དངོས་གྲུབ་ཅན་གྱི་སྒྲུང་མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན། (ལེའུ་ཉེར་བཞི་ཅན།)

༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་ཅན་གྱི་སྒྲུང་མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན་ཞེས་བྱ་བ་ཕུན་ཚོགས་བདེ་གཏེར་ཞེས་བྱ་བ་བཞུགས་སོ།།

(ཤོག་ ༡) བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རྒྱལ་བའི་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་ཞེས། །ཕྱི་ནང་དག་པའི་སྣོད་བཅུད་གསལ་བ་དང་། །ངེས་དོན་དབུ་མའི་ལྟ་བ་སྟོན་མཛད་པའི། །སྟོན་པ་གཉིས་པ་དེ་ལ་ཕྱག་འཚལ་ལོ། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་དང་།

རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པ་ངོ་མཚར་རྨད་དུ་བྱུང་བ། མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན་དགོས་དགུ་བློར་བཞུགས་ནས་འཆད་པ་དང་། ཉན་པ་ཙམ་གྱིས་དངོས་གྲུབ་འབྱུང་ངོ་། །ཞེས་པའི་གཏམ་རྒྱུད་ལེའུ་བཅུ་གསུམ་གྱིས་སྟོན་ཏེ། དེའི་གླེང་གཞི་ནི།
རྒྱ་གར་ཡུལ་དབུས་ན་སྒྱུ་མ་མཁན་སྤུན་བདུན་ཡོད་དོ། །དེ་དང་རྒྱང་མི་རིང་བ་དཔག་ཚད་གཅིག་གི་ས་ན་རྒྱལ་བུ་སྤུན་གཉིས་ཡོད་པ་ལ། སྤུན་ཆེ་བས་སྒྱུ་མ་སློབ་ཏུ་ཕྱིན་ནས། ལོ་བདུན་གྱི་བར་དུ་བསླབས་ཀྱང་སྒྱུ་མའི་གནད་ཇི་ལྟ་བ་སྟོན་མ་ཐུབ། (ཤོག་ ༢) ནམ་ཞིག་སྤུན་གཞོན་པ་དེས་ཕུ་བོའི་རྒྱགས་སྐྱེལ་བའི་ཕྱིར་དེར་ཕྱིན་པ་ལས། སྒོའི་གསེང་དུ་བལྟས་པས། སྒྱུ་མའི་འཁྲུལ་འཁོར་གྱི་གནད་རྣམས་མཐོང་བའི་མོད་ལ་ཁོང་དུ་ཆུད་ནས། དེ་ནས་ཕུ་བོ་ལ་རྒྱགས་མ་གཏད་པར་ཕྱིར་ཕུ་བོ་ཁྲིད་ནས་ཕོ་བྲང་དུ་ལོག་པར་གྱུར་ཏོ། །དེ་ནས་ཕུ་བོ་ལ་སྨྲས་པ། ཁྱོད་ཀྱིས་ལོ་བདུན་གྱི་བར་དུ་སྒྱུ་མའི་འཁྲུལ་འཁོར་བསླབས་ཀྱང་ཤེས་མེད་མོད་ཀྱིས། དེ་བས་ཉིད་རང་གི་ར་བ་ན་རྟ་བཟང་པོ་ལྟ་བས་ཆོག་མི་ཤེས་པ་གཅིག་ཡོད་པ་ཕྱིར་ཁྲིད། སྒྱུ་མ་མཁན་སྤུན་བདུན་ཡོད་པའི་སར་མ་ཤོར་བ་གྱིས་ལ། ཡུལ་གཞན་ཞིག་ཏུ་སོང་ནས་དངོས་པོ་རྣམས་ཁུར་ཤོག་ཅིག་སྨྲས་ནས། ཁོ་རང་གི་རྟ་དེར་སྤྲུལ་ལོ།།
ཕུ་བོ་དེས་ཀྱང་ཁོས་སྨྲས་པ་བཞིན་ཉན་ནོ། །ངས་ལོ་བདུན་དུ་སྒྱུ་མ་བསླབས་རུང་མ་ཤེས། ནུ་བོ་འདིས་ནི་འདི་ལྟ་བུའི་ཡ་མཚན་ཆེ་བ་རྙེད་འདུག །འདི་ལ་མི་གཞོན་ན་ཅི་བྱེད་སྙམ་ནས་ཞོན་པའི་མོད་ལ་སྒྱུ་མའི་བག་ཆགས་ཀྱིས་རྟའི་ཁ་མ་ཆུས་ཏེ། སྒྱུ་མ་མཁན་གྱི་སྒོ་དྲུང་དུ་སླེབས་སོ། །དེར་སླེབས་པ་དང་བྲོས་པས་ནི་མི་ཐར། སྒྱུ་མའི་མཁན་པོ་ལ་རྟ་ཉོ་བ་འདྲིའོ་སྙམ་ནས། དེ་དག་ལ་སྦྲན་ཏེ། བདག་གི་རྟ་བཟང་པོ་ཁྱད་པར་ཅན་འདི་གཟིགས་སམ་ཞེས་སྨྲས་པས། དེ་རྣམས་ཀྱིས་སྒྱུ་མའི་རྟ་ཡིན་པར་ཤེས་ནས། བདག་ཅག་རྣམས་ཀྱི་སྒྱུ་མ་ལ་ཡ་མཚན་དུ་མི་འགྱུར་བས། འདི་ཉོས་ནས་བསད་པར་བྱའོ་སྙམ་ནས། རྟ་དེ་ཉོས་ཤིང་རིན་པ་ང་འདོད་པ་བཞིན་འཇལ་ལོ།།
དེ་ནས་སྒྱུ་མ་མཁན་བདུན་གྱི་རྟ་དེ་ར་བ་ནག་པོ་ཞིག་ཏུ་བཏགས་ཏེ། ནམ་ཞིག་གསོད་པར་ཆས་པའི་ཚེ། ཁྲག་མང་བའི་ཕྱིར་ཆུ་བླུད་པ་ལ་ཁྲིད་དོ། །སྤུན་ལ་ལས་སྣ་ནས་བཟུང་། ལ་ལས་རྐང་ལག་དང་མཇུག་མ་དང་རྔོག་ལ་འཆང་སྟེ་མི་འཆོར་བར་བྱས་ནས། ཆུ་ཀླུང་གི་འགྲམ་དུ་ཕྱིན་ཏོ། །རྟ་དེའི་བསམ་པ་ལ། བདག་གི་ཕུ་བོས་ནི་མགོ་མ་ཐོན། འདི་རྣམས་ཀྱི་ལག་ཏུ་ཚུད་དེ་སྤྲུལ་སྒྱུར་བྱས་ཆོག་པའི་སེམས་ཅན་ཇི་འདྲ་ཞིག་ཡོང་ངམ་བསམ་པའི་མོད་ལ་ཆུ་ནང་དུ་ཉ་ཞིག་བྱུང་བས་དེར་སྤྲུལ་ལོ། །དེར་སྤུན་བདུན་གྱིས་ཀྱང་ཉ་ཁྲ་བདུན་དུ་སྤྲུལ་ཏེ་ཟིན་ལ་ཁད་པ་ན། ནམ་མཁའ་ལ་ཕུག་རོན་གཅིག་སོང་བ་དེར་སྤྲུལ་ལོ། །སྤུན་བདུན་གྱིས་ཀྱང་ཁྲ་བདུན་དུ་སྤྲུལ་ཏེ་རི་ཀླུང་ཐམས་ཅད་དེད་པས་ཟིན་ལ་ཉེ་བ་ན། ལྷོ་ཕྱོགས་བྷཻ་དྷའི་ཡུལ་དཔལ་གྱི་རི་ཞེས་བྱ་བ་ན་བྲག་ཕུག་བདེ་བྱེད་ཅེས་པའི་ནང་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་སྐུ་པང་དུ་ཕུག་རོན་གྱིས་བྲོས་སོ།།
ཁྲ་བདུན་གྱིས་ཀྱང་ཕུག་པའི་འགག་ཏུ་ཡོང་ནས་རལ་པ་བདུན་དུ་སྤྲུལ་ལོ། །དེར་སློབ་དཔོན་གྱི་དགོངས་པ་ལ། ཕུག་རོན་འདི་ཁྲ་བདུན་གྱིས་དེད་པའི་རྒྱུ་མཚན་ཅི་ཡིན་དགོངས་ཏེ། ཕུག་རོན་ཁྱོད་འདི་ལྟ་བུའི་ (ཤོག་ ༣) ཞེད་དངངས་ཅི་ཡིན་གསུངས་པས། དེས་སྔོན་གྱི་ལོ་རྒྱུས་རྣམས་ཞིབ་པར་གསོལ་ནས། ངེད་རང་གི་ཕུག་པའི་འགག་འདི་ན་རས་པ་བདུན་ཡོད་པས། དེ་རྣམས་ཀྱིས་སློབ་དཔོན་གྱི་ཕྱག་ཕྲེང་འདི་ཞུ་ཟེར་དུ་འོངས། དེ་དུས་ཕྱག་ཕྲེང་གི་མདུད་འཛིན་དུ་སྤྲུལ་འདོད་པ་ཡིན་པས། མདུད་འཛིན་ཞལ་དུ་བཞེས་ལ། ཕྲེང་བ་རྣམས་ཕྱིར་གཏོར་བ་ཞུ་ཞེས་ཞུས་སོ།།
དེ་བཞིན་དུ་རལ་པ་བདུན་བྱུང་སྟེ་སློབ་དཔོན་གྱི་ཕྱག་ཕྲེང་ཞུ་ཟེར། སློབ་དཔོན་གྱིས་མདུད་འཛིན་ཞལ་དུ་བཞེས་ནས་ཕྱག་ཕྲེང་ཕྱིར་གཏོར་བས། སྐད་ཅིག་དེ་ཉིད་ལ་འབུར་གྱུར་ཏོ། །རལ་པ་བདུན་པོ་ཁྱིམ་བྱ་དེ་ཕོ་བདུན་དུ་གྱུར་ནས་འབུ་རྣམས་སྐད་ཅིག་དེ་ཉིད་ལ་ཟོས་སོ། །དེ་འཕྲལ་སློབ་དཔོན་གྱི་ཞལ་གྱི་མདུད་འཛིན་ཐོན་པས་མིར་གྱུར་ཏེ་དབྱུག་པ་ཐོགས་ནས་ཁྱིམ་བྱ་བདུན་བསད་པ་དང་། མི་རོ་བདུན་བྱུང་ངོ་། །སློབ་དཔོན་ཐུགས་མ་དགྱེས་ཏེ། ངས་ཁྱོད་ཀྱི་སྲོག་མགོ་སྟོན་པའི་མཐར། ཁོང་བདུན་ཚེ་ཕམ་པར་གྱུར་པ་འདི་ཤིན་ཏུ་མ་ལེགས་གསུངས་པ་དང་། མི་དེས་སྨྲས་པ། བདག་རྒྱལ་པོའི་བུ་ཞིག་ཀྱང་ཡིན་ཅིང་། ཁྱེད་ཀྱིས་བདག་གི་སྲོག་བསྐྱབས་པས། ཁོང་གཞན་རྣས་ཀྱི་སྡིག་སྦྱོང་དུ་བཀའ་དྲིན་བསབ་པའི་ཆེད་དུ་བཀའ་གང་གསུངས་ལ་མངོན་པར་བསྟོད་ཅེས་ཞུས་སོ།།
སློབ་དཔོན་གྱི་མདུན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་པ་ན་རོ་དངོས་གྲུབ་ཅན་ཞེས་བྱ་བ། སྐེད་པ་ཡན་ཆད་གསེར་ལས་བྱས་པ། མན་ཆད་གཡུ་ལས་བྱས་པ། མགོ་ལ་དུང་གི་ཐོར་ཚུགས་ཡོད་པ་དེ། ཁྱོད་ཀྱི་སྙིང་སྟོབས་ཀྱིས་ལེན་ནུས་སམ། ནུས་ན་ངས་དགེ་སྒྲུབ་བྱས་པས་འཛམ་བུ་གླིང་གི་མི་རྣམས་ལོ་སྟོང་ཕྲག་རེའི་དབུལ་བ་སེལ་ཐུབ་པའི་ཐུན་མོང་གི་དངོས་གྲུབ་ངོ་མཚར་ཆེ་བ་གཅིག་ཡོང་བ་ཡིན་གསུངས། ཁོས་ཁས་བླངས་ཏེ་འགྲོ་བའི་ལམ་དང་བྱ་ཐབས་རྒྱགས་སོགས་དང་བསླབ་བྱ་ཚུལ་བཞིན་མཛད་འཚལ། ཞེས་ཞུས་པ་དང་། སློབ་དཔོན་གྱིས་ཁྱོད་ལམ་འདི་ནས་དཔག་ཚད་གཅིག་ཕྱིན་པ་ན། ལུང་པ་ཤིན་ཏུ་རོང་དོག་པ་འཇིགས་ཤིང་སྐྱི་གཡའ་བའི་ས་དེར། རོ་ཤིན་ཏུ་ཆེ་བས་གང་བ་ཡོད་པ། ཁྱོད་ཀྱིས་ཕྱིན་པ་དང་དེ་རྣམས་ལངས་ཡོང་། དེ་ནས་རོ་ཆེ་བ་རྣམས་ལ་ཧ་ལ་ཧ་ལ་སྭཱཧཱ། ཞེས་ཐུན་འདི་གཏོར། དེ་ནས་ལུང་པ་ཞིག་འདས་པ་ན། རོ་ཆུང་ཆུང་མང་པོ་ཡོད་པས། དེ་ལའང་རོ་ཆུང་ཆུང་རྣམས་ཧུ་ལུ་ཧུ་ལུ་སྭཱཧཱ། ཞེས་ཐུན་གཏོར་རོ།།
ཡང་ལུང་པ་ཞིག་འདས་པ་ན་བྱིས་པའི་རོ་མང་པོ་ཡོད་དོ། །དེ་ལ་ཡང་བྱིས་པའི་རོ་ལ་དི་རི་རི་ཕཊ། ཅེས་བརྗོད་ནས་ཐུན་གཏོར་རོ། །དེ་རྣམས་ཀྱི་དཀྱིལ་ན་རོ་དངོས་གྲུབ་ཅན་དེས་ཕར་འབྲོས་པར་གྱུར་ཏེ། ཤིང་ཨ་མྲའི་སྡོང་པོ་གཅིག་ལ་འཛེགས་ཏེ་སྡོད་དོ། །དེ་དུས་སྟ་རེ་ཟླ་བ་དཀར་པོ་འདིས་རྩ་བ་ནས་རྡེག་པའི་ཚུལ་བསྟན་པ་ཙམ་གྱིས་མར་བབས་ཡོང་བས་ཕད་བུ་རྒྱ་ཤོང་ཁྲ་མོའི་ནང་དུ་བཅུག །ཐག་པ་རྒྱ་ཁྲེས་ཁྲ་བོས་བསྡམས། མར་ཟན་ཟས་པ་འཛད་མེད་ཡོད་ཟ་ཞིང་ཁུར་ལ་ཉིན་ལམ་བཅད། ཁ་ཚིག་གཅིག་ཀྱང་མ་ཤོར་བར་ཚུར་ལ་སླེབས་པ་གྱིས་ཤིག །ཁྱོད་ཀྱི་མིང་རྒྱལ་བུའང་ཡིན་ལ་སྲས་བདེ་སྤྱོད་དུ་སླེབས་པ་ཡིན་པས། རྒྱལ་བུ་བདེ་སྤྱོད་བཟང་པོ་བྱ་བར་ཐོགས་ཤིག་ཅེས་གསུངས་ནས་ལམ་ལ་སྡོངས་སོ།།
(ཤོག་ ༤) དེ་ནས་རྒྱལ་བུ་ལམ་དུ་ཞུགས་ནས་སོང་སོང་བ་ལས། སློབ་དཔོན་གྱིས་བསྟན་པའི་ལམ་གྱི་འཇིག་པ་སེལ་རུང་ཕྱིན་པས། ནམ་ཞིག་རོ་དངོས་གྲུབ་ཅན་དེ་མཐོང་སྟེ་བསྡད་པ་ལས། ཤིང་ཨ་མྲའི་སྡོང་པོ་ལ་འཛེགས་སོ། །སྡོང་པོའི་རྩ་བར་ཁ་ཕོ་བྱས་ཏེ་སྨྲས་པས། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིན། །སྟ་རེ་ཟླ་བ་དཀར་པོ་ཡིན། །མར་ཟན་ཟས་པས་འཛད་མེད་ཡིན། །ཕད་བུ་རྒྱ་ཤོང་ཁྲ་མོ་ཡིན། །ཐག་པ་རྒྱ་ཁྲེས་ཁྲ་བོ་ཡིན། །ང་རང་བདེ་སྤྱོད་བཟང་པོ་ཡིན། །རོ་གོག་ཁྱོད་བབ་བམ་སྡོང་གོག་འགྱེལ་ཞེས་སྨྲས་པས། ཤིང་མ་འགྱེལ་ང་རང་བབས་ཏེ་ཡོང་ཟེར་བྱུང་བ་དང་། ཕད་བུར་བཅུག །ཐག་པས་བསྡམས། མར་ཟད་ཟོས་རྒྱབ་ལ་ཁུར་ཏེ་ཡོང་ངོ་། །དེར་ཉིན་ལམ་མང་པོ་ཡོང་བ་དང་། རོ་དངོས་གྲུབ་ཅན་དེས་སྨྲས་པ། རྒྱལ་བུ་ཉི་མ་ཡང་རིང་། ཐང་ཡང་ཆད། ཡང་ན་ཁྱོད་ཀྱིས་སྒྲུང་རྒྱུད་སྙན་གཅིག་ཤོད། ཡང་ན་ངས་སྒྲུང་རྒྱུད་སྙན་པོ་གཅིག་བཤད་དོ་ཟེར་བ་དང་། རྒྱལ་བུས་ཅང་མ་སྨྲས་པས། ཡང་ངས་བཤད་ན་མགོ་སྒྱེད་སྒྱེད་གྱིས་ཟེར་བ་དང་། རྒྱལ་བུས་དེ་ལྟར་བྱས་ཏེ་གླེང་གཞི་ནི།

༈ དེ་ནས་དངོས་གྲུབ་ཅན་གྱིས་སྨྲས་པ། ལམ་ཀྱག་ཀྱོག །རྡོ་ཁྲག་ཁྲོག །ཆུ་ཁྲལ་ཁྲོལ། ཤིང་རྩེ་བན་བུན་རྣམས་ཉོན་ཨང་། སྔོན་དུས་དང་པོ་ཙ་ན། ཡུལ་གྲོང་ཁྱེར་ཆེན་པོ་གཅིག་ན། ཕྱུག་པོའི་བུ་གཅིག །འཚོ་བྱེད་ཀྱི་བུ་གཅིག །རི་མོ་མཁན་གྱི་བུ་གཅིག །རྩིས་མཁན་གྱི་བུ་གཅིག །ཤིང་བཟོའི་བུ་གཅིག །མགར་བའི་བུ་གཅིག་དང་། ཁོང་དྲུག་པོ་དེས་ཕ་མ་ལ་གཅེས་རྒྱལ་བྱས་ནས་ཡུལ་གཞན་ཞིག་ཏུ་ཕྱིན་ཏོ། །དེ་དག་ལུང་པའི་མདོ་ཞིག་ཏུ་སླེབས་པ་དང་། དེར་མི་རེ་རེ་ལ་བླ་ཤིང་རེ་བཙུགས། དེར་ལུང་པ་རེ་ལ་མི་རེ་འཚོ་བ་ཚོལ་དུ་ཕྱིན་ནས། ལོ་དྲུག་སོང་བ་དང་། དེར་སླེབས་པའི་དུས་བྱས་སོ། །གལ་ཏེ་མ་སླེབས་པ་དང་། བླ་ཤིང་སྐམ་པ་སོགས་འདུག་ན་གང་སོང་བའི་ལུང་པ་དེ་ལ་འཚོལ་བར་བྱས། དེ་ནས་ཕྱུག་པོའི་བུ་དེས་ལུང་པ་གཅིག་གི་ནང་ལ་ཕྱིན་ཏོ།།
ལུང་པའི་ཕུའི་ནགས་དང་སྤང་གི་མཚམས་ན། ཁང་པ་སྤེལ་ཆུང་གཅིག་འདུག་པའི་སྒོ་དྲུང་དུ་སླེབས་སོ། །དེ་ནང་རྒན་རྒོན་བཟའ་མི་གཉིས་འདུག་སྟེ། བུ་ཁྱོད་གང་ནས་ཡིན་གང་དུ་འགྲོ་ཟེར། ཕྱུག་པོའི་བུ་ན་རེ། བདག་ཐག་རིང་པོ་ཞིག་ནས་ཡིན་ཏེ་འཚོ་བའི་ཆེད་དུ་འདིར་སླེབས་སོ། །རྒན་རྒོན་གྱིས་སྨྲས་པ། དེ་ན་ཁྱོད་སླེབས་པ་ལེགས་ཀྱི་ངེད་རྒན་རྒོན་ལ་བུ་མོ་གཟུགས་དང་སྐྱེས་འབྲས་ལེགས་པ་ལང་འཚོ་ཕུན་སུམ་ཚོགས་པ་བལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་ཀྱི་དེ་དང་བཟའ་མི་གྱིས་ལ། ངེད་བུ་ཚབ་ཁྱོད་ཀྱིས་གྱིས་ཤིག་ཅེས་སྨྲས་མ་ཐག་བུ་མོ་དེ་ཡང་ཕྱི་ནས་བྱུང་སྟེ་མཐོང་བས། ཁོའི་བསམ་པ་ལ། ཕ་མའི་དྲུང་ནས་འདིར་བྲོས་པ་འཚོར་ཏེ། འདི་ནི་ལྷའི་བུ་མོ་བས་ཀྱང་ཆེས་མཚར་བ་ཞིག་འདུག་པ་འདི་ཉིད་དུ་སྡོད་དོ་སྙམ་མོ། །བུ་མོ་དེ་དེས་ཀྱང་ཁྱེའུ་བྱོན་པ་ལེགས་ཞེས་གཏམ་མང་དུ་དྲིས་སོ། །དེ་ནས་ནང་དུ་དགའ་མགུར་སྤྱོད་ཅིང་གནས་སོ།།
ནམ་ཞིག་ཡུལ་དེའི་མདའ་ན་རྒྱལ་པོ་གཅིག་ཡོད་པ་ལས། གཡོག་རྣམས་ཀྱིས་སོས་ཁའི་དུས་ཆུ་རྩེད་ (ཤོག་ ༥) དུ་ཕྱིན་པ་ན། ལུང་པ་ཕུ་ན་གནས་པའི་བུ་མོ་དེའི་སོར་གདུབ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་ཡོད་པ་གཅིག་ཆུས་འཁྱེར་བ་དེ་རྣམས་ཀྱིས་ཟིན་ཏོ། །དེ་རྣམས་ངོ་མཚར་ཆེ་ནས་རྒྱལ་པོ་ལ་འབུལ་བ་དང་། རྒྱལ་པོས་སྨྲས་པ། ཁྱོད་རྣམས་སོང་ལ་ལུང་པའི་ཕུ་ན་སོར་གདུབ་འདི་གྱོན་པའི་བུ་མོ་ཞིག་ཡོད་ངེས་དེ་ངའི་དྲུང་དུ་ཁྲིད་ཤོག །ཅེས་བཏང་ངོ་། །དེ་རྣམས་ཀྱིས་ཕྱིན་ཏེ་བུ་མོ་མཐོང་བ་དང་། འདི་ནི་ལྟ་བས་མི་ངོམས་པ་གཅིག་འདུག་ཅེས་སྨྲས་ནས། བུ་མོ་ལ་ཁྱོད་རྒྱལ་པོའི་དྲུང་དུ་འདོང་ངོ་སྨྲས་ནས་ཕྱུག་པོའི་བུ་དང་གཉིས་ཀ་ཁྲིད་ནས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་མཐོང་མ་ཐག་འདི་ནི་ལྷ་མོ་ལྟ་བུ་སྟེ། བཙུན་མོ་གཞན་རྣམས་བྱོལ་སོང་ལྟ་བུའོ་ཟེར་ནས། དེ་ཉིད་ལ་རྩིས་ཆེ་བར་བྱེད། བུ་མོ་དེ་ནི་རྒྱལ་པོ་ལ་དབང་བ་མ་གཏོགས་ཕྱུག་པོའི་བུ་ཉིད་ལ་དགའ་འོ། །དེ་རྒྱལ་པོས་རིག་ནས་ཕོ་ཉ་རྣམས་ལ་ཕྱུག་པོའི་བུ་འདི་མེད་པར་གྱིས་ཤིག་སྨྲས་སོ། །དེ་རྣམས་ཀྱིས་ཕྱུག་པོའི་བུ་རྩེད་མོ་ལ་བསྙད་དེ་ཆུ་ཀླུང་གཅིག་གི་ངོགས་སུ་ཁྲིད་ནས་དོང་བྲུས་ཏེ། རྡོ་ཆེན་པོ་གཅིག་གི་མནན་དེ་བསད། དེ་ནས་ནམ་ཞིག་གྲོགས་པོ་དེ་རྣམས་ཀྱི་ཕྱོགས་ནས་དུས་ཚེས་ལ་བླ་ཤིང་བཙུགས་པ་དེར་འདུས་བརྟག་པ་བྱས་པས་གཞན་རྣམས་ཚང་བྱུང་རུང་ཕྱུག་པོའི་བུ་མ་ཚང་ཞིང་། དེའི་བླ་ཤིང་སྐམ་པ་ཡང་མཐོང་ནས་དེ་རྣམས་བློ་མ་བདེ་བས་ལུང་པ་དེར་འཚོལ་དུ་ཕྱིན་ཏོ། །བཙལ་བས་མ་རྙེད་པ་ན་རྩིས་མཁན་གྱི་བུས་རྩིས་བྱས་པས། ཕྱུག་པོའི་བུ་འདི་འདྲ་ཞིག་ན་རྡོ་ཆེན་པོས་མནན་ཏེ་ཚེ་དུས་བྱས་འདུག་ཅེས་སྨྲས་སོ།།
དེར་སོང་བ་དང་ཕ་བོང་སེལ་མ་ཐུབ་པ་ན་མགར་བའི་བུས་ལྕགས་ཀྱི་ཐོ་བས་དུམ་བུར་བཅག་ནས་དོང་བྲུས་པས་ཕུང་པོ་ཐོན་ནས། དེ་ལ་འཚོ་བྱེད་ཀྱི་བུས་ཤི་སོས་ཀྱི་སྨན་སྦྱར་ཏེ། དེའི་ཁར་བླུག་པས་ཕྱུག་པོའི་བུ་བསོས་ནས། ཕན་ཚུན་གཏམ་དྲིས་རེས་བྱས་པས། ཁྱོད་འཆི་བ་ལ་རྐྱེན་ཅི་བྱུང་དྲིས་པ་དང་། དེས་སྔར་གྱི་ལོ་རྒྱུས་བཤད་པས་བུ་མོ་དེ་ལྟ་བུ་ངོ་མཚར་ཆེ། ད་རྒྱལ་པོ་ལ་ཐབས་གང་གིས་འཕྲོག་ན་ཇི་ལྟར་བྱེད་སྨྲས་པས། ཤིང་བཟོའི་བུས་ཤིང་གི་བྱ་ཁྱུང་འཕྲུལ་མ་གཟེར་མགོ་མ་ནས་བརྡུངས་ན་ཡར་འགྲོ་བ། ཡས་ནས་བརྡུངས་ན་མར་འགྲོ་བ། འཕྲེད་ནས་བརྡུངས་ན་ཐད་ལ་འགྲོ་བ་གཅིག་བཟོས་སོ། །དེ་ལ་རི་མོ་མཁན་གྱི་བུས་མཚོན་སྣ་ཚོགས་པ་བཀྱེད་དེ་ཤིན་ཏུ་བཀྲ་བར་བྱས་སོ། །དེའི་ནང་དུ་ཕྱུག་པོའི་བུ་ཞུགས་ཏེ་ནམ་མཁར་འཕུར་ནས་རྒྱལ་པོའི་ཕོ་བྲང་གི་རྩེར་ལྡིང་ངོ་།།
དེར་རྒྱལ་པོ་འཁོར་བཅས་ཀྱིས་གཟིགས་པ་དང་ངོ་མཚར་སྐྱེས་ནས། འདི་ལྟ་བུའི་བྱ་མཛེས་པ་སྔར་མཐོང་མ་མྱོང་བས་བཙུན་མོས་ཕོ་བྲང་གི་ཡང་ཐོག་ཏུ་སོང་ལ་ཟས་སྣ་ཚོགས་བྱིན་ཅིག་གསུངས་སོ། །བཙུན་མོས་ཟས་ཁྱེར་ཏེ་ཕོ་བྲང་གི་ཡང་ཐོག་ཏུ་ཕྱིན་པ་དང་། བྱ་དེས་ཀྱང་བབས་ཏེ་ཤིང་གི་བྱ་ཁྱུང་གི་སྒོ་ནས་བཙུན་མོ་དང་ཕྱུག་པོའི་བུ་གཉིས་འཕྲད་དོ། །བཙུན་མོ་ཤིན་ཏུ་དགའ་ནས་ཁྱོད་དང་འཕྲད་རྒྱུ་མི་ཡོང་སྙམ་ཡང་འཕྲད་པ་དགའ། འདི་འདྲ་གང་ཡིན་ཟེར་བ་ལ་ཁོས་ཀྱང་ལོ་རྒྱུས་རྒྱས་པར་བཤད་དོ། །ད་ཁྱོད་རྒྱལ་པོའི་ (ཤོག་ ༦) བཙུན་མོ་མི་བྱེད་དམ་བདག་གི་ཆུང་མ་བྱེད། ང་ལ་དགའ་ན་ཤིང་གི་བྱ་ཁྱུང་ནང་དུ་ཚུར་ཤོག །ནམ་མཁར་འཕུར་བས་གནོད་པ་མི་ཡོང་ཟེར། བཙུན་མོ་ན་རེ། སྔ་མ་འཕྲད་པ་གྲོགས་ཀྱི་མཆོག་ཡིན་ཟེར། དེའི་ནང་ལ་ཞུགས་ནས་ནམ་མཁར་ཕུར་རོ།།
དེར་རྒྱལ་པོ་འཁོར་བཅས་ཀྱིས། ཀྱེ་མ་སྤྲུལ་པ་འདྲ་བའི་བྱ་དེས་བཙུན་མོ་ཁྱེར་རོ་ཞེས་སྡུག་བསྔལ་དུ་གྱུར་ཏོ། །དེ་ནས་ཕྱུག་པོའི་བུས་བྱ་ཁྱུང་གི་གཟེར་མགོ་མར་བརྡུངས་ནས་བབས་ཏེ་གྲོགས་པོ་རྣམས་ཀྱི་སར་སླེབས་སོ། །དེར་སྔོན་མ་ཁོ་རང་ཐོན་པ་དང་གྲོགས་པོ་རྣམས་ཀྱིས་དོན་བཟང་ངམ་ཟེར། ཤིན་ཏུ་བཟང་བཙུན་མོར་འདིར་ཤོག་སྨྲས་པས། བཙུན་མོ་བྱུང་སྟེ་གྲོགས་པོ་རྣམས་བལྟ་བས་མི་ངོམས་པར་གྱུར་ཏོ། །དེ་ནས་ཕྱུག་པོའི་བུས་གྲོགས་པོ་རྣམས་ལ་ཁྱེད་རྣམས་ཀྱིས་ཕན་བཏགས་སོ། །ང་རང་གཤིན་ཡུལ་ནས་བཏོན་ཆུང་མ་བཙུན་མོ་ཡང་ཁུག་པའི་ཐབས་བྱས་པས་དྲིན་ཁུར་རོ། །ད་ནས་ངེད་རང་གཉིས་སྔར་བཞིན་བྱས་ཆོག་པ་ཞུ་ཟེར་བ་དང་། དེར་རྩིས་མཁན་གྱི་བུས་སྨྲས་པ། ཁྱོད་གང་ན་ཡོད་མ་ཤེས་པ་ན་ངས་རྩིས་བྱས་པས་ཤེས་པ་ཡིན། བཙུན་མོ་ང་དབང་ཟེར། དེ་ལ་མགར་བའི་བུ་ན་རེ། ཁྱོད་ཀྱིས་མཐོང་ཡང་ཕ་བོང་སེལ་ཐབས་མ་ཤེས་པ་ངས་ཐོ་བས་བཅག་པ་ཡིན་པས་ང་དབང་ཟེར། དེ་ལ་ཤིང་མཁན་གྱི་བུ་ན་རེ། ངས་ཤིང་གི་བྱ་ཁྱུང་འཕྲུལ་མ་བཟོས་པས་ཐོབ་པ་ཡིན་པས་ང་དབང་ཟེར། དེ་ལ་རི་མོ་མཁན་གྱི་བུ་ན་རེ། ཁོས་བྱ་ཁྱུང་བཟོས་རུང་དེ་ལ་ངས་མཚོན་གྱིས་མཛེས་པར་བྱས་པ་ལ་བརྟེན་ནས་བཙུན་མོ་བྱུང་བས་ང་དབང་ཟེར། དེ་ལ་འཚོ་བྱེད་ཀྱི་བུ་ན་རེ། ཕ་བོང་བཅག་ནས་ཐོན་ཡང་ཤི་བསོས་ཀྱི་སྨན་སྦྱིན་པ་ལ་བརྟེན་ནས་བྱུང་བ་ཡིན་པས་ང་དབང་ཟེར་རོ། །དེ་རྣམས་ཕྲག་དོག་གི་དབང་གིས་བཙུན་མོ་དེ་ལག་རུབ་བྱས་ནས་བསད་དོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོ་ན་རེ། དེ་འདྲ་སྙིང་རྗེ་བ་ལ་ཕངས་པ་ཞེས་སྨྲས་པས། དངོས་གྲུབ་ཅན་ན་རེ། སིདྷི་ཕ་ལ་འཇག་ཁྱང་སྦིར་ཟེར་ནས་བྲོས་ཤོར་རོ། །དངོས་གྲུབ་ཅན་ལས་ཁྱེའུ་དྲུག་གི་བྱུང་བ་བསྟན་པའི་ལེའུ་སྟེ་དང་པོ་འོ།། །།

༈ ཡང་དེ་ནས་འགྲོ་ལུགས་སྔར་བཞིན་བྱས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་དངོས་གྲུབ་ཅན་ལེན་དུ་ཕྱིན་ནས་ཁུར་ཡོང་དུས་ལམ་ཐག་རིང་པོར་ངལ་ཞིང་དུབ་པ་ན། དངོས་གྲུབ་ཅན་གྱིས་གཏམ་འདི་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་གྲུ་ཆེན་པོ་གཅིག་ན་རྒྱལ་པོ་གཅིག་ཡོད་དོ། །ཡུལ་དེའི་ཕུ་ན་མཚོ་ཆེན་པོ་གཅིག་ཡོད་པ། ཀླུའི་སྦལ་པ་གཉིས་ཀྱིས་མཚོའི་ཆུ་བཀག་ནས་ཞིང་པ་རྣམས་ལ་མི་གཏོང་བ་ན། ལོ་རེ་བཞིན་དྲག་ཞན་མེད་པ་རེ་མོས་བྱས་ནས་མི་རེ་བཞིན་སྦལ་པའི་ཟས་ལ་འགྲོ་བ་ལ། ནམ་ཞིག་རྒྱལ་པོ་ལ་རེ་མོས་བབས་ནས། མི་འགྲོ་བ་ལ་རྒྱལ་སྲིད་ཉམས་པས་ཐབས་མེད། འགྲོ་བ་ལ་ནི་རྒྱལ་པོ་ཡབ་སྲས་གཉིས་ལས་མེད་པས་ཤིན་ཏུ་ཉམ་ང་བའི་སྐབས་སུ། ཡབ་ན་རེ། ང་རྒས་པས་མི་ཕངས་འགྲོ། བུ་ཁྱོད་ཀྱིས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོངས་ཤིག་གསུངས་སོ།།
(ཤོག་ ༧) རྒྱལ་བུ་ན་རེ། ལྷ་ཅིག་ལགས་ཡབ་རྒྱལ་པོ་ཆོས་བཞིན་སྐྱོང་བ་འདི་འབྱོན་པ་མི་རིགས་ཀྱི་བཙུན་མོ་ལ་སྲས་ཀྱང་འབྱུང་བས་བདག་འགྲོ་འོ་ཞེས་ནན་གྱིས་ཞུས་སོ། །དེ་ནས་རྒྱལ་བུ་འབྱོན་པར་ཐག་བཅད་དོ། །སྐྱེ་བོའི་ཚོགས་རྣམས་ཀྱང་སྐྱོ་བཞིན་པའི་ངང་ནས་བསྐྱལ་ལོ། །རྒྱལ་བུས་སྐུ་ཁྲ་མོ་འགྱོགས་པའི་དབུལ་པོའི་བུ་གཅིག་ཡོད་པའི་སར་བྱོན་ནས་ཁྱོད་ཉིད་ཕ་མ་ལ་གུས་པ་དང་ཁམས་བདེ་བར་གྱིས་ཤིག །བདག་ནི་རྒྱལ་སྲིད་ཀྱི་དོན་དང་ཡབ་ཀྱི་བཀའ་མི་བཅོག་པས། སྦལ་པའི་ཟས་ལ་འགྲོ་གསུངས་པས། དེ་ཡང་སྡུག་ཅིང་། སྨྲེ་ངག་གིས་ཞུས་པ། བདག་ཆུང་ངུ་ནས་ཁྱེད་ཀྱིས་བསྐྱངས་པ་ཡིན་གྱིས། ང་ཁྱེད་ཀྱི་བླུད་ལ་འགྲོ་བས་ཁྱེད་མ་འབྱོན་པ་བཞུགས་ཞུས་ཀྱང་མ་གསན་ཏེ་དཔོན་གཡོག་གཉིས་འགྲོགས་ཏེ་སོང་ངོ་། །མཚོ་ངོགས་སུ་སླེབས་པ་ན་མཚོ་ནང་ན། སྦལ་པ་སེར་སྔོན་གཉིས་གྲོས་བྱེད་པ་ཐོས་ཏེ། དེ་གཉིས་ན་རེ། རྒྱལ་པོ་དཔོན་གཡོག་གི་ཤེས་པ་ཡིན་ན། ངེད་རང་གཉིས་ཀྱི་མགོ་ལ་དབྱུག་པ་བསྣུན་ནས་སེར་སྦལ་ང་རྒྱལ་བུས་ཁྱུར་མིད་བྱས། གཡུ་སྦལ་གྲོགས་དབུལ་པོའི་བུས་ཁྱུར་མིད་བྱས་ནས། ཁོང་གཉིས་ཀྱི་སྐྱུག་ཚད་གསེར་གཡུ་ཐོན་ཡོང་ལ། མཚོ་འདིར་སྦལ་པའི་ཟས་མི་དགོས་པ་གཅིག་ཡོང་སྟེ་མི་ཤེས་ཟེར་རོ། །རྒྱལ་བུས་སྲོག་ཆགས་ཐམས་ཅད་ཀྱི་སྐད་གོ་སྟེ་དཔོན་གཡོག་གཉིས་ཀྱི་དབྱུག་པ་རེ་ཐོགས་ཏེ་སྦལ་མགོ་ལ་བསྣུན་ཏེ་བསད་དེ་སོ་སོར་ཁྱུར་མིད་བྱས་པས་གསེར་གཡུ་གང་དགོས་བསྐྱུགས་བྱུང་ངོ་།།
ད་ནི་ངེད་རང་དཔོན་གཡོག་གིས་སྦལ་པ་ནི་བསད། ཆུ་ནི་སོང་ཡུལ་དུ་འབྱོན་ནི་ཞུས་པས། རྒྱལ་བུས་ཡུལ་དུ་ཕྱིན་རུང་རོ་ལངས་བྱུང་ཟེར་ཡོང་། དེ་བས་ཡུལ་གཞན་ཐག་རིང་པོ་ཞིག་ཏུ་འགྲོ་གསུངས་ཏེ། ལ་ལུང་མང་པོ་འདས་ནས་ཕྱིན་ཏོ། །ལ་རྩེ་ཞིག་ཏུ་སླེབས་པ་དང་ཆང་ཚོང་མ་སྨད་ཀྱི་ཁང་པར་སླེབས་ཏེ་ཆང་ཉོས། ཆང་རིན་ཅི་སྤྲོད་ཟེར་བ་ལ། གསེར་གཡུ་བསྐྱུགས་ཏེ་བྱིན་པས་མ་སྨད་གཉིས་བསྙེགས་ནས་ནང་དུ་བོས་ཆང་མང་པོ་བྱིན་པས་མྱོས་པར་གྱུར་ནས་གསེར་གཡུ་མང་དུ་བསྐྱུགས་སོ། །དྲན་པས་ཟིན་པ་དང་། ཁྱིམ་གྱི་ཕྱི་རོལ་ན་བཏོན་འདུག་པས་ཐབས་མེད་པར་སོང་། ལུང་པའི་མདོ་ན་མར་ཕྱིན་པ་དང་། ཐང་གཅིག་གི་དཀྱིལ་ན་བྱིས་པ་མང་པོ་འདུས་འདུག་པ་དེ་དག་ཀྱང་རྩོད་ཅིང་འདུག །ཁྱེད་རྣམས་ཅི་ལ་རྩོད་དྲིས་པས། ངེད་རྣམས་ཀྱིས་འདི་ནས་གྲིབ་ཀྱི་ཞྭ་ཆུང་ཞིག་རྙེད་པ་སུས་ཁྱེར་ལ་མ་འཆམ་པས་རྩོད་པ་ཡིན། དེས་ཅི་ཡོང་དྲིས་པས། ཞྭ་འདི་སུའི་མགོ་ལ་གོན་ཡང་ལྷ་འདྲེ་མི་གསུམ་གྱིས་མི་མཐོང་ཟེར། འོ་ན་ཁྱེད་རང་རྣམས་ཐང་གི་གཤམ་མ་གིར་སོང་ལས་སུ་མགྱོགས་གྱིས་ལ་སུ་མགྱོགས་པ་ལ་སྟེར་བ་ཡིན་ནོ་སྨྲས་པས། ཞྭ་མོ་དེ་ཁོས་བཟུང་ངོ་། །བྱིས་པ་རྣམས་ཐང་གཤམ་དུ་ཕྱིན་ནས་ཡར་བརྒྱུགས་བྱུང་བ་དང་། དབུལ་པོའི་བུས་གྲིབ་ཀྱི་ཞྭ་ཆུང་གྱོན་པས་ད་གིའི་འདི་ག་ན་ཡོད་པ་ཡིན་ཟེར་ནས་མ་རྙེད་པར་ཅོ་དིར་རི་ལོག་སོང་ངོ་།།
དེ་ནས་ཕར་ཕྱིན་པ་རྒྱ་ཟམ་ཞིག་ན་མི་མ་ཡིན་མང་པོ་འདུས་ནས་རྩོད་ཅིང་འདུག་པ་ལ་ཁོས་ཅི་ལ་རྩོད་དྲིས་ (ཤོག་ ༨) པས་ལྷམ་ཆུང་འདི་ལ་རྩོད་ཟེར། འདིས་ཅི་ཡོང་དྲིས་པས། འདིའི་ནང་རྐང་པ་བཅུག་ན་གང་ཡིན་ལ་བསམ་པ་དེར་སླེབས་པ་ཡིན་ཟེར། འོ་ན་ཁྱེད་རང་ཚོ་རྒྱ་སྲང་འདི་ཡི་གཤམ་ནས་ཡར་རྒྱུགས་ཤིག་སུ་མགྱོགས་པ་སྟེར་བ་ཡིན་བྱས་པས། ཐམས་ཅད་ཀྱིས་གཤམ་ནས་བརྒྱུགས་པ་དང་། ཁོས་ལྷམ་ཆུང་དུ་རྐང་པ་བཅུག་ཞྭ་མོ་གྱོན་པས། དེ་དག་གིས་ད་གིན་འདི་ན་ཡོད་པ་ཡིན་ཟེར་ཏེ་མི་འདུག་ཟེར་ནས་ལོག་གོ །དེ་ནས་དཔོན་གཡོག་གཉིས་ཀྱི་ལྷམ་ཆུང་ཡར་གྱོན་ནས་རྒྱལ་པོ་བསྐོ་བཞག་བྱེད་པ་ཞིག་ཏུ་སླེབས་པའི་སྨོན་ལམ་བཏབ་སྟེ་ཉལ་བས་སང་ཞོགས་པ་དེ་ཡུལ་གཞན་གཅིག་གི་རྒྱལ་པོ་བསྐོ་ས་ཞིག་ཏུ་ཕྱིན་ནས་ཤིང་བཀུ་བའི་ནང་དུ་འདུག་གོ །དེའི་ཉིན་ཁྲོམ་ཆེན་པོ་ཚོགས་ཏེ་གནམ་གྱི་གུང་རྒྱལ་མོས་ནམ་མཁའ་ནས་གཏོར་མ་འཕངས་པ་སུ་ལ་འཕོགས་པ་ལ་རྒྱལ་བུ་བསྐོ་རྒྱུ་ཡིན་ཟེར་བ་ལ། གཏོར་མ་ཤིང་བཀུ་བའི་སྟེང་དུ་བབས་སོ། །མི་རྣམས་ཀྱིས་རྩི་ཤིང་གི་རྒྱལ་པོ་ཡོང་ངམ་ཟེར། མི་གཅིག་ན་རེ། ཤིང་གསེབ་ན་སུ་ཡོད་མི་ཤེས་པས་ལྟའོ་བྱས། དེར་བལྟས་པས་རྒྱལ་པོ་དཔོན་གཡོག་གཉིས་བྱུང་ངོ་། །མི་དག་ཡིད་མ་ཆེས་ཏེ། འདི་ནི་མཐའ་མིར་འདུག །སང་སྐྱུག་པ་འགྲན་ཟེར་གྱེས་སོ། །སང་དེ་ལ་ལས་འོ་མ་འཐུང་། ལ་ལས་ཆང་དང་ཟས་སྣ་ཚོགས་ཟོས་ཤིང་འཐུང་པའི་སྐྱུག་པ་རིགས་མི་གཅིག་པ་བསྐྱུགས་སོ། །རྒྱལ་བུས་གསེར་གྱི་སྐྱུག་པ་ནར་གྱིས་བསྐྱུགས་ནས། ཡུལ་དེའི་རྒྱལ་པོ་ངས་བྱེད་པ་ཡིན་ནོ་སྨྲས་སོ། །དབུལ་པོའི་བུས་གཡུའི་སྐྱུག་པ་ནར་གྱིས་བསྐྱུགས་ནས་རྒྱལ་པོའི་བློན་པོ་ཆེན་པོ་ངས་བྱེད་པ་ཡིན་ནོ་ཞེས་སྨྲས་སོ།།
རྒྱལ་པོ་སྔ་མ་ཡི་བུ་མོ་ལྟ་ན་སྡུག་པ་གཅིག་ཡོད་པ་དེས་བཙུན་མོ་བྱས་སོ། །ཕོ་བྲང་དེའི་ཉེ་བ་ན་མཁར་རིང་པོ་ཤིན་ཏུ་མཐོ་བ་ལེགས་པ་གཅིག་ཡོད་པ་ལ་བཙུན་མོ་དེ་ཉིད་ཉིན་རེ་བཞིན་མཁར་དེའི་ནང་ལ་འགྲོ་འོ། །ནམ་ཞིག་བློན་པོའི་བསམ་པ་ལ། བཙུན་མོ་འདི་ཅིའི་ཆེད་དུ་འགྲོ། མཁར་དུ་སོང་ལ་ལྟའོ་སྙམ་སྟེ་ཉིན་གཅིག་བཙུན་མོའི་ཕྱི་བཞིན་ཕྱིན་ནས་གྲིབ་ཀྱི་ཞྭ་ཆུང་གྱོན་ཏེ་སོང་བ་ལས། སྒོ་རེ་ཕྱེ་སྐས་རེ་བཙུགས་ནས་མཁར་གྱི་རྩེར་ཕྱིན་ཏོ། །དེ་ན་བདེ་ཞིང་ཡིད་དུ་འོང་བའི་དར་ཟབ་ཀྱི་རྟེན་མཛེས་པར་བཤམས། བཟང་བཏུང་སྣ་ཚོགས་ཡོད་པ་དེར་བཙུན་མོ་རང་ཡང་རྒྱན་གོས་རྣམས་ཤིན་ཏུ་མཛེས་པའི་རྒྱན་གོས་ཀྱིས་སྤྲས་ཏེ་ཁྲུས་དང་གཙང་སྦྲ་དང་། སྤོས་མེ་ཏོག་ལ་སོགས་པའི་མཛེས་པར་བརྒྱན་ནས་གནས་སོ།།
བླུན་པོས་ཀྱང་གྲིབ་ཀྱི་ཞྭ་ཆུང་གྱོན་འདུག་པ་ལས། ཇི་ཙམ་ན་ནམ་མཁའ་ནས་བྱ་ཤིན་ཏུ་མཛེས་པ་ཞིག་བྱུང་བ་དང་། བཙུན་མོས་སྤོས་ཀྱི་བསུ་བ་བྱས་པས། མཁར་གྱི་རྩེར་རྡོ་ཤིན་ཏུ་འཇམ་པའི་སྟེང་དུ་རོག་རོག་ཟེར་བབས་པ་དང་། བྱའི་ཤུབས་ཀྱི་ནང་ནས་ལྷའི་བུ་དམ་པ་ཏོག་དཀར་ཞེས་བྱ་བ་བློ་ཡི་ཡུལ་ལས་འདས་པ་ཞིག་བྱུང་སྟེ། དར་ཟབ་ཀྱི་གདན་ལ་བཟའ་བཏུང་སྣ་ཚོགས་པས་མཆོད་ནས་དགའ་མགུར་གནས་སོ། །ལྷའི་བུ་ན་རེ། ཁྱོད་ཀྱི་གྲོགས་གནམ་གྱི་གུང་རྒྱལ་མོས་བཀོད་པ་གཅིག་ཡོད་པ་ཇི་ལྟར་གནང་ཟེར། ཇི་ལྟར་ཡོང་མ་ (ཤོག་ ༩) ཤེས། ན་ཚོད་ནི་གཞོན་ནུར་འདུག་སྐྱོན་ཡོན་ཤེས་པ་མ་བྱུང་ལགས། སང་ཉིན་ཡང་འབྱོན་འཚལ་ཟེར་གྱེས་སོ། །བཙུན་མོ་ཡང་རྒྱན་གོས་རྣམས་ཕུད་དེ་རྒྱལ་བུའི་དྲུང་དུ་སོང་ངོ་། །སང་ཉིན་ཡང་སྔར་བཞིན་སོང་བ་ལས་བློན་པོས་ཕྱི་བཞིན་ཕྱིན་པས། དེའི་ཉིན་ལྷའི་བུ་ན་རེ། སང་སྔ་བར་ཁྱེད་ཀྱི་གྲོགས་དེ་ལྟ་བར་བྱིའུ་ཞིག་ཏུ་སྤྲུལ་ནས་ཡོང་ངོ་ཟེར་རོ། །བཙུན་མོས་དེ་བཞིན་འཚལ་ལོ་ཟེར་ནས་སོ་སོར་གྱེས་སོ།།
སང་དེ་སྔ་བར་བློན་པོས་རྒྱལ་པོ་ལ་ཞུས་པ། མཁར་འདིའི་ནང་ན་ལྷའི་བུ་དམ་པ་ཏོག་དཀར་ཞེས་པ་ལྟ་ན་སྡུག་པ་གཅིག་འོངས་ཏེ་བཙུན་པོ་དང་ལྷན་ཅིག་བརྩེ་བར་བྱེད་སྨྲ་བར་བྱེད་དགའ་བར་བྱེད་པའི་ལོ་རྒྱུས་རྒྱས་པར་བཤད་ནས། སང་སྔ་བར་ཁྱེད་ལྟ་བར་བྱིའུར་སྤྲུལ་ནས་ཡོང་བར་འདུག་པས་སོང་ཞོགས་མེ་སྐོང་ཞིག་སྤ་བར་མཛོད་ཅིག །བདག་གིས་བྱིའུའི་མཇུག་སྒྲོ་ནས་བཟུང་སྟེ་མེར་བསྐྱུར་རོ། །དེ་མ་ཐག་ཁྱེད་རང་གིས་རལ་གྲི་རྒྱོབ་ལ་སོད་ཅིག་ཅེས་ཞུས་ཏེ། སང་རྒྱལ་པོ་ཡབ་ཡུམ་སྟན་ལ་བཞུགས་ཚེ་ལྷའི་སྤྲུལ་པའི་བྱིའུ་ཤིན་ཏུ་མཛེས་ཤིང་བཀྲ་བ་ཞིག་སྐས་གདངས་ཀྱི་སྟེང་དུ་བྱུང་བ་ལ། བཙུན་མོ་ནི་ཤིན་ཏུ་དགའ་སྟེ་མིག་ཟུར་གྱིས་ལྟ་བ་དང་། བློན་པོས་གྲིབ་ཀྱི་ཞྭ་ཆུང་གྱོན་ནས་གློ་བུར་བྱིའུའི་མཇུག་སྒྲོ་ནས་བཟུང་སྟེ་མེའི་ནང་དུ་འཕངས་པ་ལ་རྒྱལ་པོས་རལ་གྲི་རྡེག་པར་བརྩམས་པ་དང་བཙུན་མོས་བཟུང་བས་མ་ནོན་པར་འདབ་གཤོག་ཚིག་ཀྱང་ནམ་མཁར་འཕུར་རོ། །བཙུན་མོ་ནི་སྙིང་རེ་རྗེ་ཟེར་ནས་བརྒྱལ་འགྲོ་བ་ཙམ་གྱི་སྡུག་བསྔལ་བྱེད་དོ། །ཡང་སང་བཙུན་མོ་མཁར་ལ་འགྲོ་བའི་ཕྱི་བཞིན་བློན་པོས་ཕྱིན་པ་ན་སྔར་བཞིན་ཡུན་རིང་པོར་བསྒུགས་ཀྱང་ལྷའི་བུ་མ་བྱུང་། བཙུན་མོ་ནི་ནམ་མཁར་ལྟ་ཞིང་འདུག་པས། ནམ་ཞིག་གི་ཚེ་ན་བྱ་དེ་སྔར་ལས་བུལ་བའི་ལྡིང་ལྡིང་བྱུང་བའི་ནང་ནས་མཛེ་རྒན་ལུས་ཤུ་ཐོར་གྱིས་གང་ཞིང་རྣག་ཁྲག་དང་ཆུ་སེར་འཛག་པ་ཞིག་བྱུང་ངོ་། །བཙུན་མོས་མྱ་ངན་དང་སྨྲེ་ངག་བཏོན་པས་ཁྱེད་དེ་ལྟར་མ་བྱེད་ཅིག་གང་ནའང་ཁྱོད་ཀྱི་གྲོགས་དེ་ཟིལ་ཤིན་ཏུ་ཆེ། བདག་གློ་བུར་མངོན་དུ་ལྷུང་བས་ལུས་ཚིག་ནས་ཁྱོད་ཀྱི་སར་ཡོང་མི་ནུས་པར་འདུག་ཟེར། བཙུན་མོ་ན་རེ། སྔར་བཞིན་འབྱོན་པར་ཞུ་ཞེས་ཞུས་ཏེ། གཉིས་ཀས་ཟླ་བ་རེར་འཕྲད་པའི་ཆད་བྱས་ཏེ་ལྷའི་བུ་དེ་ནམ་མཁར་སོང་ངོ་། །བཙུན་མོ་ནི་རྒྱལ་པོ་ལ་ཡིད་ཆེས་ནས་གུས་པར་གནས་སོ།།
དེ་ནས་བློན་པོས་གྲིབ་ཀྱི་ཞྭ་ཆུང་གྱོན་ནས་མི་སྡོད་འགྲོ་བའི་དོན་སྤྱོད་དགོས་ཟེར་ནས་སོང་སོང་བ་ན། ལྷ་ཁང་རྙིང་པ་ཞིག་ཏུ་ཕྱིན་པ་སྒོའི་སྲུབ་ནས་ནང་དུ་བལྟས་པས། གཙུག་ལག་ཁང་ཞིག་ན་དཀོན་གཉེར་ཞིག་གིས་ཤོག་དྲིལ་ལ་བོང་བུའི་གཟུགས་བྲིས་པ་ས་ལ་གཏིང་ནས་དེ་ལ་ཁྲེས་བརྒྱབ་པས་སྐད་ཅིག་ཉིད་ལ་བོང་བུར་གྱུར་ཏེ་ནང་དུ་སྐད་འདོན་ཞིང་བརྒྱུགས་ནས་སླར་ཁྲེས་ནང་ལོག་ཏུ་བརྒྱབ་པ་དཀོན་གཉེར་དུ་སོང་ནས་ཤོག་དྲིལ་ལྷ་སྐུའི་རྒྱབ་ཏུ་བཅུག་ནས་བྱུང་བ་དང་། བློན་ (ཤོག་ ༡༠) པོས་ནང་དུ་ཕྱིན་ཏེ། ཤོག་དྲིལ་ཐོག་ནས་སྔར་གྱི་ཆང་ཚོང་མ་སྨད་ཀྱི་སར་ཕྱིན་ཏེ། ཁྱེད་གཉིས་ཀྱི་ལེགས་པོ་བྱས་ནས་བྱ་དགའ་གཏེར་དུ་ཡོང་བ་ཡིན་ནོ། །སྨྲས་ནས། གསེར་ཞོ་གསུམ་བྱིན་པས། ཆང་ཚོང་མ་སྨད་ཀྱིས་སྨྲས་པ། ཁྱེད་གཞུང་བཟང་གསེར་འདི་ཙམ་ཡོང་བ་ཅི་ལས་བྱུང་བ་ཡིན་ཟེར་བ་དང་། ང་ལ་གསེར་ཡོང་བ་ཤོག་དྲིལ་འདི་ལ་རྒྱ་ཁྲེས་བརྒྱབ་པས་བྱུང་བ་ཡིན་སྨྲས་པས། འོ་ན་ངེད་མ་སྨད་ཀྱང་ཤོག་དྲིལ་ལ་རྒྱ་ཁྲེས་བྱེད་རོགས་ཀྱིས་ཟེར་བ་ལ་དེ་བཞིན་ཟེར་བ་ལ་དེ་བཞིན་རུང་བྱས་ཏེ་རྒྱ་ཁྲེས་བརྒྱབ་པ་ལས། བོང་བུ་གཉིས་སུ་སྐད་ཅིག་ལ་གྱུར་ཏོ།།
དེ་ནས་རྒྱལ་པོའི་དྲུང་དུ་ཁྲིད་ནས་མཁར་ལས་བྱེད་པའི་ས་རྡོ་ཐམས་ཅད་བཀལ་དུ་གསོལ་ཞུས་ཏེ། བོང་བུ་གཉིས་ཀྱིས་ལོ་གསུམ་དུ་ལས་བྱས་པས་སྒལ་པར་རྣག་ཁྲག་དང་ཆུ་སེར་མང་པོ་འཛག་ཅིང་། རྒྱལ་པོ་མཐོང་རེས་ཀྱིས་མཆི་མ་ཕྲལ་ཕྲལ་འདོན་པ་ཞིག་བྱུང་བས། རྒྱལ་པོས་བློན་པོ་ལ་སྨྲས་པ། འདི་གཉིས་གཏིང་ནས་སྡུག་བསྔལ་ཆེན་པོ་འདུག་པས། ངན་མ་བྱེད་གསུངས་པས། བློན་པོས་ཤོག་དྲིལ་ལ་དེ་གཉིས་རྒྱ་ཁྲེས་བྱེད་བཅུག་པས། རྒན་མོ་འཆི་ལ་ཁད་ལུས་རྣག་ཁྲག་ཏུ་སོང་བ་གཉིས་བྱུང་ངོ་བྱས་པས། རྒྱལ་པོ་བདེ་སྤྱོད་བཟང་པོས། དེ་རང་སྙིང་རྗེ་བ་ལ་ཟེར་བར་ཤོར་བས། རོ་ལ་གཏམ་གཏོང་ལྟས་ངན་ཡིན་ཟེར་བྲོས་སོང་ངོ་། །དངོས་གྲུབ་ཅན་ལས་རྒྱལ་བུ་དཔོན་བློན་གྱི་ལེའུ་སྟེ་གཉིས་པའོ།། །།

