་པོས་མཛད་པའི་ལམ་རིམ་ཆེན་མོ་ལས[6]། ངག་གི་ལས་ནི། ལུང་མ་མནོས་པའི་གསུང་རབ་བཅུ་གཉིས་ཀྱི་ལུང་ནོད་ཅིང་ཀུན་ཆུབ་པར་བྱེད་པ་དང་མནོས་པ་རྣམས་ཁ་ཏོན་དང་གཞན་ལ་སྟོན་པ་དང་བརྩོན་འགྲུས་བསྐྱེད་པའི་དོན་དུ་གཞན་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་པའི་སྨྲ་བའོ། །ཞེས་གསུངས་སོ།།

གསུམ་པ། ལུང་ཞུས་པའི་ཕན་ཡོན་བསྟན་པ་ནི། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་ལས[7]། གང་གིས་གངྒཱའི་བྱེ་སྙེད་འཇིག་རྟེན་ཁམས། །རིན་པོ་ཆེས་ནི་བཀང་སྟེ་བྱིན་པ་བས། །གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། །དེ་ཡི་བསོད་ནམས་ཚད་གཟུང་མི་སླའོ། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །གང་རྟག་བརྩོན་འགྲུས་བརྩམས་ཏེ་གནས་པ་བས། །གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། །དེ་ཡི་བསོད་ནམས་ཚད་གཟུང་མི་སླའོ། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །གང་རྟག་མི་རྟེན་བསམ་གཏན་སྒོམ་པ་བས། །གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། །དེ་ཡི་བསོད་ནམས་ཚད་གཟུང་མི་སླའོ། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །གང་རྟག་ཤེས་རབ་གནས་པར་གྱུར་པ་བས། །གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། །དེ་ཡི་བསོད་ནམས་ཚད་གཟུང་མི་སླའོ། །ཞེས་གསུངས་སོ།།

དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ (C.150-250) ཀྱིས་མཛད་པའི་རིམ་ལྔ་ལས[8]། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང་། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ (1326-1402) གྱི་ཞལ་ནས། ད་ལྟ་ལུང་གི་དུས་ཡིན་ཏེ། །བཀའ་དང་བསྟན་བཅོས་རྒྱུད་མན་ངག །ལ་སོགས་ལུང་རྣམས་ཉན་པ་ཡི། །བློ་དང་འདུན་པ་ཆེ་བར་གྱིས། །མཐོང་ལམ་ཐོབ་དུས་རང་ཉིད་ཀྱིས། །ནོར་གྱི་བཅོལ་མ་ལེན་དང་མཚུངས། །དེ་ན་ལུང་ལ་འདུན་པ་གྱིས། །ཞེས་དང་། རྗེ་བླ་མའི་རྣལ་འབྱོར་བཞི་རིམ་ལས[9]། རྒྱུད་སྡེ་འོག་མའི་དབང་བསྐུར་མ་ཐོབ་ན་གོང་མའི་ཐོབ་ཀྱང་འོག་མའི་དབང་བསྐུར་བྱར་མི་རུང་ཞིང་། དེའི་རྒྱུད་ཉན་པ་དང་ལུང་ཐོབ་ན་རྗེས་གནང་དང་འཆད་པ་སོགས་ནི་རུང་ངོ་། །འོག་མ་ཐོབ་ཀྱང་གོང་མ་མ་ཐོབ་ན་དེའི་རྒྱུད་བལྟ་བ་དང་ཉན་པ་སོགས་ཀྱང་མི་རུང་ན་དབང་བསྐུར་བལྟ་ཅི་སྨོས། ཞེས་གསུངས། ཀུན་མཁྱེན་འཇིགས་མེད་དབང་པོའི་ (1728-1791) གསན་ཡིག་ལས་[10]ཀྱང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་ཚེ་སྔར་ལུང་ཐོབ་པའི་ཆོས་རྣམས་ཀྱི་ཚིག་དོན་གཉིས་མངོན་དུ་འགྱུར་བར་དམ་པ་རྣམས་ཀྱིས་ཡང་ཡང་གསུངས་སོ། །ཞེས་སོགས་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་ལུང་ཞུས་པའི་ཕན་ཡོན་མང་དུ་གསུངས་སོ།།