༈ ཡང་སྔར་བཞིན་རོ་དངོས་གྲུབ་ཅན་ཁུར་ནས་ལམ་རིང་པོར་ངལ་ཞིང་དུབ་པ་ན། དངོས་གྲུབ་ཅན་གྱིས་སྨྲས་པ། སྔོན་དུས་དང་པོ་ཙ་ན། ལུང་པ་ཕུ་ཐག་རིང་པོ་གཅིག་ན་ཕ་རེང་དབུལ་པོ་ཞིག་ཡོད། དེ་ལ་ནོར་དུ་བ་ནུ་ཡས་མེད་དོ། །ནམ་ཞིག་བ་ལ་བེའུ་སྟོད་རན་པའི་སྐབས་སུ། བ་ལ་གླང་མ་རྙེད་པར་སྡུག་ནས་བསམ་པ་ལ། བདག་གི་བ་མོ་བེའུ་མ་བྱུང་ན་མར་ཞོ་དར་བ་མི་འབྱུང་བས་བཀྲེས་སྐོམ་གྱིས་འཆིའོ་སྙམ་པ་དང་། རི་སྒང་ཞིག་ན་མ་སང་གི་ལྷ་རྟེན་ཞིག་ཡོད་པས་དེ་ལ་གསོལ་མཆོད་བྱས་ནས་བེའུའི་དངོས་གྲུབ་ཞུས་སོ།།
ནམ་ཞིག་བ་དེ་ལ་བེའུ་མིའི་ལུས་ལ་གླང་གི་མགོ་ཅན་མཇུག་མ་རིང་པོ་ཞིག་བཙས་སོ། །འདི་མི་ཤེས་སོ་སྙམ་ནས་བསོད་པར་བརྩམས་པ་དང་། དེ་ན་རེ། ང་མ་བསད་དྲིན་ལན་གཞལ་ལོ་ཟེར་ནས་ནགས་གསེབ་ཏུ་ཕྱིན་པ་དང་། ཤིང་སྡོང་གཅིག་གི་རྩ་བ་ནས་མི་ནག་པོ་གཅིག་འདུག་པ་ཁྱོད་སུ་ཡིན་བྱས་པས། ང་ནགས་སྐྱེས་དར་པོ་བྱ་བ་ཡིན། མ་སང་མ་རུ་ཁ་གང་དུ་འབྱོན། ངས་རོགས་བྱེད་དོ་ཟེར་ནས་སོང་ངོ་། །དེ་དང་འགྲོགས་ཏེ་སོང་བ་དང་། སྤང་གཤོངས་སྔོན་པོ་ཞིག་གི་དཀྱིལ་ན་མི་སྔོན་པོ་གཅིག་འདུག་པ་ལ་ཁྱོད་སུ་ཡིན་དྲིས་པས། ས་སྤང་སྐྱེས་དར་པོ་བྱ་བ་ཡིན། མ་སང་གར་འབྱོན་ངས་ཀྱང་གྲོགས་བྱེད་ཟེར་ནས་འགྲོགས་ཏེ་སོང་བ་ལས། ནེའུ་གསིང་གཅིག་ན་མི་དཀར་པོ་གཅིག་འདུག་པ་ལ་ཁྱོད་སུ་ཡིན་དྲིས་པས། ང་གཤེར་སྐྱེས་དར་པོ་བྱ་བ་ཡིན། ངས་ཀྱང་གྲོགས་བྱེད་ཟེར་ནས་བཞི་པོ་བསྡེབས་ནས་སོང་བ་ལས། ལུང་སྟོང་ཤིན་ཏུ་ཆེ་བ་གཅིག་ཏུ་སླེབས་ཏེ། དེ་ན་གཞན་ (ཤོག་ ༡༡) སུ་ཡང་མེད་པའི་རི་ཟུར་ཞིག་ན། ཁང་ཆུང་ཞིག་འདུག་པ་དེར་ཕྱིན་པ་དང་། དེ་ན་ལོངས་སྤྱོད་བཟའ་བཏུང་མང་པོ་འདུག་ཀྱང་། བདག་པོ་མི་འདུག་པས་ཁོང་རྣམས་ཀྱིས་དེར་བསྡད་དེ་ཉིན་རེ་བཞིན་གསུམ་གསུམ་གྱིས་རི་དྭགས་ཤོར་དུ་འགྲོ་བ་ལ་རེ་རེས་གཞི་བསྲུངས་བྱེད་དོ།།
ཉིན་གཅིག་ནགས་སྐྱེས་དར་པོས་བསྡད་ནས་ཞོ་དཀྲོག །ཤ་ཚོད་རུང་ཡོད་པ་ལ། ཅི་ཞིག་ན་སྒོ་རྩིར་གྱིས་ཕྱེ་ནས་སྐས་ལ་ཨ་ལི་ཀ་རྩབ་མིང་ཀ་ཟེར་བཞིན་འཛེགས་བྱུང་བ་སུ་ཡིན་སྙམ་པ་ན། ཨ་ལྕི་ལུས་ཐོ་གང་ཙམ་ལ་ཁྲེས་པོ་བུང་སྦྲང་ཙམ་ཁུར་བ་ཞིག་བྱུང་ངོ་། །ཁྱེའུ་འདི་འདྲ་ཤ་ཚོད་འདུག་པ་ཞོ་དང་ཤའི་བྲོ་བ་སྟོན་ཟེར། བྲོ་བ་ཅུང་ཟད་རེ་བསྟན་པས་ཐམས་ཅད་མེད་པར་སོང་། ཨ་ལྕེ་ཡང་སོང་ངོ་། །ཞོ་དང་མར་མེད་པ་ང་ཚོ་སྟེ། མཛོད་ཐམས་ཅད་ལ་བལྟས་པས། རྟ་མིག་ཅིག་ཐོན་བྱུང་བ་དེས་ཁང་པའི་ཐོད་ཕྱི་ཐམས་རྩབས། ཁོང་རང་གིས་མདའ་གང་ཡོད་བརྒྱབ་ནས་བསྡད་དོ། །དེར་གྲོགས་པོ་རྣམས་སླེབས་ཏེ་ཞོ་དཀྲོག་པའི་མར་དང་ཤ་གང་ན་ཡོད་ཟེར་བས། ནགས་སྐྱེས་ན་རེ། དེ་རིང་རྟ་པ་བརྒྱ་ཙམ་གཅིག་ཡོང་ནས་ཁང་པ་ཡ་ལ་བསྐོར་རྒྱག་བྱས་ཞོ་དང་བུ་འཕྲོག །ང་རང་ལངས་མི་ཤེས་ཙམ་བརྡུངས་བྱུང་། ཁྱེད་རྣམས་ཀྱི་ཁང་པའི་ཕྱི་ལ་ལྟོས་དང་ཟེར། དེ་རྣམས་ཀྱི་ཕྱིར་ཕྱིན་ནས་བལྟས་པ་ན། རྟ་རྨིག་གི་རྗེས་དང་མདའ་མང་པོ་ཟུག་འདུག་པ་མཐོང་བས་བདེན་པར་བཟུང་ངོ་། །སང་དེ་སྤང་སྐྱེས་ཀྱིས་བསྡད་པས་སྔར་བཞིན་བྱུང་བ་ལ་གཡག་རྨིག་གིས་ཁང་པའི་ཐོ་ཕྱི་རྣམས་རྩབས་ཏེ་གཡག་རྣམས་ཀྱིས་བརྡུངས་ནས་བདག་གནད་དོ་ཟེར། ཡང་དེ་ཡང་གཤེར་སྐྱེས་ཀྱིས་བསྡད་པས་སྔར་བཞིན་བྱུང་ལ། དྲེལ་གྱིས་རྨིག་པས་ཐོ་ཕྱི་རྩབས་ནས། དྲེལ་ཁལ་བརྒྱ་ཙམ་བྱུང་བས་བརྡུངས་ཟེར་ནས་རྫུན་སྨྲས་པའོ།།
སང་ཉིན་དེ་མ་སང་ཡ་རུ་ཁ་ཁྲ་ལ་གཞི་བསྲུངས་བབས་ཏེ་ཞོ་དཀྲོག་ཤ་འཚོད་ཅིང་ཡོད་ཙ་ན་སྔར་གྱི་ཨ་ལྕེ་བྱུང་ནས། ཨ་ལ་ལ་ད་རིང་འདི་འདྲའི་མི་ཞིག་འདུག །ཞོ་དང་ཤའི་དྲོ་བ་སྟོན་དང་ཟེར་བས། ཁོའི་བསམ་པ་ལ་ཁོང་སྔོན་མ་གསུམ་ལའང་འདི་ལྟ་བུ་བྱུང་བ་ཡིན་པར་འདུག །འདི་ལ་བརྟེན་ན་ཇི་ལྟར་ཡོང་མི་ཤེས་བསམས་ནས། སྔོན་ལ་ཨ་ལྕེ་རང་ཆུ་ལོངས་ཤོག་ཅེས་སྨྲས་ནས་ཟོ་བའི་མཐིལ་སྙུང་བུས་རྩབས་ཏེ་ཆུ་ལེན་དུ་སོང་ངོ་། །ཁོས་དཀར་ཁུང་ནས་བལྟས་པས་སྔར་གྱི་ཨ་ལྕེ་དེ་གཟུགས་ཤིན་ཏུ་ཆེ་བ་ཞིག་བྱས་ནས། ཟོ་བས་ཆུ་བཅུས་ཏེ་ཟགས་པ་དང་། ཡང་ཆུ་ལེན་པར་འདབས་པ་མཐང་ངོ་། །རྒན་མོའི་ཁྲེས་པོ་དེ་བཤིག་པས། དེ་ན་རྒྱུས་པའི་ཐག་པ་དང་ལྕགས་ཀྱི་ཐོ་བ་ལྕགས་སྐམ་རྣམས་འདུག་པ། ཁོས་གསོ་ཐག་རུལ་པ་གཅིག་ཤིང་གི་ཐོ་བ་དང་སྐམ་པ་རྣམས་བརྗེས་པའོ།།
དེ་ནས་ཨ་ལྕེ་བྱུང་སྟེ། ཁྱོད་ཀྱི་ཟོ་བས་ཆུ་མི་ཐུབ་པར་འདུག །ད་ཁྱོད་བྲོ་བ་མི་སྟོན་ན་ནོར་རྫས་འདི་རྣམས་ངའི་ཡིན། ངེད་རང་གཉིས་རྩེད་སྣ་གཅིག་འགྲན་ནམ་ཟེར། ཨ་ལྕེ་གསོ་ཐག་གི་མ་སང་བཅིངས་སོ། །དེར་ཁོས་ལུས་ཁྲད་བྱས་པས་དུམ་བུར་ཆད་དོ། །དེ་ནས་མ་སང་གིས་རྒྱུས་པའི་ཐག་པས་ཨ་ལྕེ་བཅིངས་པས་འགུལ་མ་ནུས་སོ། །ཨ་ལྕེ་ན་རེ། ད་རེས་ཁྱོད་རྒྱལ། (ཤོག་ ༡༢) ད་སེན་མོ་འདེབས་རེས་བྱེད་ཟེར་ནས། ཁོའི་བྲང་ལ་ཨ་ལྕེས་ཤིང་སྐམ་བརྒྱབ་པ་ཅི་ཡང་མ་གནོད་དོ། །མ་སང་གིས་ཨ་ལྕེའི་བྲང་ལ་ལྕགས་སྐམ་བཅུག་ནས་ཕྱིར་བཅུས་ནས་འཐེན་པས། ཤ་དུམ་བུར་ཆད་དོ། །ཁྱོད་བྱིས་པ་ལག་ཤེད་ཅན་ཞིག་འདུག །ད་མུར་རྒྱག་རེ་བྱེད་ཟེར་ནས་ཁོའི་བྲང་ལ་ཤིང་གི་ཐོ་བ་བརྒྱབ་པས་ཅི་ཡང་མ་ཉེས། མ་སང་གིས་ལྕགས་ཐོ་བསྲེགས་ནས་ལུས་ལ་བརྒྱབ་པས་ཁྲག་རྒྱུན་ཙ་རེ་བྲོས་སོང་ངོ་།།
དེ་ནས་ཁོང་གྲོགས་པོ་གསུམ་པོ་སླེབས་ཏེ་མ་སང་ལ་མ་བསུན་ནམ་ཟེར་བས། སྡར་མ་ཁྱེད་རྣམས་ཀྱིས་རྫུན་བྱས་པར་འདུག །ཨ་ལྕེ་ངས་བཏུལ་ཡོད་པས་ལྟ་བར་འགྲོ་ཟེར་ནས་དེའི་རྗེས་བཞིན་ཞུགས་ནས་ཕྱིན་པ་དང་། བྲག་གཡང་གཅོང་རོང་འཇིགས་སུ་རུང་བ་ཞིག་གི་གསེར་ཁ་ལ་བལྟས་པས་དེའི་སྟེང་ནས་ཨ་ལྕེའི་རོ་དང་གསེར་གཡུ་གོས་དར་ལ་སོགས་པའི་ནོར་རྫས་མང་པོ་འདུག་པ་མཐོང་བ་དང་། ཁྱེད་གསུམ་གྱིས་ཟར་ཐག་ལ་འཇུས་ནས་ནོར་རྫས་རྣམས་ཡར་ལ་ཐོངས། ཡང་ན་ངས་བླངས་ཏེ་ཁྱེད་རྣམས་ཀྱིས་ཐག་པ་འཐེན་ཟེར་རོ། །ཁོང་གསུམ་ན་རེ། ཨ་ལྕེ་སྲིན་མོར་འདུག་པས་ངེད་རྣམས་ཀྱིས་འགྲོ་མི་ནུས། མ་སང་གི་འབྱོན་རོགས་གྱིས་ཟེར། དེ་ནས་མ་སང་གིས་ཞུར་ཐག་ལ་ཕྱིན་ཏེ་ནོར་རྫས་རྣམས་ཡར་བཏང་ངོ་། །བཏང་ཟིན་པ་དང་། ཁོང་གསུམ་གྱིས་གྲོས་ངན་བྱས་ཏེ། མ་སང་ཐོན་ན་ནོར་རྫས་རྣམས་ཁོ་ལ་ཆོར། དེ་བས་ངེད་རང་གསུམ་ལ་དབང་བ་དགའ་ཟེར་ནས་མ་སང་མ་ཐོན་པར་བྲག་གི་གཅོང་རོང་ཉིད་དུ་ལུས་སོ། །མ་སང་གི་བསམ་པ་ལ། ཁོང་ཚོས་བློ་ངན་བྱས་ཀྱིས། ད་ནི་འཆི་བ་ལས་འོས་མེད་སྙམ་ནས་བཟའ་རྒྱུ་ཅི་འདུག་བཙལ་བས་མ་རྙེད་པར་ཁམ་ཚིག་གསུམ་རྙེད་པར་དེའི་དཀྱིལ་དེར་བསྐྲུན་ནས་ཁོ་རང་གི་ཆུ་གཏོར་རོ། །ང་མ་སང་ཡིན་ངེས་ན་གཉིད་སད་དུས་ཁམ་སྡོང་གསུམ་དུ་ཤོག་ཅིག །མིན་ངེས་ན་ཤི་བར་གྱུར་ཅིག །ཅེས་དམོད་བོར་ནས། ཨ་ལྕེའི་རོ་ལ་སྔས་བྱས་ནས་ཉལ་བས། གྲིབ་ཀྱིས་ལོ་བཅུ་གཉིས་ལ་སོང་ངོ་།།
ནམ་ཞིག་ལོ་བཅུ་གཉིས་སོང་ནས་གཉིད་བསད་པ་དང་ཁམ་ཤིང་སྐྱེས། བྲག་གི་སེར་ཁའི་ཁ་དང་མཉམ་པ་དང་། ཡིད་དགའ་སྟེ་འཛེགས་ནས་སྔར་ཁང་པར་སོང་བས། གྲོགས་པོ་གསུམ་གྱིས་ཆུང་མ་རེ་བླངས་ནས་འདུག་གོ །ཆུང་མ་གསུམ་པོ་ལ་ཁྱེད་རྣམས་ཀྱི་ཁྱོ་གར་སོང་དྲིས་པས། རི་དྭགས་ཤོར་དུ་སོང་ཟེར། ལྕགས་གཞུ་བཀུག་སྟེ་བལྟར་ཕྱིན་པས། དེ་དག་ཤ་ཁུར་ནས་བྱུང་ངོ་། །མ་སང་གིས་མདའ་འཕངས་པས་དེ་དག་སྐྲག་སྟེ་ཁྱོད་བདེན་པར་ཡོད། ངེད་རྣམས་ཀྱི་ནོར་རྣམས་འབུལ། ངེད་རྣམས་ཡུལ་གཞན་དུ་འགྲོ་ཟེར། མ་སང་ན་རེ། ཁྱེད་གསུམ་གྱི་བྱེད་ལུགས་མིན་ཏེ། ང་ཕ་ཡར་གྱི་དྲིན་གཞལ་དུ་འགྲོ་དགོས་པས། ཁྱེད་རྣམས་རང་ཡུལ་དུ་སྡོད་ཅིག་ཟེར་ནས་སོང་ངོ་། །དེ་ནས་མ་སང་སོང་སོང་བ་དང་། ཆུ་མིག་གཅིག་ན་བུ་མོ་མཚར་སྡུག་ཅན་ཞིག་ཆུ་བླངས་ནས་སོང་བའི་རྗེས་སུ་མེ་ཏོག་རེ་སྐྱེས་འདུག་པ། ཡ་མཚན་དུ་གྱུར་ནས་ཕྱི་བཞིན་ཕྱིན་པས་ལྷའི་ཡུལ་དུ་སླེབས་ཏེ། དབང་པོ་བརྒྱ་བྱིན་ན་རེ། ལེགས་ཀྱི་ད་ལྟ་བདུད་ནག་ (ཤོག་ ༡༣) པོ་སྐྲག་མེད་དང་ཉིན་རེ་བཞིན་གཅོད་པར་བྱེད་པས་གཏད་མོ་གྱིས་ལ་གནངས་ཉིན་ངེད་ཀྱི་རོགས་བྱེད་དགོས་ཟེར། སང་དྲོའི་ཆ་ལ་གཡག་དཀར་པོ་རྣམས་ཀྱིས་ནག་པོ་རྣམས་ཕྱིར་འདེད། ནག་པོ་རྣམས་ཀྱིས་དཀར་པོ་རྣམས་ནང་དུ་འདེད་པར་བྱེད་དོ། །
གཡག་དཀར་པོ་རྣམས་ལྷ་ཡིན་ལ། ནག་པོ་རྣམས་བདུད་ཡིན་པས། ཕྱི་དྲོ་གཡག་ནག་པོ་རྣམས་ཀྱིས་ངེད་རྣམས་འདེད་དུས། ཁྱེད་ཀྱིས་ལྕགས་མདའ་གཡག་ནག་པོའི་དཔྲལ་བ་ལ་འོད་ཡོད་པས་དེ་ལ་རྒྱོབ་ཅིག་ཅེས་སྨྲས་སོ། །དེ་སྐད་ཟེར་བ་བཞིན་གཡག་ནག་པོ་རྣམས་ཀྱིས་དཀར་པོ་རྣམས་འདེད་པའི་ཚེ། ཁོས་མདའ་འཕངས་པ་དཔྲལ་བར་ཕོག་པས་གཡག་ནག་པོ་རྣམས་འཐོར། བརྒྱ་བྱིན་ཤིན་ཏུ་དགའ་ནས་ཁྱོད་དྲིན་ཆེ། ཞག་ཤས་འདིར་སྡོད་ཟེར་ཡང་མ་ཉན་པར་ཕ་ཡར་གྱི་དྲིན་ལན་གཞལ་དུ་འགྲོ་སྨྲས་པས། བརྒྱ་བྱིན་གྱིས་ལྷའི་ནོར་བུ་སྦྱིན་ཏེ་སྨྲས་པ། འདི་ནས་འགྲོ་བའི་ལམ་དུ་གཉིད་བསད་པ་དང་ལམ་འཕྱུག་ཡོང་། བདུད་ཀྱི་སྒོ་དྲུང་དུ་སླེབས་ཡོང་བས་བྲོས་པས་མི་ཐར། སྒོ་བརྡུངས་ལ་སྨན་པ་ཡིན་གྱིས་ཤིག །བདུད་ཀྱི་རྒྱལ་པོ་ལ་མདའ་ཕོག་པ་སྟོན་བྱུང་བ་འདོན་ཚུལ་གྱིས་ཤིག །ནས་འབྲུ་བདུན་ནམ་མཁར་གཏོར་བ་དང་མདའ་ཀླད་པའི་དཀྱིལ་དུ་ཕུལ་ལ་བསོད་ཅིག་ཅེས་བསྒོ་འོ།།
དེ་ནས་སོང་བ་དང་ཇི་སྐད་སྨྲས་པ་བཞིན་ལམ་འཕྱུགས་ནས་བདུད་ཀྱི་སྒོ་དྲུང་དུ་སླེབས་སོ། །དེར་སྒོ་བརྡུངས་པས་བདུད་མ་ཁ་ལ་མེ་འབར་བ་ཞིག་བྱུང་སྟེ་ཁྱོད་ཀྱིས་ཅི་ཤེས་ཟེར། འཚོ་བྱེད་ཤེས་བྱས་པས་ནང་དུ་ཤོག་ཟེར་ནས་རྒྱལ་པོ་ལ་མདའ་འཕོག་པ་བསྟན་པས། མ་སང་གིས་མདའ་ཐོན་པས་བདེ་རུ་བྱུང་ཟེར་དགའ་འདུག་པ་ལ། སླར་མདའ་ཀླད་པའི་དཀྱིལ་དུ་ཕུལ་བ་དང་། ནས་གཏོར་བསྒྲགས་པ་ལས། ལྷས་ལྕགས་ཐག་སིལ་ཁྲོལ་ཞེས་པའི་སྒྲ་བྱུང་བ་དང་། དེ་ལ་འཆང་ནས་བདུད་མོས་ཀྱང་ཐོ་བ་མེ་འབར་བ་བརྒྱབ་པས་ཁོས་སྐེད་པ་ཁྱོག་བྱས་པས་སྐར་མ་སྨིན་བདུན་དུ་གྱུར་ཏོ། །ཞེས་སྨྲས་པས། རྒྱལ་བུ་བདེ་སྤྱོད་བཟང་པོས་ཕ་ཡར་གྱི་དྲིན་ལན་མ་སོན་པ་ཨེ་ཡིན་ཟེར་བས། དངོས་གྲུབ་ཅན་སྔར་བཞིན་བྲོས་སོ། །དངོས་གྲུབ་ཅན་མ་སང་ཡ་རུ་ཁ་ཁྲའི་ལེའུ་སྟེ་གསུམ་པའོ།། །།

༈ ཡང་སྔར་བཞིན་དངོས་གྲུབ་ཅན་ཁུར་ནས། ལམ་རིང་བགྲོད་པ་ན་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་ཤིན་ཏུ་སྐྱིད་པ་ཞིག་ན། ཁྱིམ་བདག་ཁྱོ་ཤུག་གཉིས་བྱུང་ངོ་། །ཁྱོ་དེ་ནི་ལེ་ལོ་ཅན་བཟའ་བཏུང་ཡང་བྱེད་མི་ནུས་ཤིང་། ཉིན་མཚན་ཁོར་ཡུག་ཏུ་ཉལ་ནས་སྡོད་པ་ལ། ནམ་ཞིག་ཆུང་མ་དེས་ཁྱོད་འདི་འདྲ་མ་བྱེད། ཕ་མེས་ཀྱི་ནོར་རྣམས་ཀྱང་ཕལ་ཆེར་ཟད་སོང་། མལ་ས་ནས་ལངས་ནས་ང་སོང་བའི་རྗེས་སུ་ཁང་ཐོག་ནས་བྱ་ར་རེ་གྱིས་ཞེས་སྨྲས་སོ། །ཉིན་གཅིག་ཁང་ཐོག་ཏུ་ཕྱིན་པས། ཁང་ལྟག་ན་འབྲོག་པ་སྐྱས་པའི་ཤུལ་ཞིག་ན། བྱ་དང་ཝ་ཁྱི་འཐབ་པ་ཞིག་འདུག་པ་ལྟ་བར་ཕྱིན་པས་མར་ཚུད་ཅིག་རྙེད་ (ཤོག་ ༡༤) ནས་ནང་དུ་བཞག་གོ །དེ་ཆུང་མས་མཐོང་ནས། མར་ཚུད་འདི་གང་ནས་རྙེད་སྨྲས་པས། ཁྱོ་ན་རེ། ཁང་ཐོག་ཏུ་སོང་ནས་བྱ་ར་གྱིས་ཟེར་བ་བྱས་པས། འབྲོག་པའི་སྐྱས་ཤུལ་ནས་རྙེད་པ་ཡིན་ཟེར། མོ་ན་རེ། སྐྱེས་པ་བྱ་བ་ལེ་ལོར་བསྡདན་མི་རུང་། ཉིན་གཅིག་ཁང་ཐོག་ཏུ་ཕྱིན་པ་ལ་འདི་འདྲ་ཡོང་བ་ལ་ཟེར་རོ།།
ཁོ་དཔའ་སྐྱེས་ནས་འདོན་དང་འཁྱམས་ཀྱི། ཁྱོད་ཀྱིས་རྟ་སྒ་དང་བཅས་པ་ཞྭ་དཀར་ཕྱིང་པ་རྣམས་དང་ཁྱི་དང་བཅས་འཛོམས་པར་གྱིས་ཤིག །མོས་དེ་དག་འཛོམས་པ་བྱས་ཏེ་ཆས་རྣམས་ཚང་བར་ཡོད་པས་འགྲོ་བ་ཐད་ཟེར་བ་དང་། ཁོས་ཀྱང་ཞྭ་དང་ཕྱིང་པ་གྱོན་འཁོར་གསུམ་བཏགས་ཁྱི་ཁྲིད། རྟ་ཞོན་ཏེ་གར་འགྲོའི་གཏད་སོ་མེད་བཞིན་དུ། ཡུལ་ཁམས་གཞན་ཞིག་ཏུ་ཕྱིན་པ་ལ། ཐང་སྟོང་ཞིག་ཏུ་སླེབས་པ་དང་། ཝ་ཞིག་བྱུང་ནས་སྔ་མ་འཕྲད་པ་གྲོགས་ཀྱི་མཆོག་བྱ་བ་ཡིན་པས། འདི་ལ་ཞྭ་གཅིག་བཟོ་སྙམ་ནས་དེད་པས། ཝ་དེ་བུག་པ་ཞིག་གི་ནང་དུ་བྲོས་པས་དེར་རྟ་བབས་ཏེ། མདའ་གཞུང་ཕྱིང་པ་གོས་ཆས་རྣམས་རྟའི་སྒོ་སྟེང་བཞག །རྟ་ཐུར་ལ་ཁྱི་བཏགས། ཁོ་རང་གཅེར་བུ་བྱས། ཞྭ་དཀར་གྱི་བུག་པ་བཀག་ནས་རྡོ་ཆེན་པོ་བཟུང་སྟེ། ཝ་ཡོད་སར་སྒྲ་ཆེན་པོས་བརྡུངས་པས་ཝ་སྐྲག་སྟེ་བུག་པ་ནས་ཐོན་ནས་ཞྭ་དཀར་མགོ་ལ་གྱོན་པ་བཞིན་དུ་འཁོན་ཏེ་བྲོས་སོ།།
དེའི་རྗེས་བཞིན་ཁྱི་དེ་ཡང་བརྒྱུགས། ཁྱིའི་ལྕགས་ཐག་རྟ་འཐུར་ལ་བཏགས་པའི་ཤུགས་ཀྱིས་རྟ་དེ་ཡང་རྗེས་ལ་བརྒྱུགས་པས་སྐད་ཅིག་ཉིད་ལ་ལ་ལུང་དུ་མ་བགྲོད་ནས་སོང་། དེར་ཁོ་གཅིག་པུར་ལུས་པས་ཐབས་ཟད་དེ་ལུང་པའི་མདོ་དེར་ཕྱིན་པ་དང་། ཡུལ་དེའི་རྒྱལ་པོ་སྟོབས་འབྱོར་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེའི་རྟ་རར་ཕྱིན་ཏེ་རྩྭ་སྦུར་གྱི་གསེབ་ཏུ་ཉལ་ཏེ་མིག་གིས་མཐོང་ཙམ་མ་གཏོགས་གཞན་གྱིས་མི་མཐོང་བར་བྱས་ནས་བསྡད་དོ། །སྐབས་ཤིག་ན་རྒྱལ་པོའི་ལྕམ་གཞོན་ནུ་མ་ཞིག་དེའི་ཉེ་སྐོར་དུ་ཁམས་སངས་བྱས་ནས་སོང་བ་དང་། བུ་མོའི་མགུལ་ནས་རྒྱལ་པོའི་བླ་གཡུ་ཡུལ་ཁམས་རེ་བ་ཞིག་ཡོད་པ་ཁོའི་མདུན་དུ་ཟག་པ་མ་ཚོར་བར་ཕོ་བྲང་དུ་སོང་ངོ་། །ཁོས་ནི་ལྡང་བ་ཙམ་ཡང་མ་ལྕོགས་སོ། །དེ་དུས་རེ་ཞིག་ནས་བ་ཞིག་བྱུང་ནས་རྩྭ་ཟ་བཞིན་པར་གཡུའི་སྟེང་དུ་ལྕི་བ་ཞིག་བཏང་ངོ་། །དེ་ནས་དུས་རེ་ཞིག་བྲན་མོ་འོངས་ཏེ་གཡུ་ལྕི་བ་དང་བཅས་པ་རྩིག་ངོས་ལ་སྦྱར་བ་ཁྲིད་དེ་སོང་བའང་མཐོང་ངོ་།།
སང་ཉིན་དེ་རྒྱལ་པོའི་བླ་གཡུ་ཡིད་བཞིན་ནོར་བུ་གཏོར་ཟེར་ཏེ། རྒྱལ་པོ་འཁོར་དང་བཅས་པ་ཏབ་ཏབ་པོར་གྱུར་ནས་ཁྲིམས་ཀྱི་རྔ་ཆེན་བརྡུངས་ཏེ་མངའ་འབངས་ཐམས་ཅད་བསགས། མོ་མཁན། ཕྱྭ་མཚན། རྩིས་མཁན། པྲ་མཁན་ཐམས་ཅད་ལ་རྩད་གཅོད་པར་བྱེད་དོ། །དེ་ནས་ཁོས་ཀྱང་སྦུར་གྱི་དཀྱིལ་ནས་ལུས་ཕྱེད་ཙམ་བཏོན་ནས་བསྡད་པས། མི་གཅིག་བྱུང་ནས་ཁྱོད་ཀྱིས་ཅི་ཤེས་ཟེར། ངས་མོ་རྟེན་ཤེས་བྱས་པས། འོ་ན་ངེད་ཀྱི་རྒྱལ་པོའི་བླ་གཡུ་གཏོར་བས་མོ་མཁན་ཐམས་ཅད་བསགས་ཡོད་པས་ཁྱོད་ཀྱང་རྒྱལ་པོའི་དྲུང་དུ་འགྲོ་དགོས་ཟེར། ང་ལ་གོས་མེད་ཟེར་བས། མི་དེས་ཀྱང་རྒྱལ་ (ཤོག་ ༡༥) པོའི་དྲུང་དུ་ཕྱིན་ནས། ངེད་རང་གི་རྟ་ར་ན་མོ་མཁན་གཅེར་བུ་ཞིག་འདུག་པ་གོས་བྱུང་ན་སྐུ་ཞོགས་སུ་འོང་བ་འདུག་ཞུས་པས། འོ་ན་རས་གོས་དཀར་པོ་འདི་བཀོན་ལ་ད་ལྟ་ཁྲིད་ཤོག་གསུངས་ནས་དེ་ལྟར་བྱས་སོ། །
དེས་ཀྱང་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཕྱག་ཕུལ་བ་དང་། རྒྱལ་པོ་ན་རེ། ཁྱོད་ལ་མོ་འདེབས་པའི་ཆས་ཅི་དགོས་ཟེར། ཁོ་ན་རེ། ཕག་མགོ་ཆེན་པོ་གཅིག །དར་མཚོན་སྣ་ལྔ། གཏོར་མ་ཆེན་པོ་གཅིག་རྣམས་དགོས་ཟེར། དེ་རྣམས་བྱུང་བ་དང་། དབྱུག་པའི་རྩེ་ལ་ཕག་མགོ་བསྐྱོན། དར་སྣ་ལྔ་བཏགས་ཏེ་གཏོར་མ་ལ་བཙུགས་ནས། ཞག་གསུམ་སྒྲུབ་པ་བྱེད་པའི་ཚུལ་བྱས་ནས། ཐོན་པའི་ཉིན་མངའ་འབངས་ཐམས་ཅད་བསྡུས་ཏེ་མོ་སྟོན་གྱིས་གོས་བེར་གྱོན། ཕག་མགོ་ལག་ཏུ་བཟུང་ནས། རྒྱ་སྲང་ཞིག་ལ་བསྡད་དེ་མི་ཐམས་ཅད་ཕྲང་དེ་ལ་ཤར་ནས། ཕག་མགོ་ཚུག་ཚུག་པ་རེ་བྱས་ནས་མི་འདི་ལ་མི་འདུག་བྱས་པས་ཐམས་ཅད་དགའ་འོ། །དེ་ནས་ཁོ་ན་རེ། བླ་གཡུ་དེ་མི་ལ་མི་འདུག་པས་ས་གཞི་ལ་འཚོལ་ཟེར་ནས་རིམ་བཞིན་ཕོ་བྲང་གི་ཕྱི་ནང་ཀུན་ཏུ་ཕག་མགོ་ཚུག་ཚུག་བྱེད་ཅིང་འོང་བའི་ཕྱི་བཞིན་རྒྱལ་པོ་འཁོར་བཅས་ཀྱང་འབྱོན་ཅིང་ཡོད་པ་ལ་མོ་སྟོན་གྱིས་རྟ་རའི་རྩིག་ངོས་ལ་གཡུ་དང་ལྕི་བ་སྦྱར་བའི་ཐད་ལ་ཉེ་རུ་བཏང་ནས། ཕག་མགོ་དེ་ལ་བཙུགས་ཏེ་འདི་ནང་ཡོད་བྱ་བ་བྱུང་བྱས་པ་དང་། རྒྱལ་པོའི་རྩིག་པ་གཡེངས་པ་དང་བླ་གཡུ་ཡིད་བཞིན་ནོར་བུ་བྱུང་ངོ་། །དེར་ཐམས་ཅད་དགའ་ཆེས་ནས། ཁྱོད་ནི་མོ་སྟོན་ཆེན་པོར་འདུག །བྱ་དགའ་འབུལ་བས། ཕོ་བྲང་དུ་བྱོན་ཟེར་ཞིང་འདི་ནི་མོ་སྟོན་ཕག་མགོ་ཅན་ཡིན་ནོ་སྨྲས་པས། དེ་ལྟར་བསྒྲགས་སོ།།
རྒྱལ་པོས་ཁྱོད་ལ་བྱ་དགའ་ཅི་དགོས་གསུངས་པས། ཁོས་སྔར་གྱི་ཆས་གོས་ཡིད་ལ་འཕྲེང་བའི་སྟབས་ཀྱིས་ང་ལ་རྟ་སྒ་དང་ཕྱིང་པ་ཞྭ་དཀར། ཁྱི་ལྕགས་ཐག་དང་བཅས་པ། ཝ་གཅིག་རྣམས་ཞུ་བ་ཡིན་ཟེར་བས། རྒྱལ་པོས་མི་འདི་ཅོལ་ཆུང་ཞིག་སྟེ། དེ་རྣམས་བློན་པོ་ལ་བྱིན་ཅིག་གསུངས་ནས་དེ་ལྟར་བྱིན་ནོ། །དེ་དག་དང་ཤ་མར་ལ་སོགས་བཟའ་བཅའ་གོས་སོགས་གླང་ཆེན་གྱི་རྒྱབ་ཁལ་གཉིས་དང་བཅས་རང་ཡུལ་དུ་བརྫངས་སོ།།
དེར་ཆུང་མས་བསུ་ཆང་བྱས་ནས། སྐྱེས་པ་བྱ་བ་འདི་ལྟ་བུ་ཡོང་བ་ཡིན་མོད་ཟེར་ནས་ཁྱིམ་དུ་སོང་ངོ་། །བཟའ་བཏུང་བྱས་ནས་ཕན་ཚུན་ལོ་རྒྱུས་ཞིབ་པར་སྨྲས་པས། མོ་ན་རེ། ཁྱོད་འདྲའི་མི་ལེ་ལོ་ཆེ་ལ་བཅོལ་ཆུང་བ་ཡོང་བ། ད་སང་ཉིན་སང་སྔ་བར་ཕྱིན་ནས་རྒྱལ་པོ་ལ་ཞུའོ་ཟེར་ནས་ཤོག་འཕྲིན་ཁྱེར་ཏེ་རྒྱལ་པོའི་དྲུང་དུ་སོང་ངོ་། །དེར་ཕྱིན་པ་དང་རྒྱལ་པོ་ལ་སྐུ་ཆགས་ཆེ་ཆུང་བླ་གཡུ་གཏོར་བས་ཤེས་པས་ཡིན་མོད། སྐུ་ཆགས་འཕྲན་བུ་བཟློག་ཕྱིར་ཁྱི་དང་ཝ་ཞུས་པ་ཡིན། བླ་གཡུ་རྙེད་པའི་བྱ་དགའ་ག་ཙམ་གནང་རྒྱལ་པོ་ཉིད་རང་མཁྱེན་ཞེས་པའི་ཡི་གེ་མོ་སྟོན་གྱི་ལགས་ཞེས་རྒྱལ་པོ་ལ་ཕུལ་བས། ཅིས་ཀྱང་བདེན་གསུངས་ནས་ནོར་རྫས་མང་པོ་བསྐུར་རོ། །དེར་མོ་སྟོན་བཟའ་མི་གཉིས་བདེ་ཞིང་སྐྱིད་པར་གནས་སོ།།
ནམ་ཞིག་ (ཤོག་ ༡༦) དེ་ནས་ཧ་ཅང་ཐག་རིང་བ་ཞིག་ན་རྒྱལ་པོ་སྤུན་བདུན་གནས་ཏེ། སྐུ་མཆེད་རྣམས་ཀྱི་སྐྱོ་སངས་ལ་ནགས་ཚལ་ཆེན་པོ་ཞིག་གི་གསེབ་ཏུ་ཕྱིན་པ་ལས། བུ་མོ་གཟུགས་མཛེས་ལྟ་བས་ཆོག་མི་ཤེས་པ་ཞིག་དང་མཛོ་ཕོ་ཞིག་འདུག །ཁྱེད་གཉིས་ཅི་བྱེད་གང་ནས་ཡོང་སྨྲས་པས། བུ་མོ་ན་རེ། ངེད་ལྷོ་ཕྱོགས་ཀྱི་རྒྱལ་པོའི་བུ་མོ་ཞིག་ཡིན། མཛོ་འདིའི་ཕྱི་ལ་ཡོང་བས་འདིར་སླེབས་ཟེར། འོ་ན་ངེད་ཀྱི་བཙུན་མོ་བྱ་རུང་ངམ་བྱས་པས་རུང་ཟེར་ནས་བྱས་སོ། །དེ་ནི་སྲིན་མོ་བཟའ་མིར་འདུག་པས། སྲིན་ཕོས་མཛོ་ཕོར་སྤྲུལ། སྲིན་མོས་བཙུན་མོར་སྤྲུལ་པ་དེ། ལོ་རེ་བཞིན་རྒྱལ་པོ་སྐུ་མཆེད་བགྲེས་རིམ་ནས་བཟོས་པས་མཐར་གཅིག་ལུས་སོ། །གཅིག་པུ་དེ་ཡང་སྙུང་གཞི་དྲག་པོ་དང་བཅས་ཏེ་གྲོངས་ལ་ཁད་ཡོད་པ་ལ། བློན་པོ་རྣམས་ཀྱིས་གྲོས་བྱས་ཏེ། རྒྱལ་པོ་སྔ་མ་རྣམས་ལ་བཅོས་ཅི་བྱས་ཀྱང་མ་ཕན་པར་འདས། འདི་ཡང་སྨན་བཅོས་སོགས་ཀྱི་ཕན་པར་དཀའ། དེ་བས་འདི་ནས་ལ་ལུང་གཉིས་བགྲོད་པ་ན་མོ་སྟོན་ཕག་མགོན་ཅན་ཟེར་བ་མངོན་ཤེས་ཐོགས་མེད་ཡོད་པ་ཞིག་འདགུ་པ་དེ་འདིར་འབོད་དུ་གཏོང་བ་འཐད་ཟེར་ནས་རྟ་པ་བཞི་མོ་སྟོན་གྱི་དྲུང་དུ་སླེབས་ཏེ་རྒྱུ་མཚན་རྣམས་ཞུས་པས། ངེད་ད་ལྟ་མཚམས་ལ་ཡོད། གང་ལྟར་ཐུགས་དམ་གྱི་བརྟག་པ་དོ་ནུབ་བྱས་ནས་ཡོང་ཟེར། ཆུང་མ་ལ་རྒྱུ་མཚན་བཤད་པས། མོ་ན་རེ། སྔར་ཡང་སྟབས་ལེགས་བྱུང་འདུག །ད་དུང་ཡང་རང་དགར་བསྡད་པ་ལས་ཕྱིན་པ་འཐད་ཟེར་རོ།།
སང་ཉིན་དེ་ཁོ་འབོད་མི་རྣམས་ལ་མདང་ངེད་ལ་བརྟག་པ་བཟང་བས། དེ་རིང་འགྲོ་ཟེར་ནས་རྟ་ལ་གཞོན་བེར་གྱོན་ནས། རལ་པའི་ཐོར་ཅོག་བསྡམས། ལག་པ་གཡོན་གྱིས་ཕྲེང་བ་ཆེན་པོ་ཞིག་ཐོགས། གཡས་པས་ཕག་མགོ་དར་སྣས་བརྒྱན་པ་དེ་བཟུང་ནས་སོང་ངོ་། །རྒྱལ་པོའི་ཕོ་བྲང་དུ་སླེབས་པ་དང་སྲིན་མོ་བཟའ་མི་འཚུབ་སྟེ། མོ་སྟོན་འདིའི་ཆས་ཀྱི་སྤྲོས་ཚོམས་བརྐྱངས་པས་འཇིགས་པ་སྙམ་ནས་ཡོད་པ་ལ། མོ་སྟོན་གྱིས་རྒྱལ་པོའི་དབུ་སྔས་ཀྱི་མགོར། གཏོར་མ་ཆེན་པོ་མི་ལངས་པ་ཙམ་ཞིག་བཞེངས། དེ་ལ་ཕག་མགོ་བཙུགས་ནས་སྔགས་འདྲེན་ཞིང་བསྡད་པས། བཙུན་མོས་རྒྱལ་པོའི་བླ་གཅོད་འཕྲོ་བཏང་ནས། བླ་མོ་བདེ་བར་བསམ་སྣེ་གཏོང་ཞིང་སྒོ་སྤེ་ཞིག་ཏུ་བསྡད་པས། རྒྱལ་པོའི་གཟུགས་གཟེར་ཆེན་པོ་དེ་ཞི་ནས་གནམ་ལ་སོང་བས་མོ་སྟོན་སྐྲག་ནས་སྙེལ་ཟུག་ཆེ་བར་འདུག །ད་ནི་གསུང་མི་གྲག་པས་རྒྱལ་པོ་གྲོངས་ཡོད་སྙམ་ནས། རྒྱལ་པོ་རྒྱལ་པོ་ཞེས་སྨྲས་ཀྱང་ལན་མ་བྱུང་བས། ཕག་མགོ་གཏོར་མ་ནས་སྟོན་ཏེ་བྲོས་སོ། །སྒོ་ཞིག་ལ་འཛུལ་བས་ཕྱག་མཛོད་དང་འགྲིག་སྟེ་རྐུན་མ་བྱུང་བཟུང་རྒྱོབ་ཟེར། ཡང་བྲོས་པས་ཐབ་ཚང་དང་འགྲིག་ནས་རྐུན་མ་བྱུང་ཟེར་རོ། །ད་ནི་དོ་ནུབ་བྲོས་པས་མི་ཐར་བ་འདུག་པས་ར་བའི་སྦུབས་སུ་ཡིབ་སྙམ་ནས་སྒོ་ཕྱེ་བས་མཛོ་ཕོ་ཞིག་ཉལ་འདུག་པ་ལ་མཆོང་པས་མཛོ་ཕོ་དེ་ལ་ཞོན་པ་ལྟར་བྱུང་སྟེ་ (ཤོག་ ༡༧) དྲན་མ་ཐག་ཕག་མགོ་མཛོའི་ར་དབྲག་ཏུ་ལན་གསུམ་བསྣུན་པས། རླུང་སྔོ་ཕྱུར་ཞིག་བྱས་ཏེ། བཙུན་མོ་ཡོད་པའི་སྒོ་དེར་སོང་ངོ་།།
དེར་མོ་སྟོན་གྱིས་ལྟར་ཕྱིན་ཏེ་ཕག་ཉན་བྱས་པས། མོ་སྟོན་གྱིས་ང་ར་བ་ན་བསྡད་པ་ངོ་ཤེས་འདུག །ཁོའི་རྒྱལ་མཚན་འཇིགས་སུ་རུང་བ་དེ་ཡང་ལན་གསུམ་བསྣུན་བྱུང་ད་ཅི་དྲག་གི་ཟེར། བཙུན་མོ་ན་རེ། ང་ཡང་ངོ་ཤེས་ཀྱི་དོགས་ནས་མདུན་དུ་འགྲོ་མ་ནུས། ད་མ་ལེགས་མོ་སྟོན་མངའ་འབངས་ཀྱི་སྐྱེས་པ་ཐམས་ཅད་ཀྱི་གོ་ཆ་གྱོན། བུད་མེད་ཐམས་ཀྱིས་ཤིང་ཁུར་རེ་ཁྱེར་ཤོག་ཟེར་བ་བྱས། དེ་ནས་མཛོ་ཕོ་དེ་ཁྲིད་ཐོག་བྱས་ཏེ། ཁྱོད་ལ་གཟུགས་ཤིག་ཟེར་ནས་མི་ཤིག་པ་ནི་མི་ཡོང་། ཤིག་ན་ནི་སྐྱེས་པ་རྣམས་ཀྱིས་མདའ་མདུང་མཚོན་རྣམས་ཀྱིས་བསྣུན་བྱས་ཏེ་མེའི་ནང་དུ་བསྲེགས་སོང་། དེ་ནས་ང་ཡང་བཙུན་མོ་ཁྲིད་ཤོག་ཟེར་ཏེ་ཁྱོད་ལ་གང་བྱེད་ལྟར་བྱུང་བའི་དོགས་ཡོད་ཟེར་བ། མོ་སྟོན་གྱིས་ཐོས་པས་དེས་དྲོད་རིག་ནས། ད་ནི་ལས་སླ་བར་འདུག་སྙམ་ནས་ཕག་མགོ་དར་ཚོན་ཅན་ཐོགས་ཏེ་གཏོར་ཆེན་ལ་བཙུགས། ངག་གྲོལ་ལ་སྐད་བྱས་ཏེ། རྒྱལ་པོའི་སྐུ་ཁམས་ཇི་ལྟར་བྱུང་དྲིས་པས། མོ་སྟོན་བྱོན་པ་ཙམ་གྱིས་ཟུག་གཟེར་ཆགས་ནས་གཉིད་ལ་སོང་བར་འདུག་གསུངས་སོ།།
མོ་སྟོན་ན་རེ། ད་ཁྱེད་རང་གི་བློན་པོ་རྣམས་ལ་བཀའ་བསྒོས་ཏེ། སང་ཉིན་མངའ་འབངས་ཀྱི་སྐྱེས་པ་ཐམས་ཅད་ཀྱིས་གོ་མཚོན་ཐོགས་ལ་བུད་མེད་ཐམས་ཅད་ཀྱིས་ཤིང་ཁུར་རེ་ཁྱེར་ལ་ཤོག་ཅེས་བརྡ་གྱིས། ཕོ་བྲང་གི་འགག་ཏུ་བསྡུས་སྨྲས་སོ། །དེ་བཞིན་བྱུང་སྟེ་ཤིང་རྣམས་ལ་ཧོཾ་ཁུང་ཆེན་པོ་གཉིས་བཟོས། དེ་ནས་མོ་སྟོན་གྱིས་ངའི་རྟ་སྒ་མཛོ་ལ་རྒྱོབ་ཟེར། དེ་ལྟར་བྱས་ནས་མཛོ་ལ་ཞོན་ཏེ་ཕག་མགོ་ཆར་རུང་ཁྲོམ་ལ་བསྐོར་ནས་རྟ་སྒ་བཤུས་པ་དང་། ཕག་མགོ་མགོ་ལ་བསྣུན་ནས་གཟུགས་ཤིག་བྱས་པས། མཛོ་དེ་སྲིན་པོ་འཇིགས་སུ་རུང་བ་བྲང་ལ་ཤའི་གཉེར་ཐོབ་ཡོད་པ། མིག་ནས་ཁྲག་འཛག །ཡས་ཀྱི་མཆེ་བ་ནུ་མར་སླེབས་ཤིང་། མས་ཀྱི་མཆེ་བ་སྨིན་མཚམས་སུ་སླེབས་པ་ཞིག་བྱུང་ངོ་།།
དེར་སྐྱེས་པ་ཐམས་ཅད་ཀྱིས་མཚོན་ཆ་དང་རྡོ་འཕང་ནས་བསད་དེ་ཧོམ་ཁུང་ཞིག་ཏུ་བསྲེགས་སོ། །ད་བཙུན་མོ་ཁྲིད་ཤོག་ཟེར་བ་བཞིན་མི་མང་པོས་བཙུན་མོ་བཟུང་། ངུ་བཞིན་ཁྲིད་བྱུང་བ་དང་། མོ་སྟོན་གྱིས་ཕག་མགོ་དོང་དོང་བྱས་ནས་གཟུགས་ཤིག་སྨྲས་པས། བཙུན་མོ་དེ་ཤིན་ཏུ་འཇིགས་སུ་རུང་བའི་གཟུགས། ནུ་མ་དཔུས་མོར་སླེབས་པ། མཆེ་བ་རིང་ཞིང་མིག་དམར་བ་ཞིག་བྱུང་ངོ་། །དེ་ཡང་མཚོན་པས་དེ་ཧོཾ་ཁུང་ཆེན་པོ་ཞིག་ཏུ་བསྲེགས་སོ། །དེ་ནས་མོ་སྟོན་གཟི་བརྗིད་བསྐྱེད་རྟ་ཞོན་བེར་གྱོན་ཏེ་ཕོ་བྲང་ལ་འགྲོ་བའི་ལམ་མི་རྣམས་ཀྱིས་ཕྱག་འཚལ་ཞིང་མཆི་མ་འདོན་པ་དང་། མེ་ཏོག་འཐོར་བ་དང་། ཟས་ནོར་འབུལ་བ་སོགས་ཀྱིས་ལམ་འགག་ནས་ཞག་གཅིག་ལུས་སོ།།
དེ་ནས་ནང་དུ་ཕྱིན་པས། རྒྱལ་པོ་དགའ་ཆེས་ཏེ་ཁྱོད་ལ་བྱ་དགའ་ཅི་འདོད་ཟེར། མོ་སྟོན་ན་རེ། ངའི་ཡུལ་ན་སེམས་ཅན་གྱི་སྣ་ལ་འཛུད་སའི་སྣ་འཇུ་མེད་ (ཤོག་ ༡༨) པས་ཞུ་ཟེར་བ་བཞིན་རྒྱལ་པོས་ཀྱང་སྣ་འཇུ་མང་པོ་དང་ཤ་མར་ལ་སོགས་པའི་ཆས་གོས་ཀྱིས་ཁྱོད་ལ་གླང་ཆེན་གྱི་རྒྱབ་ཁལ་དུ་མ་དང་བཅས་བརྫངས་སོ། །རང་ཡུལ་དང་ཉེ་བར་སླེབས་པ་དང་། ཆུང་མས་ཀྱང་བསུ་ཆང་ཐོགས་ཏེ་བྱུང་ངོ་། །དེས་གླང་ཆེན་གྱི་ཁལ་རྣམས་མཐོང་བས་མིའི་འཇིག་པ་ཟེར་ན་ཁྱོད་ལྟ་བུ་ལ་ཟེར་མོད་ལེགས་པོ་སྨྲས་ནས་ནང་དུ་སོང་ངོ་། །དེ་ནུབ་ལབ་གླེང་བྱས་ཏེ་འདི་རྣམས་ཅི་ལས་བྱུང་ཟེར་བས། མོ་སྟོན་གྱིས་རྒྱལ་པོ་སྙུན་དྭངས་ཤིང་སྲིན་པོ་ཕོ་མོ་མེར་བསྲེགས་པ་སོགས་རྒྱས་པར་བཤད་པས། མོ་ན་རེ། བཅོལ་ཆུང་དོན་ཆེན་དེ་ཙམ་ལ་དུད་འགྲོའི་སྣ་འཇུས་གར་ཚད། ད་ངས་རྒྱལ་པོའི་དྲུང་དུ་འགྲོ་ཟེར་ནས་མོ་སྟོན་གྱི་ཤོག་དྲིལ་རྫུན་མ་བྱས་ཏེ། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་སྐུ་ཆགས་ཆེ་ཆུང་ནི་འདི་འདྲ་ལགས་མོད། སྐུ་ཆགས་ཕྲན་བུ་བཟློག་ཕྱིར་སྣ་འཇུ་ཞུས་པ་ཡིན། ད་བཏང་རག་བྱ་དགའ་ཇི་ལྟར་གནང་རྒྱལ་པོ་ཉིད་མཁྱེན་ཅེས་པའི་ཤོག་འཕྲིན་ཕུལ་བས། རྒྱལ་པོས་མོ་སྟོན་བཟའ་མི་གཉིས་ཕོ་བྲང་དུ་བོས་ཏེ་ཕྱིན་པ་དང་། རྒྱལ་པོ་ན་རེ། བྱ་དགའ་གཏང་རག་ཡིན་ཟེར་ཟུར་དུ་བརྫངས་པས་ཡོང་བ་མེད། ང་རང་མི་འཆི་ཞིང་རྒྱལ་སྲིད་མི་ཉམས་པ་དང་། བློན་འབངས་ཀྱང་སྲིན་པོས་མ་ཟོས་པ་དེ་ཁྱོད་ཀྱི་དྲིན་ཡིན། ད་རྒྱལ་སྲིད་མངའ་འབངས་ཁྱད་མེད་དུ་བསྐུར་ཞིང་། བུད་མེད་འདི་ཡང་རིག་པ་ཅན་ཞིག་འདུག་པས། ངེད་རང་གཉིས་ཀའི་ཐུན་མོང་དུ་བྱའོ་གསུངས། དེ་ལྟར་བྱས་སོ་ཞེས་སྨྲས་སོ། །རྒྱལ་པོ་བདེ་བྱེད་བཟང་པོས། དེ་འདྲའི་བཟའ་མི་གཉིས་བསོད་ནམས་ཆེ་ཟེར་ཤོར་བས། དངོས་གྲུབ་ཅན་གྱིས་རྒྱལ་པོའི་ཁ་ནས་གཏམ་བྱུང་། སིདྷི་ཕ་ལ་འཇག་ཁྱང་སྦིར་ཟེར་ནས་བྲོས་སོ། །དངོས་གྲུབ་ཅན་ལས་མོ་སྟོན་ཕག་མགོ་ཅན་གྱི་ལེའུ་སྟེ་བཞི་པའོ།། །།

༈ དེ་ནས་ཡང་སྔར་བཞིན་ཁུར་ནས་ལམ་རིང་པོར་ངལ་ཞིང་དུབ་པ་ན་གཏམ་འདི་སྨྲས་སོ། །སྔོན་དུས་དང་པོ་ཙ་ན། ཡུལ་ཤིན་ཏུ་སྐྱིད་པ་འབྱོར་པ་རྒྱས་པ། ལོ་ལེགས་པ། སྐྱེ་བོ་མང་པོས་གང་བ་ཞིག་ན། རྒྱལ་པོ་ཆེན་པོ་ཀུན་སྣང་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ལ་བཙུན་མོ་ཞིག་བླངས་པས། སྲས་ཉི་མའི་འོད་ཟེར་ཞེས་པ་བཙས་པས། རིང་པོར་མ་ལོན་པར་བཙུན་མོ་འདས་སོ། །དེ་ནས་ཡང་བཙུན་མོ་གཞན་ཞིག་བླངས་ཏེ་དེ་ལ་སྲས་གཅིག་བཙས་པ་ཟླ་བའི་འོད་ཅེས་བྱའོ། །དེར་ཆེར་སྐྱེས་པ་ན། བཙུན་མོའི་བསམ་པ་ལ། སྲས་ཆེ་བ་ཉི་མའི་འོད་ཟེར་འདི་ཡོད་ན་བདག་གི་བུ་གཞོན་པས་རྒྱལ་སྲིད་མི་ཐོབ། དེ་བས་ཉི་མའི་འོད་ཟེར་མེད་པའི་ཐབས་བྱ་སྙམ་མོ།།
དུས་རེ་ཞིག་ནས་བཙུན་མོས་ན་རྫུ་བྱས་ནས་སྨྲེ་ངག་དང་འགྲེ་ལྡོག་བྱེད་དོ། །དེ་རྒྱལ་པོས་མཐོང་ནས་བཞིན་བཟང་མ་ལ་ནད་ཅི་བྱུང་སྨྲས་པས། རང་ཡུལ་དུ་སྡོད་དུས་ཀྱང་ནད་འདི་ཅུང་ཟད་ཡོང་གི་ཡོད་པས། ད་ལམ་གཞན་དང་མི་འདྲ་བའི་གཟེར་ཟུག་ཆེ། ཐབས་ཅིག་ཡོད་དེ་འགྲུབ་པ་དཀའ། ད་ནི་འཆི་བར་འདུག་གོ་ཟེར། རྒྱལ་པོ་ན་རེ། ཐབས་ཇི་ལྟར་ཡོད་ཁྱོད་ (ཤོག་ ༡༩) ནི་ངའི་སྙིང་དང་འདྲ། རྒྱལ་སྲིད་སྤངས་དགོས་ཀྱང་ཐབས་བྱེད་པས་གང་དགོས་སྨོས་ཤིག །བཙུན་མོ་ན་རེ། བུ་གཉིས་པོ་གང་རིགས་ཀྱི་སྙིང་ཏིལ་མར་ལ་བཙོས་ཏེ་ཟོས་ན་བསོས་པར་འདུག་སྟེ། ཉི་མའི་འོད་ཟེར་ནི་རྒྱལ་པོས་སྤོང་བ་དཀའ། ཟླ་བའི་འོད་ཟེར་ནི་རང་ལས་སྐྱེས་པས་མི་ནུས། ད་ནི་འཆི་བ་ལས་འོས་མེད་ཟེར་བས། རྒྱལ་པོས་བཙུན་མོའི་ཚིག་ལན་མ་ཐིགས་པར་སྙིང་རྗེ་བ་དང་། འཚོར་བ་ལས་ཚད་ལས་འདས་ཀྱང་། ཁྱོད་འཆི་ནུས་པར་འདུག་ན། སྲས་ཉི་མའི་འོད་ཟེར་གནངས་ཉིན་བཤན་པ་ལ་སྤྲོད་ཅེས་ཁས་བླངས་སོ།།
ཟླ་བའི་འོད་ཟེར་གྱིས་དེ་རྣམས་ཐོས་པ་དང་། ཉི་མའི་འོད་ཟེར་གྱི་གནས་སུ་ཕྱིན་ནས་ངུས་སོ། །རྒྱལ་པོ་ཡབ་ཡུམ་བཀའ་བགྲོས་འདི་བཞིན་བྱེད་འདུག་པ། གནངས་ཉིན་ནི་ཁྱེད་གསོད་ངེས་པར་འཚལ་བས་ཐབས་སོམས་ཤིག་སྨྲས་པས། ཉི་མའི་འོད་ཟེར་ན་རེ། ཁྱེད་རང་ཡབ་ཡུམ་གྱི་ཞབས་ཐོག་དང་ཁམས་བདེ་བར་གྱིས་ཤིག །བདག་ནི་འགྲོ་བའི་དུས་ལ་བབས་ཟེར་ནས། ཟླ་བའི་འོད་ཟེར་ནི་ཤིན་ཏུ་སྡུག་ནས། ཁྱེད་མི་བཞུགས་ན་ངེད་ཀྱང་མི་ཆགས་པས། ཁྱེད་ཉིད་གང་དུ་འགྲོ་སར་ཕྱི་བཞིན་འགྲོ་ཟེར། སང་ཉིན་བཤན་པ་ལ་སྤྲོད་རྒྱུའི་ནུབ་མོ་ལམ་རྒྱགས་ནི་བཙུན་མོ་ལ་ལྟོས་པས་ཚོར་དོགས་ནས་མ་ཐངས། དཀོན་གཉེར་ཞིག་ལ་གཏོར་སྐམ་ཞིག་བླངས་ཏེ། ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང་། སྤུན་གཉིས་ཕོ་བྲང་ནས་ཐོན་ཏེ་ཤར་ཕྱོགས་སུ་བྲོས། དེ་ནས་ཉིན་མཚན་མེད་པར་ལ་ལུང་མང་པོ་བརྒལ་ཏེ་སོང་བ་ལས། ཉིན་ཞིག་ལུང་སུལ་ཆུ་མེད་པ་ཞིག་ཏུ་སླེབས་ཏེ། བཟའ་རྒྱུ་ཡང་མེད་པས། ཟླ་བའི་འོད་ཟེར་ས་ལ་འགྱེལ་ནས་འགྲོ་མ་ནུས་སོ། །དེ་ནས་ཉི་མའི་འོད་ཟེར་གྱི་ངས་ཆུ་ཞིག་ཨེ་རྙེད་ལྟ། དེ་བར་སྡུག་སྲན་བསྐྱེད་ཅིག་ཟེར་ནས་རི་ཟུར་ཞིག་ལ་ཆུ་ལྟར་ཕྱིན་པས་མ་རྙེད་དོ།།
སླར་ལོག་འོང་པས་ཟླ་བའི་འོད་ཟེར་བཀྲེས་སྐོམ་གྱིས་འདས་སོ། །ཉི་མའི་འོད་ཟེར་ནི་མྱ་ངན་གྱིས་ཉམ་ཐག་ཅིང་། ཟླ་བའི་འོད་ཟེར་གྱི་ཕུང་པོ་ལ་རྡོ་སྐྱོར་བྱས་ཏེ་བཞག་ནས། ཚེ་རབས་ཕྱི་མར་འཕྲད་པའི་སྨོན་ལམ་བཏབ་ནས་སོང་ངོ་། །དེ་ནས་ཉི་མའི་འོད་ཟེར་གྱིས་ལ་ལུང་མང་པོ་འདས་ནས་སོང་བས། རི་བྲག་ཅིག་ཏུ་སླེབས་སོ། །དེར་བྲག་གི་སེར་ཁ་ཞིག་ལ་བལྟས་པ་ན། སྒོ་དམར་པོ་བཙུགས་པ་ཞིག་འདུག་པ་ན། དལ་བུས་བརྡུངས་པ་ན་དྲང་སྲོང་རྒན་པོ་སྨིན་མ་དང་སྨ་ར་དཀར་པོ་འཕྱང་བ། རལ་པའི་ཐོར་ཅོག །བགྲང་འཕྲེང་དང་རིལ་བ་དབྱུག་པ་ཐོགས་པ་ཞིག་བྱུང་སྟེ། ཁྱེའུ་ཁྱོད་གང་ནས་འོང་གང་དུ་འགྲོ་ཟེར་བ་ལ། ལོ་རྒྱུས་རྒྱས་པར་བཤད་པས། དེ་ལྟར་ཁྱེའུ་དེའི་ཕུ་ན་མཚོ་ཆེན་པོ་ཞིག་ཡོད་པ་དེ་ལ་གནས་པའི་ཀླུ་བདུད་གདུག་པ་ཅན་མཆོད་པའི་ཆེད་དུ། ཁྱེའུ་སྟག་ལོ་པའི་རོ་སྐྱུར་བར་བྱེད་པ་ལས། ལོ་གཅིག་ཡུལ་དེའི་སྟག་ལོ་པ་ཟད་ནས། ཕྱོགས་ (ཤོག་ ༢༠) ཀུན་ཏུ་བཙལ་ཀྱང་མ་རྙེད་པ་ན། བྱིས་པ་གཞན་དག་ན་རེ། ལུང་པ་འདིའི་ཕུ་ན་དྲང་སྲོང་རྒན་པོ་ཞིག་ལ་ཁྱེའུ་སྟག་ལོ་པ་ཞིག་ངེད་རྣམས་ཀྱིས་ཕྱུགས་སྐྱོང་བར་ཕྱིན་པས་མཐོང་ཟེར་བ་རྒྱལ་པོས་ཐོས་ཏེ། ཕོ་ཉ་གསུམ་བཏང་། ཁྱེའུ་དེ་ད་ལྟ་འདི་ཉིད་དུ་ཁྲིད་ཤོག་ཅེས་སྨྲས་པས། དེ་རྣམས་ཀྱིས་སོང་སྟེ་དྲང་སྲོང་གི་སྒོ་བརྡུངས་པས། དྲང་སྲོང་བྱུང་སྟེ་ཅི་བྱེད་ཟེར། རྒྱལ་པོའི་བཀའ་ལས། ཁྱོད་ལ་བུ་སྟག་ལོ་པ་ཞིག་ཡོད་འདུག་པ་ངེད་ཀྱི་རྒྱལ་སྲིད་ཀྱི་དོ་གལ་བྱུང་བས་བསྐུར་གསུངས་སོ། །དྲང་སྲོང་རྒན་པོ་ལ་བུ་མེད་ཟེར་ཏེ་སྒོ་བཅད་ནས་སོང་བས། ཁྱེའུ་དེ་རྫ་ནང་དུ་བཅུག་ནས་ཁ་བཅད་དོ། །འབྲས་ཆང་གི་རྫ་མའི་ཚུལ་དུ་བྱས་ཡོད་པ་ལ། རྒྱལ་པོའི་ཕོ་ཉ་རྣམས་ཀྱིས་སྒོ་བཅག་ནས་ཁྱེའུ་འཚོལ་ཟེར་ནས་ནང་དུ་བྱུང་ངོ་། །བཙལ་བས་མ་རྙེད་པ་ན་ཁོང་རྣམས་འཁྲུགས་ཏེ། ཁྱེད་ལ་བུ་མེད་ན། ངེད་རྣམས་དོན་མེད་ངལ་ཞིང་དུབ་བོ་ཟེར། དྲང་སྲོང་རྒན་པོ་ལ་དབྱུག་པ་བསྣུན་ནོ། །ཉི་མའི་འོད་ཟེར་གྱིས་མ་བཟོད་དེ། ཕ་དྲང་སྲོང་མ་སྙུང་ང་འདི་ན་བསྡད་ཡོད་བྱས་པས། དེ་མ་ཐག་ཕོ་ཉ་དེ་དག་གིས་བཟུང་སྟེ་ཁྲིད་དོ། །དྲང་སྲོང་མྱ་ངན་གྱིས་གདུང་ཞིང་སྨོན་པར་བྱེད་དོ།།
ཁྱེའུ་དེ་ཕོ་བྲང་དུ་ཕྱིན་པ་དང་། རྒྱལ་པོའི་སྲས་མོས་མཐོང་སྟེ། ཁྱེའུ་དེ་ལ་ཡིད་ཆགས་ནས་འབྲལ་མི་ཕོད་པའི་ཚུལ་གྱིས་གཏམ་སྣ་ཚོགས་སྨྲའོ། །དེ་ནས་འབངས་རྣམས་ཀྱིས་ཞུས་ཏེ། ཁྱེའུ་སྟག་ལོ་པ་སྐྱུར་བའི་ཚོད་དེ་རིང་ཡིན་པས་ཞུ་ཟེར་བ་ལ། རྒྱལ་པོས་ཀྱང་དེ་ལྟར་གྱིས་གསུངས་ཏེ། དེ་རྣམས་ཀྱིས་ཁྱེའུ་ཁྲིད་པས། རྒྱལ་པོའི་སྲས་མོ་དེས་འདི་ཆུ་ལ་མི་སྐྱུར་བ་མཁྱེན། གལ་ཏེ་ཁྲིད་ན་བདག་ཀྱང་ཁྱེའུ་དང་ལྷན་ཅིག་ཆུ་ནང་དུ་བསྐྱུར་བར་སྨྲའོ། །དེ་རྒྱལ་པོས་ཐོས་ནས། བུ་མོ་འདི་རྒྱལ་སྲིད་ལ་མི་བསམ་པ་ཞིག་འདུག །ཁྱེའུ་དང་ལྷན་ཅིག་ཆུ་ནང་ལ་ཤོར་ཤིག་གསུངས་སོ། །དེ་ནས་འབངས་རྣམས་ཀྱིས་བཀའ་བཞིན་འཚལ་ཟེར་ནས། ལྷན་ཅིག་བཅིངས་ཏེ་མཚོ་ཆེན་པོར་བོར་རོ། །དེར་ཉི་མའི་འོད་ཟེར་གྱི་བསམ་པ་ལ། ང་སྟག་ལོ་པ་ཆུར་དོར་བ་ཡིན། དུས་ལ་བབས་པ་ཡིན་རུང་། ང་ལ་ཆགས་པའི་རྒྱལ་པོའི་བུ་མོ་མཛེས་མ་འདི་ཡང་ཞོར་ལ་འཆི་བ་འདུག་པས་སྙིང་རྗེ་སྙམ་མོ། །བུ་མོའི་བསམ་པ་ལ། བུ་མོར་འདི་ལྟར་ཕོད་རུང་། ཁྱེའུ་ཡིད་དུ་འོང་བ་འདི་ལྟ་བུ་སྐྱུར་ཡོད་པ་སྙམ་སྟེ། ཕན་ཚུན་དུ་སྙིང་རྗེ་སྐྱེས་པའི་ཀླུས་ཤེས་ནས། སེམས་རབ་ཏུ་ཞི་སྟེ་དེ་གཉིས་ཀ་མཚོའི་མཐར་ཕུད་དོ། །ཁོང་གཉིས་ཆུ་ལས་ཐར། འབངས་རྣམས་ལ་དགོས་པའི་ཆུ་ཆེན་པོའང་བྱུང་ནས་ཐམས་ཅད་ཚིམས་སོ།།
དེར་ཁོང་གཉིས་གང་དུ་འགྲོ་གླེང་བ་ན། ཁྱེའུ་དེས་སྲས་མོ་རང་ཕོ་བྲང་དུ་སོང་ཞིག །ང་རང་ཕ་དྲང་སྲོང་རྒན་པོའི་དྲུང་དུ་འགྲོ། དེར་ཕྱིན་ནས་སླར་འོངས་ཏེ་བདག་ཅག་གཉིས་ཚེ་འདིར་འབྲལ་མེད་དུ་འགྲོགས་པར་བྱའོ་ཞེས་དམ་བཅས་སོ། །དེ་ནས་ཉི་མའི་འོད་ཟེར་གྱིས་དྲང་སྲོང་གི་སར་སོང་ནས། སྒོ་དལ་བུས་བརྡུངས་པ་ན། ནང་ནས་སྐད་ཕྲ་མོ་ཞིག་གིས་སུ་ཡིན། ངའི་བུ་གཅིག་ཡོད་པ་དེ་རྒྱལ་པོ་གདུག་པ་ཅན་གྱིས་འཕྲོག་པར་གདའ། དེའི་ (ཤོག་ ༢༡) མྱ་ངན་ལ་གནས་པ་ཡིན་སྨྲའོ། །ཁྱེའུ་ན་རེ། ང་ནི་ཁྱེད་ཀྱི་བུ་ཡིན་ཏེ། རྒྱལ་པོས་ཆུ་ལ་བོར་ཡང་དཀོན་མཆོག་གི་ཐུགས་རྗེས་ཀླུས་མ་ཟོས་པར་ཐོན་པ་ཡིན་པས་མྱ་ངན་མི་མཛད་པར་སྒོ་ཕྱེ་སྨྲས་པས། ལེགས་སོ་ཟེར་ནས་སྒོ་ཕྱེ་བས། དྲང་སྲོང་དེ་ནི་ལུས་སྐམ་ཞིང་རིད་པ། སྐྲ་དང་ཁ་སྤུ་ཐམས་ཅད་འཐབ་པ་ཤི་ལ་ཁད་དུ་འདུག་པ་ལ། ཉི་མའི་འོད་ཟེར་གྱིས་དྲི་བཟང་གི་ཆུས་དྲང་སྲོང་གི་ལུས་ཡན་ལག་ཉིང་ལག་ཐམས་ཅད་བཀྲུས། བཟའ་བཏུང་སྣ་ཚོགས་དང་སྙན་པའི་ཚིག་གིས་འབོད་པ་སོགས་ཀྱིས་མྱ་ངན་ཞི་བར་བྱས་སོ།།
སྲས་མོས་ཀྱང་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པས། རྒྱལ་བློན་འབངས་དང་བཅས་པ་ཐམས་ཅད་ཡ་མཚན་དུ་གྱུར་ཏོ། །ཨ་ལ་ལ་སྔོན་ཆད་ཀླུ་བདུད་ཆེན་པོའི་མཚོ་ནས་ཐོན་པའི་དཔེ་དང་སྲོལ་མེད་པ་ལ། ད་ལམ་སྲས་མོ་ཐོན་པ་ངོ་མཚར་ཆེ་ཟེར་ཏེ་འབངས་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་བསྙེན་བཀུར་བྱས་སོ། །རྒྱལ་པོ་ན་རེ། བུ་མོ་མ་ཤི་བར་སླེབས་པ་ལེགས། ཁྱེའུ་སྟག་ལོ་པ་དེ་གང་དུ་སོང་སྨྲས་པས། བུ་མོ་ན་རེ། ཁྱེའུ་མ་ཤིའོ། །དེའི་བསོད་ནམས་ཀྱི་ཤུགས་ཀྱིས་ཁོ་མོ་ཡང་བདེ་བར་ཕྱིན་ལ། ཀླུ་བདུད་དེ་ཡང་དེའི་མཐུས་སེམས་རྒྱུད་རབ་ཏུ་ཞི་ནས། དེང་ཕྱིན་ཆད་ཁྱེའུ་སྟག་ལ་པ་སྐྱུར་མི་དགོས་ཤིང་། ཆུ་ཡང་འབད་མེད་དུ་འབབ་པར་ཡོད་ཞུས་པས། དེ་ལྟ་བུ་ངོ་མཚར་ཆེ། ཁྱེའུ་དེ་ད་ལྟ་གང་ན་ཡོད་པའི་ས་ནས་གདན་དྲོངས་ཤིག་ཅེས་བློན་པོ་རྣམས་ལ་བསྒོ་འོ།།
དེ་རྣམས་ཀྱིས་ཀྱང་ལུང་པ་དེའི་ཕུ་རུ་གདན་འདྲེན་པར་བཏང་སྟེ། དྲང་སྲོང་ཕ་ཕད་གཉིས་ཕོ་བྲང་དང་ཉེ་བར་སླེབས་པ་ན། རྒྱལ་པོའི་དྲིན་དུ་བཟོ་བའི་ཆེད་དུ་བསུ་བ་རྒྱ་ཆེན་པོ་བྱས་སོ། །དེ་ནས་ཕོ་བྲང་དུ་ཕྱིན་ཏེ་ཁྱེའུ་རིན་པོ་ཆེའི་ཁྲི་ལ་བཞག་གོ །རྒྱལ་པོས་སྨྲས་པ། ཁྱེའུ་ཁྱེད་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་འདུག་ན། ཡབ་ཡུམ་དང་འཁྲུངས་ཡུལ་རིགས་རུས་སོགས་ཇི་ལྟར་ཡིན་སྨྲས་པས། ཁྱེའུ་ན་རེ། བདག་རྒྱལ་པོ་ཀུན་སྣང་ཞེས་བྱ་བ་རྒྱལ་སྲིད་འབྱོར་པ་ཕུན་སུམ་ཚོགས་པ་ཞིག་གི་བུ་ཡིན་པ་ལ། བཙུན་མོ་མ་ཡར་གྱིས་མ་ཐོགས་པར་ཡུལ་གཞན་དུ་འཁྱམས་པ་ཞིག་ཡིན་ལ། ཡུལ་དེ་ནས་བདག་གི་སྤུན་ཟླ་དང་རྒྱལ་བློན་འཁོར་བཅས་རྣམས་ཡོད་དོ། །ཅེས་སྨྲས་པས། དེ་ནས་རྒྱལ་པོ་འཁོར་བཅས་ཡ་མཚན་ཆེར་སྐྱེས་ནས། ངེད་ཀྱི་བུ་མོ་འདི་རྒྱན་ཐམས་ཅད་ཀྱིས་བརྒྱན། ཟས་ནོར་དཔག་ཏུ་མེད་པ་དང་བཅས་ཏེ་ཁྱེད་ལ་འབུལ་དགོངས་པར་མཛོད་ལ་རང་ཡུལ་དུ་བྱོན་པ་དང་། སླར་ཡང་བདེ་ལེགས་ཀྱི་འབྲེལ་ཟམ་རྒྱུན་མི་ཆད་པ་ཆུ་བོའི་རྒྱུན་ལྟར་འཚལ་ལོ། །ཞེས་སྨྲས་ནས་ནོར་རྫས་གླང་ཆེན་ཁལ་དུ་མ་དང་བཅས་བརྫངས་སོ། །ཁྱེའུ་དྲང་སྲོང་ལ་ནུ་བོའི་ལོ་རྒྱུས་ཞུས་པས། ཁྱེད་ཀྱི་ནུ་བོའི་ཕུང་པོ་ག་ན་ཡོད་གསུངས་སོ།།
ཕར་ལ་བརྒྱབ་པའི་ནང་ན་བྲག་ཕུག་ཅིག་ན་ཡོད་དོ། །རུས་པ་ཡང་མེད་ལས་ཆེ་ཞུས་པས། འོ་ན་ངེད་རང་གཉིས་ལམ་ཞོར་ལ་བལྟར་འགྲོ་གསུངས་ནས་བྱོན་པས། རྡོ་སྐྱོར་གསལ་བས་ཟླ་བའི་འོད་ཟེར་དེ། ཉི་མའི་འོད་ཟེར་ལ་ཆགས་ (ཤོག་ ༢༢) ནས། འཇའ་འཁྱིལ་བས་ཕུང་པོ་བྱི་ཁྱིས་ཟ་མ་ཉན་ཀྲོང་ངེར་འདུག་པས། ཉི་མའི་འོད་ཟེར་གྱིས་མཐོང་སྟེ་ཁོ་མྱ་ངན་གྱིས་ས་ལ་འགྱེལ་ལོ། །དེར་དྲང་སྲོང་དེས་ཕུང་པོ་ལ་རྨ་མི་འདུག་པས་ཐབས་ཡོད་དམ་བསམ། རོའི་ཁར་འཆི་མེད་བདུད་རྩིའི་རིལ་བུ་བླུགས་པས། ཟླ་བའི་འོད་ཟེར་དེ་མ་ཁད་ལ་སོས་ཏེ། དྲང་སྲོང་ཡབ་སྲས་གསུམ་བྱུང་སྟེ། ཕོ་བྲང་དང་ཉེ་བར་སླེབས་པ་དང་། ཡབ་ཀྱི་དྲུང་དུ་ཕོ་ཉ་བཏང་སྟེ། བུ་ཉི་མའི་འོད་ཟེར་འཁོར་བཅས་སླེབས་ཡོད་པས། དགྱེས་པར་མཛད་པའི་རིངས་སུ་ཞུ་ཤོག་བཅས་སྤྲིངས་པས། ཡབ་ཡུམ་ནི་སྲས་གཉིས་བྲོས་པའི་མྱ་ངན་གྱིས་མི་གཞན་མི་འཕྲད་པ། དེའི་ཡིག་འཕྲིན་སླེབས་པས་སེམས་རབ་ཏུ་དགའ་སྟེ་བསུ་བའི་བཀོད་པ་རྒྱ་ཆེན་པོ་བྱས་སོ། །དེར་རྒྱལ་པོ་ཉི་མའི་འོད་ཟེར་བཙུན་མོ་འཁོར་དང་བཅས་པ་སྟོབས་འབྱོར་ཕུན་སུམ་ཚོགས་པ་དང་བཅས་ཕོ་བྲང་དུ་སླེབས་ཏེ། བདེ་སྐྱིད་ཀྱི་དགའ་སྟོན་ལ་སྤྱོད་དོ། །སྔར་གྱི་བཙུན་མོ་མ་ཡར་དེ་ཉི་མའི་འོད་ཟེར་གྱི་གཟི་བརྗིད་མཐོང་བས་མ་བཟོད་དེ། །ཁ་ནས་ཁྲག་དྲོན་མོ་བསྐྱུགས་ནས་ཤིའོ་སྨྲས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་རང་ཕན་པ་ལ་ཟེར་ཤོར་བས། དངོས་གྲུབ་ཅན་བྲོས་སོ། །དངོས་གྲུབ་ཅན་ལས་རྒྱལ་པོ་ཉི་མའི་འོད་ཟེར་གྱི་ལེའུ་སྟེ་ལྔ་པའོ།། །།

༈ དེ་ནས་ཡང་སྔར་བཞིན་དངོས་གྲུབ་ཅན་ལེན་དུ་ཕྱིན་ཏེ། ཁུར་ནས་ལམ་རིང་པོར་ངལ་ཞིང་དུབ་པ་ན། དངོས་གྲུབ་ཅན་གྱིས་སྨྲས་པ། སྔོན་དུས་དང་པོ་ཙ་ན། འབྲས་ཡུལ་ཟེར་བའི་ཡུལ་ཁམས་ཤིག་ན། རྒྱལ་པོ་ཆེན་པོ་ཞིག་ཡོད་དོ། །དེའི་མངའ་འབངས་ན་མི་གཏུམ་པོ་འཕྲུལ་ཅན་ཞིག་ཀྱང་གནས། དེ་ནི་ཡུལ་མི་ཐམས་ཅད་ལ་འཚེ་ཞིང་། རྒྱལ་པོ་ལའང་མཐོ་འཚམ་པ་ཞིག་ཡིན་པས། རྒྱལ་པོ་ཁྲོས་ཏེ་མི་ཁྱོད་གཏུམ་པོ་གཞན་དང་མི་མཐུན་པར་འདུག་པས། ངའི་ཡུལ་དུ་མ་སྡོད་པར་གཞན་དུ་སོང་ཞིག་ཅེས་སྐྲད་དོ། །དེས་ཀྱང་མ་གཅིག་ཡོད་པ་དེ་ཀྲིད་དེ་སོང་སོང་བ་ལས། ཉི་མ་ཕྱི་དྲོར་སོང་བའི་སྐབས་ཤིག་ན། མྱ་ངམ་གྱི་ཐང་ཆེན་པོ་འཇག་སྐྱས་འཕྱོ་བ་ཞིག་ཏུ་སླེབས་སོ། །ཐང་དེའི་དཀྱིལ་ན་ཤིང་ཏ་ལའི་སྡོང་པོ་ཤིན་ཏུ་ཆེ་བ་ཞིག་འདུག་གོ །དེའི་ཉེ་འཁོར་ན་རྟ་རོ་ཞིག་འདུག་པ་ལས། རྟ་མགོ་བཅད་དེ་ལམ་རྒྱགས་ཀྱི་ཆེད་དུ་སྐེ་རགས་ལ་བཏགས་ནས་ཤིང་རྩེ་ལ་འཛེགས་སོ། །མུན་རུབ་པ་ན་ཐང་དེའི་གཤམ་ནས་མི་མ་ཡིན་གྲོ་གའི་རྟ་ཞོན་པ་ཚན་གཅིག་བྱུང་སྟེ། ཏ་ལའི་རྩ་བར་འདུས་སོ། །དེ་ནས་ཡང་ཐང་སྟོད་ནས་མི་མ་ཡིན་ཤོག་བུའི་རྟ་ཞོན་ཞྭ་གྱོན་པ་ཚན་གཅིག་ཡང་འདུས་སོ། །དེ་རྣམས་ཤིང་དེའི་རྩ་བར་བཟའ་བཏུང་སྣ་ཚོགས་པའི་གཡོས་བྱེད་ཅིང་འདུག་པ་ལ། ཏ་ལའི་རྩེ་ན་ཡོད་པའི་མི་དེ་སྐྲག་ནས་ལུས་འདར་བས་ལམ་རྒྱགས་ཀྱི་རྟ་མགོའི་ཐག་པ་དེ་ཆད་ནས་མི་མ་ཡིན་བཟའ་བཏུང་བྱེད་པའི་དཀྱིལ་དུ་ལྷུང་བས་དེ་དག་དྲན་མེད་དུ་འཐོར་ཏེ་ཕྱོགས་བཅུར་བྲོས་སོ། །སང་ཉིན་མི་དེས་སྔ་བར་ཤིང་ལས་བབས་ཏེ། (ཤོག་ ༢༣) མདང་ནི་དངོས་པོ་དེ་ཙམ་ཞིག་ལ་ད་ལྟ་ཅི་ཡོད་སྙམ་པ་ལ། གསེར་གྱི་ཕོར་པ་ཆང་གིས་གང་བ་ཞིག་རྙེད་དོ། །ཁ་སྐོམ་པའི་མོད་ལ་བཏུང་ནས་ཁ་སུག་ལ་བཞག་པས། ཟན་དང་ཤ་བྱུང་བས་གསེར་གྱི་ཕོར་པ་འདོད་དགུའི་སྒྲོམ་བུར་འདུག་པ་བདག་གི་དངོས་གྲུབ་ཡིན་སྙམ་ནས་ཐོགས་ཏེ་སོང་ངོ་།།
དེ་ནས་ཡང་མི་གཏུམ་པོ་དེ་སོང་སོང་བ་ན། ལམ་དུ་མི་དབྱུག་པ་འཁོར་གསུམ་ཐོགས་པ་ཞིག་དང་འཕྲད། ཁྱོད་ཀྱི་དབྱུག་པ་འདི་ཅི་བྱེད་པ་ཡིན་དྲིས་པས། ཁོ་ན་རེ། དབྱུག་པ་འདི་ལ་སྐོར་རྒྱུག་ཟེར། སྐོར་རྒྱུག་ཁྱོད་སོང་ལ་མི་གཞན་གྱི་ངའི་ཆས་ཁྱེར་བ་ལོངས་ཤིག་བྱས་པ་ཙམ་གྱིས་ཐོགས་མེད་དུ་ཕྱིན་ཏེ། མི་གང་ཡིན་དེའི་མཇིང་པར་ལན་གསུམ་འཁྲིལ་ནས་བསད་དེ་ནོར་རྣམས་གང་ཡིན་ཁུར་ཡོང་བ་ཞིག་ཡིན་ཟེར་རོ། །དེ་ལྟ་ནའང་གསེར་ཕོར་དགོས་འདོད་འབྱུང་བའི་སྒྲོམ་བུ་འདི་དང་ཚོང་བྱའམ་བྱས་པས་རུང་ཟེར་བྱས་སོ། །དེ་ནས་སྐོར་རྒྱུག་ལག་ཏུ་བྱུང་བ་དང་། དེས་སྐོར་རྒྱུག་སོང་ལ་ངའི་གསེར་ཕོར་ལོངས་ཤིག་སྨྲས་མ་ཐག་ཏུ་དབྱུག་པ་ནི་ནམ་མཁར་སོང་སྟེ། མི་དེ་བསད་གསེར་ཕོར་ཁྱེར་བྱུང་ངོ་།།
ཡང་སོང་བ་དང་ལམ་དུ་ལྕགས་ཀྱི་ཐོ་བ་ཁུར་བའི་མི་དེ་དང་འཕྲད་དོ། །ཁྱོད་ཀྱི་ཐོ་བ་འདིས་ཅི་བྱེད་སྨྲས་པས། ངའི་ཐོ་བ་འདི་ས་གཞི་ལ་ལན་གསུམ་བསྣུན་ན་ལྕགས་ཀྱི་མཁར་པོ་དགུ་ཐོག་ཡོང་བ་ཡིན་ཟེར། འོ་ན་ངའི་གསེར་ཕོར་དེ་དང་ཚོང་བྱའམ་བྱས་པས་རུང་ཟེར་ཏེ་བྱས་སོ། །སྔར་ལྟར་སྐོར་རྒྱུག་ལ་གསེར་ཕོར་ལོང་ལོངས་ཤིག་བྱས་པ་དང་། སྐད་ཅིག་ལ་མི་དེ་བསད་ནས་གསེར་ཕོར་ཁྱེར་བྱུང་ངོ་། །ཡང་སོང་བ་དང་ལམ་དུ་ར་སློག་ཐོགས་པ་ཞིག་དང་འཕྲད་དོ། །ཁྱེད་ཀྱི་ར་སློག་འདིས་ཅི་བྱེད་ཡོང་སྨྲས་པས། ངའི་ར་སློག་འདི་ཡ་མཚན་ཡིན། སྤྲུགས་པ་ཙམ་གྱིས་ཆར་པ་འབབ་ལ། ལེགས་པར་སྤྲུགས་ན་ཆར་དྲག་ཏུ་འབབ་པ་ཞིག་ཡིན་ཟེར། འོ་ན་ངའི་གསེར་ཕོར་འདི་དང་ཚོང་བྱའམ་བྱས་པས་རུང་ཟེར་ཏེ་བྱས་སོ། །དེ་ནས་སྔར་བཞིན་སྨྲས་པས། མི་བསད་གསེར་ཕོར་བླངས་ནས་བྱུང་ངོ་།།
དེ་ནས་མི་གཏུམ་པོ་འཕྲུལ་ཅན་དེས་ཆས་ཀ་རྣམས་ཐོགས་ཏེ་རང་ཡུལ་གྱི་རྒྱལ་པོ་མ་རུངས་པས་ཡུལ་ནས་སྐྲད་ཀྱི། དེ་ལ་ཅི་ནས་ཀྱང་གནོད་ལན་བྱའོ་སྙམ་ནས་ཕྱོགས་དེར་སོང་ངོ་། །དེ་ནས་ནམ་ཕྱེད་ཙམ་ན་མི་དེས་རྒྱལ་པོའི་ཕོ་བྲང་གི་ལྟག་དེར་ཕྱིན་ནས། ལྕགས་ཀྱི་ཐོ་བ་ལན་དགུ་ས་ལ་བསྣུན་པས། ལྕགས་ཀྱི་མཁར་པོ་དགུ་ཐོག་དང་ལྡན་པ་སྲ་ཞིང་བརྟན་པ་ཞིག་བྱུང་ངོ་། །རྒྱལ་པོ་ན་རེ། མདང་ཁང་ལྟག་མ་གིར་རྡོག་རྡིར་གྱི་སྒྲ་ཤིན་ཏུ་ཆེ་བ་ཞིག་བྱུང་བས་བཙུན་མོ་ལྟོས་ཤིག་ཟེར། བཙུན་མོས་བལྟས་པས་ངེད་རང་གི་ཁང་ལྟག་ན་ལྕགས་མཁར་དགུ་ཐོག་དང་བཅས་པ་ཞིག་འདུག་ཞུས་པས། རྒྱལ་པོ་ཤིན་ཏུ་ཁྲོས་ཏེ་འདི་མི་འཕྲུལ་ཅན་མ་རུངས་པ་དེས་བྱས་པར་ངེས། ད་ནི་ལྕགས་མཁར་དགུ་ཐོག་དང་བཅས་པ། རྨང་ནས་བརླག་པར་བྱེད་པས་མངའ་འབངས་རྣམས་ཀྱིས་སོལ་བ་རེ་ཁུར་ཤོག །མགར་བ་རྣམས་ཀྱིས་སྦུད་པ་ཐོགས་ཏེ་འདུས་ཤིག་བྱས་སོ། །དེ་དག་འདུས་ནས་ (ཤོག་ ༢༤) སོལ་བའི་ཕུང་པོ་རྣམས་མཁར་ལ་སྤུངས། མགར་བ་རྣམས་ཀྱིས་ཕྱོགས་ཀུན་ནས་སྦུད་པ་བུས་པས་མེ་ཆེན་པོ་འབར་བ་དང་། ལྕགས་མཁར་གྱི་ནང་ན་མི་འཕྲུལ་ཅན་མ་སྨད་གཉིས་ཡོད་པ་ལ། བཟའ་བཏུང་ནི་གསེར་ཕོར་ལས་འོང་ཞིང་བདེ་བར་གནས་སོ། །མ་དེ་ལྕགས་མཁར་ཐོག་བརྒྱད་པའི་སྟེང་ན་ཡོད་ལ། ཁོ་རང་དགུ་པའི་ནང་ན་ཡོད་པ་མེ་བུས་པས་ཐོག་རིམ་པར་ཚིག་ནས་མ་སྡོད་སའི་ཞོག་ཕྱེད་ཙམ་ཚིག་པར་ཚོར་ནས་མ་ན་རེ། ལྕགས་མཁར་ལ་རྒྱལ་པོའི་གནོད་པ་བྱུང་གིས་ད་ནི་ངེད་རང་གཉིས་འཆི་བར་ངེས་སོ་སྨྲས་པས། ཁོ་ན་རེ། མ་ཁྱོད་སྡུག་བསྔལ་མ་བྱེད་ཅིག །ཐབས་འདི་ལྟར་ཡོད་ཟེར་ནས། ལྕགས་མཁར་གྱི་རྩེར་ཕྱིན་ནས། ར་སློག་སྤྲུགས་པས་ཆར་བྱུང་སྟེ་མེ་ཆེ་བ་རྣམས་ཞི་བར་གྱུར་ཏོ། །དེ་ནས་ཁོས་ལེགས་པར་སྤྲུགས་པས་ཆར་ཤིན་ཏུ་དྲག་པོ་བབས་པས་ཆུ་འོད་ཆེན་པོ་དེས་བདས་ནས་གྲོག་རོང་ཆེན་པོ་ཞིག་ཏུ་སོང་ངོ་། །ཞེས་སྨྲས་པས་རྒྱལ་པོ་བདེ་བྱེད་བཟང་པོས། རྒྱལ་པོ་དེ་ལས་མི་འཕྲུལ་ཅན་འཇིགས་པར་འདུག་ཟེར་ཤོར་བས། སྔར་བཞིན་དངོས་གྲུབ་ཅན་བྲོས་སོང་ངོ་། །དངོས་གྲུབ་ཅན་ལས་འཕྲུལ་ཅན་གྱི་བྱུང་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།

༈ དེ་ནས་ཡང་རྒྱལ་པོ་བདེ་བྱེད་བཟང་པོས་སྔར་བཞིན་དངོས་གྲུབ་ཅན་བླངས་ནས་ངལ་ཞིང་དུབ་པ་ན། དངོས་གྲུབ་ཅན་གྱིས་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་ལྗོངས་ཆེན་པོ་སྐྱེད་མོས་འཚལ་ཞེས་པ་ན། ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་མོ་སྤུན་གསུམ་ཡོད་ལ། དེ་དག་ཉིན་རེ་བཞིན་མ་ཧེའི་ཁྱུ་འཚོར་འགྲོ་བ་ལས། ཉིན་ཞིག་བུ་མོ་རྒན་པས་སོང་བ་དང་། ལྗོངས་དེ་ཉིད་དུ་གཉིད་ལོག་པས་མ་ཧེ་གཅིག་གཏོར་ནས་འཚོལ་དུ་སོང་བས། རྩིག་པའི་སུབ་ཅིག་ན་སྒོ་དམར་ཞིག་འདུག་པ་དེ་ཕྱེ་ནས་ཕྱིན་པས་གསེར་གྱི་སྒོ་ཞིག་འདུག །དེ་ནས་ཕྱིན་པས་ཡང་དུང་གི་སྒོ་ཞིག་འདུག །དེ་ཕྱེ་ནས་ཕྱིན་པས་གཡུའི་སྒོ་ཞིག་འདུག །དེ་ནས་ཕྱེ་ནས་ཕྱིན་པས་ཁང་བཟང་ཤིན་ཏུ་ཉམས་དགའ་ཞིང་། བདེ་སྐྱིད་དང་ལྡན་པ་རིན་པོ་ཆེ་སྣ་ཚོགས་པའི་ནོར་རྫས་ཀྱིས་གང་བ་ཞིག་འདུག་གོ །དེ་ན་མི་ནི་སུ་ཡང་མེད་ལ། བྱ་ཕོ་དཀར་པོ་ཆེན་པོ་ཞིག་རིན་པོ་ཆེའི་གདན་ལ་འདུག་གོ །དེ་ལ་བུ་མོས་ངའི་མ་ཧེ་ཞིག་གཏོར་བ་མ་རྙེད་པས་འདིར་བྱུང་ངམ་དྲིས་པས། ཁྱོད་རང་ངའི་ཆུང་མ་བྱེད་ན་བཤད་ཀྱིས། དེ་མི་བྱེད་ན་ཆ་མི་འཚལ་ཟེར་བས། བུ་མོ་ན་རེ། སྤྱིར་ཁྱིམ་ཐབས་མི་བྱེད། ཁྱད་པར་བྱས་ནའང་དུད་འགྲོ་ཡིན། མ་ཧེ་མ་བྱུང་ན་ཡང་ཁྱོད་ཀྱི་ཆུང་མ་མི་བྱེད་ཟེར་ནས་ལོག་གོ །སང་ཉིན་བུ་མོ་འབྲིང་པོས་མ་ཧེ་འཚོ་བར་ཕྱིན་པས། ཡང་སྔར་བཞིན་བྱུང་སྟེ་དེས་ཀྱང་ཆུང་བ་མ་བྱས་སོ། །སང་ཉིན་དེ་བུ་མོ་གཞོན་པ་དེས་མ་ཧེ་འཚོ་བར་ཕྱིན་པས་སྔར་བཞིན་བྱུང་སྟེ། བྱ་ཕོ་ན་རེ། ངའི་ཆུང་མ་བྱེད་ན་བཤད་ཀྱིས་ཟེར། བུ་མོ་ན་རེ། སྤྱིར་སྐྱེས་པའི་རིགས་འདི་ཕལ་ཆེར་བདེན་པར་སྨྲ། ཁྱད་པར་ (ཤོག་ ༢༦) སྤྲུལ་པའི་བྱ་ཁྱོད་གང་ཟེར་བདེན་པས་དེ་ལྟར་བྱེད་ཟེར་ནས་ཁས་བླངས་སོ།།
ནམ་ཞིག་ཡུལ་དེའི་བཞི་མདོ་ན་གཙུག་ལག་ཁང་ཞིག་ཡོད་པ། དེར་དཀོན་མཆོག་གི་དུས་སྟོན་ཆེན་པོ་བྱེད་ཅིང་། དེ་ལ་བརྟེན་པའི་གླུ་གར་དང་རོལ་མོ་ལ་སོགས་པའི་ལྟད་མོ་སྣ་ཚོགས་སྟོན་པར་བྱེད་པ་ལས། ཡུལ་དེའི་སྐྱེ་བོའི་ཚོགས་ཀྱང་རང་རང་གི་འབྱོར་པ་དང་བསྟུན་པའི་གོས་དང་བརྒྱན་གྱིས་སྤྲས་ནས་འདུས་སོ། །དེར་བུ་དེས་ཀྱང་ཕྱིན་པ་དང་། ཁྲོམ་བསམ་གྱིས་མི་ཁྱབ་པ་འདུས་འདུག །ཁྲོམ་དེ་དག་ནང་ནས་བུད་མེད་ཀྱི་མཛེས་པའི་ཐོག་ནི་མོ་རང་གིས་ཆོད་ལ། སྐྱེས་པ་མཛེས་པའི་ཐོག་ནི་རྟ་སྔོན་པོ་ཞོན་པའི་མི་ཤིན་ཏུ་མཛེས་པ་ཞིག་གིས་ཁྲོམ་ལ་སྐོར་བ་གསུམ་བྱས་སོང་བས་མི་ཐམས་ཅད་ཀྱིས། ཁྲོམ་ཐོག་དེས་ཆོད་སོང་ཟེར་རོ། །བུ་མོ་སླར་ནང་དུ་ཡོང་བ་དང་། བྱ་ཕོ་དཀར་པོ་ན་རེ། དེ་རིང་ཕོ་མོའི་ཁྲོམ་ཐོག་དེ་སུས་ཆོད་དྲིས་པས། བུ་མོ་ན་རེ། ཕོའི་ཁྲོམ་ཐོག་དེ་རྟ་སྔོན་པོ་ཞོན་པ་ཞིག་འདུག་སུ་ཡིན་མ་ཤེས་དེས་ཆོད། མོའི་ཁྲོམ་ཐོག་ང་རང་ཡིན་པ་འདྲ་ཟེར། དེ་ནས་ཉི་མ་བཅུ་གཉིས་ཀྱི་བར་དུ་སྔར་བཞིན་དུས་སྟོན་ལ་ཚོགས་ནས་ཁྲོམ་འཁོར་ནས་འོངས་པས་ཨ་ལྕེ་རྒན་མོ་ཞིག་གི་རྩར་བསྡད་པས་དེ་ན་རེ། དེ་རིང་ཕོ་མོའི་ཁྲོམ་ཐོག་སུས་ཆོད་དྲིས་པས། ཕོའི་ཁྲོམ་ཐོག་རྟ་སྔོན་པོ་ཞོན་པ་མི་ཤིན་ཏུ་མཛེས་པ་ཞིག་འདུག་པ་དེས་ཆོད་སོང་། མོའི་ཁྲོམ་ཐོག་ང་རང་གིས་ཆོད་པ་འདྲ། ཀྱེ་མ་དེ་རིང་གི་མི་དེ་ལྟ་བུ་ཞིག་དང་འགྲོགས་རྒྱུ་བྱུང་ན་དགའ་སྟེ། ངའི་གྲོགས་སྐལ་ན་བྱ་དུད་འགྲོ་ཞིག་ལས་མ་བྱུང་ཟེར་ནས་ངུས་པས། ཨ་ལྕེ་ན་རེ། བུ་མོ་དེ་འདྲ་མ་ཟེར་ཅིག་ཟེར། མོའི་ཁྲོམ་ཐོག་ཁྱེད་རང་གིས་ཆོད་པ་བདེན་མོད། རྟ་སྔོན་པོ་ཞོན་པ་དེ་ནི་ཁྱེད་རང་གི་ཁྱོ་ག་ཡིན། སང་ཉི་མ་བཅུ་གསུམ་པ་ཡིན་པས། ཁྱོད་རང་ཁྲོམ་ཐོག་ལ་མ་འགྲོ་ཡང་འགྲོ་ཚུལ་གྱིས་ལ་སྒོ་རྒྱབ་ཏུ་ཡིབས་ཤིག། ཁོ་བྱ་ཤུབས་ཕུད་དེ་ར་བ་ནས་རྟ་སྔོན་པོ་ཞོན་དེ་ཁྲོམ་ལ་འགྲོ། དེ་རྗེས་ཁྱོད་རང་གིས་བྱ་ཤུབས་ཕུད་པ་དེ་བཞག་ཡོང་བས་དེ་མེ་ལ་སྲེགས་ཤིག། དེ་ནས་ཁོའི་གཟུགས་གཙང་མ་དང་འགྲོགས་ཆོག་པ་ཡོང་ཟེར་རོ། །དེ་ནས་བུ་མོས་ཀྱང་དེ་བཞིན་དུ་བྱས་པས། ཁོ་བྱ་ཤུབས་ཕུད་ནས་རྟ་སྔོན་པོ་ཞོན་ཏེ་ཁྲོམ་ལ་སོང་ངོ་། །མོས་ཀྱང་མེར་བསྲེགས་ནས་མི་ཤིན་ཏུ་མཛེས་པ་འདོད་པ་དེ་འདོད་ཅིང་བརྒྱུགས་སོ།།
དེ་ནས་ཉི་མ་ཟོར་མཚམས་སུ་ཁོ་བྱུང་སྟེ། ཅི་ཡིན་ཁྱོད་སྔོན་སླེབས་པ་ཡིན་ཟེར། མོས་ཀྱང་ཡིན་བྱས་པས། ངའི་བྱ་ཤུབས་གར་སོང་ཟེར། མོས་མེ་ལ་བསྲེགས་བྱས་པས། ཨ་ཙ་མ་ཁྱོད་ཀྱིས་ཁམ་ཆེན་ཞིག་བྱས་འདུག་གོ །དེ་ངའི་བླ་ཡིན་བྱས་པས། མོ་ན་རེ། འོ་ན་ཅི་དྲག་གི་ཟེར། གཞན་ཐབས་མེད་ཁྱོད་རང་དུང་གི་སྒོ་རྩར་སྡོད་ལ། ཉིན་མཚན་སྐད་ཅིག་ཀྱང་མ་ཡེངས་པར་དབྱུག་པ་འདི་ཞག་བདུན་དབྱུག་ཅིག །གལ་ཏེ་དབྱུག་པ་ཆད་ན་ང་འདྲེས་ཁྱེར་བར་འགྱུར། ང་རང་གིས་ཀྱང་ཞག་བདུན་བར་དུ་ལྷ་འདྲེ་དང་འཐབ་པར་བྱའོ་ཟེར། དེ་ནས་མོས་ཉིན་མཚན་ (ཤོག་ ༢༧) སྐད་ཅིག་ཀྱང་མ་ཡེངས་པར་དབྱུག་པ་ཞག་བདུན་འཁྱོངས་ལ། དེར་མོ་གཉིད་གཟིམ་ཙམ་ལོག་པ་ལས་གདོང་ཟེར། ལྷ་འདྲེ་རྣམས་ཀྱིས་བྱ་ཤུབས་རྒྱལ་པོ་ཟེར་བའི་མི་དེ་ཁྱེར་སོང་ངོ་ཟེར། དེར་མོ་ཤིན་ཏུ་སྡུག་པར་གྱུར་ཏེ་རི་ཀླུང་ཐམས་ཅད་དུ་སེམས་མི་གནས་པའི་ཚུལ་གྱིས་འཚོལ་དུ་སོང་སྟེ། ཚ་བོ་བྱ་ཤུབས་རྒྱལ་པོ། ཚ་བོ་བྱ་ཤུབས་རྒྱལ་པོ་ཞེས་ལན་མང་པོར་སྐད་གདངས་རིང་པོའི་ངུ་ངག་གིས་ཉིན་མཚན་མེད་པར་བཙལ་བས་མ་རྙེད་དོ།།
ནམ་ཞིག་ཙ་ན་བྱ་ཤུབས་རྒྱལ་པོའི་སྐད་རི་ཐོན་པོ་ཞིག་གི་རྩེར་བྱུང་བས། དེར་ཕྱིན་པས་ཡང་ལུང་པའི་མཐིལ་ནས་སྐད་དེ་འདུག་པ་ཐོས། མོས་དེར་ཕྱིན་པས། རྡོ་ཞིག་གི་རྩར་བྱ་ཤུབས་རྒྱལ་པོ་ལྷམ་གྱི་ཁྲེས་པོ་ཞིག་ཁུར་ནས་འགྲོ་བ་དང་འཕྲད་དོ། ཁོ་ན་རེ། ཁྱོ་དང་འཕྲད་པ་ཡིད་དགའ་སྟེ། ང་ནི་ལྷ་འདྲེའི་ཆུ་ལེན་བྱེད་དགོས་བྱུང་བས་འདི་དག་མ་ཟད་བར་རིན་བྱས། ཁྱེད་རང་ང་འཚོལ་བ་ལས། ཁྱིམ་དུ་སོང་ལ་སྔར་གྱི་བྱ་ཤུབས་དེ་ལྟ་བུ་ཞིག་བཟོས་ལ། དེ་ལ་བྱ་ཤུབས་རྒྱལ་པོའི་བླ་བསླུ་གྱིས་དང་། དེ་ལྟར་བྱས་ན་ང་ཡང་འོང་ཆོག་པ་ཞིག་ཡོང་ལས་ཆེ་ཟེར་རོ། །དེ་མ་ཐག་ལྷ་འདྲེ་ཡི་རླུང་འཚུབ་པ་ཞིག་བྱས་ཁྱེར་རོ། །དེ་ནས་མོས་ཇི་སྐད་སྨྲས་པ་བཞིན་ཁྱིམ་དུ་ཕྱིན་ནས་བྱ་ཤུབས་གསར་པ་ཞིག་བཟོས་ནས་བླ་བསླུ་བྱས་པས། བྱ་ཤུབས་རྒྱལ་པོ་སྐས་མགོར་ཀྲོང་གིས་བྱུང་ངོ་སྨྲས་པས། རྒྱལ་པོ་བདེ་བྱེད་བཟང་པོས་བུད་མེད་དེ་དགའ་རབ་ཅིག་བྱུང་འདུག་ཟེར་ཤོར་བས། རོ་དངོས་གྲུབ་ཅན་བྲོས་སོ། །དངོས་གྲུབ་ཅན་ལས་བྱ་ཤུབས་རྒྱལ་པོའི་ལེའུ་སྟེ་བདུན་པའོ།། །།

༈ དེ་ནས་ཡང་སྔར་བཞིན་དངོས་གྲུབ་ཅན་ལེན་དུ་ཕྱིན། གཏམ་འདི་བཞིན། སྔོན་དུས་དང་པོ་ཙ་ན། ཡུལ་ཀུན་སྨོན་བྱ་བ་ན། རྒྱལ་པོ་ཀུན་སྣང་བྱ་བ་བྱུང་སྟེ། ནམ་ཞིག་དེ་འདས་པ་ན། དེའི་ཀུན་སྐྱོང་བྱ་བས་རྒྱལ་སྲིད་འཛིན་ཏོ། །དེའི་ཆབ་འོག་ན་རི་མོ་མཁན་ཀུན་དགའ་བྱ་བ་དང་། ཤིང་བཟོ་བ་བརྩོན་འགྲུས་བྱ་བ་གཉིས་ཡོད། དེ་གཉིས་པོ་ཆགས་སྡང་ཤིན་ཏུ་ཆེ་བར་གྱུར་ནས་རི་མོ་མཁན་གྱིས་ངན་སེམས་སྐྱེས་ནས་རྒྱལ་བུའི་དྲུང་དུ་ཕྱིན་ཏེ། བདག་གི་མདང་སང་ཁྱེད་ཀྱི་ཡབ་དེ་ལྟར་འཁྲུངས་འདུག །དེར་ཤོག་གསུངས་པ་དེར་ཕྱིན་ཏེ་སྟོབས་འབྱོར་བསམ་གྱིས་མི་ཁྱབ་པ་འདུག །ཡབ་ཀྱི་ཆབ་ཤོག་འདི་ཡིན་ཟེར་ནས་ཕུལ་ལོ།།
ཡི་གེའི་ནང་བལྟས་པས་རང་གི་བུ་ཀུན་སྐྱོང་ལ་སྤྲིངས་པ། ང་དེ་ནས་ཚེ་འཕོསནས་ལྷར་སྐྱེས། ད་ལྟ་ལོངས་སྤྱོད་ཕུན་སུམ་ཚོགས་པའང་ཡོད་དོ། །འདིར་གཙུག་ལག་ཁང་ཞིག་བཞེངས་པ་ལ་ཤིང་བཟོ་བ་མ་རྙེད་པས། ངེད་རང་གི་ཤིང་བཟོ་བ་བརྩོན་འགྲུས་གཏོང་བ་གྱིས། ཡང་ཡོང་ལུགས་ནི་རི་མོ་མཁན་གྱི་ངག་ནས་གསལ་ཞེས་པའི་ཤོག་འཕྲིན་རྫུན་མ་རྒྱལ་པོས་བཀླགས་པས། བདག་གི་ཕ་དེ་བཞིན་ཡིན་ན་ལེགས་སོ་སྙམ་ནས། ཤིང་བཟོ་བ་བོས་ཏེ་སྨྲས་པ། བདག་གི་ཡབ་རྒྱལ་པོ་ལྷ་ཡུལ་ན་བཞུགས་འདུག་པ། (ཤོག་ ༢༨) གཙུག་ལག་ཁང་བཞེངས་པའི་ཤིང་བཟོ་ལ་ཤོག་གསུངས་པའི་བཀའ་ཤོག་ཡི་གེ་འདི་ལྟར་འདུག་པས་ཁྱོད་ཅིས་ཀྱང་འགྲོ་བར་གྱིས་ཞེས་སྨྲས་པས། ཁོའི་བསམ་པ་ལ་འདི་བཞིན་མི་སྲིད། འདི་རི་མོ་མཁན་གྱིས་ངན་གཡོ་ཁོ་ན་ཡིན་པས། ཐབས་ཇི་ལྟར་བྱེད་སྙམ་ནས་རྒྱལ་པོ་ལ་ཞུས་པ། ལྷའི་ཡུལ་དུ་ཇི་ལྟར་བྱས་ནས་འགྲོ། འགྲོ་ལུགས་ནི་རི་མོ་མཁན་ལ་དྲིའོ་ཟེར་ནས་དྲིས་པས། ཁོ་ན་རེ། འགྲོ་ལུགས་བཟོ་ཆས་རྣམས་ཁྱེར་ཏེ། ཤིང་རིལ་མར་བྱུག་པས་མཐའ་བསྐོར་ནས་རོལ་མོ་སྣ་ཚོགས་འཁྲོལ་ཞིང་མེ་སྤར་ནས་དུ་བའི་རྟ་ལ་བཞོན་ནས་ཤོག་གསུངས་འདུག་ཟེར་རོ། །ཤིང་བཟོ་བས་དེ་བཞིན་འགྲོ་བར་ཞུ་ལ། འགྲོ་ས་ངེད་རང་གི་ཁང་ལྟག་ན་ཞིང་ཞིག་ཡོད་པ་དེའི་སྟེང་ནས་འགྲོ་ཟེར་ནས་ཞག་བདུན་ནས་འགྲོ་བར་བྱའོ། །
ཤིང་བཟོ་བས་རང་ཁྱིམ་དུ་ལོག་ནས་ཆུང་མ་ལ་སྨྲས་པ། རི་མོ་མཁན་གྱིས་རང་རེ་ལ་ཆགས་སྡང་གིས་འདི་བཞིན་བྱས་པས། ད་ནི་ཞག་བདུན་ལ་འགྲོ་བའི་ཆད་བྱས་པས་ཐབས་བྱའོ་ཟེར་ནས་ཁང་པའི་རྨང་ནས་དོང་བྲུས་ཏེ་ཁང་ལྟག་གི་དཀྱིལ་དུ་བུག་པ་ཕུག་དེ་ལ་གཡམ་པས་ཁ་བཅད་དེ་ས་གཡོགས་ནས་བཞག །ཞག་བདུན་སོང་བ་དང་རྒྱལ་པོས་ཤིང་བཟོ་བ་བརྩོན་འགྲུས་དེ་རིང་ལྷ་ཡུལ་དུ་ཡབ་ཀྱི་དྲུང་དུ་འགྲོ་རྒྱུ་ཡིན་པས་མངའ་འབངས་རྣམས་ཀྱིས་ཤིང་ཁུར་རེ་ཁྱེར་ཤོག་ཅེས་བཀའ་བསྒོས་སོ། །དེ་ནས་ཤིང་བཟོ་བའི་ཞིང་སྟེང་དུ་ཤིང་གི་ཧོམ་ཁུང་ཆེན་པོ་ཞིག་བརྩིགས་སོ། །དེའི་དབུས་སུ་ཤིང་བཟོ་བ་བཟོ་ཆས་དང་བཅས་པ་བཞག་སྟེ་མཐའ་ནས་མེ་སྤར་ཞིང་རོལ་མོ་བསྒྲགས་པས་མེ་ཆེན་དུ་བ་དང་བཅས་པ་བྱུང་བ་ན། ཤིང་བཟོ་བས་བཟོ་ཆས་རྣམས་ཐོགས་ཏེ་སར་བྲུས་པའི་དོང་ལ་ཞུགས་ནས་ཁྱིམ་དུ་ཕྱིན་ཏོ།།
དེ་ནས་ཤིང་བཟོ་བས་ཟླ་བ་གཅིག་བར་དུ་རང་ཁྱིམ་དུ་གཞན་གྱིས་མ་མཐོང་བར་མཚམས་བྱས་ཏེ་ཉིན་རེ་བཞིན་འོ་མས་ཁྲུས་བྱས་གྲིབ་མར་བསྡད་དོ། །དེ་ནས་ཁོས་དར་དཀར་གྱི་གོས་གྱོན། མེ་ཏོག་གི་ཐོད་བཅིངས་ཡིག་རྫུས་བྱས་ཏེ། རྒྱལ་པོའི་དྲུང་དུ་ཕྱིན་ནས་ཡི་གེ་ཕུལ་ལོ། །ཡི་གེར་བལྟས་པ་ན་ཀུན་སྐྱོང་ལ་སྤྲིངས་པ། ཁམས་བདེ་བ་ནས་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ལེགས། འདིར་གཙུག་ལག་ཁང་བཞེངས་པ་ལ། ཤིང་བཟོ་བ་འདི་ཞབས་ཏོག་ཤིན་ཏུ་ཆེ། བཟོ་རྣམས་ཚར། དེར་ཁོ་ལ་བྱ་དགའ་ཆེན་པོ་སྟེར་བར་གྱིས། ད་གཙུག་ལག་ཁང་འདི་ལ་རི་མོ་ལེགས་པ་ཞིག་དགོས་བྱུང་བས། རི་མོ་མཁན་ཀུན་དགའ་འཕྲལ་དུ་རྫོང་བ་གྱིས། ཡར་ཡོང་ལུགས་སྔར་ལྟར་བྱས་པས་ཡོང་ཞེས་པའི་ཤོག་འཕྲིན་བཀླགས་པས། རྒྱལ་པོ་ངོ་མཚར་སྐྱེས་ཏེ། ཁྱོད་ལྷ་ཡུལ་འཁོར་བས་ཡབ་དགྱེས་པར་འགྱུར་རམ་ཟེར། ཁོས་ (ཤོག་ ༢༩) བརྫུན་བྱས་ཏེ་ལྷའི་ཡུལ་དུ་ཕྱིན་པའི་ལོ་རྒྱུས་ཞུས་པས། རྒྱལ་པོ་དགའ་ནས་ཁོ་ལ་བྱ་དགའ་ལེགས་པར་བྱིན་ནོ།།
ད་གཙུག་ལག་ཁང་དེ་ལ་རི་མོ་ཞིག་དགོས་འདུག་པས། རི་མོ་མཁན་ཀུན་དགའ་བོས་ནས་ཡོད་པ་ནས། ཤིང་བཟོ་བ་བརྩོན་འགྲུས་ཤིན་ཏུ་དཀར་བ་དར་དཀར་གྱོན། རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པ་མཐོང་ནས། ཅི་འདི་མ་ཤི་བར་བདེ་བར་སླེབས་འདུག་སྙམ་མོད། རི་མོ་མཁན་ལ་རྒྱལ་པོས་ཡབ་ཀྱི་ཕྱག་རྟགས་སྤྲད་དེ་འགྲོ་དགོས་པའི་རྒྱུ་མཚན་གསུངས་པས། ཁོའི་བསམ་པ་ལ་ད་ནི་ངེས་པར་དུ་བའི་རྟ་ལ་ཕྱིན་པས་སླེབས་པ་ཞིག་ཡིན་པར་འདུག །ཤིང་བཟོ་བ་འདི་མིག་མཐོང་ལག་ཡོད་དུ་བསྲེགས་པ་དེ་ཡིན། ད་མི་འགྲོ་ཟེར་བ་ལ་སྔར་དཔེ་ཕྱི་ལམ་ཡིན་པས་མི་ཡོང་སྙམ་ནས་ཞག་བདུན་ནས་འགྲོ་བར་ཁས་བླངས་སོ། །ཞག་བདུན་ལོན་པ་དང་། རྒྱལ་པོས་མངའ་འབངས་བསྡུས་ནས་ཞིང་ཞིག་གི་སྟེང་དུ་ཏིལ་མར་བྱུག་པའི་ཧོམ་ཆེན་པོ་ཞིག་བྱས་ནས། དེའི་དབུས་སུ་རི་མོ་མཁན་ཆས་དང་བཅས་པ་ཞུགས་སོ། །ཕྱོགས་ཀུན་ནས་མེ་སྤར་རོལ་མོ་རྣམས་བསྒྲགས་པས། ཁོས་མ་བཟོད་པར་སྐད་ངན་འདོན་ཞིང་ཚུར་ལ་མཆོངས་པས་རོལ་མོའི་སྒྲ་ཆེན་པོས་མི་མངོན་པར་བྱས་ནས་གཞོབ་ཐུལ་གྱིས་བསྲེགས་སོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོ་ན་རེ། ལ་ཡོག་འཕྲལ་དུ་བྱུང་འདུག་ཟེར་ཤོར་བས། དངོས་གྲུབ་ཅན་ན་རེ། ཁ་ནས་གཏམ་བྱུང་སརྦ་སིདྡྷི་འཇག་ཁྱང་སྦིར་ཟེར་ནས་བྲོས་སོ། །དངོས་གྲུབ་ཅན་ལས་རི་མོ་མཁན་དང་ཤིང་མཁན་གྱི་ལེའུ་སྟེ་བརྒྱད་པའོ།། །།

༈ དེ་ནས་ཡང་སྔར་བཞིན་དངོས་གྲུབ་ཅན་ཁུར་ཏེ་ངལ་བའི་ཚེ་གཏམ་འདི་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་འཁོར་ཆེན་པོ་བུ་རམ་ཤིང་འཕེལ་བྱ་བ་ཞིག་ན། རྒྱལ་པོ་སྣང་མཛད་ཅེས་བྱ་བ་ཞིག་བྱུང་ངོ་། །དེ་ནི་འབྱོར་པ། རྒྱས་པ། ལོ་ལེགས་པ། སྐྱེ་བོའི་ཚོགས་ཀྱིས་གང་བ། བདེ་ལེགས་སུ་སྐྱོང་བ་ཞིག་སྟེ། དེ་ལ་བུ་གཟུགས་བཟང་བ་མཛེས་པ་སྟོབས་དང་ལྡན་པ་ཞིག་ཡོད་ལ། དེ་ལ་ལྷོ་ཕྱོགས་ཀྱི་རྒྱལ་པོའི་བུ་མོ་ཞིག་ཁབ་ཏུ་བླངས་སོ། །རིང་པོར་མ་ལོན་པ་ན་རྒྱལ་པོ་དེ་འདས་ནས། རྒྱལ་སྲིད་རྒྱལ་བུས་སྐྱོང་ངོ་། །དེ་ནས་རྒྱལ་བུ་དེ་ལྷོ་ཕྱོགས་སུ་རྒྱལ་པོའི་བུ་མོ་ལ་ཡིད་མ་ཆགས་པར། དེ་ནས་དཔག་ཚད་གཅིག་ཡོད་པ་ན། ཁྱིམ་བདག་གི་བུ་མོ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་ལ་སེམས་ཆགས་ནས་འགྲོ་བར་བྱེད་དོ། །ནམ་ཞིག་རྒྱལ་པོ་དེ་ནད་དྲག་པོས་ཚེའི་དུས་བྱས་སོ།།
ཁྱིམ་བདག་གི་བུ་མོས་དེ་ལྟར་མ་ཐོས་ཤིང་། རྒྱལ་བུའི་སྲས་ཤིག་སྦྲུམ་ན་ཡོད་པ་ལ། མཚན་མོ་བཅོ་ལྔའི་ཟླ་བ་ཤར་བ་དང་། བུ་མོའི་ཁྱིམ་གྱི་སྒོ་བརྡུངས་པས། བུ་མོས་དཀར་ཁུང་ནས་བལྟས་པས། རྒྱལ་བུ་དེ་རྒྱན་གོས་བཞག་ནས་བྱོན་འདུག་པ་དང་། མོ་དགའ་ནས་སྒོ་དྲུང་དུ་ཕྱིན་པ་དང་། རྒྱལ་བུའི་ཕྱག་ནས་བཟུང་སྟེ་ནང་དུ་གདན་དྲངས་སོ། །འབྲས་ཆང་ལ་སོགས་པའི་བཟའ་བཏུང་གིས་མཉེས་པར་བྱས་སོ། །རྒྱལ་ (ཤོག་ ༣༠) བུས་ཁྱོད་འདིར་ཤོག་གསུངས་པའི་ཕྱི་བཞིན་དུ་ཕྱིན་པས། ཕོ་བྲང་གི་རྩེར་སླེབས་པས། ནང་ན་རོལ་མོ་ཆེན་པོ་འདུག་པ་ལ་བུ་མོས་རྒྱལ་བུ་ལ་རོལ་མོའི་སྒྲ་འདི་ཅི་ལགས་ཞུས་པས། ཁྱོད་ཀྱིས་མ་ཤེས་པ་ཡིན། འདི་ནི་ང་ཤི་བའི་གདུང་མཆོད་འཛིན་མཁན་ཡིན་གསུངས། ད་ཁྱོད་ལ་བུ་གཅིག་སྐྱེ་བས་སྐྱེ་ས་ཡང་གླང་ཆེན་གྱི་ར་བར་གྱིས། ངའི་ཡུམ་དང་བཙུན་མོ་གཉིས་གཡུ་ཞིག་ལ་མ་འཆམ་པར་ཡོད་པས། གཡུ་དེ་ངས་མཆོད་རྟེན་འོག་ཏུ་སྦས་ཡོད་པ་དེ་བཙུན་མོ་ལ་བྱིན་ལ་མོ་རང་ཡུལ་དུ་སློགས། ཡུམ་དང་ཁྱོད་གཉིས་ཀྱི་བུ་འདི་སྐྱོངས་ལ་རྒྱལ་སྲིད་བཟུང་ཟེར་ནས་རླུང་འཚུབ་བེར་སོང་ངོ་།།
དེར་བུ་མོ་ཤིན་ཏུ་སྐྱོ་ནས་བརྒྱལ་ལོ། །བརྒྱལ་བ་སངས་པ་དང་། རྒྱལ་བུ་རྒྱལ་བུ་ཟེར་ཞིང་ལུས་ཀྱང་སྐྱོ་ནད་འཐེབས་སོ། །གླང་པོའི་ར་བར་ཡོང་བ་དང་། དེ་ནུབ་བུ་བཙས་སོ། །ནམ་ལངས་པ་དང་། གླང་རྫི་བྱུང་སྟེ། ཀྱེ་མ་རྒྱལ་པོའི་གླང་རར་བུད་མེད་ལ་བྱིས་པ་སྐྱེ་བ་ལ་རིགས་གླང་ལ་གྲིབ་ཡོང་ཟེར་རོ། །དེ་ལ་མོས་སྐྱོན་དུ་མི་འགྱུར། ཁྱོད་ཀྱིས་རྒྱལ་པོའི་ཡུམ་ལ་འདིར་བྱོན་དང་གཏམ་ངོ་མཚར་བ་འགའ་ཡང་འཚལ་ལོ་ཟེར་བ་གྱིས་ཤིག །དེས་ཀྱང་ཡུམ་ལ་ཞུས་པས། ཡུམ་དེར་བྱོན་པ་ན། བུ་མོ་དེས་རྒྱུ་མཚན་རྣམས་གསོལ་བས། ཡུམ་ན་རེ། ཨ་ལ་ལ་བུ་འདི་རྒྱལ་བརྒྱུད་ཡིན་པ་ཡ་མཚན་ཤིན་ཏུ་ཆེ། ཕོ་བྲང་དུ་འགྲོ་ཟེར་ནས་རྒྱལ་བུ་དེ་ལ་རྩིས་ཆེ་བར་བྱས་སོ། །གཡུ་དེ་ཡང་ཇི་ལྟར་ཟེར་བ་བཞིན་བྱུང་བས་ཡིད་ཆེས་ཏེ་བཙུན་མོ་རང་ཡུལ་དུ་བརྫངས་སོ།།
དེ་ནས་ཡུམ་དང་གཉིས་ཀྱིས་རྒྱལ་སྲིད་སྐྱོང་། སྐབས་དེར་ཟླ་བ་བྱུང་ངོ་ཅོག་གི་བཅོ་ལྔའི་མཚན་མོར་བུ་མོའི་རྩར་བྱུང་སྟེ་མཚན་གང་འགྲོགས་ཏེ་ནམ་ལངས་པ་ན་མི་སྣང་བར་གྱུར་རོ། །དེ་ཡུམ་ལ་སྨྲས་པས། མི་བདེན་བདེན་ན་རྒྱལ་བུའི་ཀ་ཅ་ཚགས་གྱིས་ཟེར། དེ་ལྟར་ཚགས་བྱས་ནས་བསྟན་པས་ཡིད་ཆེས་ཏེ། བུ་མོ་ཁྱོད་ཀྱི་ངེད་མ་སྨད་འཕྲད་པ་ཞིག་ཡོང་བ་ཨེ་འདུག་ལྟོས་དང་ཟེར། དེ་ནས་ཚེས་བཅོ་ལྔའི་དགོང་མོ་གཅིག་ལ་རྒྱལ་བུ་བྱོན་པ་ལ་བུ་མོས་སྨྲས་པ། ཚེས་བཅོ་ལྔའི་བྱུང་ངོ་ཅོག་གི་ནུབ་མོ་བྱོན་པ་སྙིང་དགའ་སྟེ་དེ་བས་རྒྱུན་དུ་འགྲོགས་མི་ཆོག་པ་འདི་རང་སྐྱོ་ཟེར་ནས་ངུས་པས། རྒྱལ་བུ་ན་རེ། ཁྱོད་ཀྱི་སྙིང་རུས་ཀྱིས་ནུས་ན་རྒྱུན་དུ་འགྲོགས་ཏེ། ཁྱེད་བུད་མེད་ནི་སྙིང་རུས་ཆུང་བས་དཀའ་ཟེར་རོ། །བུ་མོ་ནི་རྒྱལ་བུ་ཁྱེད་རང་དང་འགྲོགས་རྒྱུ་བྱུང་ན་སྙིང་རུས་ཀྱིས་ཁག་ཐེག་སྟེ་ཤ་རུས་བྲལ་ནའང་ནུས་བྱས་པས། འོ་ན་ཟླ་བ་གཏིང་མའི་བཅོ་ལྔའི་མཚན་མོ་ཟླ་བ་ཤར་བ་དང་ཤར་ལྷོའི་ཕྱོགས་སུ་དཔག་ཚད་གཅིག་ཕྱིན་པ་ན་ལྕགས་ཀྱི་མི་རྒན་ཁྲོ་ཆུ་ཁོལ་མ་འཐུང་ཞིང་ཁ་སྐོམ་པ་ལ་ཟེར་བ་ཞིག་ཡོད། དེ་ལ་འབྲས་ཆང་རྐྱལ་པ་གང་བྱིན། དེ་ནས་སོང་བ་ན་ལམ་འཕྲང་དོག་པོ་ཞིག་ན་ལུག་གཉིས་བརྡུང་ག་བྱེད་པ་ཡོད། དེ་ལ་སྦང་ཟན་རེ་བྱིན། དེ་ནས་ཡང་སོང་བ་ན་སྐྱེས་པས་གོ་མཚོན་ཐོགས་པ་མང་པོ་ཡོད། དེ་དག་ལ་ཤ་ཟན་རེ་བྱིན། དེ་ནས་ཡང་སོང་བ་དང་། ཁང་པ་ནག་པོ་འཇིགས་སུ་རུང་བ་ (ཤོག་ ༣༡) ཁྲག་གི་གཞལ་བ་བྱས་པ་མི་པགས་ཀྱི་རྒྱལ་མཚན་བྱས་པ་ཞིག་ཡོད། དེའི་སྒོ་དྲུང་ན་གཤིན་རྗེ་ཁྲག་གི་རལ་པ་བྱས་པ་གཉིས་ཡོད། དེ་ལ་ཁྲག་ཕུད་རེ་བྱིན། དེ་ནས་ནང་དུ་ཕྱིན་པ་དང་སྔགས་པ་འཇིགས་སུ་རུང་བ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་དཀྱིལ་འཁོར་ཞིག་ཡོད། དེའི་མཐའ་ལ་སྙིང་དགུས་བསྐོར་ནས་ཡོད། སྙིང་རྙིང་པ་རྣམས་ང་ཁུར་ང་ཁུར་ཟེར། སྙིང་གསར་པ་རྣམས་ང་མ་ཁུར་ང་མ་ཁུར་ཟེར་ཞིང་ཡོད་པས། ཁྱོད་ཀྱིས་ཉམས་དང་བག་ཚ་མ་བྱེད་པར་སྙིང་གསར་པ་དེ་ཁྱེར་ནས་ཕྱི་མིག་མ་ལྟ་ཐེ་ཚོམ་མེད་པར་བྲོས་ནས་ཐར་ན་རྒྱུན་དུ་འགྲོགས་ཆོག་པ་ཡང་ཟེར་རོ།།
བུ་མོས་བསླབ་བྱ་རྣམས་སེམས་ལ་ངེས་པར་བཟུང་སྟེ། ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང་། སུ་ལའང་རྒྱུས་མེད་པར་སྙིང་སྟོབས་སྐྱེད་ནས་ཤར་ལྷོའི་ཕྱོགས་སུ་ཕྱིན་ཏེ་ལམ་བསྲུང་བ་དེ་རྣམས་ལ་རིམ་བཞིན་རྔན་པ་བྱིན་ནས། ཁང་པ་དེའི་ནང་དུ་ཕྱིན་ཏོ། །དེར་སླེབས་ནས་སྙིང་གསར་པ་ང་མ་ཁུར་ཟེར་བ་དེ་མ་ནོར་བར་བཟུང་སྟེ་ཕག་ཏུ་བཅུག་ནས་བྲོས་སོ། །སྔགས་པ་རྣམས་ཀྱིས་རྗེས་བསྙེགས་བྱས་ནས་གཤིན་རྗེའི་སྒོ་སྲུང་བ་གཉིས་ལ་སྙིང་ལ་རྐུན་མ་བྱུང་ངོ་ཟུངས་ཤིག་ཟེར་བ་ལས། འདིས་ངེད་གཉིས་ལ་ཁྲག་ཕུད་བྱིན་ནོ་ཟེར་ནས་བཏང་ངོ་། །དེ་ནས་དམག་མི་ལ་ཟུངས་ཤིག་ཟེར་བས། ངེད་ལ་ཤ་ཟན་རེ་བྱིན་ཟེར་ནས་བཏང་ངོ་། །དེ་ནས་ལུག་ཐུག་གཉིས་ལ་ཟུངས་ཟེར། འདིས་སྦང་ཟན་བྱིན་ཟེར་ནས་བཏང་ངོ་། །ལྕགས་ཀྱི་མི་རྒན་ལ་ཟུངས་ཟེར་བས། འདིས་ང་ལ་འབྲས་ཆང་སྦྱིན་ཟེར་ནས་བཏང་ངོ་། །དེ་ནས་བུ་མོ་དེས་མྱུར་དུ་ཕོ་བྲང་གི་སྒོ་ཕྱེ་བ་དང་། སྔར་གྱི་རྒྱལ་བུ་དེ་རྒྱན་གོས་ཐམས་ཅད་ཀྱིས་བརྒྱན་པ་དང་། སྐད་ཅིག་ལ་འཕྲད་ནས་དགའ་སྤྲོ་བསམ་གྱིས་མི་ཁྱབ་པ་བྱས་སོ་ཞེས་སྨྲས་པས། རྒྱལ་བུ་བདེ་བྱེད་བཟང་པོས་བུ་མོ་དེ་སྙིང་རུས་ཆེ་ཨང་ཟེར་ཤོར་བས། དངོས་གྲུབ་ཅན་བྲོས་སོང་ངོ་། །དངོས་གྲུབ་ཅན་ལས་བུ་མོ་སྙིང་སྟོབས་ཅན་གྱི་ལེའུ་སྟེ་དགུ་པའོ།། །།

༈ དེ་ནས་ཡང་དངོས་གྲུབ་ཅན་ལེན་དུ་ཆས་ཏེ་སྔར་བཞིན་ཁུར་ནས་ལམ་ཐག་རིང་པོར་ངལ་ཞིང་དུབ་པ་ན། དངོས་གྲུབ་ཅན་གྱིས་གཏམ་འདི་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་འོ་མའི་རྫིང་བྱ་བ་ན། ཁྱིམ་བདག་གི་བུ་གཉིས་ཡོད་པ། རིགས་མཉམ་པ་ལས་ཆུང་མ་རེ་བླངས་ཏེ་དགའ་ཞིང་རྩེ་བར་བྱེད་པ་ལ། ཕུ་བོ་དེས་ཕྲག་དོག་བྱས་ཏེ་ནུ་བོ་ཕྱིར་བཏོན་ནོ། །ནམ་ཞིག་ཕུ་བོ་དེ་འབྱོར་པ་དང་ལྡན་པར་གྱུར་ནས་ཡུལ་མི་རྣམས་ལ་སྟོན་མོ་བཟང་པོ་བྱེད་པར་རྩོམ་མོ། །ནུ་བོའི་བསམ་པ་ལ། ཕུ་བོས་གཞན་ལེགས་པོ་མི་བྱེད་ཀྱང་ད་རེས་བདག་ལ་ནང་མི་བྱས་ནས་བོས་ཡོང་སྙམ་མོ། །དེ་ནས་ཉི་མ་གསུམ་བཞིའི་བར་དུ་འབོད་མཁན་མ་བྱུང་། ཁོ་ཡིད་ཕམ་ནས་ད་ནི་ཁོང་རྣམས་ཆང་གིས་བཟི་ནས་ཡོད་པས། སོང་ལ་ནོར་དྲག་པ་རྣམས་བརྐུའོ་སྙམ་ནས་ནང་དུ་ཕྱིན་ཏེ་མཛོད་དུ་ཡིབས་སོ། །ཕུ་བོའི་ནང་མི་རྣམས་ཀྱིས་སྲོད་ཚུན་ཆད་ཆང་བཏུང་ནས་བཟི་སྟེ་ཉལ་ལོ། །མནའ་མ་དེས་ཕུ་བོ་བཟི་བ་ཁྲིད་ནས་ཉལ་བཅུག་གོ །ཕུ་བོ་གཉིད་ (ཤོག་ ༣༢) ལ་སོང་བ་དང་ལངས་ཏེ་སྣོད་ཅིག་གི་ནང་དུ་ཟས་ཀྱི་བྱེ་བྲག་མང་པོ་བཅུག་སྟེ་ཕྱིར་དོན་སོང་ངོ་། །དེར་ཁོ་ཡིད་མ་ཆེས་ནས་བརྐུ་བ་ཤོལ་ཏེ་མོའི་ཕྱི་བཞིན་ཕྱིན་ཏོ།།
བུད་མེད་དེ་ཁང་ལྟག་གི་ཕྱི་བཞིན་རི་མཐོན་པོ་ཞིག་ལ་དུར་ཁྲོད་ཡོད་པ་དེ་ལ་འཛེགས་ཏེ་སོང་བ་ན། དེ་ན་སྤང་ཐང་སྔོན་པོ་ཞིག་གི་དཀྱིལ་ན་རྡོ་ལེབ་དཀར་པོ་ཞིག་གི་སྟེང་ན་མི་ཞིག་གི་ཕུང་པོ་སྐྱ་ནར་འདུག་པ་དེ་མོའི་སྙིང་གྲོགས་ཤི་བ་ལ་མོ་ཆགས་ནས། བྱ་གཅན་གཟན་སོགས་ཀྱི་མ་ཟོས་པར་འདུག་ཟེར་བ་ཐོས་ནས་དེར་འགྲོ་བ་ཤེས་སོ། །དེ་ནས་མོས་རོ་དེ་མཐོང་བ་དང་ངུ་ཞིང་སོང་ནས་འཕྲད་པ་དགའ་ཞིང་རྩེ་བར་བྱེད་དོ། །བུད་མེད་དེས་ཟས་རྣམས་བཤམས་ནས་ཁར་བཅུག་པས། སོ་ཁྲིག་ནས་འགྲོ་མི་ཐུབ་པ་ན། ལིའི་ཐུར་མས་རོའི་ཁ་ཁྲིག་པ་ཕྱེ་སྟེ་ཟས་རྣམས་མོ་རང་གིས་རྙོད་ཅིང་བྱིན་པས། ལི་ཐུར་ཆགས་ནས་ཡར་བས་མོའི་ལྕེ་རྩེ་ཆད་ནས་སོ་བར་ལུས་སོ། །དེར་ཁྲག་མང་པོ་ཟགས་ནས་ཟུག་ཆེས་ཏེ་ཟ་མའི་སྣོད་ཐོགས་ཏེ་ཕྱིར་ལོག་གོ །སྤུན་ཟླ་དེས་ཀྱང་སྔུན་ལ་སླེབས་ནས་མཛོད་དུ་ཡིབས་སོ། །དེ་ནས་བུད་མེད་དེ་མལ་དུ་སོང་བ་དང་། ཕུ་བོ་གཉིད་ཁུན་བྱས་པ་ལ། དེར་མོས་ཨ་ཚའོ་ཟེར་ནས་ཁྱོད་འདྲ་བའི་མི་ཞིག་ཡོང་བ་ཞེས་ངུའོ། །ཕུ་བོ་དེས་ཅི་བྱུང་སྨྲས་པས། ཁྱོད་ཀྱིས་ངའི་ལྕེ་རྩེའི་རྣ་ལ་སོས་འགྲད་ནས་ཆད་སོང་། ང་ལ་དེ་ཉིད་མེད་ན་ཅི་ལ་རུང་ཟེར་རོ། །ཁོ་ན་རེ། ངས་ཁྱོད་ལ་འདི་འདྲ་མ་བྱས་སྨྲས་པས། མོ་ན་རེ། ང་རང་རྒྱུས་ཆེ་བས་རྒྱལ་པོ་ལ་ཞུ་ཟེར་ནས་འཐབ་པར་བྱེད་དོ། །ནུ་བོས་ཀྱང་དོ་ནུབ་ཆས་མ་ཁྱེར་བར་གཞན་ཞིག་ཏུ་སོང་ངོ་། །སང་དེ་བུད་མེད་དེས་སྔ་བར་རྒྱལ་པོའི་དྲུང་དུ་སོང་ནས། རྒྱལ་པོ་ལ་བདག་གི་ཁྱོས་མི་རིགས་པའི་བྱ་བ་འདི་ལྟ་བུ་བྱས་བྱུང་བ་ཁྲིམས་ལུགས་ཇི་ལྟར་ཡོད་པ་བཞིན་དུ་མཛད་པར་ཞུ་ཟེར་རོ། །རྒྱལ་པོས་ཁྱོད་དེ་དང་བུད་མེད་གཉིས་ངོ་འཛོམས་བྱས་ནས་སྨྲས་བཅུག་པ་ན། མོས་བདེན་བདེན་འདྲ་བ་མང་དག་སྨྲས་སོ། །ཁྱེའུ་དེ་ཅུང་ཟད་ཙམ་སྨྲས་ནས་ངས་མ་དྲན་ཟེར་རོ། །རྒྱལ་པོས་ཁྱོད་དེ་རྫུན་པར་འདུག་པས་ཆད་པ་ཆོད་ཅིག་སྨྲས་ནས། དེ་གསལ་ཤིང་གི་རྩེར་སྐྱོན་ནས་འཆི་བར་ཐུག་པ་ན། སྤུན་ཟླ་དེས་ཐོས་ནས་མྱུར་དུ་སོང་སྟེ་དེ་ལ་ཅི་ཉེས་དྲིས་པས། དེས་ཀྱང་རྒྱུ་མཚན་རྣམས་སྨྲས་སོ།།
སྤུན་ཟླ་དེས་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཕྱག་བྱས་ཏེ། ལྷས་མཁྱེན་པར་མཛོད་ཅིག་དང་། མ་བརྟག་པའི་བྱ་བ་གང་ལ་ཡང་ཡིད་བརྟན་མི་རུང་ལགས་པས། སླར་ཡང་ཁོང་རང་གཉིས་སོགས་གཅིག་དང་ངས་དྲང་པོར་སྨྲས་སོ་ཟེར་ནས། ནུ་བོས་བུད་མེད་ལ་སྨྲས་པ། ཁྱོད་དུར་ཁྲོད་དུ་རོའི་རྩར་འགྲོ་ལུགས་ཞིབ་པར་བཤད་པས། རྒྱལ་པོ་ཐུགས་མ་ཆེས་ན། ད་ལྟ་རོའི་ཁ་ནང་ན་མོའི་ལྕེ་རྩེ་དང་ལི་ཐུར་ཆགས་རོ་ཁྲག་གིས་སྦགས་པ་ཡོད་པས་མི་ལྟ་བར་ཐོངས་ཞུས་སོ། །དེ་ལྟ་བར་བཏང་བས་ཇི་ལྟར་ཟེར་བ་བཞིན་འདུག་པས། ཁྱོད་བདེན་པར་འདུག་གོ །ད་ཕུ་བོ་གསལ་ཤིང་ (ཤོག་ ༣༣) ལས་ཕབ་སྟེ། བུད་མེད་དེ་གསལ་ཤིང་ལ་བསྐྱོན་ནས་བསད་དོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་རང་ཕན་པ་ལ་ཟེར་ཤོར་བས། དངོས་གྲུབ་ཅན་བྲོས་སོ། །དངོས་གྲུབ་ཅན་ལས་ཁྱིམ་བདག་ཁྱོ་ཤུག་མི་མཛའ་བའི་ལེའུ་སྟེ་བཅུ་པའོ།། །།

༈ དེ་ནས་ཡང་སྔར་བཞིན་བྱས་ཏེ། དངོས་གྲུབ་ཅན་ཁུར་ནས་ལམ་རིང་ཤོར་བ་ན་ཡང་། གཏམ་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་ལྗོངས་རིང་པོ་ཞིག་གི་དབུས། ཕྱོགས་གང་ནས་འོངས་ཀྱང་གནས་མལ་ཞག་ས་ཕོག་པ་ཞིག་ན། སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཐོག་ཚད་ཙམ་ཞིག་བཞུགས་པའི་གཙུག་ལག་ཁང་རྙིང་པ་ཞིག་ཡོད་ལ། དེའི་ཉེ་འཁོར་ཁང་ཆུང་ཞིག་ཡོད་དོ། །དེ་ནང་མི་རྒན་བཟའ་མི་གཉིས་བུ་མོ་གཅིག་དང་བཅས་པ་ཡོད་དོ། །དུས་ནམ་ཞིག་ལུང་པ་དེའི་མདའ་ན་མི་དབུལ་པོ་ཞིག་ཡོད་པ་དེས་ཤིང་སྒམ་ཞིག་གི་ནང་དུ་ཤིང་ཐོག་བཅུག་སྟེ། ལུང་པའི་ཕུར་ཚོང་དུ་ཕྱིན་ནས་ལོག་པའི་ཞག་ས་ལྷ་ཁང་ནང་དུ་བྱས་སོ། །མི་དེས་རྒན་གཞོན་བཟའ་བཅས་ཡོད་པའི་དཀར་ཁུང་ནས་ཉན་རྣ་བརྒྱབ་པས། རྒན་མོ་ན་རེ། ད་ནི་ངེད་རང་གཉིས་ཀྱང་རྒས། བུ་མོ་གསེར་སྒྲོན་འདི་ཡང་ཆོས་འཇིག་རྟེན་གང་བྱེད་ཀྱང་རན་ནས་འདའ་ཟེར། རྒད་པོ་ན་རེ། ཁྱོད་བདེན་ངེད་རང་གི་བདེ་སྐྱིད་བུ་ནོར་ཅི་བྱུང་བ་ཐམས་ཅད་འཕགས་པའི་སྐུ་ལ་མཆོད་པ་དང་། མོས་གུས་བྱས་པས་བྱུང་བ་ཡིན་པས། བུ་མོ་འདི་སུ་ལ་སྟེར། ཆོས་འཇིག་རྟེན་གང་དྲག་སང་ཚེས་བརྒྱད་ལ་མཆོད་པ་བཤམས་ཏེ་འཕགས་པ་ལ་ཞུ་ཟེར་ནས་གྲོས་ཐག་བཅད་དོ། །མི་དེས་ཐོས་ནས་གླགས་རྙེད་པར་འདུག་སྙམ་ནས། དེ་ནུབ་མཆོད་ཁང་སྒོ་ཕྱེ་ནས་འཕགས་པའི་སྐུ་འདྲའི་རྒྱབ་བྲུས་ཏེ་བསྡད་དོ།།
སང་ཉིན་དེ་རྒན་རྒོན་བུ་མོ་དང་བཅས་པས་མཆོད་པ་བཤམས། ཕྱག་འཚལ་ནས། རྒད་པོས་ཞུས་པ། འཕགས་པ་ཐུགས་རྗེ་ཆེན་པོ་ཁྱེད་ལ་མཁྱེན་པའི་སྤྱན་མངའ་བས། བདག་གི་བུ་མོ་འདི་ཆོས་འཇིག་རྟེན་གང་བྱེད། འཇིག་རྟེན་བྱེད་ན་སུ་ལ་བྱིན། རབ་གསུང་འབྱོན་པར་ཞུ། ཡང་ན་རྨི་ལམ་དུ་ལུང་སྟོན་པར་ཞུ་ཞེས་ཞུས་པ་དང་། མི་དེས་འཕགས་པའི་ཞལ་གྱི་ཐད་ནས་གསུང་འབྱོན་པ་ལྟར་བྱས་ནས། ཁྱེད་ཀྱི་བུ་མོའདི་འཇིག་རྟེན་འཐད་པར་འདུག་པས། སང་སྔ་བར་སྒོ་དྲུང་དུ་མི་སུ་སྔ་བ་དེ་ལ་བྱིན་ཅིག་དང་། དོན་འགྲུབ་པར་འགྱུར་རོ་སྨྲས་པས། རྒན་རྒོན་གཉིས་འཕགས་པས་གསུང་འབྱོན་སྙམ། དགའ་མགུ་ཡིད་རང་ནས་ཕྱག་བཙལ་ཏེ་སོང་ངོ་། །མི་དེས་སྐུ་འདྲའི་ནང་ནས་ཐོན་ཏེ། ནངས་པར་སྔ་བར་སྒོ་དྲུང་དུ་ཕྱིན་ནས་འདུག་པས། རྒན་མོ་བྱུང་ནས། ཁོ་མཐོང་བས་དེ་མ་ཐག་ནང་དུ་སོང་ནས་སྨྲས་པ། འཕགས་པས་ལུང་བསྟན་པའི་མི་དེ་སླེབས་འདུག་པས་ཇི་ལྟར་བྱ། རྒད་པོ་ན་རེ། ཤིན་ཏུ་ལེགས་ནང་དུ་བྱོན་ཟེར་ནས། མི་དེ་ལ་བཟའ་བཏུང་ལེགས་པར་སྦྱར། བུ་མོ་དང་གསེར་གཡུ་བྲེ་གང་དང་བཅས་པ་ཁོ་ (ཤོག་ ༣༤) ལ་གཏད་དེ་བསླབ་བྱ་ཞིབ་པར་སྨྲས་སོ། །དབུལ་པོས་དེ་ལྟར་གྱིས་ལགས་སོ་ཞེས་ཟེར་ནས་ཤིང་སྒམ་ཁུར། བུ་མོ་གསེར་གཡུ་དང་བཅས་ཁྲིད་དེ་སོང་། རང་ཁྱིམ་དང་ཉེ་བར་སླེབས་ནས་ཁོའི་བསམ་པ། རྒན་ཁོག་གཉིས་ལ་གླགས་རྙེད། ད་དུང་ཡང་བུ་མོ་འདི་ཤིང་སྒམ་དུ་བཅུག་སྟེ་བྱེ་མའི་ཐང་ལ་སྦས་ནས་རང་ཡུལ་དུ་སོང་ངོ་། །ཡུལ་མི་རྣམས་ངས་སྔོན་ཆད་ཇི་ལྟར་བྱས་ཀྱང་འབྱོར་པ་དང་ལྡན་པ་ཞིག་མ་བྱུང་། ད་རྟོག་གོང་བུར་འདོད་ཀྱི་ཆོ་ག་ཞིག་བྱེད་པས། ཁྱེད་རྣམས་ལ་རྫས་རྣམས་སློང་ཟེར་ནས་ཆོ་ག་བཞིན་བྱེད་དོ། །སང་ཉིན་དེ་ཡང་བསོད་ནམས་བུར་འདུས་ཤིག་བྱེད་པས་རྫས་སློང་ཞེས་སྨྲས་ནས་ཆོ་ག་བྱེད་དོ། །སྐབས་དེར་ཡུལ་དེའི་རྒྱལ་པོའི་བུ་ཞིག་སྐྱོ་སངས་ལ་འགྲོ་བ་ན། མདའ་གཞུ་ཐོགས། སྟག་ཁྲིད་དེ་དཔོན་གཡོག་དུ་མ་དང་བཅས་བུ་མོ་སྦས་པའི་བྱེ་ཐང་དེར་སླེབས་ཏེ་བྱེ་མ་ནག་ལོང་ངེ་བ་ཡ་གི་ལ་འབེན་བྱས་ནས་མདའ་བརྒྱབ་བོ་ཟེར་ནས་བརྒྱབ་པས་མདའ་ཟུག་པའི་བྱེ་ཐང་བྲུས་པས་ཤིང་སྒམ་ལ་ཟུག་གོ །སྒམ་ཕྱེ་བས་བུ་མོ་གསེར་གཡུ་དང་བཅས་པ་བྱུང་ངོ་།།
རྒྱལ་པོས་བུ་མོ་ཁྱོད་ཇི་ལྟར་ཡིན་དྲིས་པས། ད་ཀླུའི་བུ་མོ་ཡིན་ཟེར་རོ། །རྒྱལ་པོ་དེ་བུ་མོ་ལ་ཆགས་པས་ངའི་བཙུན་མོ་བྱའམ་འགྲོ་བྱས་པས་ང་མི་འགྲོ་ཞིང་སྒམ་འདིར་སྡོད་དགོས་ཟེར། ཤིང་སྒམ་དུ་སྟག་བཅུག་ནས་སྔར་བཞིན་སྦས་ནས་བཞག །བུ་མོ་གསེར་གཡུ་དང་བཅས་པ་རྒྱལ་པོས་ཁྲིད་ནས་སོང་ངོ་། །མི་དབུལ་པོའི་བསམ་པ་ཤིང་སྒམ་བླངས་ནས་བུ་མོ་བསད་གསེར་གཡུ་རྣམས་ཁྱེར་ནས་ཕྱུག་པོ་ཞིག་བྱའོ་སྙམ་ནས། སྒམ་ལེན་དུ་ཕྱིན་ཏོ། །བྱེ་དོང་ནས་སྒམ་བཏོན་ཏེ་ཁང་པའི་ཐོག་ཏུ་བསྐྱལ་ལོ། །དེ་ནསཁོས་ནང་མི་རྣམས་ལ་དོ་ནུབ་བསོད་ནམས་འཕྲལ་སོགས་ཀྱི་ཆོ་ག་ཞིག་བྱེད་དགོས་བྱུང་བས། སྒྲ་དང་སྐད་ཅ་ཅོ་གང་བྱུང་ཡང་མ་འོངས་ཤིག་ཟེར་རོ། །མི་དེས་སྒམ་ནང་གི་བུ་མོ་བྲོས་དོགས་ནས་ཁ་སྦུག་དེར་བཞག །སྒམ་སྒོ་ཕྱེ་ནས་བུ་མོ་སྡུག་པར་མ་གྱུར་ཏམ། ཐོན་ཤོག་བྱས་པས་ན་སྟག་ཐོན་པས་དངངས་སྐྲག་ནས། ཀྱེ་ཧུད་སྟག་བྱུང་ངོ་། །བུ་མེད་ཚོ་ར་མདའ་ལ་མྱུར་དུ་ཤོག་ཅིག་ཅེས་ཀུ་ཅོ་འདོན་པ་དང་སྟག་དང་འཐབ་པར་ཁོང་རྣམས་ན་རེ། ཨ་ཕའི་བསོད་ནམས་འཕྲལ་སོགས་འདི་ནི་འཚུབ་ཅིང་བྲེལ་བ་ལ་ཟེར་ནས་བཞད་གད་བྱེད་དོ།།
སང་ཞོགས་ལྟར་ཕྱིན་པས། སྟག་ཆེན་པོ་ཞིག་ཁ་ལག་ཁྲག་གིས་བགོས་པ་གཅིག་བྱས་བསྡད་འདུག་པ་ལ། ཕ་དེ་ནི་སྟག་གིས་ཟོས། དེ་ནས་བུ་མོ་དེས་རྒྱལ་པོའི་བཙུན་མོ་བྱས་པས་སྲས་རྒྱལ་བུ་གསུམ་བྱུང་སྟེ། བདེ་སྐྱིད་དཔལ་འབྱོར་ཡོད་པ་ལ། ནམ་ཞིག་བློན་འབངས་རྣམས་ཀྱིས་རྒྱལ་པོ་ལ་བཅོལ་རེ་ཆུང་། ས་འོག་ནས་ཐོན་པའི་བུད་མེད་ལ་བཙུན་མོ་རེ་བཅོལ། སྲས་ཡོད་ཀྱང་ཕ་མིན་ཞང་པོ་མེད་པས་ཅི་རུང་ཟེར་རོ། །བཙུན་མོས་ཐོས་པས་མ་དགའ་སྟེ། སང་ང་ཕ་མའི་སར་འགྲོ་སྙམ་སྟེ། ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང་། ཕོ་བྲང་ནས་རང་ཡུལ་དུ་སོང་ངོ་། །དེ་ (ཤོག་ ༣༥) ནས་ཉི་མ་དྲོས་ཙམ་ན། ཕ་མའི་ཁྱིམ་དང་ཉེ་བར་ཕྱིན་ཏོ། །དེ་ནས་སྔར་མེད་པའི་ཐང་ཞིང་དང་། མི་མང་པོ་རྨོས་བྱེད་དོ། །དེ་དག་གི་ནང་ནས་རྨུག་པོ་རྒྱན་དང་ལྡན་པ་ཞིག་བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་སྤྱོད་འདུག་པས། དེ་ན་རེ། བུ་མོ་ཁྱོད་གང་ནས་འོང་ཟེར་བ། ཐག་རིང་པོ་ཞིག་ནས་ཡིན་བྱས་པས། ད་གར་འགྲོ། རི་ཟུར་འདིའི་རྒྱབ་ན་བདག་གི་ཕ་མ་རྒན་རྒོན་གཉིས་ཡོད་པ་ཁམས་བཟང་ངན་ལྟར་འགྲོ་བྱས་པས། འོ་ན་དེ་གཉིས་ལ་བུ་མོ་ཞིག་ཡོད་ཟེར་བ་དེ་ཡིན་ནམ་ཟེར། ཡིན་ནོ་བྱས་པས། ཨ་རེ་མཚར་ང་ཡང་དེའི་བུ་ཡིན། ང་ལ་ཨ་ལྕེ་ཞིག་ཡོད་ཟེར་བ་དེ་ཁྱོད་ཡིན་པར་འདུག་པས། འདིར་སྡོད་ལ་བཟའ་བཏུང་བཟང་པོ་བྱིན་ནོ། །
དེ་ནས་ཁོ་དང་འགྲོགས་ཏེ་སོང་བ་དང་། རི་ཟུར་ནས་བལྟས་པ་ན། སྔར་གྱི་ཁང་པའི་ཤུལ་ན་ཁང་བཟང་མཆོག་ཏུ་ཉམས་དགའ་བ་ཞིག་འདུག་གོ །འདི་སུའི་ཡིན་དྲིས་པས། འདི་རྣམས་ངེད་རང་གི་ཡིན། ཕ་མ་གཉིས་ཀྱང་ཁམས་བཟང་བར་ཡོད་ཟེར། དེ་ནས་ནང་དུ་ཕྱིན་པ་དང་། སྒོ་ཁང་ནང་ནས་བཟུང་སྟེ་ཕྱི་ནང་ཐམས་ཅད་ནོར་གྱིས་གང་འདུག་ཅིང་། ཕ་མ་གཉིས་པོ་དར་ཟབ་ཀྱི་གདན་ལ་འདུག་པ་བུ་མོས་མཐོང་བས་ཁམས་དྲི་བྱས་སོ། །ཕ་མས་ཀྱང་ངེད་གཉིས་མ་འདས་པ་ལ་འཕྲད་དུ་ཡོང་བ་ཤིན་ཏུ་དགའ་ཟེར་ནས། དགའ་སྤྲོའི་ངང་ནས་ལོ་རྒྱུས་ཞིབ་པར་སྨྲས་སོ། །དེ་ནས་རྒྱལ་བློན་འཁོར་དང་བཅས་པ་གདན་དྲངས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པས་མཉེས་པར་བྱས་སོ།།
བཙུན་མོ་ལ་ཕ་མིང་མེད་ཟེར་བའི་སྐུར་བ་ལས་གྲོལ་ནས་རྒྱལ་བློན་འཁོར་བཅས་ཡིད་ཆེས་ནས་བཞུད་དོ། །བཙུན་མོ་ཕྱིར་ཐོན་བྱས་ནས་ཞག་གཅིག་ཕ་མའང་དགའ་བའི་གཏམ་བྱས་གཉིད་ཉལ་བའི་སྔས་དང་གདན་མཁྲེགས་ཤིང་མགོ་ན་བ་ཞིག་བྱུང་བ་ཡིད་མ་ཆེས་པར་བདག་ཕ་མ་གཉིས་དང་ལྷན་ཅིག་དར་ཟབ་ཀྱི་སྔས་དང་གདན་ཡོད་པ་འདི་ཅི་ཡིན་སྙམ་མོད། ནམ་སོང་བ་ན་ཁང་བཟང་གི་མི་ལོངས་སྤྱོད་དང་བཅས་པ་ཐམས་ཅད་མི་འདུག །སྔར་གྱི་ཁང་ཆུང་དེ་ཞིག །ཕ་མའི་རུས་པ་དེ་དག་གང་སར་འཐོར་འདུག །རང་གཅིག་པུ་ས་སྦྱན་ལ་ཉལ་འདུག་པས་ཡིད་མ་དགའ་ནས། ལྷ་ཁང་ལྟའོ་སྙམ་པ་དེ་ཡང་ཞིག །འཕགས་པའི་སྐུ་དེ་ཡང་རྙིང་ནས་ཉམས་འདུག་པས། བཙུན་མོའི་བསམ་པ། ཀྱེ་མ་འདི་ནི་འཕགས་པས་ཐུགས་རྗེས་བཟུང་ནས་བདག་གི་ཕ་མིང་དུ་མཛད་པར་ངེས་ཏེ། རྒྱལ་བློན་འཁོར་བཅས་དགྱེས་ཡོད་པས་ཕོ་བྲང་དུ་འགྲོ་སྙམ་ནས་སོང་བ་དང་། རྒྱལ་བློན་འཁོར་བཅས་ཀྱིས་ཀྱང་རིང་པོ་ནས་བསུས་ཏེ། བཙུན་མོ་འདི་ནི་ཕ་མིང་སྟོབས་ཆེ་ཞིང་། རྒྱལ་བུ་སྐུ་མཆེད་ཀྱང་འཁྲུངས་པས་བཙུན་མོ་དམ་པའོ་ཞེས་བསུ་བའི་བཀོད་ཁྱབ་ཆེན་པོ་དང་བཅས་ཕོ་བྲང་དུ་ཕྱིན་ཏོ། །ཅེས་སྨྲས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་འདྲའི་བུ་མོ་དེ་བསོད་ནམས་ཆེ་ཨང་ཟེར་ཤོར་བས། དངོས་གྲུབ་ཅན་བྲོས་ཤོར་རོ། །དངོསགྲུབ་ཅན་ལས་བུ་མོ་གསེར་སྒྲོན་མའི་ལེའུ་སྟེ་བཅུ་གཅིག་པའོ།། །།

༈ (ཤོག་ ༣༦) དེ་ནས་སྔར་བཞིན་རོ་ལེན་དུ་ཕྱིན་ཏེ་ཁུར་ནས་ཡོང་བ་ན། དངོས་གྲུབ་ཅན་གྱིས་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་གྱི་མཐའ་སྐོར་ཐམས་ཅད་ཨ་ཀ་རུ་དང་ཙནྡན། གུར་གུམ་ལ་སོགས་ཤིང་སྣ་ཚོགས་ཀྱིས་གང་བ། དེའི་ནང་ནས་ལོ་ཐོག་སྣ་ཚོགས་འབྱུང་བའི་ཞིང་དང་། ཆུ་བོའི་རྒྱུན་བབས་པའི་དབུས་ན། ཕོ་བྲང་གསེར་ལྡན་ཞེས་བྱ་བ་མཐས་གྲོང་ཁྱེར་གྱིས་འཁོར་བ་ཞིག་ཡོད་དོ། །དེ་ནང་རྒྱལ་པོ་བྱིས་པའི་བློ་ཅན་ཞེས་བྱ་བ་ཞིག་ཡོད་པ་ལས། དེའི་ཕྱག་ཞབས་ན་འབངས་བྱིས་པ་དྲན་གསལ་ཞེས་བྱ་བ་ཞིག་ཡོད་པར་འདུག །དུས་ནམ་ཞིག་ན་རྒྱལ་པོ་ན་རེ། ཁྱོད་བྱིས་པ་དྲན་པ་གསལ་བ་ཡོད་འདུག་པས། ངའི་བླ་གཡུ་བརྐུ་ཐུབ་པར་གྱིས་ཟེར་བས། བརྐུ་ཐུབ་བྱུང་ན་བྱ་དགའ་ཆེན་པོ་སྟེར་བར་བྱེད། མ་བྱུང་ན་ཁྱེད་ཀྱི་ས་གཞི་ཐམས་ཅད་འཕྲོག་ཅིང་ལེན་ཟེར་རོ། །དེ་ལྟར་ང་མི་བྱེད་པའི་རྒྱུ་མཚན་ཞུས་ཀྱང་མ་གནང་སྟེ། ཚེས་བཅོ་ལྔའི་དགོང་མོར་བརྐུ་བར་དམ་བཅས་སོ།།
དེ་ནས་རྒྱལ་པོས་ཀྱང་གཡུ་ཀ་བར་འདོགས་ཤོང་སྒོ་མི་གཅོད་པར་བྱས་སོ། །གཞན་མི་རྣམས་ཀྱིས་སྲུང་ལུགས་གང་བདེ་བྱེད་དོ། །དེ་ནས་བྱིས་པ་དྲན་གསལ་ཞེས་བྱ་བ་དེས། ཚེས་བཅོ་ལྔའི་ཕྱི་དྲོ་འབྲས་ཆང་ཤིན་ཏུ་གར་བ་ཞིག་ཐོགས་ཏེ་དེར་ཕྱིན་པ་དང་། སྒོ་དྲུང་ན་རྟ་རྫི་རྣམས་རྟ་ལ་བསྐྱོན་ཆང་བྱིན་ཏེ། ད་ངས་གཡུ་གར་བརྐུ་ཐུབ། རྒྱལ་པོས་ནི་གསན་དུ་མ་བཏུབ་བྱས་ཏེ། དེ་ནས་བཟི་བར་བྱས་སོ། །སེམས་ཅན་གྱི་གྲོད་པ་སྐམ་རྙིད་དང་སོག་མའི་ཞྭ་ཞིག་ཆུ་རྡོ་གསུམ་ཐོགས་ཏེ། ནམ་གུང་ཙ་ན་ཕོ་བྲང་དུ་ཕྱིན་པས། སྒོ་དྲུང་ན་རྟ་རྫི་རྣམས་རྟ་ལ་བསྐྱོན་ནས་བཞག་འདུག་པ་དེ་གཉིད་ཐུབ་འདུག་པས་གླགས་རྙེད་དོ། །རེ་རེ་རྟ་ཁ་ནས་ཕབ་ནས་ས་གྱང་ཞིག་ལ་བསྐྱོན་ནས་བཞག་གོ །དེ་ནས་ནང་དུ་ཕྱིན་པ་དང་ཐབ་ཚང་ན་གཡོག་མོ་གོས་ཚག་མ་དཀྲོལ་བར། མེ་བུས་ཆོག་པ་བྱས་ཏེ་གཉིད་ལ་སོང་འདུག །མེ་ལ་ཉེ་ཤོས་དེ་ལ་སོག་མའི་ཞྭ་ཞིག་བཀོན། དེའི་གཞོག་ན་ཡོད་པ་དེ་ལ་ཕུ་ཐུང་དུ་ཆུ་རྡོ་གསུམ་བརྫངས། དེ་ནས་ཚོམས་སུ་ཕྱིན་པ་དང་། རྒྱལ་པོ་གཉིད་དུ་སོང་བའི་དབུ་ལ་གྲོད་པ་སྐམ་རྙིད་དེ་གཡོགས། ཀ་བ་ལ་གཡུ་འོད་ལྷག་གེ་བ་དེ་ལ་མིས་བསྐོར་ནས་ཉལ་འདུག་པས། ཁོས་དེ་རྣམས་སྐྲ་སྦྲེལ་ཏེ་བཞག་གོ །
དེ་ནས་གཡུ་ཀ་བ་ལས་དཀྲོལ་ནས། སྐས་ལ་འཛེགས་ཏེ་བྲོས་པས་ཁོང་ཚོས་ཚོར་ནས། ད་རྐུན་མ་བྱུང་ངོ་བྲོབ་ཅིག་ཟེར་བས། སྐྲ་སྦྲེལ་བ་དེ་རྣམས་ངའི་སྐྲ་མ་འཐེན་ཟེར། རྒྱལ་པོས་སྟབ་སྟབ་པོར་མགྱོགས་པར་བརྒྱུགས་ནས། དབུ་ལ་ཕྱག་རེག་པས་གྲོད་པ་སྐམ་པོ་དབུ་ལ་བཀོན་བཞག་པ་དང་ཐུག་ནས། ཁོ་དེ་ཚོ་ལ་འུར་ཤོག་དང་གཡུ་ལས་ཁམས་ཆེ་བ་ང་རང་གི་མགོ་ཡང་སྐམ་ཚར་འདུག་ཟེར་ནས། དངངས་པའི་ངང་ནས་གཡོག་མོ་ལ་མེ་བུས་ཟེར། མེ་བུས་པས་སོག་མའི་ཞྭ་མོ་ལ་མེ་འབར་ནས་མགོ་ཚིག་སྟེ་གཡོག་མོ་གཞན་དེས་ཕུ་ཐུང་གི་གཡབ་པས་ཆུ་རྡོ་མགོ་ལ་ཕོག་ནས་རྨ་བྱུང་ངོ་། །གཡོག་མོ་རྐུན་མའི་རྗེས་ལ་མི་འགྲོ་བར་ (ཤོག་ ༣༧) རྨ་བཅོས་བྱེད་དོ། །དེ་ནས་རྟ་རྫི་རྣམས་ལ་རྐུན་མ་བྱུང་མགྱོགས་པར་རྒྱུགས་བྱས་པས། ཆང་གིས་བཟི་བས་གོམ་པ་བརྒྱབ་པ་ཙམ་མིན་པ་མ་བྱུང་། དེ་ནས་གཡུ་ཐོབ་སྟེ་རང་གི་སར་ཕྱིན་ཏོ། །སང་དེ་གཡུ་ཁྱེར་ནས་རྒྱལ་པོའི་རྩར་ཕྱིན་པས། རྒྱལ་པོ་ཐུགས་ཁྲོས་ནས་འདུག་པས། བྱིས་པ་དྲན་གསལ་ན་རེ། ཐུགས་མ་ལོག་གཡུ་འབུལ་ཞུས་པས། གཡུ་གང་དགའ་གྱིས། མདང་གི་ཁ་ཆད་དེ་ཀ་ཡིན་ཏེ། ངས་ཁྱོད་ཀྱི་ངའི་མགོ་ལ་གྲོད་པ་གཡོག་བྱས་པ་ནི་མིན། ངའི་སྙིང་ཐོན་འགྲོ་བ་ལྟ་བུའི་སྡུག་བསྔལ་བྱུང་བས། ཁྱེད་ལ་ཁྲིམས་བཅད་རྒྱུ་ཡིན་བྱས་པས། ཁོའི་བསམ་པ་ལ་རྒྱལ་ངན་འདི་ལ་ཅི་བྱེད་ཀྱང་འདྲ་བ་འདུག་བསམས་ནས། བློན་པོ་འཚིག་པ་ཟོས་ཏེ་བླ་གཡུ་བྲག་ལ་བརྡབས་པས། རྒྱལ་པོ་སྣ་ཁྲག་བྲུལ་ནས་ཤིའོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་འདྲའི་རྒྱལ་པོ་སྤྲ་ཆལ་ཆེ་བ་ལགས་ཟེར་བས། རྒྱལ་པོའི་ཁ་ནས་གཏམ་ཤོར་ཟེར་ཏེ་ཤོར་རོ། །དངོས་གྲུབ་ཅན་ལས་རྒྱལ་པོ་བྱིས་བློ་ཅན་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།

༈ དེ་ནས་ཡང་རྒྱལ་པོ་བདེ་བྱེད་བཟང་པོས། བསིལ་བ་ཚལ་ནས་རོ་དངོས་གྲུབ་ཅན་བླངས་ཡོང་བ་དང་། སྔར་བཞིན་གཏམ་འདི་སྨྲས་སོ་ཨང་། སྔོན་དུས་དང་པོ་ཙ་ན། ཡུལ་འཐབ་ཁོབ་ཅིག་ན་བྲམ་ཟེའི་ཁྱེའུ་ཞིག་གནས་ཏེ། དུས་ནམ་ཞིག་ཁོ་རང་གི་ཞིང་ཡོད་པ་ཐམས་ཅད། སྣམ་དོས་གསུམ་དང་ཚོང་བྱས་ཏེ་བོང་བུ་ཞིག་ལ་བཀལ་ནས་ཡུལ་གཞན་ཞིག་ཏུ་སོང་ངོ་། །དེ་ནས་ལམ་སྲང་ཞིག་ན་བྱིས་པ་མང་པོས་བྱི་བ་ཞིག་བཟུང་སྟེ་ཐག་པ་བཏགས་ནས་ཆུར་འཛུད། རེ་འགའ་ས་ལ་འདྲེད། རེ་འགའ་ལྕོང་ཐག་ལ་འདོགས་པ་སོགས་ཀྱི་སྡུག་ལས་སྣ་ཚོགས་གཏོང་འདུག་པ་ལ། སྙིང་རྗེས་མ་བཟོད་དེ། བྱིས་པ་ཚོ་འདི་འདྲ་མ་བྱེད་སྡིག་པ་ཆེ་བྱས་པས། བྱིས་པ་དེ་དག་ན་རེ། མི་ཁྱོད་བཅོལ་རེ་ཆུང་། འདི་ངེད་རང་ལ་དགོས་ནས་བྱུང་བ་ཡིན་ཏེ། འོ་ན་རིན་འཇལ་ལོ་བྱས་ནས་སྣམ་དོས་གཅིག་སྤྲད་དེ་བྱི་བ་རང་གནས་སུ་བཏང་ངོ་།།
ཡང་ཕྱིན་པ་ན་ལམ་གྱི་བཞི་མདོ་ཞིག་ན། བྱིས་པ་མང་པོས་སྤྲེལ་ཕྲུག་ཅིག་བཟུང་ནས་རྩེད་མོ་མི་ཤེས་བཞིན་དུ་རྩེར་འཇུག །མི་ཤེས་པ་ན་དབྱུག་པས་རྡུང་གི་འདུག་པས། སྙིང་རྗེས་མ་བཟོད་པར་ཐོངས་བྱས་ཀྱང་མ་ཉན་པ་ན། སྣམ་དོས་གཅིག་གཞལ་ནས་སླུས་ཏེ་ནགས་གསེབ་ཏུ་བཏང་། དེ་ནས་ཡང་ཕྱིན་པ་ན། གྲོང་ཁྱེར་གྱི་བཞི་མདོ་ཞིག་ན་བྱིས་པ་མང་པོས་དོམ་ཕྲུག་ཅིག་བཟུང་སྟེ་ཞོན་པ་དང་། ཐག་པས་འདྲུད་པ་སོགས་སྡུག་ལས་གཏོང་བ་སྙིང་རྗེས་མ་བཟོད་པར་སྣམ་དོས་གཞལ་ནས་ནགས་གསེབ་ཏུ་བཏང་། དེ་ནས་ཁོ་ལ་སྣམ་བུ་མེད་པར་བོང་བུ་ཁྲིད་ནས་སོང་བ་དང་། ཁོའི་བསམ་པ། བདག་ནི་ཚོང་ལ་ཡོང་བ་ཡིན་ཡང་ཚོང་ཟོང་ནི་མེད། ད་ནི་རྒྱལ་པོའི་ཕོ་བྲང་ནས་ཐབས་སྣ་ཚོགས་ཀྱིས་ནོར་གང་རྙེད་བྱའོ་སྙམ་ནས་བོང་བུ་ནགས་ཚལ་དུ་བཏང་ནས། ཕོ་བྲང་གི་ཤར་ (ཤོག་ ༣༨) སྒོར་ཕྱིན་པ་དང་། བང་མཛོད་དང་ཐུག་ནས་དར་ཟབ་ཀྱི་དོས་གཅིག་ཐོབ་སྟེ་འོངས་པས། སྒོ་དྲུང་དུ་བཙུན་མོ་དང་འཕྲད་པ་དང་། བཙུན་མོ་འཁོར་བཅས་ཀྱིས་མི་འདིས་རྒྱལ་པོའི་དཀོར་མཛོད་ལ་རྐུན་མ་བྱས་སོ་ཞེས་སྨྲས་པས། རྒྱལ་པོའི་ཕོ་ཉ་རྣམས་ཀྱིས་བཟུང་ནས་ཆད་པ་གཅོད་པ། རྒྱལ་པོ་ན་རེ། མི་འདི་ཤིང་སྒྲོམ་བཟང་པོ་ཞིག་གི་ནང་དུ་བཅུག་ལ་ལྕགས་གཟེར་གྱིས་སྡོམས་ལ་ཆུ་བོ་ཆེན་པོ་ལ་དོར་ཞིག་སྨྲས་ནས་དོར་བས། ཆུའི་དབུས་ན་ཚལ་གླིང་ཞིག་ཡོད་པ་ལ་ཆགས་སོ།།
དེར་སྦུབས་ནས་འཆི་བ་ལ་མ་ཐུག་ཙམ་ན། ཤིང་སྒྲོམ་གྱི་ཕྱི་ནས་བྲད་མཁན་ཞིག་བྱུང་སྟེ། བུ་ག་ཅུང་ཟད་བརྡོལ་བ་ནས་བལྟས་པ་དང་། ཁོ་རང་གི་སྣམ་བུ་གཞལ་བའི་བྱི་བ་དེ་ཡིན་པར་ཤེས་སོ། །བྱི་བ་ན་རེ། ཁྱོད་སེམས་བདེ་བར་སྡོད། ངས་གྲོགས་པོ་གཉིས་ཀྱང་ཁྲིད་ནས་འོང་ཟེར་རོ། །དེ་ནས་སྤྲེའུའི་སར་སོང་སྟེ་ལོ་རྒྱུས་བཤད་པ་ན། སྤྲེའུས་ཀྱང་འོང་སྟེ་སྒྲོམ་གྱི་སྲུབ་ཕལ་ཆེར་འཕྲལ་ལོ། །དེ་ནས་དོམ་བྱུང་སྟེ་སྒྲོམ་འཕྲལ་ནས་པང་ལེབ་སྟེང་དུ་སྟོན་ནས་བཞག་གོ །དེ་ནས་ཁོང་གསུམ་གྱིས་ཤིང་ཐོག་ལ་སོགས་པའི་བཟའ་བ་དང་བཏུང་བ་མང་པོ་བསྐྱལ་ནས། དེ་ཟ་ཞིང་ཆུ་ལ་མ་ཐར་བར་ཚལ་དེ་ཉིད་དུ་བསྡད་དོ། །དུས་ནམ་ཞིག་མཚན་མོ་ཕ་རིའི་ཐང་དཀྱིལ་ན་འོད་ཆེན་པོ་ཞིག་འདུག་པས་སྤྲེའུ་ལྟ་བར་བཏང་བས་ཡིད་བཞིན་གྱི་ནོར་བུ་རྒྱ་གསར་གྱི་སྒོ་ང་ཙམ་ཞིག་རྙེད་དོ། །དེ་བྲམ་ཟེའི་ཁྱེའུའི་ལག་ཏུ་བྱུང་བ་དང་། ས་ཆ་ཕ་རིར་སླེབས་པའི་སྨོན་ལམ་བཏབ་པས། དེ་བཞིན་དུ་སླེབས་ཏེ་ཐང་དཀྱིལ་དེར་ཁང་བཟང་ཞོལ་དང་བཅས་པ་དང་། དེའི་མཐའ་སྐོར་ལ་སྐྱེད་མོས་ཀྱི་ཚལ་དང་། ཡན་ལག་བརྒྱད་ལྡན་ཆུས་གང་བའི་མཚོ་རྫིང་དང་། ནང་ཐམས་ཅད་ནོར་གྱིས་གང་བའི་སྨོན་ལམ་བཏབ་པས་དེ་བཞིན་དུ་བྱུང་སྟེ་བདེ་ཞིང་སྐྱིད་པར་ཡོད་པ་ལ། དུས་ཤིག་གི་ཚེ་ཚོང་བརྡལ་ཆེན་པོ་ཞིག་བྱུང་སྟེ་ཐམས་ཅད་ངོ་མཚར་སྐྱེས་སོ།།
ཚོང་པ་དེ་དག་གི་བསམ་པ། སྔར་ཐང་སྟོང་འདི་ཉིད་མྱ་ངམ་གྱི་ཐང་ལྟ་བུ་ལ། ད་ནི་ངོ་མཚར་ཆེ་བའི་རྒྱུ་གང་ཡིན་སྙམ་ནས། ཚོང་དཔོན་གྱིས་བྲམ་ཟེའི་ཁྱེའུ་ལ་དྲིས་པས་བྲམ་ཟེས་ཀྱང་ལོ་རྒྱུས་དྲང་པོར་བཤད་དོ། །ནོར་བུ་རིན་པོ་ཆེ་བསྟན་པས། ཚོང་དཔོན་ན་རེ། ཁྱོད་ལ་ཕུན་སུམ་ཚོགས་པ་འདིས་ཆོག་པ་འདུག་གི །ཚོང་བརྡལ་འདིའི་སྟེང་ཁལ་འོག་ཁལ་རྣམས་ཀྱང་ཁྱེད་ལ་འབུལ། ནོར་བུ་འདི་བདག་ལ་ཞུ་བྱས་པས། བྲམ་ཟེས་ཀྱང་རུང་ཟེར་ནས་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཚོང་དཔོན་ལ་བསྐུར་རོ། །བྲམ་ཟེའི་ཁྱེའུས་སྔར་བཞིན་དར་ཟབ་ཀྱི་གདན་ལ་འདུག་ཅིང་ཉལ་བས་ན་མལ་ས་མཁྲེགས་ཤིང་གྲང་བ་ཞིག་བྱུང་བས་གཉིད་བསད་པ་དང་། ཁང་བཟང་ནོར་དང་བཅས་པ་ཅི་ཡང་མི་སྣང་། སྔར་གྱི་ཚལ་གླིང་དང་པང་ལེབ་ཀྱི་གདན་ལ་འདུག་གོ །དེར་ཁོ་སྡུག་བསྔལ་བར་གྱུར་ཅིང་སེམས་ཁོང་དུ་ཆུད་པ་ན། སྔར་གྱི་བྱི་བ་སྤྲེའུ་དོམ་གསུམ་བྱུང་ནས་ཅི་ཉེས་ཟེར། རྒྱུ་མཚན་རྣམས་བཤད་པས་ཁོང་གསུམ་ན་རེ། བཅོལ་རེ་ཆུང་ནོར་བུ་ཚོང་མཁན་གར་འོང་། ད་རྙེད་པར་དཀའ་ཡང་ཁྱོད་དྲིན་ཅན་ཡིན་པས་ངེད་གསུམ་གྱིས་ཨེ་ལོན་ལྟ་ཟེར་ནས་ (ཤོག་ ༣༩) ཚོང་དཔོན་གྱི་ཁང་པ་དང་ཉེ་བར་ཕྱིན་ཏོ། །ཚོང་དཔོན་དེ་ནི་སྟོབས་འབྱོར་ཕུན་སུམ་ཚོགས་པར་གྱུར་ཏོ།།
དེ་ནས་སྤྲེའུ་དང་དོམ་གྱིས་ནང་དུ་མ་ཐར། བྱི་བས་ནོར་བུ་གར་འདུག་ལྟར་ཕྱིན། དཀར་ཁུང་ལ་འཛུལ་ཏེ་ནང་དུ་ཕྱིན་པ་དང་། ཁང་པ་ཞལ་བྱས་པ་ཞིག་ན་ཚོང་དཔོན་བསྡད་འདུག །ཁྱིམ་དེའི་ཕུག་ན་འབྲས་ཀྱི་ཕུང་པོ་ཆེན་པོ་ཞིག་འདུག་པ་དེ་ལ་མདའ་བཙུགས་མདའི་རྩེ་ལ་ནོར་བུ་བཏགས། འབྲས་ཕུང་གཤམ་ན་བྱི་ལ་གཉིས་བཏགས་འདུག་པས། ཡིད་བཞིན་གྱི་ནོར་བུའི་རྩར་འགྲོ་མ་ནུས་པས། གྲོགས་པོ་གཉིས་ཀྱི་རྩར་བྱུང་། རྒྱུ་མཚན་བཤད་པས། དོམ་ན་རེ། ཐབས་ཡོད་འགྲོ་ཟེར། སྤྲེའུ་ན་རེ། དེ་འདྲ་མ་ཟེར་ངས་ཐབས་ཤེས་བྱ་ཟེར་ནས། བྱི་བ་ཁྱོད་སོང་ལ་དོ་ནུབ་ཚོང་དཔོན་གྱི་རལ་པ་ཐམས་ཅད་བཏུབ་ལ་ཤོག་དང་། སང་དགོང་ནས་བྱི་ལ་གཉིས་སྔས་མགོར་ཐོགས་ཟེར་འོང་། དེ་བྱུང་བ་དང་ནོར་བུ་བརྐུས་པ་ཆོག་ཟེར་རོ། །བྱི་བས་དེ་བཞིན་བྱས་རལ་པ་བཏུབ་པས། སང་ཞོག་དེ་ཚོང་དཔོན་གཉིད་བསད་ནས་མགོ་ཟིང་བྱས་པས་རལ་པ་རྣམས་ཉིལ་གྱིས་ཆད་བྱུང་བས་རྣམ་རྟོག་ཟོས་ཏེ། མདང་ནི་བྱི་བས་རལ་པ་ཟོས་འདུག་པའི་རིམ་གྲོ་ཆེན་པོ་གྱིས། བྱི་བ་རྣམས་སྲུང་དགོས་འདུག་པས་བྱི་བ་གཉིས་སྔས་མགོར་ཐོགས་གསུངས་པ་ལྟར་བཏགས་སོ། །
དེ་ནས་སང་དགོང་དེ་དོམ་དང་སྤྲེའུ་གཉིས་སྒོ་དྲུང་དུ་སྒུག་སྡོད་བྱས། བྱི་བ་ནོར་བུ་ལེན་དུ་བཏང་ངོ་། །བྱི་བས་སྔར་བཞིན་ཕྱིན་པ་དང་བྱི་བ་གཉིས་མེད་པས་དགའ་སྟེ་ནོར་བུ་ལེན་དུ་བརྩམས་པ་དང་། མདའ་ལ་མ་འཛེགས་ལོག་གོ །དོམ་ན་རེ་ཐབས་མེད་ཟེར་རོ། །སྤྲེའུས་ད་ནི་ལེགས་ཀྱི་ཐབས་འདི་ལྟར་གྱིས་ཤིག །བྱི་བ་ཁྱོད་སོང་ལ་མདའ་བཙུགས་པའི་འབྲས་སྤུངས་བྲུས་དང་དེ་ནས་མདའ་འགྱེལ་ཡོང་། དེ་ནས་ནོར་བུ་དྲིལ་ལ་ཤོག་ཅིག་ཟེར་བ་བྱས་ཏེ་ནོར་བུ་ར་བའི་བར་དུ་དྲིལ། ར་བ་ནས་སྒོ་དྲུང་དུ་སྒྲིལ་ཏེ། ཡག་ཤིང་བུ་གའི་ཐད་དུ་ནོར་བུ་འདྲེན་ཐུབ་ཀྱང་བྱི་བ་ངལ་ཞིང་དུབ་ནས་ཕྱིར་ཐོན་བྱུང་བ་དང་། བྱི་བ་ན་རེ། ནོར་བུ་རིན་པོ་ཆེ་ཡག་ཤིང་བུ་གའི་ཐད་ན་སླེབས་ཡོད་ཀྱང་དེ་ནས་འདྲེན་མི་ཐུབ་པར་འདུག་ཟེར། སྤྲེའུ་ན་རེ། བྱི་བའི་མཇུག་མ་ལ་སྐུད་པ་བཏགས་ཏེ་བྱི་བ་ཁྱོད་རང་ནོར་བུ་ལ་སུག་པོ་བཞི་འཁྱུད་ལ་སྡོམས་ཤིག །ངས་མཇུག་མའི་སྐུད་པ་ནས་འཐེན་ནོ་ཟེར་རོ། །དེ་བཞིན་བྱས་ནས་འཐེན་པས་བྱི་བ་དང་ནོར་བུ་ལྷན་ཅིག་བྱུང་ངོ་།།
དེ་ནས་བྱི་བ་ངལ་ཞིང་ཆད་པས་སྤྲེའུ་ལ་ཞོན། སྤྲེའུས་དོམ་ལ་ཞོན། སྤྲེའུའི་རྣ་བའི་ནང་དུ་བྱི་བ་ཉལ། ནོར་བུ་སྤྲེའུའི་ཁར་བཅུག་ནས་མྱུར་བར་ཡོང་བས་ལམ་ཞིག་ན་ཆུ་ཆེན་པོ་ཞིག་འདུག་པ་ལ་བརྒལ་བ་དང་། དོམ་གྱི་བསམ་པ་ལ་ང་གཅིག་པུས་བྱི་བ་དང་སྤྲེའུ་དང་ནོར་བུ་ཐམས་ཅད་ཁུར་བ་ཡིན་པས། ལུས་སྟོབས་ཆེ་སྙམ་པའི་ང་རྒྱལ་གྱིས་ཁྱེད་རྣམས་ལས་ང་རང་སྟོབས་ཆེ་ཞེས་སྨྲས་པས། བྱི་བ་ནི་གཉིད་ལོག །སྤྲེའུས་ལན་གཞལ་ན་ཁ་ནང་གི་ནོར་བུ་ཤོར་དོགས་ནས། ལན་མ་བྱུང་བས་དེ་ལ་དོམ་ཁྲོས་ནས་ཁྱོད་གཉིས་ང་ལ་ལན་ཙམ་ཡང་མི་ (ཤོག་ ༤༠) འཇལ་ན་ཆུ་དཀྱིལ་འདིར་སྐྱུར་ཟེར་བ་ལ། སྤྲེའུས་མ་སྐྱུར་བྱས་པས་ཁ་ནང་གི་ནོར་བུ་ཆུ་ནང་དུ་ཤོར་རོ། །དེ་ནས་ཆུ་ཐོན་པ་དང་སྤྲེའུས་དོམ་ལ་གྱོད་དལ་བྱས། དོམ་ཁྱོད་སེམས་ཅན་གྱོང་པོ་གང་ཡང་མི་འོང་བ་ཞིག་འདུག་ཅེས་སྨྲས་པ་དང་། བྱི་བས་ཚོར་ཏེ། དོམ་གྱིས་ཅི་བྱས་ཟེར། དོམ་འདིས་མི་མཁས་པ་འདི་བཞིན་བྱས་སོ་བྱས་པས། བྱི་བས་ཆུ་འགྲམ་ལ་སྐད་འདོན་ཞིང་ཡར་རྒྱུག་མར་རྒྱུག་བྲེལ་ཪབས་བྱས་པས་ཆུ་ནང་གི་སེམས་ཅན་ཕལ་ཆེར་འདུས་པས། བྱི་བ་ཁྱོད་འདི་འདྲའི་བྲེལ་ཞིང་འཚུབ་པ་ཅི་ཡིན་ཟེར་བས། བྱི་བ་ན་རེ། ཁྱེད་ཚོས་མ་ཐོས་པ་ཨེ་ཡིན། སྐམ་ལ་མི་ཆགས་ཆུ་ལའང་མི་ཆགས་པའི་དམག་ཚན་ཆེ་བ་ཞིག་འདུག་ཟེར་བས། གཞན་རྣམས་ཀྱིས་འདོན་ཅི་བྱས་ན་དྲག་ཟེར། བྱི་བ་ན་རེ། གཞན་ཐབས་མེད་ཀྱིས་སྐམ་གཤེར་གྱི་མཚམས་འདིར་རྫོང་ཞིག་བརྩིགས་པ་ལེགས་ཟེར་བ་ལྟར་བྱས་ཏེ། ཆུ་ནང་གི་སྲོག་ཆགས་ཐམས་ཅད་ཀྱི་རྡོ་བསྐྱལ། བྱི་བས་རྩིག་མཁན་བྱས་ནས་རྨང་ཙམ་ཐིང་པ་དང་སྦལ་པ་ཆེན་པོ་གཅིག་གིས་རྡོ་ལ་འདི་ལས་ལྗི་བ་ཟེར་ནས་བཞག །
དེ་ནས་ནོར་བུ་རིན་པོ་ཆེ་རྙེད་པས་བྱི་བ་ཤིན་ཏུ་དགའ་ནས། སྤྲེའུ་བོས་ཏེ་ནོར་བུ་རིན་པོ་ཆེ་འདི་ལྟར་བྱུང་ངོ་བྱས་པས། སྤྲེའུ་ཡང་དགའ་བར་གྱུར་ནས་གྲོགས་པོ་ཁྱོད་རིག་པ་རྣོ་ཟེར། དེར་སྤྲེའུས་ནོར་བུ་ཁ་ནང་དུ་བཅུག །བྱི་བ་རྣ་བར་བཅུག་སྟེ་དོམ་ལ་ཞོན་ནས་ཅི་ཡང་མི་སྨྲ་བར་ཆུའི་ཕ་རོལ་ཏུ་ཕྱིན་ཏེ། བྲམ་ཟེའི་ཁྱེའུ་གང་སྡོད་སར་སླེབས་སོ། །བྲམ་ཟེ་དེ་ནི་ཤིན་ཏུ་གུད་ཅིང་ཕོངས་ནས་ཤི་བ་ལ་ཐུག་འདུག་པ་ལ། ནོར་བུ་གཏད་དེ་འདི་གཞན་དུ་མ་འཁྱར་བ་དང་བྱི་དོར་གྱིས་ཤིག་དང་ཁྱོད་བདེ་བར་འཚོ་ཞིང་བསམ་པ་འགྲུབ་བོ་ཞེས་སྨྲས་པས། བྲམ་ཟེ་ན་རེ། གྲོགས་པོ་དག་དྲིན་ཆེ་ཐུགས་ལ་བཏགས་ཟེར་ནས་ནོར་བུ་རིན་པོ་ཆེ་ལ་གཅེས་སྤྲས་དང་བྱི་དོར་བྱས་ནས་སྨོན་ལམ་བཏབ་པས། སྔར་བཞིན་ཕོ་བྲང་ཆེན་པོ་ཁོར་ཡུག་སྐྱེད་ཚལ་དང་བཅས་པ་ཤིང་སྣ་ཚོགས་འབྲས་བུ་དང་ལྡན་པ། བྱ་སྣ་ཚོགས་སྐད་སྙན་སྒྲོག་པ། མཚོ་དང་རྫིང་བུ་སྟེང་ཀ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་བྱུང་ངོ་།།
དེ་ནས་གསོལ་བ་བཏབ་སྟེ། ལྷའི་ཡུལ་ནས་ཚངས་པའི་བུ་མོ་ངའི་བཙུན་མོར་འབྱུང་བར་གྱུར་ཅིག་བྱས་པས། དེ་མ་ཐག་ལྷའི་བུ་མོ་འཁོར་དུ་མས་བསྐོར་བ་ཞིག་བྱུང་ངོ་། །དེ་དང་དགའ་མགུར་སྤྱད་པས་སྲས་ཕོ་འགའ་ཞིག་ཀྱང་འཁྲུངས་ཏེ་ལོངས་སྤྱོད་དང་ལྡན་པ་བྱུང་ངོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས། བྲམ་ཟེ་དེ་རང་བསོད་ནམས་ཆེ་བ་ལ་ཟེར་ཤོར་བས། དངོས་གྲུབ་ཅན་ན་རེ། རྒྱལ་པོ་དེ་ནི་ལེགས་སོ་ཞེས་སྨྲས་ནས། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་དང་ཐག་ཉེ་བ་ནས་ནམ་མཁའ་ལ་ཕུར་སོང་ངོ་། །སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱི་སྙིང་རུས་བྱས་རུང་འཛམ་བུ་གླིང་ལ་བསོད་ནམས་མེད་པ་ཡིན། ཁྱོད་རང་གི་རོ་དངོས་ (ཤོག་ ༤༡) གྲུབ་ཅན་ལན་བཅུ་གསུམ་ཁུར་བས། ཚེ་འདི་ལ་སྟོབས་ལོངས་སྤྱོད་རྒྱལ་པོ་གཞན་གྱིས་འགྲན་མི་ཚུགས་པ་ཞིག་ཡོང་བར་འདུག་གོ །དངོས་གྲུབ་ཅན་ལས་བྲམ་ཟེ་ཁྱེའུ་རྒྱལ་པོར་གྱུར་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།

༈ ཡང་རྒྱལ་བུ་བདེ་བྱེད་བཟང་པོས་སྔར་བཞིན་ཁུར་ནས་གཏམ་འདི་སྨྲས་པ། རྒྱལ་བུ་ཉི་མའང་རིང་ཐང་ཡང་ཆད། ཡང་ན་ཁྱོད་ཀྱིས་ཁམས་བསོད་ཀྱི་གཏམ་ཞིག་ཤོད། ཡང་ན་ངས་ཤོད་ཀྱིས་སྨྲས་པས་ཅང་མི་སྨྲའོ། །འོ་ན་གཏམ་ཞིག་ཤོད་ཀྱིས་ལེགས་པར་ཉོན། དེ་ཡང་སྔོན་དུས་དང་པོ་ཙ་ན། ཡུལ་ཁམས་ཆེན་པོ་ཞིག་ན། རྒྱལ་པོ་ཆེན་པོ་བློན་འབངས་དང་བཅས་པ་འབྱོར་པ་རྒྱས་པ་ལོངས་སྤྱོད་དང་ལྡན་པ་ཞིག་བྱུང་ངོ་། །རྒྱལ་པོའི་ཕོ་བྲང་དང་ཉེ་བར་ཁྱིམ་བདག་ཕྱུག་པོ་ཞིག་ཡོད་པ། དེའི་ཉེ་འཁོར་ན་དབུལ་པོའི་བུ་ཞིག་ཀྱང་ཡོད་དོ། །དུས་ནམ་ཞིག་གི་ཚེ། རྒྱལ་པོའི་བུ་དང་། ཕྱུག་པོའི་བུ། དབུལ་པོའི་བུ་གསུམ་འཛོམས་ནས་རྩེ་དགས་རོལ་ཞིང་། ཕྱོགས་གང་ནའང་བུ་མོ་མཚར་སྡུག་འོང་བ་མཐོང་ངམ་ཞེས་གླེང་བ་ན། དབུལ་པོའི་བུ་ན་རེ། ངེད་རང་གི་ལུང་པའི་ཕུ་ན་བུ་མོ་དེ་ཉིད་འབུམ་ཟེར་བའི་མཚར་སྡུག་འོད་འཕྲོ་བ་ཞིག་ཡོད་པ། སྐྱེས་པ་གང་གི་གཏམ་ཁ་མི་ལོན་པ་ཞིག་འདུག་ཟེར་རོ། །འོ་ན་ངེད་རང་གསུམ་བུ་མོ་དེ་ལ་གཏམ་ཁ་ཁུག་མི་ཁུག་རྒྱལ་བྱེད་དམ་བྱས་པ་ལ། བྱས་པས་ཆོག་ཟེར། རྒྱལ་བུས་གཏམ་ཁ་མི་ཁུགས་ན་ཕྱུག་པོའི་རྒྱུ་ནོར་རྣམས་རྒྱལ་བུ་ལ་སྤྲོད་པ་དང་། དབུལ་པོའི་བུས་ཀྱང་འཇལ་བ་དང་། ཕྱུག་པོའི་བུས་གཏམ་ཁ་ཁུགས་ན་རྒྱལ་སྲིད་ཕྱེད་སྤྲད་པ་དང་། དབུལ་པོའི་བུས་ཀྱང་འཇལ་བར་བྱས་སོ། །དབུལ་པོའི་བུས་གཏམ་ཁ་ཁུགས་ན་རྒྱལ་སྲིད་ཕྱེད་དང་། ཕྱུག་པོའི་བུའི་ནོར་རྣམས་དབུལ་པོའི་བུ་ལ་སྤྲོད་པར་བྱས་སོ།།
དེ་ནས་རྒྱལ་བུ་དཔོན་གཡོག་རྣམས་ཀྱིས་རྟ་དང་གླང་པོ་ཆེ་ལ་སོགས་པ་རྒྱན་གྱིས་སྤྲས་ཏེ་ལུང་པ་ཕུའི་བུ་མོའི་གམ་དུ་ཕྱིན་ནས་གླུ་གར་དང་རྩེ་འཇོ་སྣ་ཚོགས་བྱས་ཏེ་གཏམ་སྨྲས་ཀྱང་གཏམ་ཁ་མ་ཁུགས་པར་ལོག་གོ །ཕྱི་ཉིན་དེ་ཕྱུག་པོའི་བུས་ཟས་ནོར་ཕུན་སུམ་ཚོགས་པ་ཁྱེར་ནས་གཏམ་མང་དུ་སྨྲས་ཀྱང་གཏམ་ཁ་མ་ཁུགས་པར་ལོག་གོ །དབུལ་པོའི་བུས་ཀྱང་འགྲོ་བར་ཆས་པ་ན། རྒྱལ་བུ་དང་ཕྱུག་པོའི་བུ་གཉིས་ན་རེ། ངེད་གཉིས་ཀྱིས་མ་ཁུགས་པ་ཁྱོད་ཀྱིས་ཁུགས་སམ་སྨྲས་པས། ཁོ་ན་རེ། ཁུག་པའང་སྲིད་ཟེར་ནས་ཁོ་རང་གི་གོས་ཆས་གང་ཡིན་གྱོན་ནས་ལུང་པའི་ཕུར་སོང་ངོ་། །ལམ་དུ་རྒན་མོ་ཞིག་དང་འཕྲད་ནས་གང་དུ་འགྲོ་ཟེར། དབུལ་པོའི་བུས་སྨྲས་པ། ལུང་པ་ཕུའི་བུ་མོ་ལ་གཏམ་ཁ་ལེན་དུ་འགྲོ་བྱས་པས། རྒན་མོ་དེ་གད་མོ་ཤོར་ནས་སྨྲས་པ། ཁ་ཉིན་རྒྱལ་པོ་ཆེན་པོ་བྱོན་ནས་གླུ་གར་དང་རྩེ་འཇོ་བྱས་ཀྱང་གཏམ་མ་ཁུགས། དེ་རྗེས་ཕྱུག་པོའི་བུས་ཡོང་ནས་བཟའ་བཏུང་ནོར་རྫས་ཕུན་སུམ་ཚོགས་པ་བྱུང་ཡང་གཏམ་ཁ་མ་ཁུགས་པར་ལོག་སོང་། དབུལ་པོའི་བུ་ཁྱེད་འདྲ་བས་བུ་མོ་དེ་ལ་གཏམ་ཁ་ཁུག་པ་མི་སྲིད་དམ་ཟེར་རོ། །
དབུལ་པོའི་བུ་ན་རེ། བུ་མོ་དེ་རྒྱལ་བློན་འཁོར་དང་བཅས་པས་གཏམ་ (ཤོག་ ༤༢) ཁ་མི་ཁུགས། ཕྱུག་པོའི་བུས་ཟས་ནོར་ཕུན་སུམ་ཚོགས་པས་ཀྱང་གཏམ་ཁ་མི་ཁུགས་པས། བུ་མོ་དེ་ལྐུག་མ་ཡིན་བྱས་པས། ལྐུག་མ་ག་ལ་ཡིན། སྐྱེ་བ་སྔོན་ནས་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྲུན་ནས། ད་བར་སྐྱེ་མཆེད་གཙང་ཞིང་ཡིད་དུ་འོང་བ་ལྷའི་ལུས་ལྟ་བུ་ཐོབ་བོ། །སྐྱེས་པ་རྣམས་ཀྱིས་གཏམ་མི་ཁུག་པ་ནི་སྐྱེ་བ་སྔོན་མ་འཇིག་རྟེན་འཁོར་བའི་བྱ་བ་བྱས་པ་དྲན་ནས་སྐྱོ་བ་སྐྱེས། ཞེན་པ་གཏིང་ནས་ལོག་སྟེ་མི་ཁུག་པ་ཡིན་ཟེར། ཁོ་ན་རེ། ཡུལ་ཁམས་འདི་ན་རྒྱལ་པོ་ལས་ལྷག་པ་མེད། དེ་ལ་གཏམ་མི་སྨྲ་ན་བུ་མོ་དེ་བྱོལ་སོང་རང་ཡིན་སྨྲས་པས། རྒན་མོ་དེ་ཁྲོས་ནས། དབུལ་པོ་ཚང་ཅན་ཁྱོད་ཉོན་དང་། བུ་མོའི་སྐྱེ་བ་སྔོན་མར་འཇིག་རྟེན་འཁོར་བར་སྐྱོ་བ་སྐྱེས་པའི་སྣང་ཚུལ་ཞིག་ཁྱོད་ལ་བཤད་པར་བྱའོ།།
དེ་ཡང་སྐྱེ་བ་སྔ་མ་ཞིག་གི་དུས་སུ་བུ་མོ་དེ་སྟག་མོར་སྐྱེས་ཤིང་སྟག་གཅིག་དང་ཁྱོ་ཤུག་བྱས་པས་སྟག་ཕྲུག་ཀྱང་ལྔ་སྐྱེས་སོ། །སྟག་ཕོ་དེ་ཟས་འཚོལ་དུ་ཕྱིན་པས་རྔོན་པས་ས་མདའ་བཙུགས་པས་ཤི །དེ་ནས་སྟག་མོས་ཟས་འཚོལ་དུ་ཕྱིན་པའི་བར་དུ་རྔོན་པས་སྟག་ཕྲུག་ཐམས་ཅད་བསད། སྟག་མོས་མཐོང་ནས་རྔོན་པའི་སྟེང་དུ་མཆོངས་པས་མོ་རང་ཡང་བསད་པས། འཁོར་བར་སྐྱོ་བ་སྐྱེ་བ་ཞིག་དེ་ཡིན་པར་འདུག །ཡང་སྐྱེ་བ་དེའི་ཕྱི་མར་བྱ་སྲེག་པ་མོར་སྐྱེ་དུས་སྤེན་མའི་གསེབ་ཏུ་ཚང་མལ་བྱས་ནས་ཕྲུ་གུ་རྣམས་འདབ་གཤོག་རྒྱས་ཙམ་ཡོད་པ་ན། ཕྱུགས་རྫི་རྣམས་ཀྱིས་སྤེན་མ་ལ་མེ་བརྒྱབ་པས་བྱ་ཕྲུག་རྣམས་ཚིག །དེར་སྲེག་པ་མོ་རང་ཡང་ཚིག །སྲེག་པ་ཕོ་དེས་མེ་བསད་པའི་ཆེད་དུ་རང་གི་གཤོག་པ་ཆུར་བཅུག་ནས་ཐབས་བྱས་ཀྱང་མེ་མ་ཞི་བར་བཟའ་ཚོ་ཐམས་ཅད་ཤི་བས་སྐྱོ་བ་སྐྱེ་བ་ཞིག་དེ་ཡིན་པར་འདུག།
ཡང་སྐྱེ་བ་དེའི་ཕྱི་མ་བྱ་ཅོ་གར་སྐྱེ་དུས། ཁྱིམ་བདག་གི་ཞིང་གི་དཀྱིལ་དུ་ཚང་བཅོས་ཏེ་ཕྲུ་གུ་གསུམ་བྱུང་བ་སྐྱིད་པར་ཡོད་པའི་སྐབས། ཞིང་ལ་སྔོ་ཆུ་བཏང་བས་ཆུ་རྣམས་ཡར་ལུད་པས་ཕྲུ་གུ་ལ་གབ་པས་ཆུ་སྒྱུར་བ་དང་ཐུག །མ་བུ་ཚང་མ་འདམ་དུ་ཚུད་པས་ཤིའོ། །དེ་ནས་ཅོ་ག་ཕོའི་ཕྱོགས་དེར་འཁོར་བ་ན་མི་ཞིག་གིས་རྡོ་འཕངས་ནས་བསད་པས་སྐྱོ་བ་སྐྱེ་བ་ཞིག་དེ་ཡིན་པར་འདུག་བྱས་སོ།།
དབུལ་པོའི་བུས་གླགས་རྙེད་དེ་ལུང་པའི་ཕུར་ཕྱིན་ནས་ཁང་བཟང་ཞིག་འདུག་པ་དེའི་ཉེ་འཁོར་ལ་བསྡད་དོ། །དེ་ནས་ཁོས་བུ་མོ་དེ་ཁང་བཟང་འདི་ནང་དུ་ཡོད་དམ་སྙམ་སྟེ། སྐོར་བ་གཅིག་བྱས་ནས་བལྟས་པ་ན། བུ་མོ་ཐགས་ར་ཞིག་ན་ཐགས་འཐག་གི་འདུག་པ་མཐོང་སྟེ། དེའི་ཐགས་མགོར་ཕྱིན་ཏོ། །ཁོས་བུ་མོའི་གདོང་ལ་བལྟས་ནས་ངའི་འདི་འདྲ་བ་ལ་ཟེར་ནས་ཁྲམ་ངུས་བྱས་པས། བུ་མོ་དེས་མིག་ཀྱང་མི་བལྟ་བར་ཁ་ཕྱོགས་བསྒྱུར་ནས་བསྡད་སོང་ངོ་། །ཡང་ཁོས་རྗེས་ལ་ཕྱིན་ནས་ངའི་དེ་རང་འདྲ་བ་ལ་བྱས་ཁྲམ་ངུས་ཀྱིས་ཞོག་དེར་བསྡད་པས། བུ་མོ་དེ་ཅི་ཡང་མི་སྨྲ་བར་རང་གི་ཁང་ (ཤོག་ ༤༣) བཟང་དུ་སོང་ངོ་། །ཡང་རྗེས་ལ་ཕྱིན་ནས་སྒོ་དམ་དུ་བསྡམས་འདུག་པ་ཁོས་ཐེམ་པ་ལ་སྔས་བྱས་ནས། ངའི་དེ་འདྲ་བ་ལ་མ་ཟད་ཡིན་ངེས་རང་ཡིན་པ་འདྲ་སྟེ་ཁྱེད་སྟག་མོ་ཞིག་ཏུ་སྐྱེས། ང་ཡང་སྟག་ཅིག་ཏུ་སྐྱེས་པ་མཉམ་དུ་བྱུང་བ་ལས་སྟག་ཕྲུག་ལྔ་སྐྱེས། ང་ལྟོ་འཚོལ་དུས་རྔོན་པས་ས་མདའ་བཙུགས་ནས་བསད། ཁྱེད་ཀྱིས་ལྟོ་འཚོལ་དུ་ཕྱིན་པས་རྔོན་པས་སྟག་ཕྲུག་ལྔ་བསད། ཕྲུ་གུ་བསད་པ་མཐོང་བས་སྟག་མོས་རྔོན་པའི་སྟེང་དུ་མཆོངས་པས་རྔོན་པས་མོ་རང་བསད། དེའི་དུས་ཀྱི་སྟག་ཕོ་མོ་འདྲ་བ་ལ་ཨང་། ཡང་ངས་བྱ་སྲེག་པའི་ལུས་བླངས། ཁྱེད་སྲེག་པ་མོར་སྐྱེས་པ་མཉམ་དུ་འདུས་པ་ལས་སྲེག་ཕྲུག་གསུམ་བྱུང་བ་ལས། འདབ་གཤོག་མ་རྒྱས་ཙམ་ལ་ཚང་མལ་ལ་མེ་བརྒྱབ་པ་ཁྱོད་ཀྱིས་གབ་པས་ཤི །ངས་ཀྱང་འཁོར་ནས་ཐབས་བྱས་པས་ཤི །གནས་སྐབས་དེ་འདྲ་བ་ལ་ཨང་། ཡང་དེ་རྗེས་ཁྱོད་ཀྱི་བྱ་ཅོ་མོའི་ལུས་བླངས། ང་ཡང་ཅོ་གར་སྐྱེས་པ་མཉམ་དུ་འདུས་པ་ལས་ཕྲུ་གུ་གསུམ་བྱུང་། ཞིང་གི་དཀྱིལ་དུ་ཚང་བཅས་ནས་བསྡད་པ་ལ། ཞིང་པས་ཆུ་བཏང་འོམ་ཀ་བསྒྱུར་བས་ཁྱེད་མ་བུ་རྣམས་འདམ་ལ་ཤོར་ནས་ཤི །ངས་མ་ཕོད་པར་ཤི་འཁོར་ཡང་རྐྱེན་དབང་གིས་ཤི །དེ་དུས་ཀྱི་སྟག་བཟའ་མི་དང་། སྲེག་པ། ཅོ་ག་བཟའ་མི་རྣམས་ཀྱི་སྣང་ཚུལ་འདྲ་བ་ལ་ཞེས་ཁྲམ་ངུས་བྱེད་ཅིང་བསྡད་པས། བུ་མོ་དེས་སྒོ་ནས་ཉན་པས། མོ་རང་གི་དྲན་པ་དང་མོ་སྣང་བ་འགྱུར་ཏེ་མཆི་མ་ནར་གྱིས་བྱུང་ནས་སྒོ་ཕྱེ་ནས་སྨྲས་པ། ང་སུ་ལ་གཏམ་ཁ་མི་ལེན་པ་འདི་འཇིག་རྟེན་འཁོར་བའི་སྣང་ཚུལ་དྲན་ནས་སྐྱོ་བ་སྐྱེས་པ་ཡིན་ཏེ། ཁྱོད་ནི་ངའི་སྐྱེ་བ་ནས་སྐྱེ་བའི་བར་གྲོགས་སུ་འདུག་པས་ནང་དུ་ཤོག་ལས་ལན་ཆགས་མ་འཁོར་བ་ཡིན་ནོ་ཟེར་རོ། །དེ་ནས་ཁོས་ནང་དུ་ཕྱིན་གོས་ལྷམ་ཧྲུལ་པོ་རྣམས་བརྗེས། གོས་ལྷམ་བཟང་པོ་རྒྱན་སྣ་ཚོགས་ཀྱིས་བརྒྱན། དྲི་བཟང་གི་ཆུས་བཀྲུས། སྤོས་བཟང་པོས་བདུགས་སོ།།
དེ་ནས་ཁོ་རང་དང་བུ་མོ་གཉིས་རྒྱན་སྣ་ཚོགས་ཀྱིས་སྤྲས་ཏེ་རྒྱལ་པོའི་ཕོ་བྲང་ལ་ཕྱིན་ཏོ། །དེར་སྔར་གྱི་ཆད་བཞིན་རྒྱལ་པོས་ཁོ་ལ་རྒྱལ་སྲིད་ཕྱེད་བྱིན། ཕྱུག་པོའི་བུས་ཀྱང་ནོར་རྣམས་རྒྱལ་སྤྲད་དོ། །དེ་ནས་རིང་པོ་མ་ལོན་པར་བུ་མོས་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་། བསོད་ནམས་བསྐྲུན་པའི་མཐུ་ལས་ཡུལ་ཁམས་དེ་ལ་དབང་བསྒྱུར་བའི་རྒྱལ་པོར་འཁོད་པས། རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་བསྐལ་པ་བཟང་པོར་འགྱུར་རོ། །ཞེས་སྨྲས་པས། རྒྱལ་བུ་བདེ་བྱེད་བཟང་པོས་དེ་འདྲའི་བུ་མོ་བསོད་ནམས་ཆེ་བ་ལགས་ཟེར་ཤོར་བས། རོ་དངོས་གྲུབ་ཅན་བྲོས་ཤོར་རོ། །དངོས་གྲུབ་ཅན་ལས་བུ་མོ་དེ་ཉིད་འབུམ་གྱིས་སྐྱེ་བ་དྲན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།

༈ ཡང་རྒྱལ་བུ་བདེ་བྱེད་བཟང་པོས་སྔར་བཞིན་དངོས་གྲུབ་ཅན་ཁུར་ནས་ལམ་རིང་པོར་ངལ་ཞིང་དུབ་པ་ན། རོས་གཏམ་འདི་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་གྲུ་ཆེན་པོ་གཅིག་ཡོད་དོ། །དེའི་རྒྱལ་པོ་དེ་ལ་སྲས་རྒྱལ་བུ་གཉིས་ཡོད་པའི་ཆེ་བ་དེ་ཅུང་ཟད་བློ་རྟུལ་བ། ཆུང་ (ཤོག་ ༤༤) བ་དེ་དབང་པོ་རྣོ་ཞིང་གྲུང་བ་ཞིག་བྱུང་ངོ་། །ཆུང་བ་དེ་ལ་རྒྱལ་བློན་འབངས་དང་བཅས་པས་མཐོང་ཆེ་བས་རྒྱལ་སྲིད་གཏད་དོ། །རྒྱལ་བུ་རྒན་པ་རྒྱལ་ཕྲན་དུ་བྱས་ནས་ཟུར་དུ་ཟས་ནོར་ཁང་གཞིས་ཕོག་ནས་བཞག་གོ །རྒྱལ་པོ་ཡབ་ཡུམ་གྲོངས་ནས་རྒྱལ་བུ་ཆེ་བའི་ས་གཞིས་ཕལ་ཆེར་གཞོན་པ་དཔོན་གཡོག་གིས་རིམ་པར་འཕྲོག་པས་དབུལ་པོར་གྱུར། རྒྱལ་བུ་སྔོན་ནས་ཡི་དམ་ཕྱག་ན་རྡོ་རྗེས་རྗེས་སུ་བཟུང་ནས་ལུང་སྟོན་པ་ཞིག་ཡིན་པས། རྨི་ལམ་དུ་རྒྱལ་བུ་ལ་རལ་གྲི་བཟང་པོ་ལ་གཞལ་ཚད་རེ་བས་ཉོས་ཤིག་ཟེར་རོ། །རྒྱལ་བུའི་བསམ་པ་ལ་རལ་གྲི་ཚོང་མི་ཞིག་བྱུང་ན་དགའ་བ་ལ་སྙམ་མོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་ཕྱུག་པོ་ཞིག་ལ་རལ་གྲི་རིན་པོ་ཆེའི་རིས་ཀྱི་རལ་གྲི་ཞིག་ཡོད་པ་ཁོའི་རྨི་ལམ་དུ་རལ་གྲི་འདི་ལུང་པ་ཕུའི་རྒྱལ་བུ་རྒན་པ་ལ་ཚོང་ལ་ཕུལ་ཞིག་དོན་འགྲུབ་བོ། །ཞེས་ལུང་བསྟན་པ་ལྟར་ཁྱིམ་བདག་དེས་རལ་གྲི་དང་འབྲས་ཆང་བུམ་པ་གང་ཐོགས་ཏེ་རྒྱལ་བུའི་དྲུང་དུ་ཕྱིན། ཕྱག་བཙལ་འབྲས་ཆང་ཕུལ་ནས་རྒྱལ་བུ་ལ་གསོལ་པ། རལ་གྲི་བཟང་པོ་འདི་ཁྱེད་ལ་འབུལ་བའི་ལུང་བསྟན་བྱུང་བ་ཁྱེད་ཀྱིས་བཞེས་ནས་བདག་ལ་ས་གཞི་རྣམས་གནང་བ་ཞུ་ཟེར་བས། རྒྱལ་བུས་བདག་གི་བསམ་པ་ལུང་བསྟན་ཡང་མཐུན་པས་རལ་གྲི་ཉོས་ས་གཞིས་ཁྱིམ་བདག་རྣམས་ལ་སྤྲད་དོ།།
རྒྱལ་བུས་རལ་གྲི་བཟུང་ནས་ཉལ་བསྡད་པ་ན། རྨི་ལམ་དུ་ལུང་བསྟན་བྱུང་སྟེ། ལ་ཕར་རྒྱབ་ཀྱི་ས་ན་རྒྱལ་བུ་ཁྱོད་ཀྱིས་དོན་གྲུབ་པ་ཡོད་ཀྱི། རལ་གྲི་ཐོགས་ལ་སོང་ཟེར་བྱུང་བས། རྒྱལ་བུས་ཀྱང་དེ་ལྟར་བྱས་ཏེ་ལ་ཁ་དེ་ནས་བལྟས་པས། ལ་ཕར་རྒྱབ་དེར་མི་མང་པོ་ཚོགས་འདུག་པས་སྟོན་མོ་ཆེན་པོ་ཞིག་ཡོད་སྙམ་ནས་རྒྱལ་བུས་དེར་བྱོན་པས། མི་ཐམས་ཅད་ཚོགས་ནས་ཤོ་རྒྱག་འདུག་པ། དེ་ཚོའི་དཀྱིལ་ནས་མི་གསུམ་གྱི་ཤོ་ཤོར་རོ། །དེའི་མི་རྣམས་ཀྱི་ཤོ་ཤོར་མཁན་གསུམ་ལ་ཟས་སྣ་ཚོགས་སྟེར་ཞིང་། ཉེ་འབྲེལ་རྣམས་ངུ་ཞིང་མྱ་ངན་བྱེད་འདུག་པས། རྒྱལ་བུས་དེ་རྣམས་ཀྱི་རྩར་ཕྱིན་ནས། མི་གསུམ་པོ་འདིས་ཉེས་པ་ཅི་བྱས་སྨྲས་པས། དེ་རྣམས་ན་རེ། མི་འདི་གསུམ་གྱིས་ཉེས་པ་གང་ཡང་མ་བྱས་ཏེ། ངེད་ཀྱི་ལུང་པ་འདི་ན་ཆོས་རྒྱལ་ཆེན་པོ་ཡབ་ཡུམ་སྲས་དང་སྲས་མོ་གཅིག་ཡོད་ལ། དུས་ནམ་ཞིག་ཆོས་རྒྱལ་ཡབ་ཡུམ་གྲོངས་ནས་སྲས་མོའི་ཐུགས་ལ་གདོན་ཞུགས་ཏེ་བློན་པོ་ནང་འཁོར་རྣམས་ཟས་ཚར། ད་ལུང་པའི་མི་བསགས་ནས་ཞག་རེ་ལ་མི་གསུམ་གསུམ་ཟ་མ་ལ་སྤྲོད་དགོས་པ་ཡིན་ཟེར་རོ། །རྒྱལ་བུའི་ཐུགས་དགོངས་ལ། འདི་ཚོ་སེམས་འཁྲལ་དཔག་ཏུ་མེད་པ་འདུག །ང་ལ་སེམས་ཁྲལ་བྱེད་མཁན་ཡང་མེད་སྙམ་ནས་འདི་རྣམས་ཀྱི་ཚབ་ལ་ང་འགྲོ་གསུངས་པས་མི་ཐམས་ཅད་དགའ་ཞིང་། ལྷག་པར་མི་གསུམ་པོ་ཉེ་འཁོར་དང་བཅས་པ་རྣམས་ཀྱིས་ཕྱག་བཙལ་བཟའ་བཏུང་ཕུན་སུམ་ཚོགས་པ་ཕུལ་ལོ།།
དེ་ནས་རྒྱལ་བུ་ཕོ་བྲང་ག་ལ་བར་ཕྱིན་ནས་ནང་དུ་སླེབས་པ་ན། མི་ (ཤོག་ ༤༥) སྐད་དང་ཁྱི་སྐད་སོགས་གང་ཡང་མི་འདུག་པས། ཉིས་སྐས་ཤིག་འདུག་པ་ལ་འཛེགས་ནས་ཕྱིན་པས་ཚོམས་ཆེན་པོ་འདུག་པའི་ནང་གཡས་གཡོན་ན་རོ་མགོ་སུག་མེད་པ་བརྒྱ་ཙམ་འདུག་པ་དང་། རྒྱལ་བུའི་ཐུགས་དགོངས་ལ་འདི་ཙམ་བསགས་ནས་ཟ་མཁན་གང་ན་ཡོད་སྙམ་ནས་ཁང་སྟེང་དེར་འཛེགས་ཏེ་ཕྱིན་པ་ན་སྒོ་ཞིག་ཀྲིག་བཅད་འདུག་པ་ཕྱེ་ནས་ཕྱིན་པས་ཁང་བཟང་ཀ་བ་བརྒྱད་མ་ཞིག་གི་ནང་གཡུའི་ཁྲི་ལེགས་པ་ཞིག་གི་སྟེང་ན་བུ་མོ་ལྟ་ན་སྡུག་པ་འོད་ཆགས་པ་གཞོན་ནུ་མ་གཉན་གྱི་ཐུལ་པ་གྱོན་པ་ཞིག་ཉལ་འདུག །ནང་ཕྱོགས་རྣམས་ལ་བལྟས་པ་ན་སྒོ་ཐམས་ཅད་ལ་ལྕགས་བརྒྱབ་ནས་སུ་ཡང་མི་འདུག་པས། ཟ་བའི་འདྲེ་དེ་གང་ན་ཡོད་སྙམ་ནས་བཙལ་ཀྱང་མ་རྙེད། དེར་གཡུ་ཁྲིའི་སྟེང་གི་བུ་མོ་ལ་བོས་ཀྱང་ལན་མ་བྱུང་བས། དེ་ལ་དབུགས་ཨེ་འདུག་བལྟས་པས་དབུགས་ཡོད་ལ་མེད་ཙམ་ཞིག་འདུག་གོ །དེར་འདྲེ་ནི་མ་བྱུང་། ཁས་ནི་བླངས་ཚར་སྙམ་ནས། ཐབ་ཚང་དེར་ཕྱིན་ནས་ཤ་མར་ཞིབ་ཙམ་སྦྲང་བུ་ལ་སོགས་པ་བཟའ་བཅའ་སྣ་ཚོགས་པ་འདུག་གོ །རྒྱལ་བུས་ཤ་མར་ཞིབ་ཙམ་རྣམས་སྟོན། ཞིབ་ཟན་རྨོག་ཙམ་ཞིག་རྫིས་མར་ཁུ་མང་རབ་དང་སྦྱར་ནས་མོའི་རྒྱབ་དེར་ཟ་ཡིན་བསྡད་པས། ཉི་མ་ཕྱེད་ཡོལ་ཙམ་ན་མོ་ཁྲི་དེ་ནས་སློག་ཅིག་བྱས་ཏེ། ཁོས་མིག་བལྟས་པ་དང་རལ་གྲི་དེ་ཡང་ཁ་སྦག་པ་བྱུང་ངོ་། །རྒྱལ་བུའི་བསམ་པ་ལ་བུ་མོ་འདི་དང་ལས་སླ་བར་འདུག་སྟེ་ཟ་འདྲེ་དེ་གང་ན་ཡོད་སྙམ་ནས་སྔགས་བཟླ་བཞིན་བསྡད་པས་དེར་ཉི་མ་ནུབ་པ་དང་མོ་སླར་གློག་འཁྱུག་པ་ཞིག་བྱས་པ་དང་། ཁོའི་རལ་གྲི་དེ་ཁ་སྦག་ཙམ་བྱུང་ངོ་།།
དེ་ནས་མོ་གཡག་ཆོལ་ལོ་ལངས་བྱུང་བས། གདུང་བསྲུབས་ནས་ཏིང་ཏིང་ཟེར་བའི་སྐད་གཉིས་བྱུང་བ་དང་། བུ་མོ་དེའི་སྣ་བུག་ནས་སྦྲུལ་གཉིས་ཉང་ཉང་བྱུང་ངོ་། །སྦྲུལ་མཐོང་བ་དང་རྒྱལ་བུ་བྲེད་ནས་ལངས་པས་འདྲེ་ན་རེ། རྒྱལ་བུ་སྡོད་ཅིག་ཟེར། རལ་གྲི་ཁ་སྦག་སྦག་བྱུང་བས། སྦྲུལ་གཉིས་པོ་ཐོན་པས་རྒྱལ་བུ་བརྒྱལ་བར་གྱུར་ཏོ། །དེ་ནས་རལ་གྲི་ཤུབས་ནས་ཐོན་ཏེ་སྦྲུལ་གཉིས་ཀྱི་སྐེ་བཅད་དོ། །དེར་ཀླུ་བདུད་ཕོ་མོ་གཉིས་ཐུལ་བ་དང་། བུ་མོ་དེས་རྒྱལ་བུའི་རྩར་ཕྱིན་ནས་རྒྱལ་བུ་རྒྱལ་བུ་ཟེར་མགོ་ནས་བཏེག་གོ །རྒྱལ་བུས་ལངས་པ་ན་རལ་གྲི་ཤུབས་ན་སླེབས་འདུག་གོ །སྦྲུལ་གཉིས་གར་སོང་བྱས་པས། མོ་ན་རེ། དེ་གཉིས་ཁྱེད་རང་གི་རལ་གྲིས་སྐེ་བཅད་ནས་ཆད་དུམ་རྣམས་གྲིའི་ཡུ་བས་ན་མར་ཟོས་སོང་ཟེར། རྒྱལ་བུས་རལ་གྲི་ཕྱེད་ཙམ་བྱུང་ནས་བལྟས་པས། རལ་གྲིས་རྒྱལ་བུ་ལ་སྨྲས་པ། ཀླུ་བདུད་ཕོ་མོ་གཉིས་ནི་བསད་ནས་མེད། སྦྲུལ་གྱི་ཆད་དུམ་ཟོས་ཟིན་ཟེར་རོ། །བུ་མོས་སྨྲས་པ། རྒྱལ་པོ་ཁྱེད་ཡུལ་ཡོད་ཅིག་ཡིན་ནམ་མིན། ངེད་ཀྱི་ཡུལ་མི་ནི་མིན་པར་འདུག་ཟེར་རོ། །རྒྱལ་བུ་མིག་ཧུ་རེར་ལུས་ནས་ལན་མ་བྱུང་བ་ལ། རལ་གྲིས་སྨྲས་པ། ཡུལ་ཡོད་ཡིན་པས་སྐྱེ་བ་བྱུང་བ་ཡིན། རིགས་དང་ཁུངས་བཙུན་རྒྱལ་པོའི་ (ཤོག་ ༤༦) སྲས་བརྒྱུད་ཡིན། ཁྱེད་རང་གཉིས་ཀྱི་མགོན་གྲོགས་ངས་བྱེད་དོ། །ཞེས་སྨྲས་སོ། །བུ་མོས་སྨྲས་པ། རལ་གྲི་ཇི་ལྟར་ཡིན། རྒྱལ་བུས་སྨྲས་པ། རལ་གྲི་བཟང་ངན་སྨྲ་མི་དགོས། འགྲོ་ན་མདུན་ལ་འདོགས་པ་ཡིན། ཉལ་ན་སྔས་འོག་ཏུ་འཛུད་པ་ཡིན། སྟོད་ཕུར་བསྲུང་བའི་སྲུང་མ་ཡིན། ཀ་བ་བརྟེན་པའི་བརྟེན་པ་ཡིན། ཞེས་གསུངས་སོ།།
སང་ཉིན་དེ་ལུང་པའི་མི་ཚོགས་ནས་ཤོ་རྒྱག་གྲབས་བྱེད་པ་དང་། རྒྱལ་བུས་བྱོན་ནས་ཤོ་མ་རྒྱག་པར་ནང་དུ་ཤོག་གསུངས་སོ། །མི་དེ་རྣམས་ཀྱི་བསམ་པ་ལ། ཁ་སང་མི་ཡན་དེ་སོང་བས། སྒོ་བཅད་བྱུང་སྟེ། དེས་བློ་ཁྲིད་བྱས་ནས་ཐམས་ཅད་ཁ་ཐུམ་ལ་བསོད་པ་ཨེ་ཡིན་སྙམ་ནས་ཐེ་ཚོམ་ཚོམ་ཡོད་པ་ལ། གཅིག་ན་རེ། ངེད་རང་བློ་ཁོག་ཆེ་བ་ཞིག་ཁོང་གི་རྩར་ཕྱིན་ན་འཐད་ཟེར་བས། མི་རྣམས་ཀྱི་ཁོག་ཡངས་ཤིང་ཆེ་བའི་མི་ཞིག་ལ་འགྲོ་རོགས་གྱིས་ཞེས་བཙལ་ལོ། །རྒྱལ་པོ་ན་རེ། ང་ལ་ཕྱག་མ་བྱེད་པར་རྒྱལ་བུ་འདི་ལ་ཚོལ་ཟེར་ནས་མང་དུ་བཙལ་ལོ།།
དེ་ནས་མི་དེས་བཞི་མདོར་ཕྱིན་ནས། གོང་གི་ལོ་རྒྱུས་རྣམས་རྒྱས་པར་བཤད་པས། མངའ་འབངས་ཀྱི་མི་རྣམས་རབ་ཏུ་དགའ་སྟེ། དེ་དག་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ་རྒྱལ་བུ་དང་བཙུན་མོའི་དྲུང་དུ་ཕྱག་བཙལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ། །དེ་ནས་ཡུལ་མི་བློ་གྲོས་དང་ཁོག་ཡངས་པ་རྣམས་བློན་པོ་ལ་སོགས་པའི་ལས་ཚན་སོ་སོར་བཀོད་ནས་རྒྱལ་བུ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱིས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་རྫོགས་ལྡན་གྱི་དུས་ལྟར་དགའ་བདེའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཏོ། །ཞེས་སྨྲས་པས་རྒྱལ་བུ་བདེ་བྱེད་བཟང་པོས། རྒྱལ་བུ་དེ་འདྲ་བ་ལ་བསོད་ནམས་ཀྱི་སྟོབས་དེ་ལྟ་བུ་བྱུང་བ་ངོ་མཚར་ཆེ་ཟེར་བས་དངོས་གྲུབ་ཅན་ཤོར་རོ། །དངོས་གྲུབ་ཅན་ལས་རལ་གྲི་རིན་པོ་ཆེའི་ཡོན་ཏན་གྱིས་རྒྱལ་བུས་རྒྱལ་སྲིད་བསྐྱངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།

༈ ཡང་རྒྱལ་པོ་བདེ་བྱེད་བཟང་པོས་སྔར་བཞིན་དངོས་གྲུབ་ཅན་ཁུར་ནས་ངལ་སོས་པར་ལམ་དུ་ཞུགས་པའི་ཚེ་དངོས་གྲུབ་ཅན་ན་རེ། རྒྱལ་བུ་ཁྱོད་ཀྱིས་ལམ་ཐག་རིང་བའི་གཏམ་ཞིག་ཤོད། ཡང་ན་ངས་བཤད་ཀྱིས་ཟེར་བ་ལ་ཅང་མི་སྨྲས་སོ། །དེ་ནས་དངོས་གྲུབ་ཅན་གྱིས་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་གྲུ་ཆེན་པོ་གཅིག་ན་ཁྱིམ་བདག་རྒན་རྒོན་གཉིས་ཡོད་པ་དེ་ལ་བུ་མོ་མཚར་ལྡན་མཛེས་སྡུག་འོད་འབར་བ་ཞིག་བྱུང་ངོ་། །བུ་མོ་དེ་ནི་ལས་གཞན་མི་བྱེད་པར་སྐྱབས་འགྲོ་དང་ཆོས་བཞིན་གྱི་སྤྱོད་པས་དུས་འདའ་བར་བྱེད་ཅིང་། བཟའ་བཏུང་ཡང་མ་དེས་འདྲེན་པར་བྱེད་དོ།།
དུས་ནམ་ཞིག་གི་ཚེ་སྲིན་པོ་ཞིག་གིས་མི་གཞོན་པ་ཞིག་ཏུ་སྤྲུལ་ནས་གོས་དཀར་པོ་ཞིག་གྱོན་མདའ་གཞུ་ལག་ (ཤོག་ ༤༧) ཏུ་ཁྱེར་ནས་རྒན་རྒོན་གཉིས་ཀྱི་དྲུང་དུ་ཕྱིན་ཏེ་ཁྱེད་ཀྱི་བུ་མོ་འདི་ང་ལ་བླང་བྱས་པས། རྒན་རྒོན་གཉིས་ན་རེ། མིང་ཤེས་ན་སྟེར་མི་ཤེས་ན་མི་སྟེར་བྱས་པས། ཁོ་ལོག་སོང་ངོ་། །དེ་ནས་ཉིན་ཞིག་སྲིན་པོ་དེས་ཕྲག་པ་གཡས་གཡོན་ལ་རྟ་རོ་དང་མི་རོ་བཀལ། བྱིས་པའི་རོ་ཞིག་ལ་ཁ་སྤར་བྱས་ཡོག་བུ་ཡོག་ཅིང་ཡོང་བ་དང་། ཝ་ཞིག་དང་ཕྲད་དེ་སྲིན་པོ་ལ་བླང་བྱས་པས། སྲིན་པོ་ན་རེ། ཤ་བྱིན་པས་ཆོག་ཁྱོད་ཀྱི་ལུང་མདའི་རྒན་རྒོན་གཉིས་ཀྱི་བུ་མོའི་མིང་ཤེས་པ་གྱིས་དང་། ཁྱོད་ལ་ངས་ཤ་ཚིམ་པ་བྱིན་ཟེར་རོ།།
དེ་ནས་ཝ་དེས་རྒན་རྒོན་གཉིས་ཀྱི་ཁང་པར་ཕྱིན་ནས། དཀར་ཁུང་བུ་གར་བསྡད་ནས་ཉན་པས་དགོང་མོའི་ཆ་ལ་སྐད་ཆ་མ་བྱུང་། སྔ་དྲོ་ཚ་བ་རན་པའི་སྐབས་ལ། མ་དེས་བུ་མོ་སོ་ཁ་འདི་ལི་སྨན། ཚ་བ་ལ་བྱོན་བྱས་པས། ཝ་དེས་ཐོས་ཤིང་རིག་ནས་སྔར་གྱི་ས་དེར་སླེབས་པ་དང་སྲིན་པོ་ཡང་དེ་ན་སྒུག་འདུག་གོ །ཝ་དེས་དེ་གཉིས་ཀྱི་བར་ན་གྲོག་པོ་ཞིག་ཡོད་པར་མཆོངས་པས་བུ་མོའི་མིང་བརྗེད་ནས་ཕར་མཆོངས་ཚུར་བྱས་པས། སྲིན་པོ་ན་རེ། ཁྱོད་ཅི་བྱེད་པ་ཡིན་ཟེར། ཝ་ན་རེ། ད་གིན་མིང་ཤེས་ཀྱང་གྲོག་པོའི་ནང་དུ་བརྗེད་ནས་མ་བྱུང་བྱས་པས། ཁོ་ན་རེ། ད་དུང་ཤ་ཟོ་ལ་མིང་ཉན་པ་ལ་སོང་ཞིག་ཟེར་བ་བཞིན་རྒན་རྒོན་གྱི་ཁང་པའི་དཀར་ཁུང་ལ་ཉལ་ནས་ཉན་པ་ན། སྔར་བཞིན་མ་དེས་ཚ་བ་རན་པ་དང་། བུ་མོ་སོ་ཁ་འདི་ལི་སྨན། ཚ་བ་ལ་བྱོན་ཟེར་བ་གོ་ཞིང་འོངས་ནས་སྔར་གྱི་སར་སླེབས་པ་དང་སྲིན་པོ་སླེབས་འདུག་པས་ཁོ་ལ་བཤད་དོ།།
དེ་ནས་སྲིན་པོ་དེས་གསེར་གཡུ་མང་པོ་ཁྱེར་ནས་རྒན་རྒོན་གཉིས་ལ་བུ་མོ་འདི་ང་ལ་བླང་བྱས་པས། དེ་གཉིས་ན་རེ། རིན་པོ་ཆེན་གསེར་གཡུ་དགའ་སྟེ་ཁ་སང་ནས་ངའི་བུ་མོའི་མིང་ཤེས་ན་སྟེར། མི་ཤེས་ན་མི་སྟེར་བྱས་པ་ཡིན། ཁོ་ན་རེ། མིང་ཤེས་ན་སྟེར་རམ་ཟེར་རོ། །འོ་ན་བུ་མོ་སོ་ཁ་འདི་ལི་སྨན་བྱ་བ་ཡིན་བྱས་པས། རྒན་རྒོན་གཉིས་ཐབས་ཟད་ནས་སྡུག་བསྔལ་བར་གྱུར་ནས་ད་ནི་ཞག་གསུམ་ཙམ་ལ་བསུ་བ་ལ་ཤོག་ཟེར་རོ། །དེ་ནས་ཁོས་གསེར་གཡུ་མང་པོ་ཁྱེར་ནས་ཞག་གསུམ་ལ་བསུ་བར་ཡོང་ངོ་། །བུ་མོས་ཕ་མ་གཉིས་ལ་སྨྲས་པ། ཁྱེད་གཉིས་པོའི་བུ་མོ་གཅིག་པུ་འདི་སྲིན་པོ་ལ་སྟེར་ཕོད་དམ། མི་འདིའི་སྣང་ཚུལ་དང་མདང་གི་རྨི་ལམ་ཡང་ངན་བྱས་པས། ད་ང་ཁྱེད་ཡབ་ཡུམ་དང་མི་འཕྲད་པ་འདྲ་ཁྱེད་གཉིས་ཀྱི་བཀའ་བཅག་ཏུ་མི་རུང་བས་འགྲོ་བར་བྱའོ་ཟེར་རོ། །ཁོང་གཉིས་ན་རེ། ཆོས་རྣམས་དག་ཡོང་བ་ཤིན་ཏུ་དཀའ། དེ་བས་རིན་ཆེན་གསེར་གཡུ་ལས་ལྷག་པ་མེད་པས་འགྲོ་གྲབས་གྱིས་ཟེར་རོ། །དེ་ནས་བུ་མོས་ཅང་ཤེས་ཀྱི་རྟ་མཆོག་ཅིག་ཡོད་པ་དེའི་རྩར་ཕྱིན་པ་དང་། རྟ་དེ་ན་རེ། བུ་མོ་ཁྱོད་ད་རེས་བསྡད་ཀྱང་ཁོས་ཐམས་ཅད་ཟ་བ་ལས་འོས་མེད། ད་རེས་སོང་བ་དྲག་ཟེར་ཞིང་། ནས་འབྲུ་བདུན་པོ་འདི་ (ཤོག་ ༤༨) ཐུམ་གྱིས་ལ་སྐེད་པ་ལ་འབྲལ་མེད་ཐོགས། དགོས་པའི་དུས་ཤིག་ཡོང་། དེ་དུས་ནས་འབྲུ་བདུན་པོ་འདི་ཐོར་རེ་གཏོར་ན་ཁྱོད་རང་ཐར་ཡོང་བས་སོང་ཞིག་ཟེར་རོ།།
དེར་བུ་མོ་དེ་ཁོའི་ཕྱི་བཞིན་བརྫངས་སོ། །ལུང་པའི་ཕུ་ཞིག་ཏུ་སླེབས་པ་དང་། ལུག་མགོ་འདྲ་བའི་ཞོན་པ་ཞིག་བྱུང་བ་ལ་ཁོས་བུ་མོ་ཁྱེད་ངའི་རྒྱབ་ཏུ་བཞོན་ཟེར་རོ། །མི་ཉན་ཀ་མེད་བཞོན་ཏེ་ལམ་སྤྲག་གསུམ་འདུག་པའི་ལམ་ཁྲ་ཟིང་ངེ་བ་ཞིག་ལ་ཞུགས་ཏེ་ཕྱིན་པའི་ཕུ་དེ་ན། ལྕགས་མཁར་དགུ་ཐོག་གནམ་ལ་རེག་པ་འཇིགས་སུ་རུང་བ་ཞིག་འདུག །དེའི་ནང་དུ་ཕྱིན་པས་བཟའ་བཏུང་ལོངས་སྤྱོད་མང་པོ་འདུག་གོ །སྲིན་པོ་ཁོ་ནི་ནང་དུ་མི་སྡོད་པར་ཉིན་རེ་བཞིན་འཁྱམ་དུ་འགྲོ་བ་ལ། བུ་མོ་ན་རེ། ཁྱོད་ཉིན་རེ་བཞིན་འགྲོ་ན་ང་སྐྱོ་བས་སྐྱོ་གྲོགས་ཤིག་དགོས་བྱས་པས། ཁོས་ཁྱི་གུ་ཞིག་དང་ཟན་གོང་ཞིག་བཞག་ནས་སོང་ངོ་། །ཡང་ཉིན་ཞིག་གི་ཚེ་རེའུ་གཅིག་དང་རྩྭ་ཆུན་ཞིག་བཞག་ནས་སོང་ངོ་། །དེ་ན་ཉི་མ་སྔ་དྲོའི་དུས་སུ་ཁྱི་གུ་དང་རེའུ་གཉིས་ཀྱིས་ཟན་གོང་རྩྭ་ཆུ་སོ་སོར་བཟས་སོང་ངོ་། །དགོང་མོར་སོང་བ་དང་རྩྭ་ཆུན་གྱི་ཁྱི་གུ་དང་རེའུ་བཟས་སོང་བས་མིག་འཁྲུལ་ལམ་སྙམ་ནས་ཡིད་མ་ཆེས་སོ།།
ཡང་ཉིན་ཞིག་གི་ཚེ་ཁོས་ལྡེ་མིག་ཆགས་པ་གང་གཏད་ནས་སོང་ངོ་། །དེར་བུ་མོས་ལྡེ་མིག་དེ་དག་ཁྱེར་ནས་སྒོ་ཚོ་ཕྱེ་བ་ན་མིག་འཁྲུལ་ནས་སྒོ་ལ་ལ་ན་དགུན་ཁ་དང་། ལ་ལ་ན་ཞིང་འདེབས། ལ་ལར་སྟོན་ཐོག་སེལ་རུལ་ཡོད་པ། ལ་ལ་ན་བཙས་མོ་དང་གཡུལ་བྱེད་པ་སོགས་ཀྱི་སྐད་ཅིག་ཉིད་ལ་འཁྲུལ་སྣང་མང་པོ་ཤོར། སྒོ་ནག་པོ་དྲེག་པ་ཆགས་པ་གཅིག་འདུག་པ་དེའི་ལྡེ་མིག་གང་གི་མ་བྱེ་བར་སྐོམ་ཞིང་བརྡུངས་ནས་ཉལ་བ་ན། གདུང་བསྲུབས་ནས་ལྡེ་ཟུག་གེ་འདུག་པ་མཐོང་སྟེ་བླངས་ནས་སྒོ་ཕྱེ་བས། དེའི་ནང་གཡས་ཕྱོགས་ན་ཉེལ་ཉེལ་བ། གཡོན་ཕྱོགས་ལ་ཡང་དེ་འདྲ་བ་དབུགས་ངར་སོ་སོར་འགྲོ་ལྡོག་མང་པོ་བྱེད་པ་མཐོང་ཞིང་བལྟས་པ་ན། རྒན་མོ་དེ་ཚོ་ན་རེ། བུ་མོ་བསོད་ནམས་ཟད་མ་ཁྱོད་འདྲ་བ་གང་ནས་སླེབས་པ་ཡིན། ཁྱོད་འདྲ་བ་ལས་ལྷག་པའི་ངེད་ཚོས་ཀྱང་བྱས་ཏེ་ཁོས་གཞོན་དུས་ཆུང་མ་བཅོལ། རྒས་ནས་ངེད་ཚོ་དང་འདྲ་ཟེར་བས། བུ་མོ་སྐྲག་ནས་རྒན་མོ་ལ་བྲོས་ཐབས་ཡོད་ན་སློབས་དང་བྱས་པས། ཁྱོད་ལ་ད་རེས་ལྡེ་མིག་འདུག་པས་བསོད་ནམས་ཆེ། ངེད་ཚོ་ལ་ལྡེ་མིག་མི་འཇོག །ང་རང་རྒན་མོ་ཕ་གིའི་སྤྱི་གཙུག་ནས་འཐེན་དང་། འདིའི་གསེར་གཡུ་དང་ལྤགས་པ་ཐོན་ཡོང་། དེ་ཐོན་པ་དང་གསེར་གཡུ་རྣམས་ཐོག་རྒན་མོའི་པགས་པ་དང་གོས་ཧྲུལ་གྱོན་ལ་ལུང་པའི་མདའ་མ་གིར་ཆོས་རྒྱལ་ཞིག་ཡོད་པ་དེ་ལ་ཁ་གཏོད་ལ་བྲོས་ཤིག་ཟེར་བ་བཞིན་བྱས་ནས་སྒོ་དེ་བཅད། ལམ་ཆས་ཁུར་ནས་བྲོས་སོ།།
དེ་ནས་སྲིན་པོ་ནང་དུ་སླེབས་པ་ན་བུ་མོ་མི་འདུག་པ་བྲོས་པ་ཤེས་ནས། ཁོས་ལུག་མགོ་འདྲ་བའི་ཞོན་པ་བཞོན་ནས་རྗེས་བསྙེགས་བྱས་སོ། །(ཤོག་ ༤༩) འུར་སྒྲ་ཆེན་པོ་དང་བཅས་མོའི་རྩར་སླེབས་པ་དང་ངོ་མ་ཤེས་པར་དྲིས་པ། རྒན་མོ་ཁྱོད་ཀྱིས་འདི་ན་མར་ལ་བུ་མོ་ཞིག་ཡོང་བ་ཨེ་མཐོང་ཟེར་བས། མོས་མ་མཐོང་བྱས་སོ། །ཁོས་སྦུད་གཅིག་བརྒྱབ་པས་རྒན་མོ་འགྱེལ་བས་ཁྲོག་སིལ་ཟེར་བ་བྱུང་བས། ཁོ་ན་རེ། ཁྲོལ་སིལ་གྱི་སྒྲ་དེ་གང་ཡིན་ཟེར་བ་ལ། རྒན་མོའི་རུས་པ་ཁྲོལ་བ་ཡིན་བྱས་སོ།།
ཡང་མོས་ལམ་དུ་ཞུགས་པ་ན་ཁྲོག་བྱུང་སྟེ་སྡུག་རྒན་མ་དེ་སླེབས་འདུག་ཟེར་བས་སྦུད་ཅིག་བརྒྱབ་པས་འགྱེལ་ལོ། །དེ་ལྟར་ལན་གསུམ་འཕྲད་པའི་རྟིང་མ་ལ་རྒན་མོས་ལུང་པ་མདའི་རྒྱལ་པོའི་ཕོ་བྲང་དང་ཉེ་བའི་ཞིང་ཆེན་པོ་ཞིག་གི་ལོ་ཐོག་གི་གསེབ་ཏུ་ཡིབ་བསྡད་དོ། །དེ་ནས་རྒྱལ་པོའི་ལོ་ཐོག་སྲུང་བས་མཐོང་སྟེ་དེར་སླེབས་པ་དང་། རྒན་མོ་རྒས་ཤིང་འཁོགས་པ་འཁར་བ་ལ་བརྟེན་པ་ཞིག་མཐོང་ནས། རྒན་མོ་ཁྱོད་གང་ནས་ཡོང་བ་ཡིན་སྨྲས་པས། རྒན་མོ་ལུང་པའི་ཕུ་ཡ་ཚད་གཅིག་ནས་ཡིན་ལགས་ཏེ། ལྟོ་གོས་ཀྱི་ཕོངས་པ་ཞིག་ཡིན། ང་འདི་ཚོར་བྲན་གཡོག་ལ་འཁོལ་མཁན་བཞིན་ཨེ་ཡོང་ན་ཟེར། ཞིང་སྲུང་བ་ན་རེ། ཞིང་ལས་དང་ཕྱག་བདར་ལ་སོགས་འཕེར་ན་ལོས་ཡོང་ཟེར་ནས་རྒན་མོ་ཁྲིད་ནས་ཆུ་ལེན་བྱེད་དུ་བཅུག །སྐབས་ཤིག་ཏུ་རྒན་མོ་དེ་ཁང་སྟོང་ཞིག་ཡོད་པར་གནངས་ཆགས་བཞིན་འགྲོ་འདུག་པ། རྟ་རྫི་ཞིག་གིས་རྟ་ཆུ་སྟེར་དུ་ཕྱིན་ནས་ཁང་སྟེང་གི་བུ་ག་ནས་མོ་ལ་བལྟས་པས། མོས་གོས་ཧྲུལ་ཕུད་ནས་ཤིག་སྲོ་བསལ་བ་དང་ཐུག་སྟེ། བུ་མོ་མཚར་སྡུག་འོད་ཆགས་པ་གསེར་གཡུའི་རྒྱན་སྤྲས་པ་ཞིག་མཐོང་ངོ་། །རྟ་རྫི་དེས་འཕྲལ་དུ་རྒྱལ་པོ་ལ་ལོ་རྒྱུས་གསོལ་བས་རྒྱལ་པོས་གསུངས་ནས། བུ་མོ་དེ་ཚུར་སླེབས་པ་དང་རང་རེ་ཚོས་མོའི་རྫུས་ཐག་གྲོལ་གསུངས་སོ།།
དེ་ནས་མོ་ནང་དུ་སླེབས་པ་དང་། རྟ་རྫི་དང་མི་གཞན་རྣམས་ཀྱིས་རྩེད་མོ་ལ་བསྙད་ནས་མོའི་གོས་ཧྲུལ་ལ་ཕར་འཐེན་ཚུར་འཐེན་བྱས་པས་གོས་ཧྲུལ་དང་པགས་ཧྲུལ་འཐོར་ནས་བུ་མོ་མཚར་སྡུག་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཏོ། །རྒྱལ་པོ་བུ་མོ་དེ་ལ་རྫུས་ཐག་འདི་འདྲ་བྱེད་པ་གང་ཡིན་གསུངས་པས། བུ་མོས་གསོལ་པ། ཕ་མ་གཉིས་ཀྱིས་སྲིན་པོ་ལ་བྱིན་པས་ཁོའི་བྱེད་སྤྱོད་དང་སྣང་ཚུལ་ལ་སྐྱོ་ཞིང་སྐྲག་ནས་རྫུས་ཐག་བྱས་པ་ལགས། ཞག་གཉིས་གསུམ་ན་ཧྲལ་ན་མ་ལེགས་ཏེ་ད་དུང་སྲིན་པོས་གླགས་བལྟ་བར་འདུག་ཟེར་རོ། །རྒྱལ་པོ་ན་རེ། བུ་མོ་ཁྱོད་ཕོ་བྲང་ནང་ཉིད་དུ་སྡོད་ཅིག །སྲིན་པོ་ལ་འཇིགས་མི་དགོས་གསུངས་ནས་བཙུན་པོར་མངའ་གསོལ་ཏེ་དགའ་ཞིང་བརྩེ་བར་མཛད་དོ།།
དེ་ནས་བུ་མོ་དེ་ལ་སྲས་ཤིག་སྦྲུམ་པར་གྱུར་པ་ན། རྒྱལ་པོ་ཆེན་པོ་དཔོན་གཡོག་རྣམས་ཡུལ་གཞན་ཞིག་ཏུ་དོན་བཅོལ་ལ་བྱོན་པ་ན། བཙུན་པོ་ལ་རྒྱལ་བུ་ཞིག་འཁྲུངས་པ་རོ་སྟོད་གསེར་ལ་བྱས་པ། རོ་སྨད་གཡུ་ལས་བྱས་པ། མིག་ཁྲ་གཟི་ལས་བྱས་པ། སྐེད་པ་དུང་ལ་བྱས་པ་ཡིད་དུ་འོང་བ་ (ཤོག་ ༥༠) ཞིག་བྱུང་ངོ་། །དེར་བློན་འབངས་རྣམས་ཤིན་ཏུ་དགའ་ནས་རྒྱལ་པོ་ཆེན་པོ་དེའི་དྲུང་དུ་རྒྱལ་བུ་འཁྲུངས་པའི་གཏམ་སྙན་ལོ་རྒྱུས་དང་བཅས་པ་ཡི་གེར་བྲིས་ཏེ་ཕོ་ཉ་བ་བཏང་ངོ་། །ཕོ་ཉ་དེ་ལ་ཆུང་ཞིག་ལ་འཛེགས་ཏེ་ཕྱིན་པ་ན། ལ་རྩེ་ན་སྲིན་པོ་དེ་མི་ཞིག་ལ་སྤྲུལ་ནས་འདུག་པ་དང་འཕྲད་དེ་དྲི་མེད་བྱས་པས། སྲིན་པོ་ན་རེ། ཁྱོད་གང་དུ་འགྲོ་བྱས་པས། ངེད་ཀྱི་བཙུན་མོ་དམ་པ་ལ་སྲས་ཤིག་འཁྲུངས་པའི་གཏམ་སྙན་སྐྱེལ་དུ་འགྲོ་བྱས་པས། ཁྱོད་ངལ་ཞིག་དུབ་པས་བཟའ་བཏུང་འདི་ཟོ་ལ་ཡི་གེ་དེ་ང་ལ་སྟོན་དང་ཟེར་བ་བསྟན་པས། ཁོས་ཡིག་རྫུས་འདི་ལྟར་བྱས་པ། རྒྱལ་པོ་ཆེན་པོའི་དྲུང་དུ་ཞུ་བ། རང་རེའི་བཙུན་མོ་ལ་བུ་རོ་སྟོད་བོང་བུ་ལ་སྤྲེའུའི་མགོ་ཡོད་པ་ཞིག་སྐྱེས་པ་འདི་ཇི་ལྟར་བྱེད་ཅེས་བྲིས་ནས་ཕོ་ཉ་བར་གཏད་དེ་རྒྱལ་པོ་ལ་ཕུལ། རྒྱལ་པོས་ཡིག་ལན་མཛད་པ། ངེད་རང་གི་བློན་འབངས་རྣམས་ལ་སྤྲིངས་པ། བཙུན་མོའི་བུ་ཚ་གང་སྐྱེས་ཀྱང་ང་རང་གི་ཡིན་པས། ངེད་རང་མ་སླེབས་བར་ཞོག་ཅེས་བྲིས་པ་ཕོ་ཉ་བར་སྤྲིངས་སོ། །ཁོས་ཚུར་ཡོང་བའི་ཚེ་སྔར་གྱི་ལ་རྩེ་ལ་སྲིན་པོ་དེ་བསྒུགས་ནས་འདུག་པས་དྲི་མེད་བྱས་ཏེ་བཟའ་བཏུང་བྱིན་ནོ། །ཡང་སྲིན་པོ་དེས་རྒྱལ་པོའི་ཡི་གེ་ལ་བཅོས་སླད་ཡིག་རྫུ་བྱས་པ་རང་རེའི་བློན་འབངས་རྣམས་ཀྱིས་ངེས་རྒྱུར། བུ་མོ་མ་སྨད་གཉིས་པོའི་སྐྱེས་པ་དང་བུད་མེད་རྣམས་ཀྱིས་དམོད་པ་དང་བཅས་ནས་ལ་ཕར་རྒྱབ་ལ་སྐྱོལ་ཞིག་ཅེས་བྲིས་ནས་ཕོ་ཉར་གཏད་དེ། བློན་འབངས་རྣམས་ཀྱིས་ཡི་གེ་བཀླགས་པས། མི་ཐམས་ཅད་ཤིན་ཏུ་མ་དགའ་ཡང་རྒྱལ་པོའི་བཀའ་བཅག་མི་རུང་བས། བཙུན་མོ་མ་སྨད་གཉིས་བོང་བུ་ཞིག་ལ་བསྐྱོན་ནས་ལུང་པའི་མི་ཐམས་ཅད་ཀྱིས་བདས་ནས་ལ་ཕར་རྒྱབ་ལ་བསྐྱལ་ལོ།།
དེར་སླེབས་པ་དང་སྲིན་པོ་ཡང་སླེབས་འདུག་གོ །བུ་མོ་ཁྱོད་སླེབས་སམ་ཁྱོད་ལ་བུ་ཞིག་འདུག་པ་སྟོན་དང་ཟེར། བསྟན་པས་འདི་འདྲའི་ལེགས་པ་སྔར་ཟ་མ་མྱོང་ཟེར་ནས་ཁྱུར་མིད་བྱས་སོ། །དེར་སྲིན་པོས་བཟའ་བཏུང་ཚིམ་པ་བྱས་ནས་སྨྲས་པ། ཁྱོད་ཀྱི་བུ་དེ་ང་ལ་བརྟེན་ནས་བྱུང་བ་ཡིན་ཏེ་ངས་གསེར་གཡུ་མང་པོ་སྤྲད་པས་རོ་སྟོད་གསེར་གཡུ་དང་སྐེད་པ་དུང་མིག་གཟི་ལྟ་བུ་བྱུང་བ་ཡིན། ད་ཁྱོད་ཟ་རྒྱུ་ཡིན་ཏེ་སྙིང་རྗེ། རེ་ཞིག་ངའི་མགོ་ལ་ཤིག་སོ་འཐུས་དང་ཟེར་ནས་མོའི་སྤང་དུ་མགོ་བཞག་ནས་ཉལ་ལོ། །བུ་མོ་ང་ལ་འདི་ལས་འུ་ཐུག་པ་མི་ཡོང་སྙམ་སྐྱོ་ནས། ནས་འབྲུ་བདུན་པོ་གཏོར་ནས་ངའི་ཅང་ཤེས་ཀྱི་རྟ་མཆོག་ག་རེ་བྱས་པས། རྟ་དེས་སྐད་ཅིག་ལ་ཀྲོང་གིས་སླེབས་བྱུང་བས་དེ་ལ་བཞོན་ནས་བྲོས་སོ། །སྲིན་པོ་གཉིད་བསད་ནས་ཞོན་པ་བཞོན་ནས་བདས་པས་མ་མཐོང་ངོ་། །དེ་ནས་བུ་མོ་དེས་ལ་ལུང་མང་པོ་བགྲོད་ནས་ས་སྟོང་རྒྱང་པོ་ཞིག་ཏུ་སླེབས་པ་དང་རྟ་མཆོག་འགྱེལ་ལོ། །དེར་བུ་མོས་ངུས་པས་ཁ་བ་བུ་ཡུག་འཚུབ་བྱུང་སྟེ་ཅང་ (ཤོག་ ༥༡) ཤེས་ཀྱི་རྟས་སྨྲས་པ། བུ་མོ་ཁྱོད་ངུ་མི་དགོས་རང་ང་ཤི་བའི་པགས་པ་འདི་ཧེ་ཧེ་གྱིས་ལ་བཤུས་ཏེ་ཐང་འདི་ལ་བཀྲམ། ཀླད་པ་ཐོན་ལ་ཕུའི་བྲག་གི་མགོ་ལ་སྤུངས། སྤུ་ཐམས་ཅད་ཐོགས་ལ་རི་ལྡེབས་ལ་གཏོར། མགོ་བོ་ལྤགས་པའི་དཀྱིལ་དུ་ཞོག །སྙིང་དང་མཁལ་མ་མགོའི་རྩར་བཞོག །སུག་བཞི་པགས་པའི་ཟུར་བཞིར་སློང་ལ་ཞོག །རྒྱུ་མ་རྣམས་པགས་པའི་མཐའ་བསྐོར། མིག་གཉིས་པགས་པའི་དཀྱིལ་དུ་ཞོག །བློ་མཆིན་གཉིས་ནང་དུ་ཞོག་དང་ཁྱོད་ཀྱི་འདོད་དོན་འགྲུབ་པས་བཀྲ་ཤིས་དང་བདེ་ལེགས་ཀྱི་ཉི་མ་ཤར་བ་ཡིན་པས་དགའ་བར་གྱིས་ཤིག་ཟེར་ནས་ཅང་ཤེས་ཀྱི་རྟ་དེ་ཤིའོ། །བུ་མོས་ངུས་པས་ཁ་ཆར་བབས་སོ། །དེ་ནས་ཧེ་ཧེ་ཟེར་ལྤགས་པ་བཤུས་པས་ཉི་མ་དྲོ་པོ་བྱུང་ངོ་། །
དེ་ལྟར་ཅང་ཤེས་ཀྱི་རྟ་དེས་གང་ཟེར་བྱས་པས་བུ་མོ་ཐང་ཆད་གཉིད་ལ་སོང་ངོ་། །གཉིད་བསད་པ་ན་ཕྱོགས་དེར་མི་སྐད་ཁྱི་སྐད་རྣམས་ཆོམ་ཆོམ་ཡོད་པ། དེ་དག་གི་དབུས་ན་ཕོ་བྲང་ཆེན་པོ་མཐོ་བ་ཁྱད་པར་ལྕགས་རི་འོབས་དང་བཅས་པ་ཡོད་པ། ཕྱོགས་བཞིར་ལྕོག་བཞི་ཡོད་པ་ཞིག་འདུག་པ་དང་། ཕོ་བྲང་དུ་ཕྱིན་པས་མི་ཚོགས་མང་པོ་འདུག་པ། དེ་རྣམས་ཀྱིས་བཙུན་མོ་བྱོན་པ་ལེགས་སོ་ལེགས་སོ་ཟེར་ནས་དགའ་བར་བྱས་སོ། །བུ་མོའི་བསམ་པ་ལ་ཕོ་བྲང་ཆེན་པོ་ཁོར་ཡུག་དང་བཅས་པ་བྱུང་བ་ཅི་ཡིན་སྙམ་པ་ན། རྟ་མཆོག་གིས་བསླབས་པ་ལྟར་བྱུང་བར་ཤེས་ཏེ། མི་དམངས་རྣམས་གློ་བའི་ཡོན་ཏན་ཡིན་པར་འདུག །དབུས་ཀྱི་ཕོ་བྲང་དེ་མགོ་ལས་བྱུང་། ཁྱི་གཉིས་པོ་མཁལ་མ་གཉིས། བཞི་མདོ་ན་རྟ་བཟང་པོ་ཤིན་ཏུ་ལེགས་པ་ཞིག་གི་ཡོན་ཏན་འདུག །གྲོང་ཁྱེར་དེའི་འཛོམས་ན་ཆུ་མིག་རེ་རེ་འདུག་པ་མིག་གཉིས་ལས་བྱུང་། གློ་མཆིན་གཉིས་ལ་ཤ་མར་ལ་སོགས་པའི་ནོར་དང་། མཁྲིས་པ་ནང་དུ་ཡོད་པའི་ཡོན་ཏན་གྱིས་གསེར་གཡུ་ལ་སོགས་པའི་ཁྱད་ནོར་སྣ་ཚོགས་བྱུང་ངོ་། །ལྤགས་པ་ཐང་ལ་བཀྲམ་པས་ནེའུ་སིང་གཡུའི་མཎྜལ་འདྲ་བ་དང་། ཀླད་པ་རི་མགོ་ལ་གཏོར་བས་གངས་རི་ཆགས་པ། སྤུ་རིའི་ལྡེབས་ལ་གཏོར་བས་རྩི་ཤིང་ནགས་ཚལ་ཕུན་སུམ་ཚོགས་པ་བྱུང་སྟེ། ཡུལ་དེ་ལྷ་ཡུལ་ལྟ་བུར་གྱུར་ཏོ། །
དེ་ལྟ་བུའི་གཏམ་དེ་སྔར་གྱི་རྒྱལ་པོ་དེས་ཐོས་ནས་རྒྱལ་བློན་འཁོར་དང་བཅས་པ་རྣམས་རྟ་དང་རྒྱན་གྱིས་བརྒྱན་ནས་ཡུལ་དེར་བྱོན་པ་ན། བུ་མོ་དེས་ཕོ་བྲང་གི་རྩེ་ནས་བལྟས་པས། མི་རྟའི་ཚོགས་མང་པོ་བྱུང་བ་རྒྱལ་པོའི་དཔོན་གཡོག་ཡིན་པར་ཤེས་ནས་རིང་སྟབས་སུ་ཕྱིན་པ་དང་། རྒྱལ་པོ་ཡང་གྲོང་ཁྱེར་གྱི་བཞི་མདོར་ཕེབས་པ་དང་འགྲིག་སྟེ་ཤིན་ཏུ་དགའ་ཞིང་བརྩེ་བར་བྱེད་མགུ་བར་གྱུར་ཏོ། །རྒྱལ་པོ་ན་རེ། ཁྱོད་ལ་འདི་འདྲའི་ཕོ་བྲང་ (ཤོག་ ༥༢) ཡུལ་འཁོར་འབངས་དང་བཅས་པ་འདི་གང་ནས་བྱུང་བ་ལགས་ཞུས་པས་ངོ་མཚར་ཤིན་ཏུ་ཆེ་གསུངས་སོ། །དེ་ནས་རང་གི་ཆབ་སྲིད་དང་ཐུན་མོང་དུ་བསྐྱངས་པས་རྒྱལ་པོ་ཡབ་ཡུམ་བློན་འབངས་དང་བཅས་པ་བདེ་སྐྱིད་ལྷ་ལ་འགྲན་བཟོད་པ་ཞིག་བྱུང་ངོ་བྱས་པས། རྒྱལ་བུ་བདེ་བྱེད་བཟང་པོས་བུ་མོ་དེ་ལ་ཅང་ཤེས་ཀྱི་རྟ་དེ་དྲིན་ཆེ་བ་ལ་ཨང་ཟེར་ཤོར་བས། དངོས་གྲུབ་ཅན་བྲོས་ཤོར་རོ། །བུ་མོ་སོ་ཁ་འདི་ལི་སྨན་ལྕང་ཤེས་རྟ་ལ་བརྟེན་ནས་རྒྱལ་སྲིད་དང་འཕྲད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།

༈ ཡང་རྒྱལ་བུ་བདེ་བྱེད་བཟང་པོས་སྔར་བཞིན་ཁུར། ལྗོན་ཤིང་རྩ་བ་ནས་རྦད་དང་དྲག་ཤུལ་བྱས་བབས་པ་དང་། སྔར་བཞིན་འཁུར་ཏེ་ལམ་རིང་ལ་འགྲོ་བའི་ཚེ། དངོས་གྲུབ་ཅན་གྱིས་གཏམ་འདི་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡུལ་ཁམས་ཆེན་པོ་ཞིག་ལ་རྒྱལ་པོ་ཆེན་པོ་ཕོ་བྲང་གྲོང་དང་བཅས་པ་ཞིག་བྱུང་ལ། གྲོང་ཁྱེར་དེ་ན་དབུལ་པོ་མ་སྨད་ཕྱགས་ཤིང་གི་ཚོང་པ་ཞིག་ཡོད་ལ། ཕྱགས་ཤིང་ཚོང་བའི་ཁྱེའུ་དེ་ཉིན་ཞིག་རྩེད་མོ་ལ་ཡེངས་ནས་ཕྱགས་ཤིང་མ་རྙེད་པར་དེ་ནུབ་རྡོ་ཁུང་ཞིག་ཏུ་ཉལ་བསྡད་པས། ངེད་ཆུ་རྡོལ་ནས་ལངས་ཕྱིན་ཏོ། །སང་ཉིན་ཕྱགས་ཤིང་ཁུར་ནས་ཆུ་རྡོལ་ས་དེར་ངལ་བསོ་ཡིན་བསྡད་པས། དེ་ནས་ཨི་ཨི་ཟེར་བ་ཞིག་བྱུང་སྟེ་བལྟས་པས་ཡིད་བཞིན་ནོར་བུ་ཞིག་བརྙེད་པ་ཁྱེར་ནས་རང་ཁྱིམ་ལ་ཕྱིན་པ་དང་། མ་དེས་ཁྱེའུ་ལ་ཁྱོད་མདང་མི་འོང་བ་ཅི་ཡིན་སྨྲས་པས། ཁོས་ཁ་སང་ཡེངས་ནས་ཤིང་མ་རྙེད་པས་རི་སུལ་ཞིག་ཏུ་བསྡད། ད་ནངས་ཤིང་འཁུར་ངལ་བསོ་བ་ན་ཉལ་ས་དེ་ནས་ཡིད་བཞིན་གྱི་ནོར་བུ་འདི་རྙེད་བྱུང་ཟེར་ཨ་མ་ལ་བསྟན་པས་དགའ་ཞིང་མགུ་ནས་ནོར་བུ་ལ་བྱི་དོར་བྱས་ཤིང་མཆོད་པས་ཕྱུག་ཅིང་ཚོང་མི་དགོས་པར་ལོངས་སྤྱོད་ཆེན་པོ་བྱུང་ངོ་།།
རྒྱལ་པོས་ཁོང་མ་སྨད་ལ་ནོར་བུ་ཡོད་པ་ཤེས་ནས། ནོར་བུ་དེ་ངེས་ལ་དགོས། ཁྱེད་མ་སྨད་ཀྱི་སྐྱིད་སྡུག་ཅི་བྱུང་ངེད་རྒྱལ་པོས་ལྷུར་ལེན་པ་ཡིན་ཞེས་བློན་པོ་ལ་མངགས་སོ། །བློན་པོས་ཁོང་མ་སྨད་ཀྱི་རྩར་ཕྱིན་ནས་དོན་དེ་སྨྲས་པས། ཁོང་མ་སྨད་ནོར་བུ་དང་བཅས་པ་རྒྱལ་པོ་ལ་ཕུལ་ཞིང་རྒྱལ་པོས་ཀྱང་བཀའ་བཞིན་མ་སྨད་གཉིས་ལོངས་སྤྱོད་ཀྱིས་བསྐྱངས་ཏེ། ཁྱེའུ་དེ་རྒྱལ་པོའི་གསོལ་ཀ་བར་བཅུག་གོ །ཁྱེའུ་དེ་རང་བཞིན་གྱི་གཟུགས་བཟང་བ་མཚར་སྡུག་འོད་དང་ལྡན་པ་ཞིག་ཡིན་པས། མི་ཀུན་གྱི་ཡིད་གར་འོང་ཞིང་བཀུར་བ་ཞིག་ཡིན་ནོ།།
དུས་ནམ་ཞིག་ཁྱེའུ་དེ་ལ་རྒྱལ་པོའི་བཙུན་མོ་ཤིན་ཏུ་ཆགས་པས་དོན་དུ་གཉེར་བ་ན་ཁྱེའུའི་བསམ་པ་ལ་སྤྱིར་བུད་མེད་ལ་བྱེད་བབས་བྱས་མི་རུང་། ཁྱད་པར་བཙུན་མོ་ལ་ཁྱེའུའི་བྱ་མི་རུང་སྙམ་ནས་བཙུན་མོའི་འདོད་དོན་མ་སྒྲུབ་བོ། །བཙུན་མོ་དེ་རེ་བ་བཞིན་མ་འགྲུབ་ནས་ཁ་སྐྱེངས་སོ། །ཞེ་སྡང་དྲག་པོ་སྐྱེས་ནས་ན་རྫུ་བྱས་སོ། །དེར་རྒྱལ་པོས་ཁྱོད་ན་བ་ལ་གང་ཕན་པའི་ཐབས་ཡོད་དམ་བྱས་པས། ཡོད་དེ་དེ་རང་གི་གསོལ་ཀ་བ་འདིའི་སྙིང་ཟ་རྒྱུ་བྱུང་ན་ (ཤོག་ ༥༣) ཕན་ཟེར། རྒྱལ་པོས་སྨྲས་པ། ཁོའི་སྙིང་ཕྱུང་ན་མི་ཡོང་བས་མཐའ་གཅིག་ཏུ་སྤྱུག་དགོས་གསུངས་པས། བཙུན་མོ་ན་རེ། གལ་ཏེ་བཅུག་ན་ནུབ་ཕྱོགས་སྲིན་པོའི་ཡུལ་ན་སྲིན་པོ་ལངྐ་འདོད་འཇོའི་བུ་མོ་ས་ལེ་ཉག་ཅིག་ཟེར་བ་ཡོད་འདུག་པ་དེ་ཁུགས་པ་གྱིས། མ་ཁུགས་ན་སྲོག་དང་བྲལ་ལོ་ཞེས་གསུངས་ཤིག་ཞུས་སོ། །དེར་རྒྱལ་པོས་ཁྱེའུ་དེ་ལ་བཙུན་མོས་ཇི་ལྟར་ཟེར་བ་ལྟར་བཀའ་སྩལ་ཏེ་ལམ་ཆས་དགོས་དགུ་གནང་ནས་སྲིན་པོའི་ཡུལ་དུ་བརྫངས་སོ། །དེ་ནས་ཁྱེའུ་དེས་དཀོན་མཆོག་ཡིད་ལ་བྱས་ཏེ་ལ་ལུང་མང་པོ་བགྲོད་ནས་སྲིན་ཡུལ་དུ་སླེབས་སོ།།
དེ་ནས་གྲོང་ཁྱེར་ཆེན་པོ་ཞིག་འདུག་པའི་ཕྱོགས་བཞིར་རྒྱལ་སྒོ་རེ་འདུག་པའི་སྒོ་སྲུང་ལ་བུ་མོ་མཚར་སྡུག་ཡིད་དུ་འོང་བ་རེ་འདུག་པ་ལས། ཁྱེའུས་སྨྲས་པ། ཀྱེ་བུ་མོ་ཁྱེད་ཀྱི་ངའི་ལམ་སྣ་དང་འཕྲིན་པ་བྱེད་རོགས་གྱིས་དང་། འཛམ་བུ་གླིང་ནས་འདིར་དོན་སྤྱོད་པ་ལ་ཡོང་བ་ཡིན་ཞེས་སྨྲས་པས། བུ་མོ་ན་རེ། ཅི་ལ་ཡོང་བ་ཡིན་ཟེར། ཁྱེའུ་ན་རེ། ངེད་ཀྱི་རྒྱལ་པོ་ལ་བཙུན་མོ་གདུག་པ་ཅན་ཞིག་ཡོད་པས། དེས་དོན་དུ་གཉེར་བ་ན་ངས་བཙུན་མོའི་འདོད་དོན་མ་སྒྲུབ་པའི་གནད་ཀྱིས་རྒྱལ་པོ་ལ་ཕྲ་མ་གསོལ་ཏེ་ང་སྲིན་པོ་ལངྐ་འདོད་འཇོའི་སྲས་མོ་ས་ལེ་ཉག་ཅིག་གནད་འདྲེན་དུ་བཏང་བ་ལགས། གལ་ཏེ་གདན་མ་འདྲོངས་ན་ཆད་པ་དྲག་པོ་འོང་བྱས་པས། བུ་མོས་སྨྲས་པ། དཔོན་མོ་ས་ལེ་ཉག་ཅིག་དེ་མཁའ་འགྲོ་མའི་གཙོ་བོ་ཡིན་པས་ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མིན། ལྷ་རྒྱལ་དང་ཀླུ་དང་དྲི་ཟའི་རྒྱལ་པོ་རྣམས་ཀྱིས་ཀྱང་མ་ཐོབ་པ་ཞིག་ཡིན། མི་ཁྱོད་ནི་བསོད་ནམས་ཀྱི་གཟི་འོད་འཕྲོ་བ་ཞིག་འདུག་པས་གདན་འདྲོངས་པ་ཡང་སྲིད། གལ་ཏེ་གདན་འདྲོངས་ན་རྒྱལ་ངན་དེ་ལ་མི་འོས་པས་ཁྱོད་རང་འགྲོགས་ཆོག་པ་ཡོང་ཟེར། ཁྱེའུས་སྨྲས་པ། ཁོ་བོ་གཙོ་བོ་ས་ལེ་ཉག་ཅིག་དང་མཇལ་ཞིང་གདན་འདྲོངས་པའི་ཐབས་གང་དྲག་བུ་མོ་ཁྱེད་ཀྱིས་མཛད་དུ་གསོལ་ཞེས་སྨྲས་པས། བུ་མོ་དེས་ཁང་པ་དབེན་པ་ཞིག་ཏུ་ཁྱེའུ་བཞག །སྒོ་ཆ་དམ་པར་བྱས་ནས་མཚན་མོ་བཟའ་བཏུང་བསྐྱལ་ཏེ་ལོངས་སྤྱོད་ཀྱི་མི་ཕོངས་པར་བྱས་སོ།།
ནམ་ཞིག་གི་ཚེ་བཙུན་མོ་ས་ལེ་ཉག་ཅིག་གིས་ཚེས་བཅོ་ལྔའི་ཉིན་ཚོགས་ཀྱི་གཙོ་མོར་འབྱོན་རྒྱུ་ཡིན་པས་ཐམས་ཅད་ཚོགས་ཤིག་ཟེར་རོ། །དེར་བུ་མོ་དེས་རང་གི་ཕ་མ་ལ་ད་རེས་ང་འགྲོ་བར་ཞུས་པས་ཕྱིན་པས་ཡོང་སྟེ། མིང་སྲིང་གྲོགས་དང་བཅས་པ་ཐམས་ཅད་སོང་ཞིག་ཟེར་རོ། །དེ་ནས་བུ་མོ་དེས་མཚན་མོ་ཁྱེའུ་དེའི་དྲུང་དུ་ཕྱིན་ཏེ་ང་དང་མཉམ་དུ་འགྲོ་བྱས་ནས་ཕྱིན་པས། ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་དེའི་འཁོར་ན་ཁྲོ་ཆུའི་ཕ་བོང་ཁྲག་རྡོ་ཆེན་པོ་ཞིག་འདུག་པ་དེའི་སྟེང་ན་ཁོ་བཞག་ནས་ཕོ་བྲང་དུ་ཕྱིན་པ་ན། སྲིན་པོ་རྣམས་ཚོགས་པའི་དབུས་ན་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁྲི་ལ་དཔོན་མོ་ས་ལེ་ཉག་ཅིག་བཞུགས་འདུག་གོ ། (ཤོག་ ༥༤) བུ་མོ་དེས་སྐུ་མདུན་དུ་ཕྱིན་ནས་ཕྱག་བཙལ་བྱིན་རླབས་ཞུས་ཏེ་གསོལ་པ། འདི་ན་འཛམ་བུ་གླིང་པའི་ཁྱེའུ་ཤིན་ཏུ་མཚར་བ་ཡིད་དུ་འོང་བ་ཞིག་མཆིས་ཏེ། དཔོན་མོའི་མཇལ་ཁ་ཞུ་བར་འདོད་པས་ཇི་ལྟར་ལགས་ཞུས་པས། དཔོན་མོ་ན་རེ། ངེད་དང་འཕྲད་པར་འདོད་ན་རེ་ཞིག་ཁྱེའུ་དེ་གནས་ཁང་དབེན་པ་ཞིག་ཏུ་ཞོག་ལ་གཞན་གྱི་གནོད་འཚེ་མེད་པར་གྱིས་ཏེ་མྱུར་དུ་འཕྲད་དོ་ཟེར་བ་གྱིས་གསུང་ངོ་། །བུ་མོས་ཁྱེའུ་ལ་དེ་ལྟར་སྨྲས་ནས། ད་ནི་དཔོན་མོ་དང་མྱུར་དུ་མཇལ་བས་བག་ཕེབས་པར་གྱིས་ཤིག་ཅེས་དབུགས་དབྱུང་བྱུང་།
དེ་ནས་ནམ་ཞིག་དཔོན་མོས་གསུངས་ནས་ཁ་སང་གི་ཁྱེའུ་དེ་ཁྲིད་ཤོག་གསུང་བ་བཞིན་བུ་མོས་ཁྲིད་དེ་ཕྱག་བྱས་པའི་ཚེ། ས་ལེ་ཉག་ཅིག་ན་རེ། ང་ལ་ཕྱག་མ་བྱེད་ཁྱེད་ནི་སྐྱེས་བུ་ཆེན་པོ་ཡིན། ང་དང་ཚེ་རབས་ཀུན་ཏུ་འགྲོགས་པའི་སྐྱེས་བུ་དམ་པ་ཡིན་པས་ཁྱེད་ཀྱི་ཕྱག་ངས་མི་ཐེག་གསུངས་སོ། །ཁྱེའུས་སྨྲས་པ་བདག་ནི་ཚེ་སྔོན་བསོད་ནམས་བསགས་ཤིང་བཟོད་པས་མི་ལུས་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ལྷ་ལྟ་བུར་གྱུར་པ་ལ་བཙུན་མོ་གདུག་པ་ཅན་གྱིས་མ་བཟོད་པར་མཐར་སྤྱུགས་པ། སྨོན་ལམ་གྱི་དབང་གིས་ལྷ་མོ་དང་མཇལ་བ་ཤིན་ཏུ་སྐལ་བ་བཟང་ཟེར་ཞུས་པས། ལྷ་མོས་སྨྲས་པ། ངེད་ཀྱི་རྒྱལ་པོ་ལ་ཞུས་ནས་གནང་བ་སྩལ་ན་མྱུར་དུ་འགྲོ་བས། རྒྱལ་པོ་དང་བཙུན་མོ་བདག་གིས་འདུལ་ཞེས་སྨྲས་ནས་རིན་པོ་ཆེ་ལས་གྲུབ་པ་ཞིག་ཏུ་ཁྱེའུ་གདན་དྲངས་སོ། །དེ་ནས་ལྷ་མོའི་དྲུང་དུ་ཕྱག་བཙལ་ནས། ཡབ་རྒྱལ་པོ་ལགས་མཁྱེན་པར་མཛོད་ཅིག །བདག་ནི་ཁྱེའུ་འདི་དང་ཚེ་རབས་དུ་མར་འགྲོགས་པའི་སྐྱེས་བུ་ཆེན་པོ་ཡིན་པས་བདག་ཉིད་ཁྱེའུ་འདི་ལ་སྩོལ་ཅིག་ཞུས་པས། རྒྱལ་པོས་སྨྲས་པ། ཁྱོད་ནི་ལྷའི་རྒྱལ་པོ་ལ་སོགས་པ་མ་བྱིན་ན་གཞན་ལ་སྦྱིན་མི་འོས་པས་ཤ་ཁྲག་གི་མཆོད་སྦྱིན་དང་དཀའ་བའི་ལས་མ་བྱས་པར་མི་ཡོང་ཟེར་རོ། །དཀའ་བའི་ལས་ཅི་སྒྲུབ་དགོས་ཞུས་པས། རྒྱལ་པོ་ན་རེ། གངས་ཀྱི་དཀྱིལ་ན་སེངྒེ་འཚོལ་བ་དང་། རྒྱ་མཚོའི་གཏིང་ནས་ནོར་བུ་འཚོལ་བ་སོགས་མང་དུ་ཡོད་པས་འགྲུབ་པར་གྱིས། དེ་བྱུང་ན་འདོད་པ་བཞིན་བྱས་ཆོག་ཟེར། ལྷ་མོས་སྨྲས་པ། ལས་དེ་ནི་སུས་ཀྱང་མི་འགྲུབ་ཞུས་པས། འོ་ན་ཁྱོད་དང་ཁྱེའུ་ཡིད་གཅུགས་པ་ཡིན་ན། ང་ལ་བོང་བུ་སུམ་བརྒྱ་ཡོད། དེ་རྣམས་ལ་ཉིན་གཅིག་ཤིང་རྒྱབ་རེ་ལོང་པར་གྱིས། ལྷ་མོས་དེ་བཞིན་ཞུ་བར་ཁས་བླངས་སོ།།
སང་ཉིན་དེ་བོང་བུ་རྣམས་ལ་སྒ་ཐག་ཆས་དང་བཅས་པ་ཏེ་སླེབས་བྱུང་བ་ལ་ལྷ་མོ་དེས་ཁྱེའུ་ལ་བསླབ་སྟོན་བྱས་པས། འདི་དག་ནི་བོང་བུ་མིན། སྲིན་པོས་བོང་ཤུབས་གྱོན་པ་ཡིན་པས། ངའི་རྟ་འདི་ཁྲིད་ལ་ཡ་གིར་སླེབས་པར་གྱིས་ (ཤོག་ ༥༥) ཟེར། ཁྱེའུ་དེས་རྟ་ཁྲིད་བོང་བུ་རྣམས་ལ་ཤིང་རྒྱབ་རེ་བཀལ་ནས་དབྱུག་པ་རེ་བརྒྱབ་སྟེ་རང་ཟས་ཟོ་ལ་རང་ལས་གྱིས་བྱས་ནས། བོང་བུ་རྣམས་བདས་ཏེ་ཟམ་པ་ཆེན་པོ་ཞིག་འདུག་པ་ཚུན་བདས་ནས་ཁོང་ཚོ་ཟམ་པ་སྒྲོལ་བ་དང་། ལྷ་མོ་ཡིད་ལ་བསྒོམས་ཏེ་རྟ་བཞོན་ཕོ་བྲང་ནང་དུ་བྲོས་སོ། །དེར་སྲིན་པོ་རྣམས་བོང་བུའི་པགས་པ་ཕུད་ནས་སྲིན་པོ་སུམ་བརྒྱས་བདེད་ཀྱང་ཐར་རོ།།
སང་ཉིན་དེ་རྒྱལ་པོའི་དྲུང་དུ་ཁོང་གཉིས་ཀ་ཤོག་གསུངས་པ་བཞིན་ཕོ་བྲང་དུ་སླེབས་པ་དང་། ཁྱེའུ་ལ་ཁྲི་ཆུང་བ་ཞིག་བརྩིགས། རྒྱལ་པོ་ལ་གསེར་ཁྲི་དང་། བུ་མོ་ས་ལེ་ཉག་ཅིག་ལ་གཡུ་ཁྲི་གཅིག་བརྩིགས་འདུག་པ་ལ་ཁྱེའུས་ཕྱག་བཙལ་བས་རྒྱལ་པོ་ཁྲི་ཁ་ནས་ལྷུང་ངོ་། །རྒྱལ་པོ་སྐྲག་ནས་ཁྱེའུ་ལ་ཕྱག་དང་ལྡང་བ་སོགས་བསྙེན་བཀུར་བྱས་ཏེ་ཆོས་དང་མཐུན་པའི་གསུང་གླེང་དང་། བུ་མོ་ས་ལེ་ཉག་ཅིག་འདི་སྔོན་ཆད་སུ་ལ་མ་བྱིན་ཡང་། ཁྱེའུ་ཁྱོད་ནི་བསོད་ནམས་ཀྱི་གཟི་འོད་འབར་བ་ཞིག་འདུག་པས། ཁྱོད་ལ་བྱིན་ནོ་དགྱེས་པར་སྤྱོད་ཅིག་ཟེར་རོ། །དེ་ནས་ཡབ་རྒྱལ་པོས་བུ་མོར་ནོར་སྐལ་གསེར་དངུལ་གཡུ་སོགས་ནོར་སྤྱད་རྟ་དང་གླང་པོ་ལ་སོགས་པ་མང་དུ་བྱིན་ཏེ། ལམ་དུ་ཞུགས་པ་ན་རྒྱལ་པོ་འཁོར་བཅས་ཀྱིས་ཀྱང་ཉིན་ལམ་གསུམ་ཙམ་སྐྱེལ་ཐུང་བྱས་སོ།།
དེར་བུ་མོ་ས་ལེ་ཉག་ཅིག་ཁྱེའུ་འཁོར་བཅས་རྣམས་འཛམ་བུ་གླིང་དུ་སླེབས་ཏེ། རང་ཡུལ་དང་ཧ་ཅང་མི་རིང་བ་ཞིག་ན་ས་གཞི་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག་པར་གདན་ཕབ་སྟེ་སྨོན་ལམ་བཏབ། ས་འདིར་རིན་ཆེན་ལས་གྲུབ་པའི་ཕོ་བྲང་ཁོར་ཡུག་གྲོང་ཁྱེར་དང་བཅས་པ། ཙནྡན་སོགས་ལྗོན་ཤིང་སྣ་ཚོགས་དང་ལྷའི་མེ་ཏོག་མནྡྷ་ར་བ་ལ་སོགས་པ་སྐྱེས་ཤིང་ཡན་ལག་བརྒྱད་ལྡན་གྱི་ཆུ་ཀླུང་འབབ་པ་དང་། འབྲས་ལ་སོགས་པའི་ལོ་ཐོག་ཕུན་སུམ་ཚོགས་པ་འབྱུང་ཞིང་། ནང་དུ་རིན་པོ་ཆེའི་བང་མཛོད་བསམ་གྱིས་མི་ཁྱབ་པ་བྱུང་བ་དང་། མདོར་ན་ཡིད་ལ་འདོད་པ་ཐམས་ཅད་ཡིད་བཞིན་དུ་འབྱུང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཇི་ལྟར་སྨོན་པ་བཞིན་ས་དེར་ཕོ་བྲང་ཆེན་པོ་གྲོང་ཁྱེར་ནི་འབུམ་ཕྲག་དང་བཅས་པ་བྱུང་སྟེ་སྙན་གྲགས་ཀྱིས་ཁྱབ་བོ།།
དེའི་ཚེ་ཕྱོགས་ཀྱི་མི་ཐམས་ཅད་འདུས་ནས་ངོ་མཚར་གྱི་གཏམ་མང་དུ་སྨྲས་པ་ན། སྔར་གྱི་རང་ཡུལ་གྱི་རྒྱལ་བློན་བཙུན་མོ་རྣམས་ཀྱིས་ཐོས་ནས་ཤིན་ཏུ་དངངས་ཏེ་ཁོང་རྣམས་ཀྱིས་གྲོས་བྱས་ནས། ངེད་ཀྱི་གསོལ་ཀ་ཁྱེའུ་དེ་སྲིན་ཡུལ་དུ་ཕྱིན་ནས་བཙུན་མོ་ས་ལེ་ཉག་ཅིག་གདན་དྲངས་ནས་སླེབས་ཡོད་འདུག་པ། སྟོབས་ལྡན་གཞན་གྱིས་མི་ཐུབ་པ་ཞིག་ཡིན་ན། ཁོ་ལ་ཇི་ལྟར་བྱས་པ་དྲག་ཅེས་བགྲོས་པ་ན། བློན་འབངས་རྣམས་དེར་བྱོན་ནས་ཁོང་ཡབ་ཡུམ་ལ་ལེགས་ཇ་འབུལ་ཞིང་མཛའ་བཤེས་སུ་བསྟེན་ན་ལེགས་ཀྱི། དེ་ལྟར་མིན་ན་ཁོས་རང་རེའི་རྒྱལ་སྲིད་རྣམས་མ་འབུལ་ན་བརླག་པར་བྱེད་དོ། །ཅེས་སྨྲས་སོ། །དེ་ནས་རྒྱལ་བློན་རྣམས་ཀྱི་ཞོན་པ་བཟང་པོ་རྒྱན་གྱིས་ (ཤོག་ ༥༦) བརྒྱན། ཪང་ཉིད་ཀྱང་རྒྱན་གོས་བཟང་པོ་གྱོན་ནས་ས་ཕྱོགས་དེར་ཕྱིན་པ་ན། ཁྱེའུ་བཙུན་མོར་བཅས་པ་རྣམས་བསུས་ཏེ་རིན་པོ་ཆེའི་ཕོ་བྲང་གི་ནང་དུ་ཕྱིན་ཏོ། །དེ་ནས་ཕོ་བྲང་ནང་དུ་གསེར་དངུལ་གྱི་ཁྲི་ལ་ཁྱེའུ་བཞུགས། གཡས་སུ་གཡུའི་ཁྲི་ལ་བཙུན་མོ་ས་ལེ་ཉག་ཅིག་བཞུགས། གཡོན་དུ་དུང་གི་ཁྲི་ལ་རྒྱལ་པོ་བཞུགས་སུ་བཅུག །རྒྱལ་པོས་སྔར་ཁོང་རང་གི་རྙེད་པའི་ཡིད་བཞིན་གྱི་ནོར་བུ་སོགས་འབུལ་ཚན་མང་དུ་ཕུལ་ཞིང་། རྒྱལ་བློན་འཁོར་བཅས་ལ་ཡང་ཞབས་ཏོག་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ།།
དེའི་རྒྱལ་པོས་ཞུས་པ། ངེད་ཀྱི་རྒྱལ་སྲིད་འབངས་དང་བཅས་པ་ཁྱེའུ་ཡབ་ཡུམ་ལ་འབུལ་བས། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་ཞུ། བདག་ནི་ཁྱིམ་ནས་རབ་ཏུ་བྱུང་སྟེ་དགོན་པར་གནས་པ་ལགས་སོ་ཞེས་རྒྱལ་སྲིད་ཕུལ་ལོ། །བདུད་མོ་བཙུན་མོར་གྱུར་པ་དེ་ནི་སྙིང་མི་དགའ་ཞིང་ནོངས་ཏེ་ལྕེབས་ཏེ་ཤིའོ། །དེ་ནས་ཁྱེའུ་བཙུན་མོར་བཅས་པ་རྣམས་ཀྱི་ཆབ་འོག་ཏུ་གཏོགས་པའི་འབངས་རྣམས་དགེ་བ་བཅུའི་ལམ་ལ་བཀོད། ཆོས་དང་མཐུན་པའི་བཀའ་ཁྲིམས་བཟང་པོས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པ་རྫོགས་ལྡན་ལྟར་གྱུར་ཏོ། །ཞེས་སྨྲས་པས་རྒྱལ་པོ་བདེ་བྱེད་བཟང་པོས་ཁྱེའུ་དེ་རང་བསོད་ནམས་ཆེ་བ་ལ་ཨང་ཟེར་ཤོར་བས་དངོས་གྲུབ་ཅན་ཤོར་རོ། །དངོས་གྲུབ་ཅན་ལས་ཁྱེའུ་བསོད་ནམས་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།

༈ ཡང་རྒྱལ་བུ་བདེ་བྱེད་བཟང་པོས། སྔར་བཞིན་དངོས་གྲུབ་ཅན་བླངས་ཏེ་ལམ་རིང་བགྲོད་པས་ངལ་ཞིང་དུབ་པ་ན། དངོས་གྲུབ་ཅན་གྱིས་གཏམ་སྨྲས་པ། ཁོ་དེ་རྒྱལ་པོ་ཁྱོད་ཀྱི་སེམས་ཁམས་བསོས་པའི་གཏམ་ཞིག་བཤད་ཀྱིས་ལེགས་པར་ཉོན་ཅིག །སྔོན་དུས་དང་པོ་ཙ་ན། རང་ཅག་གི་ཡུལ་འདིར་རྒྱལ་པོ་ཆེན་པོ་སྟོབས་འབྱོར་གྱི་འཁོར་ལོས་བསྒྱུར་བ་ཞིག་བྱུང་ངོ་། །དེ་ལ་བཙུན་མོའི་འཁོར་དུ་མ་ཡོད་ཀྱང་རྒྱལ་བུ་མ་བྱུང་བས། འཇིག་རྟེན་གྱི་ལྷ་ཀླུ་གཞི་བདག་དང་བཅས་པ་ལ་གསོལ་མཆོད་རྒྱ་ཆེན་པོ་བྱས་ནས་བུའི་དངོས་གྲུབ་སློང་བས་བཙུན་མོ་དམ་པ་ལ་སྲས་ཤིག་སྦྲུམ་སྟེ་ཟླ་བ་དགུ་ངོ་བཅུ་སོང་བ་དང་རྒྱལ་བུ་ཞིག་འཁྲུངས་པས་ངོ་མཚར་ལྟས་བཟང་པོ་བྱུང་ངོ་། །རྒྱལ་བུ་གསོལ་སྐྱེད་བསྣུན་ཏེ་རྫིང་ན་གནས་པའི་པདྨ་བཞིན་དུ་ཆེས་ཆེར་བསྐྱེད་བསྲིངས་པའོ། །རྒྱལ་བུ་དེས་ལོ་བརྒྱད་ཙམ་ལོན་པའི་ཚེ་ཡབ་རྒྱལ་པོ་གྲོངས་སོ། །ཕ་རོལ་གྱི་རྒྱལ་པོ་དགྲ་ཟླ་ཞིག་ཡོད་པ་དེས་ཐོས་ནས། ཡབ་རྒྱལ་པོ་དེ་ནི་མེད། རྒྱལ་བུ་བྱིས་པས་ནི་རྒྱལ་སྲིད་སྐྱོང་བར་མི་ནུས་སྙམ་ནས། དམག་འབུམ་ཕྲག་དུ་མ་རྟ་དང་གླང་པོའི་ཚོགས་དང་བཅས་པ་ཡུལ་དེ་དང་ཧ་ཅང་མི་རིང་བར་ལྷགས་སོ། །རྒྱལ་བུ་དེ་ནི་རྒྱལ་སར་སྟོན་མ་ཐག་ཡིན་པས་བློན་འབངས་ཀྱིས་ཞུས་པ། རང་གི་དགྲ་ཟླའི་དཔུང་ཚོགས་མང་པོ་དང་བཅས་ནས་སླེབས་བྱུང་བ་འདི་ལ་ཇི་ལྟར་བྱས་ན་དྲག་ཞུས་པས། རྒྱལ་བུ་དེས་ཐུགས་ཅུང་ཟད་ཀྱང་མ་གཡོ་བར་ཞལ་འཛུམ་མཛད་ (ཤོག་ ༥༧) དོ། །ང་ནི་སྔོན་གྱི་རྒྱལ་པོ་རྣམས་ཀྱི་གདུང་ཚབ་ཏུ་ལྷ་རྣམས་ཀྱིས་བཀོད་པ་ཞིག་ཡིན་ཞིང་། དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་འཇིགས་པ་མི་འབྱུང་བས་ཁྱེད་རྣམས་བག་ཚ་བར་མ་བྱེད་པར་སྡོད་ཅིག །ངས་ལྷ་དང་དཀོན་མཆོག་ལ་གསོལ་བ་བཏབ་པས་དགྲ་ཟླའི་དཔུང་ཕྱིར་བཟློག་པར་འགྱུར་རོ་གསུངས་སོ།།
དེ་ནས་དམག་དཔུང་དེ་དག་ཉེ་བར་སླེབས་པ་ན་སྔར་མེད་པའི་ཆུ་ཀླུང་ཆེན་པོ་ཞིག་བྱུང་བ་ལ་དམག་དཔུང་རྟ་གླང་གི་ཚོགས་དང་བཅས་པ་ཆུ་དེ་བརྒལ་བས་གློ་བུར་དུ་དྲག་ཏུ་བབས་པས་དཔུང་ཚོགས་དེ་དག་ཕལ་ཆེར་ཆུ་ཀླུང་གིས་ཁྱེར་བར་རྒྱལ་པོ་འཁོར་བཅས་རྣམས་རང་ཡུལ་དུ་བྲོས་སོ། །དེ་ནས་རྒྱལ་བུ་བསོད་ནམས་རྒྱས་ཏེ་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་ངོ་། །ཡུལ་དེའི་འདབས་ན་མ་སྨད་དབུལ་པོ་ལས་ཀྱིས་འཚོ་བ་ཞིག་བྱུང་སྟེ། མ་དེས་ལས་བྱེད་དུ་འགྲོ་བའི་ཚེ་བུ་མོ་དེ་ལ་སྨྲས་པ། ངེད་རང་མ་སྨད་ཀྱི་ཟ་རྒྱུ་འབྲས་བྲོ་པོ་ཆེ་གང་ཡོད་པ་འདི་དཔྱིད་ཉི་རིང་པོ་བྱུང་ན་དགོས་པས་སུ་ལ་ཡང་མ་སྦྱིན་ཅིག་ཟེར་ནས་སོང་ངོ་། །ཡུལ་དེའི་ཕུ་ན་དྲང་སོང་ཆེན་པོ་རང་སངས་རྒྱས་ཤིག་བཞུགས་པ་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པ་ན། ཁོང་མ་སྨད་ཀྱི་བསོད་ནམས་སྤེལ་བར་དགོངས་ནས་སྒོ་དྲུང་དུ་ཕེབས་པ་བུ་མོས་མཐོང་ནས། ཡོན་གནས་ཁྱད་པར་འདི་ལྟ་བུ་ལ་བསོད་སྙོམས་འབུལ་རྒྱུ་བྱུང་ན་ཅི་མ་རུང་སྙམ་ནས་འབྲས་བྲེ་གང་པོ་བཙོས་ནས་རང་སངས་རྒྱས་ལ་ཕུལ་བས་བཞེས་ཏེ་ཡོན་བསྔོ་བ་མཛད་དེ་གཤེགས་སོ། །དེའི་ཕན་ཡོན་གྱིས་འབྲས་འཕེལ་ཏེ་སྣོད་ཐམས་ཅད་གང་བ་དང་། བུ་མོ་དེ་ཡང་གཟི་མདངས་དང་ལང་ཚོ་ཕུན་སུམ་ཚོགས་པ་ལྷ་ལུས་ལྟ་བུ་མཚར་སྡུག་ཡིད་དུ་འོང་བར་གྱུར་ཏོ།།
དེ་ནས་ཨ་མ་དེ་ལས་བྱས་ནས་སླེབས་པ་ན། འབྲས་བཙོས་པ་མཐོང་ནས་བུ་མོ་ལ་འཐབ་སྟེ་ཁྱོད་འདྲའི་བུ་མོ་ངག་ལ་མི་ཉན་པར་དགེ་སྦྱོང་ཕོངས་པ་ལ་སྦྱིན་པས་ངེད་རང་མ་སྨད་ལ་ཟ་རྒྱུ་མེད་པས་ཁྱོད་རང་དགེ་སྦྱོང་གི་ཕྱི་བཞིན་སོང་ཟེར་རོ། །བུ་མོ་དེས་ཀྱང་དེ་ལྟར་ཉན་ནས་དྲང་སྲོང་ཆེན་པོ་གང་ལ་བ་དེའི་བསྟི་གནས་དང་ཉེ་བའི་ནགས་ཚལ་མེ་ཏོག་ཅན་དུ་སླེབས་ནས་རྨ་བྱ་གར་བྱེད་པ་ཞིག་དང་འཕྲད་ནས་གཏམ་དྲིས་པས། སྤུ་སྡུག་མཛེས་པའི་གར་མཁན་རྨ་བྱ་ཁྱོད་ཀྱིས་དྲང་སྲོང་ཆེན་པོ་ཡོན་གནས་དམ་པ་ཞིག་གནས་འདིར་བཞུགས་ཞེས་གྲགས་ན་ཁྱོད་ཀྱིས་ཤེས་སམ་དྲིས་པས། རྨ་བྱས་སྨྲས་པ། དྲང་སྲོང་ཆེན་པོ་དེ་ནི་འདི་ནས་ཧ་ཅང་མི་རིང་བ་བྲག་རིན་པོ་ཆེ་སྤུངས་པ་ལྟ་བུ་དང་ལྡན་པ། ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བའི་རྫིང་བུ་མེ་ཏོག་སྣ་ཚོགས་ཀྱིས་གང་བ། ནེའུ་སིང་གཡུའི་མཎྜལ་ལྟ་བུའི་ཁོར་ཡུག་ལྗོན་ཤིང་དུ་མས་བརྒྱན་པ། བྱ་དང་རི་དྭགས་ཐམས་ཅད་བག་ཡངས་སུ་རྒྱུ་བའི་བསྟི་གནས་མཆོག་ཏུ་ཉམས་དགའ་བ་ཞིག་ན་བཞུགས་སོ་སྨྲས་སོ། །བུ་མོས་སྨྲས་པ། འོ་ན་དྲང་སྲོང་ཆེན་པོའི་བཞུགས་གནས་སུ་འགྲོ་བའི་ལམ་སྣ་དང་སྣ་སྦྱོར་ (ཤོག་ ༥༨) ཁྱོད་ཀྱིས་བྱེད་རོགས་གྱིས་དང་། ཁོ་མོ་ནི་དྲང་སྲོང་ལ་མོས་ཤིང་གུས་པས་བསོད་སྙོམས་ཕུལ་བས་དགྱེས་ཤིང་ཐུགས་རྗེས་བཟུང་བ་ཞིག་ཡིན། ཟེར་ནས་དྲང་སྲོང་གི་བསྟི་གནས་དེར་རྩ་བྱས་ཁྲིད་ནས་ཕྱིན་ཏོ།།
དེ་ནས་དྲང་སྲོང་ཆེན་པོ་དེ་བྲག་ཕུག་ཨིནྡྲ་ནཱི་ལའི་རང་བཞིན་ལྟར་སྣང་བའི་ནང་ན་ཀུ་ཤའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་ཤིང་། གཡས་ན་རྨ་བྱ་གར་མཁན་དང་། གཡོན་ན་ནེའུ་ལེ་ཞིག་འདུག་པ་ཁོང་གཉིས་ཀྱིས་དྲང་སྲོང་གི་ཞབས་ཏོག་རིམ་འགྲོ་བྱེད་འདུག་གོ །དེར་བུ་མོས་ཀྱང་ཕྱག་མང་དུ་བཙལ་ཏེ་གསོལ་པ། བདག་ལ་རྒན་མོ་ཞིག་ཡོད་པ་དྲང་སྲོང་ཆེན་པོ་ཁྱེད་ལ་མཆོད་སྟོན་གསོལ་བས་མི་དགའ་སྟེ། ཁོ་མོ་གནས་ནས་བསྐྲད་བྱུང་བས་འདིར་ཡོང་བ་ལགས་པས། ཐུགས་བརྩེ་བར་རྗེས་སུ་བཟུང་དུ་གསོལ་ཞུས་སོ། །དྲང་སྲོང་གིས་བཀའ་སྩལ་པ། ཁྱོད་ནི་སྔོན་ནས་དགེ་བའི་རྩ་བ་བསྐྱེད་ཅིང་བྱ་བ་བྱས་པ་ཞིག་ཡིན་པས། འདིར་འོངས་པ་ལེགས་སོ་གསུངས་སོ། །དེ་ནས་བུ་མོ་དེས་རྨ་བྱ་དང་ནེའུ་ལེ་གཉིས་ཀྱིས་གྲོགས་བྱས་ནས་དྲང་སྲོང་དེའི་འཚོ་བ་སྒྲུབ་ཅིང་ཕྱོགས་གང་ན་པདྨའི་རྩ་བ་དང་། འབྲས་བུ་དང་། ཤིང་ཐོག་བཙལ་ནས་འབུལ་ལོ། །དྲང་སྲོང་དེ་ཡང་སྐུ་གཟི་མདངས་རྒྱས་ཤིང་དེ་དག་ལ་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པར་མཛད་དོ། །བུ་མོ་དང་རྨ་བྱ་ནེའུ་ལེ་གསུམ་ཡང་རིམ་གྲོ་ལ་བརྩོན་ཞིང་དགའ་བར་བྱེད་པ་རྩེ་བར་བྱེད་ཅིང་སྤུན་ལྟ་བུར་གྱུར་ཏོ།།
དེ་དག་སོ་སོར་རྩེད་མོ་བྱེད་བཞིན་དུས་འདས་པ་ན་དྲང་སྲོང་གི་འཚོ་བ་བཀོལ་བའི་མེ་ཤི་ནས་མ་བྱུང་བས་མེ་གང་ནས་ལེན་ཟེར་བ་ན། རྨ་བྱ་ན་རེ། འདི་ནས་ལྷོ་ཕྱོགས་ཀྱི་རི་བྲག་དྲང་སྲོང་གི་བསྟི་གནས་ཤིག་ཡོད་པ་ལ། དེ་ན་དྲང་སྲོང་ཞིག་འདུག་གིས་དེར་མེ་ལེན་དུ་བུ་མོ་ཁྱོད་སོང་ཞིག་ཟེར་བ་བཞིན་སོང་ངོ་། །བུ་མོ་དེ་ནི་བསོད་ནམས་ཆེན་པོ་དང་ལྡན་པས་གོམ་པ་གང་དུ་བོར་བའི་སར་མེ་ཏོག་པདྨ་ཡིད་དུ་འོང་བ་རེ་སྐྱེ་བ་ཡིན་པས། དྲང་སྲོང་དེས་བུ་མོས་གོམ་པ་བོར་བར་མེ་ཏོག་སྐྱེས་པ་མཐོང་ནས་སྨྲས་པས། བུ་མོ་ཁྱོད་ཀྱིས་ངའི་བསམ་གཏན་གྱི་སྤྱིལ་བུ་ལ་ལན་བདུན་སྐོར་བ་གྱིས་དང་དེ་ནས་སྡོད་མེ་སྟེར་རོ། །ཟེར་བ་བཞིན་སྐོར་བ་བྱས་པས་མེ་ཏོག་གི་ར་བ་རིམ་པ་བདུན་དང་ལྡན་པ་ཞིག་བྱུང་ངོ་།།
དུས་གཞན་ཞིག་ན་ཡུལ་དེའི་རྒྱལ་པོ་བློན་པོའི་ཚོགས་དང་བཅས་པ་ལྷོ་ངོས་ཀྱི་རི་བྲག་དྲང་སྲོང་གི་བསྟི་གནས་དང་ཉེ་བར་རི་དྭགས་ཤོར་བ་དང་། སྐྱོ་སངས་ལ་བྱོན་པས། མི་ཞིག་གིས་དྲང་སྲོང་གི་བསྟི་གནས་མེ་ཏོག་གི་ར་བ་རིམ་པ་བདུན་གྱིས་བསྐོར་བ། སྔོན་ཆད་སུས་ཀྱང་མ་མཐོང་བ་ངོ་མཚར་ཆེ་བ་ཞིག་མཐོང་ནས་རྒྱལ་པོ་ལ་གསོལ་པས། རྒྱལ་པོ་འཁོར་བཅས་ཀྱིས་དྲང་སྲོང་གི་གནས་སུ་བྱོན་ནས། མེ་ཏོག་གི་ར་བ་རིམ་པ་བདུན་གྱིས་བསྐོར་བ་ལ་ངོ་མཚར་སྐྱེས་ནས་དྲང་སྲོང་དེ་ལ་རྒྱལ་པོས་སྨྲས་པ། དྲང་སྲོང་ཁྱོད་ཀྱི་སྤྱིལ་བུ་ལ་མེ་ཏོག་གི་ར་བ་རིམ་པ་བདུན་ (ཤོག་ ༥༩) ཡོད་པ་འདི་ཁྱོད་ཀྱིས་བསྐྲུན་པའམ་ངང་གིས་བྱུང་བ་གང་ཡིན་སྨྲས་པས། དྲང་སྲོང་ན་རེ། བསྐྲུན་པའང་མིན་ལ་རང་གར་བྱུང་བའང་མ་ཡིན་གྱི། འོན་ཀྱང་འདི་ནས་བྱང་གི་ཕྱོགས་ན་རི་བྲག་དྲང་སྲོང་བསྟི་གནས་ཤིག་ཡོད་པ་དེ་ན་དྲང་སྲོང་ཞིག་གནས་པའི་འཁོར་ན་བུ་མོ་ཞིག་འདུག་པ་དེ། འདིར་མེ་སློང་དུ་སླེབས་པ་ལ་ང་ལ་སྐོར་བ་བདུན་བྱས་པས་མེ་ཏོག་གི་ཕྲེང་བ་བདུན་བྱུང་ངོ་། །དེ་གང་དུ་འགྲོ་བའི་ལམ་དུའང་མེ་ཏོག་དེ་བཞིན་སྐྱེའོ་སྨྲས་པས། རྒྱལ་བློན་འཁོར་བཅས་བུ་མོ་དེའི་ཕྱིར་འབྲངས་ཏེ་བྱང་ཕྱོགས་ཀྱི་དྲང་སྲོང་ག་ལ་དེར་སོང་ངོ་།།
རི་བྲག་དེར་མི་ཚོགས་འདུག་པས་བྱ་དང་རི་དྭགས་སྐྲག་ནས་ཕྱོགས་གཞན་དུ་བྲོས་སོ། །བུ་མོ་དེ་དྲང་སྲོང་གི་དྲུང་ན་འདུག་གོ །རྒྱལ་པོས་དྲང་སྲོང་ལ་སྨྲས་པ། དྲང་སྲོང་ཆེན་པོ་ཁྱེད་ནི་འདོད་པ་ལ་ཆགས་པ་དང་བྲལ་བ་ཞིག་ཡིན་ན་བུད་མེད་བཟང་པོ་འདི་ལྟ་བུ་ཁྱེད་ལ་མི་འོས་པས་རྒྱལ་པོ་ལ་བྱིན་ཅིག །མི་སྟེར་ན་འཕྲོག་གོ་ཞེས་སྨྲས་པས། དྲང་སྲོང་དེ་ཅང་མི་ཟེར་བར་སེམས་དཔའ་ལ་བཞུགས་པས། བུ་མོ་རྒྱལ་པོ་དེ་གཉིས་ལས་འབྲེལ་འདུག་པ་གཟིགས་ནས་བཀའ་སྩལ་པ། ཁྱེད་རྒྱལ་པོ་ཆེན་པོ་ལ་དབང་བ་ཞིག་ཡིན་ནའང་དྲང་སྲོང་རྒན་པོ་ལ་བརྙས་པར་མི་རུང་སྟེ། ཁོ་བོས་སྨོད་པ་དོར་ན་ཁྱེད་ཀྱི་རྒྱལ་སྲིད་སྟོང་པར་གྱུར་ཀྱང་མི་བགྱིའོ། །རྒྱལ་པོ་ཁྱེད་དང་བུ་མོ་སྔོན་ནས་ལས་འབྲེལ་བཟང་པོ་འདུག་པས་སྟེར་གསུངས། དེ་ནས་དྲང་སྲོང་གིས་བུ་མོ་ལ་བཀའ་སྩལ་པ། བུ་མོ་ཁྱེད་རྒྱལ་པོ་འདིས་དོན་དུ་གཉེར་ན་ཁྱེད་གཉིས་ལས་འབྲེལ་ཡང་བཟང་པོ་འདུག་པས། རྒྱལ་པོའི་དྲུང་དུ་སོང་ཞིག་དང་རྒྱལ་པོ་དགའ་ཞིང་མགུ་བར་གྱུར་ཏོ། །རྒྱལ་པོ་རྣམས་ནི་རྟག་ཏུ་ཁུ་ཁྲིག་དང་ཚིག་པ་ཟ་ཞིང་མི་བརྟན་པ་ཡིན་པས། རྒྱལ་སྲིད་སྙིང་པོ་མེད་པར་ཆུ་ནང་གི་གཟུགས་བརྙན་ལྟ་བུར་ཤེས་པར་གྱིས་ཤིག །འཕྲལ་གྱི་བྱ་བཞག་འགྱུར་ལྡོག་སོགས་ཇི་ལྟར་བྱུང་ཡང་རྨི་ལམ་ལྟར་ཤེས་པར་གྱིས་ལ་དགེ་སྦྱོང་དང་བྲམ་ཟེ་རྣམས་དང་སྐྱེ་བོའི་ཚོགས་ལ་སྦྱིན་པ་དང་མཆོད་སྦྱིན་ལ་སོགས་པ་དགེ་བའི་ལས་ལ་བརྩོན་པར་གྱིས་ཤིག །ཁོ་བོ་ཡིད་ལ་མི་འབྲལ་བར་གྱིས་ལ་ཡང་དང་ཡང་དུ་བལྟ་བར་གྱིས་ཤིག །ཅེས་གདམས་ནས་བུ་མོ་དེ་རྒྱལ་པོའི་ལག་ཏུ་རིལ་བུའི་ཆུ་དང་བཅས་སྦྱིན་ནོ། །རྒྱལ་བློན་འཁོར་བཅས་དགའ་མགུ་རང་པར་གྱུར་ནས་བུ་མོ་དེ་ཞོན་པ་བཟང་པོ་རྒྱན་གྱིས་བརྒྱན་ནས་ཁྲིད་དེ་ཕོ་བྲང་དུ་སོང་ངོ་། །རྒྱལ་པོ་དེ་ལ་བཙུན་མོ་མང་དུ་ཡོད་པའི་བུ་མོ་དེ་བཙུན་མོ་དམ་པར་དབང་བསྐུར་ཏེ་དགའ་བར་བྱེད། བརྩེ་བར་བྱེད་དགའ་མགུར་སྤྱོད་པར་གྱུར་ཏོ།།
དེ་ལྟར་དགའ་མགུར་སྤྱོད་པ་ལ་དུས་ནམ་གི་ཚེ་བཙུན་མོ་དེ་ལ་བུ་སྦྲུམ་པར་གྱུར་ནས་སྐྱེ་བ་ལ་མངོན་པར་ཕྱོགས་པའི་བཙུན་མོ་དེ་ལ་མེ་ཏོག་པདྨ་ཞིག་མངལ་ནས་སྐྱེས་སོ། །བཙུན་མོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་ཕྲག་དོག་གིས་རྒྱལ་པོ་ལ་ཞུས་པ། བཙུན་མོ་འདི་ལ་རྒྱལ་པོ་དགྱེས་པར་སྤྱད་ (ཤོག་ ༦༠) ཀྱང་རྒྱལ་སྲིད་ལ་དབང་བའི་སྲས་མི་འབྱུང་བར་མཁྱེན་པར་མཛོད་ལ། བཙུན་མོ་གང་འོས་བསྟན་པར་ཞུ་ཟེར་རོ། །རྒྱལ་པོས་ཀྱང་ཁུ་འཁྲིག་བཟོས་ཏེ་བཙུན་མོ་དེ་སྤངས་པར་གྱུར་ཏོ། །དེ་ནས་བཙུན་མོ་དེ་ངོ་མཚར་གནོང་ནས་མེ་ཏོག་པདྨ་དེ་རྒྱལ་པོའི་སྐྱེད་མོས་ཚལ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་ཁྲུས་ཀྱི་རྫིང་བུའི་འགྲམ་དུ་རྡོ་ལེབ་ཅིག་གི་འོག་ཏུ་བཞག་གོ །བུ་མོའི་བསམ་པ་ལ་ཁོ་མོ་དྲང་སྲོང་གི་དྲུང་ནས་འོང་དུས་དྲང་སྲོང་ཆེན་པོས་ཞལ་གདམས་དངོས་སྩལ་ཅིང་ཁོ་བོ་ཡིད་ལ་གྱིས་ལ་ཡང་དང་ཡང་དུ་བལྟ་བར་གྱིས་གསུངས་པ་ལྟར་མ་གྲུབ་པས་སྐབས་འདི་འདྲར་གྱུར། ད་ནི་ཅི་ནུས་ཀྱིས་དྲང་སྲོང་གི་བཀའ་བཞིན་སྒྲུབ་པར་བྱའོ་སྙམ་ནས་དྲང་སྲོང་དེ་ལ་བསྙེན་བཀུར་བ་དང་། དགེ་སྦྱོང་དང་བྲམ་ཟེ་ཕོངས་པ་རྣམས་ལ་མཆོད་སྦྱིན་རྒྱ་ཆེན་པོ་བྱས་སོ།།
དེ་ནས་སྐབས་ཤིག་ཏུ་སྐྱེད་མོས་ཚལ་དུ་ཕྱིན་ནས་ཁྲུས་ཀྱི་རྫིང་བུའི་འགྲམ་དུ་སྦས་པའི་མེ་ཏོག་པདྨ་དེ་ཇི་ལྟར་འདུག་པ་བལྟས་ཏེ་རྡོ་ལེབ་ཁ་ཕྱེ་བ་ན་པདྨ་དེ་འདབ་མ་བརྒྱར་གྱེས་པའི་འདབ་མ་རེ་རེའི་སྟེང་ན་ཁྱེའུ་ཆུང་ཡན་ལག་ཉིང་ལག་དང་ལྡན་པ་མིག་བཀྲ་ཤིང་འཛུམ་དང་ལྡན་པ་བརྒྱ་ཕྲག་གཅིག་འདུག་པ་བཙུན་མོས་མཐོང་སྟེ། རང་གི་བུ་ཡིན་པར་ཤེས་ནས་ཁྱེའུ་དེ་དག་བླངས་ཏེ་བསོས་བསྐྱེད་བསྣུན་པར་བྱས་པས། གཞན་གྱི་ལོ་བསྐྱེད་ལས་ཁྱེའུ་དེ་དག་གི་ཞག་བསྐྱེད་ཆེ་བར་བྱུང་ངོ་། །ཁྱེའུ་དེ་དག་ཆེར་བསྐྱེད་ནས་སྐྱེད་ཚལ་དེ་དག་ཏུ་བརྩེ་བར་བྱེད་དགའ་བར་བྱེད་ཅིང་ལྷའི་ཚལ་བཞིན་དུ་གནས་པ། དེ་སྐྱེད་མོས་ཚལ་སྲུང་བའི་མི་ཞིག་གིས་མཐོང་ནས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་བློན་བཙུན་མོའི་འཁོར་དང་བཅས་པ་སྐྱེད་མོས་ཚལ་དུ་བྱོན་པའི་ཚེ་མེ་ཏོག་གི་ཚལ་སྣ་ཚོགས་ཀྱིས་མཛེས་པའི་ལྡིང་ཁང་མཆོག་ཏུ་ཉམས་དགའ་བ་ཞིག་ན་བཙུན་མོ་དེ་གཟི་མདངས་དང་ལྡན་པར་གནས་ཏེ་ཁྱེའུ་དེ་རྣམས་ཀྱིས་ཀུན་ནས་བསྐོར་ཏེ་འདུག་གོ །རྒྱལ་པོ་འཁོར་བཅས་དེ་དག་ལ་ངོ་མཚར་གྱི་མིག་བགྲད་དེ་བལྟ་བར་བྱེད་དོ།།
དེ་ནས་རྒྱལ་བློན་འཁོར་དང་བཅས་པ་ཐམས་ཅད་དགའ་ཞིང་མགུ་བར་ནས་བཙུན་མོ་དེ་ཉིད་སླར་ཡང་བཙུན་པོ་དམ་པར་དབང་བསྐུར། ཁྱེའུ་དེ་དག་ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སྐྱེད་མོས་ཚལ་སྣ་ཚོགས་ཀྱིས་བརྒྱན་པའི་ཁྲུས་ཀྱི་རྫིང་བུ་རིན་པོ་ཆེ་བཅལ་དུ་བཀྲམ་པ་ལྟ་བུའི་ས་གཞི་ལ་གླུ་གར་གྱིས་རོལ་ཞིང་དགའ་བར་བྱེད་པ་ལ་དུས་འདའ་བར་གྱུར་ཏོ། །ཁྱེའུ་དེ་དག་སྐྱེས་པ་ན་ཚན་མོ་ཆེའི་སྟོབས་དང་ལྡན་པ་རེ་རེ་དག་གིས་ཀྱང་ཕ་རོལ་གནོན་ནུས་པར་གྱུར་ནས་ཉི་འོག་གི་རྒྱལ་ཕྲན་རྣམས་ཀྱི་རྒྱལ་པོ་སྲས་དང་བཅས་པའི་ཞབས་ལ་བཏུད་དེ་མཐའ་བཞི་ལས་རྣམ་པར་རྒྱལ་བའི་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏོ། །དེ་རྒྱལ་བློན་འཁོར་བཅས་རྣམས་སྐྱེད་མོས་ཚལ་ཁྲུས་ཀྱི་རྫིང་བུ་ཁོར་ཡུག་དང་བཅས་པ་རྣམས་སུ་རྩེ་ཞིང་ཁྲུས་དང་ཟློས་གར་སྣ་ཚོགས་བསྒྱུར་བའི་ཚེ། ཁྱེའུ་བརྒྱ་ཕྲག་མང་པོ་དེ་དག་ནི་སྲིད་པ་མཐའ་མལ་པ་ཡིན་པས་དེ་དག་གི་ཆུ་ནང་གི་ (ཤོག་ ༦༡) གཟུགས་བརྙན་མཐོང་བའི་མོད་ལ་འཁོར་བའི་སྣང་ཚུལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རིག་ནས། སྐད་ཅིག་ཉིད་ལ་རང་རྒྱལ་གྱི་བྱང་ཆུབ་ཐོབ་ནས་སྒྱུ་འཕྲུལ་གྱིས་ནམ་མཁའ་ལ་ལྡིང་བ་དང་། ནམ་མཁའ་ལ་བཞུགས་པ་དང་། འཆག་པ་དང་བཞེངས་པ་དང་མནལ་བ་དང་། ལུས་ཀྱི་སྟོད་ནས་ཆུ་འབྲུབ་ཅིང་སྨད་ནས་མེ་འབར་བ་སོགས་ཀྱི་ཆོ་འཕྲུལ་བསྟན་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །རྒྱལ་བློན་འཁོར་བཅས་སྐྱོ་བར་གྱུར་ནས་ཆོས་ལ་སྤྱོད་པའི་སྐལ་བ་བཟང་པོར་གྱུར་ཏོ། །ཅེས་སྨྲས་པས་རྒྱལ་བུ་བདེ་བྱེད་བཟང་པོའང་ཡིད་སྐྱོ་ནས་རྒྱལ་པོར་འཁོད་པས་སྐྱོ་བ་རང་བདེན་ནོ་ཞེས་ཟེར་ཤོར་བས་དངོས་གྲུབ་ཅན་བྲོས་ཤོར་རོ། །དངོས་གྲུབ་ཅན་ལས་བཙུན་མོ་མེ་ཏོག་ཅན་སྲས་དང་བཅས་པའི་བྱུང་བ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།

༈ ཡང་རྒྱལ་བུ་བདེ་བྱེད་བཟང་པོས་སྔར་བཞིན་བྱས་ཏེ་དངོས་གྲུབ་ཅན་ཁུར་ནས་ལ་ལུང་དུ་མ་ཆས་པའི་ཚེ། ཡང་དངོས་གྲུབ་ཅན་གྱིས་སྨྲས་པ། སྔོན་དུས་དང་པོ་ཙ་ན། ཡ་བ་ཞེས་བྱ་བའི་ཡུལ་ཁམས་ཆེན་པོ་ཞིག་གི་བྱང་ཕྱོགས་ན། རྒྱལ་པོ་ཆེན་པོ་སྟོབས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམ་ཐོས་སྲས་ལ་འགྲན་ཐུབ་པ་ཞིག་བྱུང་ངོ་། །ཡུལ་དེའི་ཤར་ཕྱོགས་ནའང་རྒྱལ་པོ་ཆེན་པོ་སྔ་མ་ཇི་ལྟ་བ་ཞིག་གནས་སོ། །སྐབས་ཤིག་ལྷོ་བྱང་གི་རྒྱལ་པོ་གཉིས་ཤིན་ཏུ་མཛའ་ཞིང་མཐུན་པར་གྱུར་ནས་རང་གི་ཕོ་བྲང་དུ་བསྙེན་བཀུར་ལ་འབོད་རེས་བྱེད་ཅིང་བརྩེ་དགའ་ལ་རོལ་བར་བྱེད། སྙན་པའི་ཚིག་གིས་གཏམ་སྨྲ་བར་བྱེད་པ་ན། བྱང་ཕྱོགས་ཀྱི་རྒྱལ་པོ་དེས་ལྷོ་ཕྱོགས་ཀྱི་རྒྱལ་པོ་ལ་དྲིས་པ། ཁྱེད་ལ་ནོར་བུའི་ཚོགས་མང་དུ་ཡོད་འདུག་པ་ལས་ཁྱད་པར་དུ་འཕགས་ཤིང་ངོ་མཚར་ཆེ་བ་ཇི་ལྟར་ཡོད་བྱས་པས། ལྷོ་ཕྱོགས་ཀྱི་རྒྱལ་པོས་ང་ལ་ཁྱད་ནོར་དུ་བསེ་རུ་དཀར་པོ་ཆེན་པོ་ཞིག་ལ་སངས་རྒྱས་སྟོང་དང་རྩ་གཉིས་ནང་ན་བཞུགས་པ་ཕྱི་གསལ་ནང་གསལ་དགོས་འདོད་ཡིད་བཞིན་སྩོལ་བ་ཞིག་ཡོད་ཟེར་རོ།།
རྒྱལ་པོ་དེས་ཀྱང་བྱང་ཕྱོགས་ཀྱི་རྒྱལ་པོ་ལ་དྲིས་པ། ཁྱོད་ནི་ནོར་ལོངས་སྤྱོད་ཀྱི་འབྱུང་ཁུངས་ལགས་པས་ཁྱད་ནོར་ཡ་མཚན་ཆེ་བ་ཇི་ཙམ་ཡོད་ཅེས་སྨྲས་པས། རྒྱལ་པོ་ཆེན་པོ་དེས་ངེད་ལ་ནང་ནོར་མང་དུ་ཡོད་ལ། ཁྱད་པར་དུ་འཕགས་པ་རྟ་མཆོག་མེ་ལོང་གི་རྟ་ཁྲ་བྱ་བ་ཡོད་ལ། དེ་ལ་རྟ་རྫི་རིག་པའི་ཁྱེའུ་ཆུང་ཞེས་བྱ་བ་རྫུན་དང་གཡོ་སྒྱུ་གཏན་ནས་སྤངས་པ་ཞིག་ཡོད་ཟེར་རོ། །ལྷོ་ངོས་ཀྱི་རྒྱལ་པོ་ན་རེ། རྫུན་གཏན་ནས་སྤངས་པའི་མི་འཇིག་རྟེན་ན་དཀོན་པས་ངོ་མཚར་ཆེ་ཟེར་རོ། །རྒྱལ་བྱས་ནས་མངོན་པར་གྱུར་ཏོ། །བྱང་ངོས་ཀྱི་རྒྱལ་པོས་རྒྱལ་བྱས་པས་ཆོག་སྟེ། བུ་རིག་པའི་ཁྱེའུ་ཆུང་གིས་རྫུན་བྱས་ན་ངེད་ཀྱི་རྒྱལ་སྲིད་ཕྱེད་སྤྲོད་པར་བྱས་སོ།།
དེ་ནས་ལྷོ་ཕྱོགས་ཀྱི་རྒྱལ་པོ་དེས་རང་གི་སྲས་མོ་དེ་ལ་བཟའ་བཏུང་མང་པོ་ (ཤོག་ ༦༢) བསྐུར་ནས་ཁྱེའུ་རྫུན་སྤངས་པ་དེ་བསླུ་ཞིང་རྫུན་སྨྲ་བའི་ཐབས་གྱིས་ཤིག་ཅེས་བསླབས་སོ། །བུ་མོ་དེས་ཁྱེའུ་ཡོད་པའི་ལུང་པའི་ཕུ་ན་ཡར་སོང་ལ་བུ་རིག་པའི་ཁྱེའུ་ཆུང་བརྩད་གཅོད་ཅིང་ཕྱིན་པས་ཆོད་དེ། ཁོ་རང་དང་འཕྲད་པ་ན། བུ་མོས་སྨྲས་པ། ཁྱེའུ་བཞིན་བཟང་ཁྱེད་ཀྱི་ང་ལ་གནས་མལ་ཞིག་གཏོང་རོགས་མཛོད་དང་། ཁོ་མོ་དོ་ནུབ་ས་ཕྱིས་ནས་གཞན་དུ་མ་བགྲོད་བྱས་པས། ཁྱེའུ་ན་རེ། ང་ལ་ད་ལྟ་གཡོག་བྱེད་མཁན་ཡང་མེད་པས། ཁྱེད་རང་ལ་འདིའི་ཕར་རྒྱབ་ན་རྟ་གླང་གི་རྫི་བོ་མང་པོ་ཡོད་པས་དེར་སོང་བྱས་པས། བུ་མོས་ནན་གྱིས་སྨྲས་པ། དོ་ནུབ་གར་ཕྱིན་ཀྱང་མི་སླེབས་པས་འདི་ཉིད་དུ་གནས་མལ་ཞིག་ཅིས་ཀྱང་ཐུགས་ལ་འདོགས་པར་ཞུ་བྱས་པས་གནས་མལ་བཏང་ངོ་། །དེ་ནས་བུ་མོ་དེས་བཟའ་བཏུང་བཟང་པོ་བཤམས་ནས་ཁྱེའུ་ལ་དྲངས་པས་དགའ་ཞིང་མགུ་ནས་ཞག་འགའ་དེ་ཉིད་དུ་བསྡད་པས་དགའ་གྲོགས་ཀྱི་འདྲིས་པར་གྱུར་ཏོ། །བུད་མེད་དག་ནི་གཡོ་སྒྱུས་འབྲིད་པ་ལ་མཁས་པས་བུ་མོ་དེས་ན་རྫུ་དྲག་པོ་བཏབ་ནས་ཁྱེའུ་བློ་མ་བདེ་ནས་སྨྲས་པ། ཁྱེད་ན་བ་ཇི་ལྟ་བུ་ཡིན། ཕན་པའི་ཐབས་ཡོད་དམ་བྱས་པས། ད་རེས་ན་ཚབས་ཤིན་ཏུ་ཆེ་ཕན་པའི་ཐབས་ཡོད་ཀྱང་བྱེད་པ་དཀའ་ཟེར་རོ། །ཁོ་ན་རེ། ཁྱོད་མི་འཆི་བ་བྱུང་ན་གང་དགོས་བྱས་པས། རྟ་ཕོ་མེ་ལོང་གི་རྟ་ཁྲ་འདི་བསད་ནས་ཤ་ང་ལ་བྱིན་ན་ཕན་བྱས་པས་ན། ཁྱེའུས་སྨྲས་པ། ཐབས་གཞན་མེད་དམ་རྟ་མཆོག་འདི་ནི་ངེད་རང་མངའ་རིས་ན་ཡིད་བཞིན་ནོར་བུ་བྱེད། ངེད་ཀྱི་རྒྱལ་པོ་ལ་འདི་ལས་ལྷག་པའི་ཁྱད་ནོར་མེད་པས་ཐབས་གཞན་སོམས་ཤིག་སྨྲས་པས། ཡང་བུ་མོས་སྨྲས་པ། ཐབས་གཞན་མེད་པས་ང་རང་ཤི་ཆུག་ཟེར། ཁྱེའུའི་བསམ་པ་ལ་བུ་མོ་འདི་ཤི་ན་རྒྱལ་པོའི་སྲས་མོ་ཡིན་པས་བདག་བཟང་བའི་གནད་ཀྱིས་གྱོད་དོགས་ནས་རྟ་ནི་ཕངས་ཀྱང་གསོད་དགོས་སྙམ་ནས། ལག་གཡོན་ཟན་ཆང་དང་། གཡས་སུ་རྟ་གྲི་ཁྱེར་རྟའི་རྩར་ཕྱིན་ནས་རྟ་ཕོ་མེ་ལོང་གི་རྟ་ཁྲ་ཤོག་ཤོག་བྱས་པས་རྟ་དེ་ཅང་ཤེས་ཡིན་པས་ཁོའི་བསམ་དོན་ཤེས་ནས་མགོ་འཕང་དམའ་བ་ཞིག་བྱས་བྱུང་ངོ་། །ཁོས་གསོད་མ་ཕོད་པར་དེ་ལ་སྒལ་འཕུར་ཞིག་བྱས་ནས་ལོག་ཕྱིན་ཏོ། །
དེ་ནས་ཁོས་བུ་མོ་འདི་འཆི་ན་ཁོ་མཆི་མ་ཤོར་ནས་སྨྲས་པ། ཅང་ཤེས་ཁྱོད་ང་འདྲའི་རྟ་རྫི་ཡོང་བ་ཁྱོད་བསད་ན་ང་ཅི་འདྲ་བྱེད། རྒྱལ་པོའི་ཕྱི་ནོར་དྲག་ཤོས་ནི་ཁྱོད་ཡིན། ཁྱོད་མ་བསད་ན་བུ་མོ་འདི་འཆི་ངེས་པར་འདུག་པས་ཇི་ལྟར་བྱས་པ་དྲག་བྱས་ནས་ངུས་པས། རྟ་ཕོ་དེ་ཁོའི་རྩར་བྱུང་ནས་ཉལ་སོང་བ་དང་། ཁོས་སྨོད་བོར་བ་རྟ་ཕོ་ཁྱོད་མ་བསད་པ་དགའ་ན་ལངས་ཏེ་སྤྲུགས་ཤིག་ (ཤོག་ ༦༣) གྱིས་ལ་བྲོས་ནས་མི་ཟིན་པར་གྱུར་ཅིག །ཁྱོད་ཤི་བ་ལ་རྒྱལ་པོའི་ཆད་པ་མི་ཡོང་ན་མི་དགོས་པར་ཤི་བར་ཤོག་བྱས་པས། ཅང་ཤེས་ཀྱི་རྟས་སྨྲས་པ། རང་རེ་རྒོད་མ་གྲོ་མོ་འདི་ངའི་གདོང་དུ་ཕར་ཁྲིད་ཚུར་ཁྲིད་གསུམ་གྱིས་ཟེར་རོ། །ཁོས་རྒོད་མ་ཁྲིད་ནས་ཕར་ཁྲིད་ཚུར་ཁྲིད་གསུམ་བྱས་པས་ཅང་ཤེས་ཀྱི་རྟ་དེ་ཤིའོ། །ཁྱེའུའི་བསམ་པ་ལ་གྲོགས་བསྟེན་ཉེས་པས་རྒྱལ་པོ་མ་དགྱེས་ན་ཅི་འགྱུར་མི་ཤེས་སྙམ། བུ་མོ་ན་རྫུ་བྱས་པ་དེ་ལ་རྟའི་ཤ་ལྤགས་རྣམས་ཐོགས་ནས་རང་ཁྱིམ་དུ་ཕྱིན་ཏེ་བུ་མོ་དེ་ལ་ཤ་བྱིན་པས་ནད་དྲག་པོ་དེ་འཕྲལ་དུ་བསོས་ཚུལ་བྱས་སོ།།
དེ་ནས་ཁོས་ལུང་བསྟན་པའི་ཕུ་དེར་རྟ་གཞན་ཡོད་སར་བལྟར་ཕྱིན་པའི་ཤུལ་དུ་བུ་མོ་དེ་བྲོས་སོ། །དེ་ནས་ཁྱེའུ་དེས་ཟླ་དུས་སུ་རྒྱལ་པོའི་དྲུང་དུ་ཕྱག་འབུལ་དུ་འགྲོ་དགོས་ཡོད་པ་ལ་རྟ་ཞིག་བཞོན་འཕྱིང་པ་བཟང་པོ་ཞིག་དང་ཞྭ་དཀར་གྱོན་ནས་ལམ་དུ་ཞུགས་ཏེ། རི་སྒང་ལ་ཁ་ཞིག་ཏུ་སླེབས་སོ། །རི་སྒང་དེ་ན་ཐོ་ཆེ་བ་ཞིག་དང་དེའི་གཡས་གཡོན་མདུན་རྒྱབ་ན་ཐོ་མང་པོ་བསླངས་ཏེ། རྒྱལ་པོ་འཁོར་བཅས་བཞུགས་པ་འདྲ་བ་ཞིག་བྱུང་ནས་བསམ་པ་ལ། ང་རྒྱལ་པོའི་དྲུང་དུ་འགྲོ་བའི་ཚེ་གཏམ་དྲིས་ན་ཇི་ལྟར་སྨྲ། གཏམ་དྲང་པོ་སྨྲས་ན་ནི་རྒྱལ་པོ་ཁྲོས་ནས་ཆད་པ་གཅོད། རྫུན་བྱས་ན་ཇི་ལྟར་ཡོང་སྙམ་ནས། རི་སྒང་གི་དཀྱིལ་གྱི་ཐོ་ཆེ་བ་དེ་རྒྱལ་པོ་ཡིན་པ་ལུགས་བྱས། ཐོ་ཆུང་བ་རྣམས་བློན་པོ་ཡིན་ཁུལ་དུ་བྱས་ནས་ཁོ་རང་གི་འཕྱིང་པ་དེ་ཐོ་གཅིག་ལ་གཡོགས། ཞྭ་མོ་དེ་ཐོ་དེ་ལ་བཀོན་ནས་རྒྱལ་པོ་ཡིན་ཚུལ་བྱས་ཤིང་སྨོད་བོར་ནས་ཞུ་དོན་གསལ་བ། ཐོ་དེ་ལ་ཕྱག་ལན་གསུམ་བཙལ་ནས། ཀྱེ་རྒྱལ་པོ་ཆེན་པོ་རང་རེ་རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་རྐུ་ལ་ཤོར་ནས་མ་བྱུང་བས་ཇི་ལྟར་དྲག་ཞུས་པས། ཞྭ་འཕྱིང་ཐོ་རྣམས་རླུང་དྲག་པོ་ཞིག་གིས་སྒྱེལ་ལོ། །
ཡང་ཁོས་ཐོ་བསླངས་ནས་སྔར་བཞིན་བྱས་ནས་ཅང་ཤེས་འདམ་ལ་ཤོར་ནས་ཤི་བྱས་པས་རླུང་དྲག་པོ་ལངས་ནས་སྒྱེལ་ལོ། །ཁོའི་བསམ་པ་ལ་རྫུན་བྱས་ན་མི་རུང་བར་ཤེས་ནས་དྲང་པོ་ཞིག་བྱས་ན་ཇི་ལྟར་ཡོང་སྙམ་ནས། ཡང་ཐོའི་སྔར་ལྟར་གསོས་ཞྭ་འཕྱིང་བཀོན། ཕྱག་ལན་གསུམ་བཙལ་ནས་གསོལ་པ། ཀྱེ་རྒྱལ་པོ་ཆེན་པོ་ལགས། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་བུ་མོ་ངན་མ་ཞིག་གིས་བསླུས་ནས་ཤི་ཞུས་པས། ཐོ་དེ་མ་གཡོས་པར་དྲང་པོར་འདུག་པས། རྒྱལ་པོའི་དྲུང་དུ་གཏམ་ཞུས་པས་དགྱེས་པའི་རྟགས་སུ་བཟུང་ནས་རྟ་བཞོན་ཅིང་ཞྭ་གྱོན་ནས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏོ། །དེ་ནས་ལྷོ་ཕྱོགས་ཀྱི་རྒྱལ་པོ་དང་བྱང་ཕྱོགས་ཀྱི་རྒྱལ་པོ་གཉིས་ལྷན་ཅིག་བློན་པོའི་ཚོགས་དང་བཅས་པ་བཞུགས་པའི་སྤྱན་སྔར་ཁོས་ཕྱག་གསུམ་བཙལ་ནས་འདུག་གོ །རྒྱལ་པོས་བཀའ་སྩལ་པ། བུ་རིག་པའི་ཁྱེའུ་ཆུང་རྫུན་སྤངས་པ་སླེབས་པ་ལེགས། ངེད་རང་གི་རྟ་དམངས་ཀྱི་ཚོགས་དང་ཁྱད་པར་རྟ་ཕོ་མེ་ལོང་གི་རྟ་ཁྲ་བདེ་བར་འཚོ་འམ་གསུངས་པས། ཁོས་ཕྱག་གསུམ་བཙལ་ནས་ཞུས་པས། ཅང་ཤེས་མེ་ལོང་གི་རྟ་ (ཤོག་ ༦༤) ཁྲ་དེ་བུ་མོ་ངན་མ་ཞིག་གི་གཡོ་སྒྱུ་བྱས་པས། གསོད་མ་དགོས་པ་ཁོ་རང་ཤི་སོང་། རྟ་གཞན་ཐམས་ཅད་ནི་བདེ་བར་འཚོ་ལགས་ཞུས་པས། རྒྱལ་པོ་ཤིན་ཏུ་དགྱེས་ནས་ངས་སྔར་བྱས་པ་བཞིན་ཁྱེའུ་རྫུན་སྤངས་པ་ཡིན་པས། རྒྱལ་གང་བཙུགས་ངེད་ཀྱི་ཐོབ་བོ་ཞེས་རྒྱལ་བློན་རྣམས་ཀྱི་རྟ་རྒྱུག་དར་འཕྱར་རོ། །ལྷོ་ཕྱོགས་ཀྱི་རྒྱལ་པོ་དེས་ཀྱང་ཞལ་ཆོད་བཞིན་རྒྱལ་སྲིད་ཕྱེད་ཕུལ་ལོ། །རྒྱལ་པོའི་སྲས་མོ་དེ་ཁྱེའུ་དེ་ལ་བྱིན་ནོ། །དེ་ནས་བྱང་ཕྱོགས་ཀྱི་རྒྱལ་པོས་ཀྱང་གཞན་གྱི་རྒྱལ་སྲིད་ཁྱེའུ་ལ་དགའ་སྟོན་དུ་གནང་བས་ཁྱེའུ་དེ་རྒྱལ་པོ་ཕན་ཚུན་གཉིས་ཀའི་ཐུན་མོང་གི་བཀའ་བློན་གྱི་གཙོ་བོར་གྱུར་ནས་བཀྲ་ཤིས་ཀྱི་ཉི་མ་གུང་ལ་རེག་པར་གྱུར་ཏོ། །ཞེས་སྨྲས་པས། རྒྱལ་པོ་བདེ་བྱེད་བཟང་པོས། དྲང་པོའི་ལམ་ཤོག་ཟེར་བ་བདེན་པར་འདུག །བྱས་པས་རོ་བྲོས་ཤོར་རོ། །དངོས་གྲུབ་ཅན་ལས་ཁྱེའུ་རྫུན་གཏན་སྤངས་པས་བདེ་བ་ཐོབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།

༈ ཡང་རྒྱལ་པོ་བདེ་བྱེད་བཟང་པོས་བརྩོན་པ་ཆེན་པོས་སྔར་བཞིན་དངོས་གྲུབ་ཅན་ཁུར་ཏེ་ལམ་དུ་ཆས་པ་ན། དངོས་གྲུབ་ཅན་གྱིས་གཏམ་འདི་སྨྲས་པ། སྔོན་གྱི་དུས་འདི་ནས་ལྷོ་ནུབ་ཀྱི་ཡུལ་གྲུ་ཆེན་པོ་ཞིག་ལ། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་དང་བཅས་པ་ཞིག་ཡོད་ལ། དེ་ན་རྒྱལ་པོ་གཞོན་ནུ་གཟུགས་བཟང་པོ་བློན་འབངས་དང་བཅས་བདེ་བར་གནས་སོ། །ཡུལ་དེའི་ཕུ་ན་ཁྱིམ་བདག་བཟའ་མི་བུ་མོ་དང་བཅས་པ་ཞིག་ཡོད་པ་དེ་ལ་ནི་འབྱོར་པ་ཆེན་པོ་དང་བཅས་པ་ཞིག་གོ །དེ་དང་ཧ་ཅང་མི་རིང་བ་ན་སྲིན་མོ་མ་སྨད་མིའི་ཚུལ་དུ་བྱས་པ་ཞིག་ཀྱང་གནས་སོ། །དུས་གཞན་ཞིག་ན་སྲིན་མོ་དེས་ཟས་འཚོལ་དུ་ཕྱིན་པ་ན། ཁྱིམ་བདག་དེ་དང་འཕྲད་པས་སྲིན་མོས་གླགས་བརྙེད་དེ་ཁྱིམ་བདག་བསད་ནས་ཟོས། དེ་ནས་ཁྱིམ་བདག་མ་སྨད་གཉིས་ཀྱི་འཚོ་བ་བཀོལ་བའི་མེ་ཤི་བས། བུ་མོ་དེས་སྲིན་མོ་མ་སྨད་ཅན་དུ་མེ་སློང་དུ་ཕྱིན་པས། མོ་ལ་ཤ་ཚོད་དང་ཟས་ཀྱི་སྣ་མང་པོ་བྱིན་པས་བུ་མོ་དེ་མགུ་བར་གྱུར་ཏོ། །དེ་དག་གིས་མགུ་བར་ཤེས་ནས་བུ་མོ་ཁྱོད་རང་ངེད་ཀྱི་རྩར་ཡོང་བར་འདོད་ན་ཤོག་སྨྲས་པ་དང་། བུ་མོ་ང་རང་འོང་འདོད་ཀྱང་ཨ་མས་མི་གཏོང་བྱས་པས། འོ་ན་ཨ་མ་མེད་ན་ཡོང་ངམ་ཟེར་ནས། ཨ་མ་མེད་སྐབས་ཁྱེད་གཉིས་ཅན་དུ་འོང་བར་བྱེད་སྨྲས་སོ། །སྲིན་མོ་ཟས་འཚོལ་དུ་ཕྱིན་པས་བུ་མོའི་མ་དང་འཕྲད་དེ་གླགས་བརྙེད་ནས་སྲོག་དང་འཕྲལ་ལོ། །དེའི་ཤ་རྣམས་གཞན་གྱིས་མ་ཚོར་བར་འཚོད་ཅིང་ཟ་བར་བྱེད་ལ། དེ་ནས་བུ་མོ་དེ་ལ་ཨ་མ་མ་བརྙེད་པར་སྲིན་མོ་མ་སྨད་ཅན་དུ་ཕྱིན་ཏོ། །དེར་ཁོང་གཉིས་ལ་ངའི་ཨ་མ་མ་བརྙེད་པས་ཇི་ལྟར་དྲག་བྱས་པས། སྲིན་མོ་ན་རེ། ད་ནི་ཨ་མ་མི་བརྙེད་པས་ཁྱོད་རང་ནང་ཆས་རྣམས་འཁུར་ལ་ཤོག་བྱས། ངེད་རང་མ་སྨད་ཁྱད་མེད་བྱེད་དོ་ཟེར། དེ་ནས་བུ་མོའི་རང་ཁྱིམ་གྱི་ཆས་ནོར་རྣམས་སྲིན་མོ་མ་སྨད་ཅན་དུ་འཁུར་ནས་འོངས་སོ། །
དེ་དག་རང་བཞིན་ངན་པ་ཅན་ཡིན་ (ཤོག་ ༦༥) པས་བུ་མོ་དེ་ལ་ཁ་ཟས་བྱིན་ནས། ཤིང་འཐུ་བ་དང་བ་གླང་འཚོ་བའི་ལས་བཅོལ་ལོ། །བུ་མོའི་ཟས་ནོར་རྣམས་ལ་ཁོང་མ་སྨད་གཉིས་ཀྱིས་ལོངས་སྤྱོད་ཅིང་བུ་མོ་ཁྱོད་ཀྱིས་ཉིན་རེ་བཞིན་ཤིང་འཁུར་རེ་དང་བལ་འདི་བཀལ་ཟིན་པ་དང་། ཕྱུགས་རྣམས་འགྲངས་ངོམ་ཡོད་པ་གྱིས་ལ་དེ་མ་བྱུང་ན་ཟའོ་ཟེར་བས། བུ་མོ་དེ་སྐྲག་ཅིང་སྡུག་བསྔལ་ཉམས་ཐག་པ་བྱུང་བ་བུ་མོའི་ཨ་མ་དེས་མ་ཕོད་པར་སྲིན་མོའི་བ་ཞིག་ཏུ་ལུས་བླངས་པས། བ་དེ་ནི་བཞོས་ཚད་ཞོར་ཡོང་བ་དང་དཀྲོག་ཚད་མར་མང་དུ་ཡོང་བའི་འདོད་འཇོའི་བར་གྱུར་ནས་དུས་ནམ་ཞིག་ཡོང་བ་དང་། བ་དེས་བུ་མོ་ལ་སྨྲས་པ། བུ་མོ་སྐྱིད་བཞག་སྡུག་ཉོ་མ། ཐུ་བ་བཟེད་ལས་གཉིད་ཉོལ་ཟེར། བུ་མོས་ཐུ་བ་བཟེད་ནས་གཉིད་ཉལ་བས་ཉི་མ་དགོང་ཁར་སོང་བ་གཉིད་བསད་ནས་ལངས་པས། བལ་བཀའ་ཟིན་ཤིང་ཁུར་སྒྲུབ། ཐུ་བ་ན་ཟན་དྲོན་བཟང་པོ་ཞིག་བཞག་འདུག །ཕྱུགས་རྣམས་ཀྱང་འགྲངས་ངོམས་སུ་གྱུར་པས་བ་མོ་དེ་དག་དགའ་ཞིང་སྐྱིད་པར་བྱུང་ངོ་། །དེ་ནས་ཞག་འགའ་སོང་བ་དང་སྲིན་མོས་བུ་མོ་ལ་ཁྱོད་ཤ་མདངས་ཤིན་ཏུ་ལེགས་པ་འདི་གང་ཡིན་ཟེར་བས། བུ་མོ་དེ་བསད་ཀྱིས་དོགས་ནས་དྲང་པོར་བཤད་པ། རང་རེའི་བ་དམར་མོ་འདིས་ང་ལ་བུ་མོ་སྐྱིད་བཞག་སྡུག་ཉོ་མ། ཐུ་བ་བཟེད་ལ་གཉིད་ཉོལ་ཟེར་འདུག་པས་ཐུ་བ་བཟེད་ནས་ཉལ་བ་དང་། ཟན་དྲོན་དེ་དང་བལ་བཀལ། ཤིང་ཡང་སྒྲུབ། ཕྱུགས་རྣམས་འཚོ་སྐྱོང་བྱས་པས་སྐྱིད་པོ་བྱུང་བ་ཡིན་སྨྲས་སོ།།
སང་ཉིན་དེས་སྲིན་མོས་མོ་རང་བུ་མོ་བ་གླང་འཚོ་སྐྱོང་ལ་བཏང་ངོ་། །སྲིན་མོའི་བུ་མོ་ལ་སྨྲས་པ། བུ་མོ་སྐྱིད་ཀྱིས་སྡུག་ཉོ་མ། ཐུ་བ་ཐིངས་ལ་གཉིད་ཉོལ་ཞིག་ཟེར་རོ། །དེས་ཐུ་བ་བཟེད་ཉལ་བས་གཉིད་བསད་པས་དགོང་ཁར་སོང་ངོ་། །ཐུ་བ་ན་ལྕི་བ་བཏང་། བལ་ཚོ་ཤིང་མགོ་ལ་བཀོན། ཕྱུགས་རྣམས་རི་སུལ་སོ་སོར་འགྲམ་འདུག་པས་བུ་མོ་དེས་ཤིང་མགོའི་བལ་ཚོ་བསྡུས། ཕྱུགས་རྣམས་སོ་སོ་ནས་བསྡུས་པས་དགོང་མོར་སོང་བ་དང་། སྲིན་མོས་རང་གི་བུ་མོ་ལ་སྨྲས་པ། རྒྱུས་ངན་མ་ཁྱོད་འདྲས་ཅི་ཡོང་བ་ཞེས་འཐབ་པས། བུ་མོ་དེས་སྔར་གྱི་ལོ་རྒྱུས་བྱས་པས། སྲིན་མོ་ན་རེ། བ་དེ་བུ་མོའི་ཨ་མ་ཡིན་འདུག་པས་གསོད་དགོས་འདུག་ཟེར་བ་དང་། བུ་མོ་འོག་ཏུ་བའི་རྩར་ཕྱིན་པ་དང་བ་དེས་རང་གི་བུ་མོ་ལ་སྨྲས་པ། བུ་མོ་སྐྱིད་ཀྱིས་སྡུག་ཉོ་མ། ད་ནི་ང་གསོད་པར་འདུག་བསད་ཚར་བ་དང་། ཁྱོད་ལ་ཨ་མ་བསད་པའི་ཤ་སྐལ་བ་གང་དགོས་ཟེར་བ་ནས། སུག་པོ་བཞི་དང་རླ་བཞི་ནས་ལྤགས་པ་ཚལ་རེ། རྒྱུ་མ་དུམ་བུ་རེ་གནང་བ་ཞུ་གྱིས་ལ་གང་བྱུང་རྣམས་པགས་པའི་ཁུག་ཏུ་བསྒྲིལ་ནས་སྒོ་ཐེམ་གྱི་འོག་ཏུ་མ་ཚོར་བར་སྦོས་ཤིག་ཅེས་བསླབས་སོ། །དེ་ནས་སྲིན་མོས་བ་དེ་བསད་ནས་བུ་མོ་ལ་ཤ་སྐལ་གང་དགོས་དྲིས་བྱུང་བ་དང་། བས་བསླབས་པ་བཞིན་བྱས་ནས་ཐེམ་འོག་ཏུ་སྦས་སོ།།
དེ་ནས་དུས་ནམ་ཞིག་ཙ་ན་ལུང་པའི་མདའ་ན་ལྟད་མོ་ (ཤོག་ ༦༦) དང་སྟོན་མོ་བཟང་པོ་འདུག་ཟེར་བ་དང་། སྲིན་མོ་མ་སྨད་ཀྱང་རང་གི་གོས་གྱོན་ནས་འགྲོ་བ་ན་བུ་མོ་ལ་སྨྲས་པ། ཁྱོད་ཀྱིས་ཤུལ་ཕྱིས་གྱིས་ལ་ནས་དང་ཉུང་དཀར་འདྲེས་པ་རྫ་མ་གང་པོ་འདི་དེ་རིང་ཕྱེ་ཚར་བ་གྱིས་ཤིག་ཟེར་ནས་སོང་ངོ་། །དུམ་པ་ཞིག་ན་སྤྲུལ་པའི་ཕུག་རོན་ཞིག་བྱུང་སྟེ། བུ་མོ་སྐྱིད་ཀྱིས་སྡུག་ཉོ་མ། ཁ་སང་ཐེམ་པའི་འོག་གི་སྦས་པ་དེ་ཐོན་ལ། དེ་ན་གོས་རྒྱན་གང་དགོས་ཡོད་པ་གྱོན། གསེར་གཡུའི་རྒྱན་རྣམས་ཐོགས་ལ་ལྟད་མོ་ལ་སོང་ཞིག་ཟེར་རོ། །ནས་དང་ཉུང་དཀར་ཕྱེ་མི་ཟིན་པས་འགྲོ་སྐབས་མེད་བྱས་པས། ངས་འབྱེད་པས་ཁྱོད་རང་སོང་ཟེར་བ་དང་། བུ་མོས་ཐེམ་འོག་ནས་འདོན་དུ་ཕྱིན་པས་བསླབས་པ་བཞིན་བྱུང་སྟེ་ཟོམ་པ་གཉིས་རྐང་པར་གྱོན། ལྷམ་གཉིས་འདུག་པ་སྦས་ཏེ་བཞག་གོ །དེ་ནས་བུ་མོས་གོས་རྒྱན་རྣམས་གྱོན་ནས་ལྟད་མོ་ལ་ཕྱིན་ཏེ་ཁྲོམ་ཚོགས་པ་ལ་གཡས་སྐོར་ཞིག་བྱས་པ་ན། སྲིན་མོ་མ་སྨད་གཉིས་སློང་མོ་བྱེད་འདུག་གོ །ཡང་གཡོན་སྐོར་ཞིག་བྱས་པ་ན། རྒྱལ་པོ་ཆེན་པོ་དེ་ལས་མཚར་བ་མི་འདུག་པས་ཡུད་ཙམ་བལྟས་པས་ཁྲོམ་མ་གྱེས་ཙམ་ལ་མགྱོགས་པར་འོངས་སོ།།
ལམ་ན་ཆུ་ཞིག་འདུག་པ་ལ་མཆོངས་པས་ཟོམ་པ་ཡ་གཅིག་བོར་རོ། །ནང་དུ་སླེབས་པ་ན་གོས་རྒྱན་རྣམས་སྦས་སོ། །ནས་དང་ཉུང་དཀར་ཡང་ཕྱེ་ཚར་འདུག་པས། སྐབས་ཤིག་ཏུ་རྒྱལ་པོའི་ཆིབས་ཁ་བས། ཅང་ཤེས་ངང་པ་གསེར་ལྡན་དེ་ཆུ་བླུད་དུ་ཡོང་བ་དང་། རྟ་ཆུ་སྟེར་བ་དེར་མི་འཐུང་བར་ཕྱོགས་གཞན་ཞིག་ཏུ་ཡང་ཡང་སོང་བའི་རྗེས་བཞིན་རྟ་རྫིས་ཀྱང་ཕྱིན་པ་ན། རྟ་དེ་ནི་ཟོམ་པ་ལེགས་པོ་ཞིག་འདུག་པས་དྲི་སྣོམ་གྱི་འདུག་པས། རྟ་རྫིས་ཟོམ་པ་དེ་ཁྱེར་ནས་རྒྱལ་པོ་ལ་ཕུལ་ཏེ་རྒྱུ་མཚན་གསོལ་པས། རྒྱལ་པོའི་ཞལ་ནས་ཁ་སང་གི་ཁྲོམ་དེའི་གསེབ་ན་བུ་མོ་ལོ་བཅོ་ལྔ་ལོན་པ་མཚར་སྡུག་ཡིད་དུ་འོང་བ་ཞིག་འདུག་པ་དེ་དེ་རིང་བྱུང་ན་ཅང་ཤེས་ཀྱི་རྟས་བཙལ་བ་ཡིན་པས། ངེད་ཀྱི་བཙུན་མོ་བཅོལ་ལོ་གསུངས་སོ། །སྲིན་མོ་མ་སྨད་ནང་དུ་སླེབས་པ་དང་། བུ་མོས་ཨ་མ་ཡུམ་སྲས་བྱོན་ལགས་སམ། དེ་རིང་ལྟད་མོ་རྣམས་ལས་ཕོ་ཐོག་དེ་སུས་ཆོད་སོང་བྱས་པས། ཕོ་ཐོག་དེ་རྒྱལ་པོ་ཆེན་པོས་ཆོད། མོ་ཐོག་དེ་ངའི་བུ་མོས་ཆོད་སོང་། ནས་ཉུང་དཀར་ཕྱེ་ཚར་རམ་ཟེར་བས་ཕྱེ་ཟིན་སྨྲས་པས། ཁྱོད་ལས་རེམ་པ་ཞིག་འདུག་ཟེར། སྲིན་མོའི་བུ་མོ་ན་རེ། ཨ་ལྕེ་ཁྱེད་རང་འདྲ་བ་ལ་རྒྱན་ཆ་བཟང་པོས་སྤྲས་པ་ཞིག་ཁྲོམ་གསེབ་ན་འདུག་པ་ཨ་མ་དྲིས་པས། བུ་མོ་དེ་ཁོ་ཡིན་ཟེར། སང་ཉིན་དེ་ཡང་ཁོང་མ་སྨད་ལྟད་མོ་དང་སྟོན་མོ་ལ་འགྲོ་བ་ན། ནས་དང་ཉུང་དཀར་ཕྱེ་ཟིན་པ་དང་ཤུལ་ཕྱིས་ཟིན་པ་གྱིས་ཟེར་ནས་སོང་ངོ་། །དེ་ནས་ཕུག་རོན་ཁྱུ་ཞིག་བྱུང་བའི་གསེབ་ནས་ཕུག་རོན་ཞིག་གིས་སྨྲས་པ། བུ་མོ་ཁྱོད་ཁ་སང་གི་རྒྱན་རྣམས་དང་གོས་གྱོན་ཟོམ་པ་ཡ་དེ་ཁྱེར། ལྷམ་གཉིས་གོན་བག་བཟོ་བར་གྱིས་ལ་སོང་ཞིག་ཟེར་རོ། །
དེ་ནས་བུ་མོས་རྒྱན་ཆ་དང་ (ཤོག་ ༦༧) གོས་གྱོན། ཟོམ་པ་ཡ་དེ་ལག་ཏུ་ཁྱེར་ནས་ཁྲོམ་དེའི་སར་སླེབས་པ་དང་། རྒྱལ་པོའི་བློན་པོ་ཞིག་གིས་ཟོམ་པ་ཡ་དེ་ཁྱེར་ནས་ཟོམ་པ་འདི་སུ་ལ་རན་པ་དེ་ལ་རྒྱལ་པོའི་བཙུན་མོ་འཚོལ་བ་ཡིན་པས། བུ་མོ་ཐམས་ཅད་འདུས་ཤིག་བྱས་ནས་ཚད་པ་ན། ཟོམ་པ་དེ་རན་པའི་བུ་མོ་མ་བྱུང་། དེ་ནས་བུ་མོ་དང་རྒྱལ་པོའི་བློན་པོ་གཉིས་འཕྲད་དེ་བུ་མོ་ཁྱོད་ལ་ཟོམ་པ་འདི་རན་ནམ་ཚད་དང་ཟེར་བ་ལ། བུ་མོ་དེས་ལྷམ་གཉིས་ཕུད་ནས་ཟོམ་པ་འདི་སུའི་ཡིན་ཡང་། ང་རང་གི་ཡིན་རན་ཡང་ང་རང་ལ་རན། ཟོམ་པ་ལེགས་པོ་འདི་ན་ཡོད་བྱས་ནས་ཟོམ་པ་གཉིས་གྱོན་པ་དང་ཤིན་ཏུ་འཚམ་པ་ཞིག་བྱུང་ངོ་། །དེ་ནས་བློན་པོས་རྒྱལ་པོ་ལ་གསོལ་པས། རྒྱལ་པོ་དགྱེས་ནས་བུ་མོ་དེ་རྒྱལ་པོའི་དྲུང་དུ་ཁྲིད་ནས་བཙུན་མོར་དབང་བསྐུར་རོ། །སྲིན་མོ་མ་སྨད་ཀྱི་ནང་དུ་ཕྱིན་པ་དང་ནང་དུ་བྱ་རྗེས་ཤིག་ཤིག་པ་ཞིག་བྱས། ནས་དང་ཉུང་དཀར་འབྲུ་ཐམས་ཅད་ཟོས་ནས་ནང་ཐམས་ཅད་བྱ་བྲུན་གྱིས་བཀང་འདུག་པ་དང་། སྲིན་མོ་ན་རེ། བུ་མོའི་མ་དེ་བྱ་ཕུག་རོན་དུ་སྐྱེ་བ་ལེན་ཟེར་རོ།།
དེ་ནས་བུ་མོ་དེ་རྒྱལ་པོའི་བཙུན་མོར་བླངས་པས་བསོད་ནམས་དང་དཔལ་འབྱོར་རྒྱས་ནས་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་ངོ་། །དེ་ནས་སྲིན་མོ་མ་སྨད་ཞེ་སྡང་དང་ཕྲག་དོག་སྐྱེས་ནས་བསླུ་བར་བརྩམས་དེ་སྲིན་མོའི་བུ་མོ་དེ་ཆས་གོས་བཟང་པོ་གྱོན་ནས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པ་དང་བཙུན་མོ་དང་མཇལ་ལོ། །དེས་བཙུན་མོ་ལ་ཞུས་པས་ཁྱེད་བཙུན་མོ་དམ་པ་ལ་ཞབས་ཏོག་བགྱི་བར་སྤྲོ་བས་བདག་ཞལ་ཏ་མ་བྱེད་ལགས་པས་གནང་དུ་གསོལ་ཞུས་པས། དེ་ལྟར་གྱིས་གསུངས་སོ། །བཙུན་མོ་དེ་ནི་རང་བཞིན་བཟང་པོར་གཡོ་སྒྱུ་དང་བྲལ་བ་ཞིག་ཡིན་པས། བུ་མོ་ལ་བློ་བཀལ་ཏེ་བཟའ་བཏུང་གོས་ཁྱད་མེད་ཙམ་དུ་བྱས་ནས་ཡུན་འགའ་ཞིག་སོང་བ་དང་། བུ་མོ་དེས་བཙུན་མོ་ལ་ཞུས་པ་རང་རེ་བཙུན་མོ་དམ་པ་ཡིན་པས་ཁྲུས་དང་གཙང་སྦྲ་ལ་བརྩོན་པར་མཛད་དགོས་པས། ཕོ་བྲང་གི་ཕྱི་རོལ་ན་ཁྲུས་མཚོ་རྫིང་མེ་ཏོག་གི་ཚལ་ཤིན་ཏུ་དབེན་པ་ཞིག་ཏུ་ཁྲུས་ལ་འབྱོན་པར་ལེགས་ཞེས་ཞུས་སོ།།
བཙུན་མོ་ཡང་བདེན་སྙམ་ནས་དེ་དང་ལྷན་ཅིག་ཕྱི་རོལ་གྱི་མཚོ་རྫིང་དབེན་པར་ཕྱིན་ནས་ཁྲུས་བྱེད་པ་ན། མོ་ན་རེ། རྒྱན་ཆ་དང་ན་བཟའ་ཐམས་ཅད་བཞག་ནས་ཁྲུས་མ་མཛད་ན་དྲི་མ་དག་མི་འགྲོ་བས་དེར་ལྟར་མཛད་དགོས་བྱས་ཏེ་བཙུན་མོ་དེ་མཚོ་འགྲམ་དུ་ཁྲིད་ནས་ཁྲུས་བྱེད་པའི་ཚེ་བུ་མོ་དེས་ཕུལ་ནས་བཙུན་མོ་མཚོ་ལ་བསྐྱུར་རོ། །དེ་ནས་བུ་མོས་བཙུན་མོའི་རྒྱན་ཆ་ལུགས་རྣམས་སྤྲས་ནས་ཕོ་བྲང་དུ་ཕྱིན་ཏེ་བཙུན་མོས་གང་བྱེད་གང་འདྲ་བྱས་ནས་རིང་པོར་མ་ལོན་པ་ན་རང་བཞིན་ངན་པའི་ཚུལ་གྱིས་བློན་འབངས་དང་བཅས་པ་ཐམས་ཅད་ཁ་ལོག་སྟེ། ན་ནིང་བུ་མོ་ཞིག་བཙུན་མོ་མཇལ་དུ་ཕྱིན་ཏེ་བཙུན་མོའི་བྱེད་སྤྱོད་དང་ཁམས་གཤིས་ཐམས་ཅད་འགྱུར་འདུག་པས་ཅི་འགྱུར་མ་ཤེས་ཟེར་རོ། །དུས་ནམ་ཞིག་ན་ཅང་ཤེས་ཀྱི་རྟ་ངང་པ་གསེར་ལྡན་བྱ་བ་དེ་ཆུ་བླུད་དུ་ཕྱིན་པ་ན། ཆུ་སྟེར་ས་དེར་མི་འགྲོ་བར་མཚོའི་ངོགས་སུ་ཤོར་རོ། །མཚོ་དེ་ནས་ (ཤོག་ ༦༨) ཆུ་བཏུང་སྟེ་སྐད་དྲག་པོ་ཞིག་བཏོན་པ་དང་། མཚོ་ནང་ནས་གསེར་གྱི་བྱིའུ་ཆུང་གཡུའི་ཐོར་གཙུག་ཡོད་པ་ཞིག་བྱུང་ནས་མཚོ་འགྲམ་གྱི་པདྨའི་སྡོང་པོ་ཞིག་ཡོད་པ་དེའི་ཁར་བབས་ནས་སྨྲས་པ། ཆིབས་ཀྱི་ཁ་ལོ་བ་ཁྱོད་ཀྱིས་རྒྱལ་པོའི་སྙན་དུ་གསོལ་ཅིག །ཀྱེ་རྒྱལ་པོ་ཆེན་པོ་ཕོ་བྲང་ན་ཅི་བདེ་བར་བཞུགས་ལགས་སམ། བཙུན་མོ་དམ་པས་བཀུར་སྟི་ཞབས་ཏོག་སྔར་རྒྱུན་ལྟར་གུས་འདུད་ཆེ་བར་གནས་ལགས་སམ། བཙུན་མོས་བློན་འབངས་འཁོར་གཡོག་དང་བཅས་པ་ལ་བྱམས་སྐྱོང་ཚུལ་བཞིན་བྱེད་དམ། ཅང་ཤེས་ངང་པ་གསེར་ལྡན་སོགས་རྟ་ཕྱུགས་རྣམས་ཇི་ལྟར་ཡོད། ང་ལྷ་བྱའི་བྱིའུ་ཆུང་ནི་རྒྱལ་པོ་ཁྱོད་ལ་དགའ་ཞིང་འདྲིས་པ་ཡིན་པས་མཁྱེན་པར་མཛོད། ཅེས་ཟེར་ནས་མཚོ་ནང་དུ་སོང་ངོ་།།
དེ་ནས་ཆིབས་ཁ་བས་ཕོ་བྲང་དུ་ཕྱིན་ནས་རྒྱལ་པོ་ལ་ཞུས་པ། ཆིབས་པ་ངང་པ་གསེར་ལྡན་འདི་ཆུ་བླུད་དུ་ཕྱིན་པས་མ་ཐུབ་པར་ཕོ་བྲང་དང་ཉེ་བའི་མཚོ་རྫིང་དུ་ཤོར་ནས་ཆུ་བཏུང་སྐད་འདོན་ཞིང་མཆི་མ་སྟོན་པ་ན། མཚོ་ནང་ནས་གསེར་གྱི་བྱིའུ་ཆུང་གཡུའི་གཙུག་ཕུད་ཅན་ཞིག་བྱུང་ནས་ང་ལ་རྒྱལ་པོའི་སྙན་དུ་གསོལ་ཅིག་ཟེར་བ་ལ། ཁྱེད་རྒྱལ་པོ་ཆེན་པོ་ཅི་བདེ་བར་བཞུགས་ལགས་སམ། བཙུན་མོའི་ཞབས་ཏོག་བཀུར་སྟི་ཆེ་ལགས་སམ། བློན་འབངས་འཁོར་ཡོག་དང་བཅས་པ་ཅང་ཤེས་ངང་པ་གསེར་ལྡན་རྣམས་ལ་བཙུན་མོ་དེས་བྱམས་སྐྱོང་བྱེད་འདུག་གམ། བྱིའུ་ང་ནི་རྒྱལ་པོ་ཁྱེད་ལ་དགའ་ཞིང་འདྲིས་པ་ཞིག་ཡིན་པས་མཁྱེན་པར་མཛོད་ལ་ལན་སྤྲིངས་པར་ཞུ་ཟེར་འདུག་སྨྲས་པས། རྒྱལ་པོ་ན་རེ། མདང་ཞག་རྨི་ལྟས་ཀྱང་ངན། བཙུན་མོ་འདི་ཡང་སྔར་དང་མི་འདྲ་བའི་གང་ས་ནས་གཤིས་འགྱུར་འདུག་པས་ཅི་ཡིན་མི་ཤེས། འོན་ཀྱང་སང་ཉིན་མཚོ་ཁ་དེར་ཅང་ཤེས་ཁྲིད་བློན་པོ་ཞིག་དང་ངེད་རང་གསུམ་གཞན་གྱིས་མ་ཚོར་བར་འགྲོ་གསུངས་སོ།།
སང་ཉིན་དེ་རྒྱལ་བློན་འཁོར་བཅས་དེར་བྱོན་ཅང་ཤེས་ཀྱིས་སྐད་འཚེར་བ་ལན་གསུམ་བརྒྱབ་ནས་མཆི་མ་ཕྲུལ་གྱིས་བྱུང་བ་དང་མཚོ་ནང་ནས་གསེར་གྱི་བྱིའུ་ཆུང་གཡུའི་གཙུག་ཕུད་ཅན་ཞིག་བྱུང་སྟེ་པདྨའི་སྡོང་བུ་ལ་བབས་སོ། །རྒྱལ་པོ་འཁོར་བཅས་ངོ་མཚར་ཆེ་ནས་སྨྲས་པས། བྱིའུ་ཁྱོད་ང་ལ་དགའ་ཞིང་འདྲིས་པ་ཞིག་འདུག་པ་གང་ཡིན་སྨོས་ཤིག་གསུངས་པ་དང་། བྱིའུ་ན་རེ། ང་ནི་སྔོན་གྱི་བཙུན་མོ་དེ་ཡིན། ད་ལྟ་ནང་ན་འདུག་པ་འདི་ནི་སྲིན་མོའི་བུ་མོ་ཡིན་ལ། འདིས་ང་ཁྲུས་བྱེད་པའི་ཚེ་མཚོ་འདིར་བསྐྱུར་ནས་འདི་ལྟར་གྱུར་པ་ཡིན་ཟེར་རོ། །རྒྱལ་པོ་ཤིན་ཏུ་སྐྱོ་ཞིང་བྱིའུ་ལ་ཐུགས་བརྩེ་བས་འདིར་ཤོག་ལ་ཤོད་ཅིག་གསུངས་པས། བྱིའུ་དེས་རྒྱལ་པོའི་དཔུང་པ་གཡས་པར་བབས་ནས་གཏམ་བཤད་དོ། །
རྒྱལ་པོ་ན་རེ། ཁྱོད་དང་ང་གཉིས་སྔར་བཞིན་འགྲོགས་ཆོག་པའི་ཐབས་དང་རྟེན་འབྲེལ་ཞིག་ཡོད་ན་དགའ་ལ་གསུངས་པས། བྱིའུ་ན་རེ། རྒྱལ་པོ་དགྱེས་ནས་དེའི་ཐབས་དང་རྟེན་འབྲེལ་ཡོད་དོ། །རྒྱལ་བློན་རྣམས་ཀྱིས་ང་འདི་ན་ཡོད་ཀྱི་གསུང་གླེང་མེད་པར་ཕོ་བྲང་དུ་སླེབས་པ་དང་། ང་དར་ཚོན་སྣ་ལྔའི་ཁུད་དུ་གྲིལ་ནས་མཛོད་ནང་དུ་ཞོག་ལ། སྔགས་བོན་མང་པོས་ཚེ་གཡང་ (ཤོག་ ༦༩) འགུག་པ་དང་། དགེ་འདུན་རྣམས་ཀྱིས་ཚེ་སྒྲུབ་མདོ་སྒྲུབ་ཞག་བདུན་གྱི་བར་མཛོད་ཅིག །སྤང་མེ་མང་པོ་ཐབས་སྦྱར་ལ་མེ་མདའ་འབྱུང་བ་དང་། སྲིན་མོ་དེ་སྡོད་སའི་འོག་ཏུ་རང་ཤོང་གི་རྩིག་པ་ཐོག་དང་མཉམ་པ་བྱས་ནས་ཁ་དེ་རེ་བ་ཞིག་གིས་བཅད། དེའི་སྟེང་དུ་མོ་རང་གི་གདན་གཏིང་ལ་སྡོད་དུ་བཅུག་པས་སྲིན་མོ་མགོ་མཇུག་ལོག་འགྲོ། དེ་ནས་སྤང་གི་མེ་མདའ་རྣམས་དེར་བླུགས་པས་མོ་ཚིག་ནས་འཆིའོ། །དེ་ལྟར་བྱས་པས་ང་ཡང་སྔར་བཞིན་གསོས་པར་འགྱུར་ལགས་སོ་ཞུས་པས། རྒྱལ་བློན་རྣམས་མཉེས་ཏེ་ཇི་སྐད་ཟེར་བ་བཞིན་བྱས་ཏེ། གདན་བཏིང་ནས་བཙུན་མོ་རང་གི་གདན་ལ་བཞུགས་སྨྲས་པ་དང་། སྲིན་མོ་དེ་མགོ་མཇུག་ལོག་ནས་འོག་ཏུ་ལྷུང་སྤང་མེས་བསྲེགས་ནས་ཤིའོ།།
དེ་ནས་རྒྱལ་བློན་འཁོར་བཅས་རྣམས་མཛོད་དུ་བྱོན་པ་ན་གསེར་གྱི་བྱིའུ་ཆུང་དེ་བཙུན་མོར་གྱུར་ནས་གཟི་མདངས་དང་ལྡན་པར་འདུག་པ་མཐོང་ནས་རྒྱལ་བློན་འཁོར་འབངས་བཅས་པ་ཐམས་ཅད་འདུས་སོ། །ངོ་མཚར་གྱི་མིག་གིས་བལྟ་ཞིང་། བཀུར་སྟི་ཕུན་སུམ་ཚོགས་པར་བསྒྲུབས་ཏེ་དགའ་ཞིང་མགུ་བར་གྱུར་ཏོ། །དེ་ལྟར་རྒྱལ་པོ་དེ་དང་བཙུན་མོ་གཉིས་ཀྱི་ཆོས་བཞིན་གྱི་རྒྱལ་སྲིད་བསྐྱངས་པས་འཇིག་རྟེན་རྫོགས་ལྡན་གྱི་དུས་ལྟར་བདེ་ཞིང་སྐྱིད་པར་གྱུར་ལ། སྲིན་མོ་མ་དེ་ནི་རང་གི་བུ་མོ་མེས་བསྲེགས་པ་ཐོས་པས། དངངས་སྐྲག་ནས་ལྕེབས་ནས་ཤིའོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས། སྲིན་མོ་མ་སྨད་གཉིས་ལ་དེ་རང་ཕན་ནོ་ཟེར་ཤོར་བས་རོ་དངོས་གྲུབ་ཅན་བྲོས་སོ། །ཁྱིམ་བདག་གི་བུ་མོས་བསླུས་ཀྱང་བསོད་ནམས་ཀྱི་སྟོབས་ཀྱིས་བཙུན་མོར་མངའ་གསོལ་བའི་ལེའུ་སྟེ་ཉི་ཤུ་ཐམ་པའོ།། །།

༈ དེ་ནས་ཡང་སྔར་བཞིན་དངོས་གྲུབ་ཅན་བླངས་ནས་ལམ་རིང་བགྲོད་པའི་ཚེ། ཚ་གདུང་གིས་གཟིར་ནས་ངལ་ཞིང་དུབ་པའི་ཚེ། དངོས་གྲུབ་ཅན་གྱིས་གཏམ་སྨྲས་པ། རྒྱལ་བུ་ཁྱོད་ལེགས་པར་ཉོན་ཅིག །སྔོན་དུས་དང་པོ་ཙ་ན། རྒྱ་གར་ལྷོ་ཕྱོགས་ནོར་བུའི་གླིང་དང་ཉེ་བའི་ཡུལ་གྲུ་ཆེན་པོ་ཞིག་བྱུང་ངོ་། །དེ་ལ་དབང་བསྒྱུར་བའི་རྒྱལ་པོ་ཆེན་པོ། ཕོ་བྲང་གྲོང་ཁྱེར་འབུམ་ཕྲག་དང་བཅས་པ། འབྱོར་པ། རྒྱས་པ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་ཞིག་ཡོད་ལ། རྒྱལ་པོ་དེ་ནི་རང་ཉིད་འབྱོར་པ་ཕུན་སུམ་ཚོགས་པ་ཡོད་ཀྱང་གཞན་གྱི་རྫས་ནོར་ལོངས་སྤྱོད་ལ་སྐམ་ཞིང་འདོད་ཞེན་ཆེ་བ་ཞིག་ཡོད་དོ། །གྲོང་ཁྱེར་དེ་ན་དེད་དཔོན་བཟང་པོ་ཞེས་བྱ་བ་རྒྱ་མཚོ་ཆེན་པོར་ནོར་བུ་ལེན་དུ་མང་དུ་ཕྱིན་པ་ཞིག་ཡོད་ལ། དེ་ལ་ཚོང་པའི་ཚོགས་རྣམས་ཀྱིས་གསོལ་བ་བཏབ་པས་དེད་དཔོན་ན་རེ། ཁོ་བོས་སྔོན་ཆད་ལན་དྲུག་ཕྱིན་པས་དོན་འགྲུབ་ལ། ལེན་པ་ལ་བདེ་བར་ཕྱིན་པ་འགའ་ཡང་མ་འཚལ་བས་འགྲོ་བའི་ནུས་པ་མེད་སྨྲས་ཀྱང་། ཚོང་ཕྲུག་རྣམས་ཀྱིས་ནན་གྱིས་ཞུས་པས་ཁས་བླངས་སོ།།
དེ་ནས་དེད་དཔོན་ཚོང་པའི་ཚོགས་དང་བཅས་པ་རྒྱ་མཚོ་ཆེན་པོར་ཆས་སོ། །དེ་དག་གི་རིམ་པར་ནོར་བུའི་གླིང་དུ་ (ཤོག་ ༧༠) སླེབས་ནས་དེད་དཔོན་གྱིས་སྨྲས་པ། རང་རང་གི་ནོར་བུའི་སྐལ་བ་ལོངས་ལ། ཧ་ཅང་མང་ན་གྲུ་རྫིངས་བྱིང་ཉེན་ཡོད་པས་ཚོད་རིག་པར་བྱ་ཞེས་སྨྲས་པ་བཞིན་རང་རང་གི་དོན་འགྲུབ་ནས་ཕྱིར་ལོག་པ་ན། ཀླུ་བདུད་གདུག་པ་ཅན་ཅན་ཞིག་གིས་ཕྲག་དོག་བྱས་ནས་གྲུ་རྫིངས་བཤིགས་པས་ཚོང་པའི་ཚོགས་དེད་དཔོན་དང་བཅས་པ་ཐམས་ཅད་རྒྱ་མཚོར་ཤོར་རོ། །དེ་ནས་དེད་དཔོན་གྱི་ཆུང་མ་ལ་བུ་ཞིག་ཡོད་པ་ཤིན་ཏུ་གཅེས་པར་གསོས་པས། བུ་ཆེར་སྐྱེས་པ་དང་བུས་མ་ལ་བདག་གི་རིགས་གང་ཡིན་དྲིས་པས། མས་དྲང་པོར་བཤད་པར་ཁྱོད་ཀྱི་རིགས་ཀརྵ་པ་ཎ་ཚོང་པའི་རིགས་ཡིན་བྱས་པས། བུ་དེས་ཀརྵ་པ་ཎ་བཙོང་པས་གཞན་རྣམས་ལས་ཁེ་སོགས་བཅུ་འགྱུར་གྱིས་ཆེ་བར་བྱུང་ངོ་། །ཚོང་པ་རྣམས་ཀྱིས་སྨྲས་པ། ཁྱོད་ནི་ཀརྵ་པ་ཎ་ཚོང་མཁན་མ་ཡིན་འབྲུ་ཚོང་གི་རིགས་ཡིན་པས་འབྲུ་ཚོངས་ཤིག་ཟེར། དེས་འབྲུ་བཙོང་པས་གཞན་རྣམས་ལས་ཁེ་སོགས་ཆེ་བ་ལ། འབྲུ་ཚོང་པ་རྣམས་ཀྱིས་ཁྱོད་ནི་གོས་ཚོང་པའི་རིགས་ཡིན་པས་གོས་ཚོངས་ཟེར་ནས་གོས་རས་བཙོངས་པས་གཞན་རྣམས་ལས་བཅུ་འགྱུར་གྱི་ཁེ་སོགས་ཆེ་བར་བྱུང་ནས་ཚོང་པ་དེ་དག་གི་ནང་ནས་གཅིག་ན་རེ། ཕ་རིན་ཆེན་ལེན་པའི་དེད་དཔོན་ཆེན་པོའི་རིགས་ལ། བུ་གོས་ཚོང་པ་ཞིག་བྱུང་འདུག་པ་ཞེས་སྨྲས་པས། ཁོ་སྐྱེངས་ནས་མའི་དྲུང་དུ་སོང་ངོ་།།
དེད་དཔོན་གྱི་བུས་ཨ་མ་ལ་ཕྱག་བྱས་ནས་སྨྲས་པ། བདག་གི་རིགས་ནི་ཀརྵ་པ་ཎ་ཚོང་པའི་རིགས་ཀྱང་མ་ཡིན། འབྲུ་དང་གོས་ཚོང་བའི་རིགས་ཀྱང་མ་ཡིན་ལ། དེད་དཔོན་གྱི་རིགས་ཡིན་པར་འདུག་པས། བྱ་བ་གཞན་ལ་འཇུག་ན་སྨད་པའི་རིགས་སུ་བྱེད་འདུག་པས། བདག་རིན་ཆེན་ལེན་པའི་དེད་དཔོན་ལ་འགྲོ་བས་དགོངས་པ་མཛོད་ཅིག །གལ་ཏེ་མི་གནང་ན་ཟས་སྐོམ་ཡང་མི་འཚལ་བས་འཆིའོ་སྨྲས་པས། མ་ན་རེ་ཁྱོད་ཆུང་ནས་གཅེས་པར་བསྐྱངས་ཏེ་ད་ཆེར་ལོངས་པ་ན། རང་ཁྱིམ་ཉིད་དུ་བདེར་བར་བསྡད་ཆོག་པ་ཡོད་དོ། །ཁྱེད་ཀྱི་ཕ་དེད་དཔོན་དེས་རྒྱ་མཚོར་ལན་དུ་མར་ཕྱིན་པའི་ནོར་རྫས་བདུན་རྒྱུད་ཚུན་ལྡང་པའི་ནོར་ལ་ལོངས་སྤྱོད་པར་གྱིས་ཤིག །རྒྱ་མཚོ་ཆེན་པོར་འཇིགས་པ་དང་བཅས་ཚུར་ལོག་པ་རེ་རེ་ཙམ་ཡིན་གྱི་ཁྱེད་ཀྱི་ཕ་ཡང་རྒྱ་མཚོར་ཤི་བས། ཁྱོད་ཀྱང་ཤི་ཉེན་ཡོད་པས་མ་འགྲོ་ཞིག་སྨྲས་པ་དང་། དེ་ནས་ཡུལ་དེ་ན་གནས་པའི་ཚོང་པ་རྒྱ་མཚོར་འགྲོ་འདོད་པ་དུ་མས་དེད་དཔོན་གྱི་བུ་ལ་སྨྲས་པ། ཁྱོད་ནི་དེད་དཔོན་ཆེན་པོ་བསོད་ནམས་ཀྱི་དབང་ཐང་ཆེ་བ་ཞིག་ཡིན་པས་བདག་ཅག་གི་དེད་དཔོན་མཛད་དུ་གསོལ་ཞེས་ནན་གྱིས་ཞུས་པས། ང་ཡང་འགྲོ་འདོད་དེ་མས་ཉེས་མིག་དང་བཅས་མ་འགྲོ་ཟེར། ད་ནི་ངེད་རང་ཚོང་པའི་ཚོགས་རྣམས་ཀྱིས་མ་ལ་གསོལ་བ་བཏབ་སྟེ་གནང་ན་དེ་བཞིན་བགྱིའོ་ཞེས་སྨྲས་པ་དང་། ཚོང་ཕྲུག་དེ་རྣམས་དང་བཅས་མའི་དྲུང་དུ་ཕྱིན་ནས་དོན་གསོལ་པས། མ་ན་རེ། བུ་ཁྱོད་ཅིས་ཀྱང་མི་ཉན་ན་ངས་ཀྱང་སྐྱབས་སུ་འགྲོ་བའི་སྒོར་བཞུགས་པ་ཡིན་པས་འཕྲལ་རྒྱུན་གྱི་བྱ་བ་བདེ་སྡུག་ཅི་བྱུང་ (ཤོག་ ༧༡) ཡང་། དཀོན་མཆོག་ཁོ་ན་མཁྱེན་པར་གསོལ་ཏེ་ཉིན་མཚན་ཀུན་ཏུ་སྐྱབས་སུ་འགྲོ་བྱས་པས་མ་བསླུས་པ་ཡིན། བུ་ཁྱོད་བདེ་སྡུག་ཅི་བྱུང་ཡང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་གྱིས་ཤིག །ངས་ཀྱང་ཅི་ནུས་ཀྱིས་སྐྱབས་འགྲོ་བགྱིས་ཏེ་བདེ་བར་ཕྱིན་པའི་སྨོན་ལམ་དང་དཀོན་མཆོག་མཆོད་པ་ལ་བརྩོན་པར་བགྱིའོ་སྨྲས་ནས། དེད་དཔོན་གྱི་བུ་རྒྱ་མཚོར་འཇུག་པའི་ཚོང་ཟོང་མང་པོ་བྱིན་ནས་ཚོང་པའི་ཚོགས་དང་བཅས་རྒྱ་མཚོ་ཆེན་པོར་ཆས་སོ།།
དེ་ནས་དེད་དཔོན་ཚོང་ཕྲུག་དང་བཅས་ནོར་བུའི་གླིང་དུ་སླེབས་པར་གྱུར་ནས་རིན་ཆེན་ཨིནྡྲ་ནཱི་ལ་དང་། མརྒད་དང་། བཻཌཱུརྱ་དང་། དུང་དཀར་གཡས་འཁྱིལ་དང་། ཐོན་ཀ་ཆེན་པོ་དང་། གསེར་གཡུ་མུ་ཏིག་ལ་སོགས་ཇི་ལྟར་འདོད་པ་བཞིན་དུ་བརྙེད་ནས་གྲུ་བོ་ཆེ་བཀང་སྟེ་མཐུན་པའི་རླུང་དང་བཅས་ནས་ཚུང་ཡོང་བ་ན། སྔོན་དེད་དཔོན་གྱི་ཕ་ཚོང་པ་དང་བཅས་པ་ཤོར་བའི་ཐད་དུ་སླེབས་པ་ན། ཀླུ་བདུད་ཀུནྜ་ལི་དུང་སྐྱོང་ནག་པོ་བྱ་བས་རྫིངས་བཟུང་ནས་ནམ་མཁའ་ནས་ཐོག་དང་མེ་ལྕེ་དབབ་པར་བཤམས་པ་དང་། ཚོང་པའི་ཚོགས་རྣམས་སྐྲག་ནས་ཆོ་ངེས་བཏབ་པ་ལ། དེད་དཔོན་གྱི་བུ་ན་རེ། ཀྱེ་ཚོང་པ་ཀུན་མ་སྐྲག་པར་དཀོན་མཆོག་ཁོ་ན་ལ་བློ་བཏད་ནས་སྐྱབས་འགྲོ་གྱིས་ཤིག །ཅེས་སྨྲས་ནས། དེད་དཔོན་རང་ཉིད་ཀྱིས་སྐྱབས་འགྲོ་བསྐུལ་བས་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་ཀླུ་དེས་རྫིངས་ལ་བྱེ་མཚན་གྱི་ཆར་བབས་པར་མཐོང་སྟེ་གྲུ་བོ་ཆེ་བཏང་། ཐོག་དང་མེ་ལྕེ་ཡང་ཞི་ནས་རིམ་གྱིས་འཛམ་བུ་གླིང་དུ་བདེ་བར་ཕྱིན་ཏོ།།
དེ་ནས་ཡུལ་དེའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ལོན་པ་ཐོས་ནས་དེད་དཔོན་གྱི་བུ་བོས་ཏེ། ཁྱེད་ཀྱི་ནོར་བུ་རིན་པོ་ཆེ་ལོན་པ་ལེགས་ཏེ་ངེད་རྒྱལ་པོ་ལ་འོས་པར་འདུག །དེ་བས་ཁྱོད་བསོད་ནམས་དང་ལྡན་པས་གང་དུ་ཕྱིན་ཀྱང་དོན་འགྲུབ་པ་ཞིག་འདུག་པས། སྲིན་པོའི་གླིང་ན་འདོད་དགུ་འབྱུང་བའི་གསེར་གྱི་རྔ་བོ་ཆེ་བྱ་བ་ཡོད་པས་དེ་ལེན་པ་ལ་སོང་ཞིག །དེ་མ་ལེན་ན་ཁྱོད་ལ་ཆད་པ་དྲག་པོ་གཅོད་པ་ཡིན་ཟེར་རོ། །དེད་དཔོན་གྱི་བུ་དེ་ནི་གནད་དུ་ཕོག་པ་བཞིན་མི་དགའ་ནས་མ་ལ་དོན་དེ་སྨྲས་པ་དང་། མ་