བཞི་པ། དམ་པ་གོང་མའི་ཞལ་ཤེས་འགས་གལ་ཆེ་བར་བསྟན་པ་ནི། ཀློང་ཆེན་ (1308-1363) ཆོས་འབྱུང་ལས[11]། འབྲས་བུ་སྒྲུབ་པ་ལུང་གསུམ་གྱི། །ད་ལྟ་ལུང་གི་དུས་ཡིན་ནོ། །ཞེས་གསུངས་པ་ལྟར། ད་ལྟ་ལུང་གི་དུས་ཡིན་པས་ལུང་བྱས་པ་ལ་ཕན་ཡོན་ཆེ་བ་དང་། གཞན་ཡང་ཁྲིད་ཉན་ན་གདམས་ངག་ངོ་འཕྲོད་པ་དང་། བྱིན་རླབས་ཀྱི་རྒྱུན་ཐོབ་པའི་དགོས་པ་ཡོད་ལ། ལུང་ཉན་ན་ཡང་དེའི་ནང་གི་གདམས་ངག་ཐམས་ཅད་ཀྱི་རྒྱུན་ཐོབ་པས་ཉམས་སུ་ལེན་པ་ལ་དབང་ཞིང་། བྱིན་རླབས་ཀྱི་ཚན་ཁ་ཆེ་བར་གསུངས་པ་དང་། ལུང་ཉན་ན་ལུང་དོན་རྒྱུད་ལ་སྐྱེ་བའི་བག་ཆགས་ཁྱད་པར་བ་འཇོག་པས་ཁྲིད་རྒྱུན་ལུང་རྒྱུན་ལེགས་པོ་ལེན་རྒྱུ་ནི་ཧ་ཅང་གལ་ཆེ་བར་མཐོང་བ་དང་། ལུང་ཐོབ་ནས་བཏོན་པ་དང་མ་ཐོབ་ནས་བཏོན་པ་ལ་ཕན་ཡོན་བརྒྱ་འགྱུར་ཡོད་པར་གསུངས་པ་སོགས་ལུང་ཐོབ་པའི་དགོས་པ་དང་ཕན་ཡོན་སོགས་རྒྱལ་བའི་བཀའ་དང་བསྟན་བཅོས་དང་།[12]
ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1497-1557) ཀྱིས་མཛད་པའི་ཆོས་འབྱུང་རྒྱ་མཚོའི་གྲུ་གཟིངས་ལས[13]། མདོར་ན་བཤད་བྱའི་ཆོས་ནི། སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། མཁས་གྲུབ་རྣམས་ཀྱིས་བཀྲལ། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། བླ་མ་བརྒྱུད་པའི་མན་ངག་དང་། ལུང་གི་རྒྱུན་དང་ལྡན་པ། མཁས་པ་རྣམས་ལ་གྲགས་པ་ཞིག་ལ་ཉན་བཤད་བྱ་དགོས་ཀྱི། དེ་ལས་གཞན་པ་ལ་བཤད་སྒྲུབ་བྱས་ཀྱང་ཆོས་སུ་མི་འགྱུར་རོ། །ཞེས་གསུངས་པ་ལྟར། བོད་ཀྱི་གསུང་འབུམ་གྱི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་མང་དུ་བཞུགས་ལ། དེ་ལྟར་བཞུགས་པ་ལྟར་དོ་གལ་ཆེན་པོས་ཞུ་སྩལ་གྱི་ཕྱག་ལེན་རྨད་དུ་བྱུང་བ་ནི། བོད་བརྒྱུད་ནང་བསྟན་གྱི་ཐུང་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས། འདིར་ཡང་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བཞུགས་མིན་དང་། ལྷག་པར་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོའི་དོ་ཤལ་སོགས་ལས་བཏུས་ཏེ་བཀོད་ཡོད་པས། འདིས་ཀྱང་དམ་ཆོས་ཟབ་མོའི་ཆོས་རྒྱུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༤༣༦

[2] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ག༽ དེབ་ཨང་ ༣ པ། ༢༠༠༩ ལོ། ཤོག་གྲངས་ ༥༢༥

[3] བཀའ་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚ༽ དེབ་ཨང་ ༩༤ པ། ༢༠༠༩ ལོ། ཤོག་གྲངས་ ༥༡༩

[4] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ན༽ དེབ་ཨང་ ༥༦ པ། ༢༠༠༩ ལོ། ཤོག་གྲངས་ ༨༢

[5] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཟི༽ དེབ་ཨང་ ༧༤ པ། ༢༠༠༩ ལོ། ཤོག་གྲངས་ ༨༠༨

[6] རྗེ་ཙོང་ཁའི་གསུང་འབུམ། ༼པ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༥༥

[7] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ན༽ དེབ་ཨང་ ༥༦ པ། ༢༠༠༩ ལོ། ཤོག་གྲངས་ ༡༥༧

[8] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ༢༠༠༩ ལོ། ཤོག་གྲངས་ ༡༣༦

[9] རྗེ་ཙོང་ཁའི་གསུང་འབུམ། ༼ཆ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༧༤

[10] ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་འབུམ། ༼ད༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༥ན༣

[11] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༥༦

[12] ཕྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཚེས་ ༦ ལ་གཡུ་འཇམ་དབྱངས་རྡོ་རྗེ།

[13] ཆོས་འབྱུང་རྒྱ་མཚོའི་གྲུ་གཟིངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་གྲངས་ ༢༣༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩ ནས་ ༣༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *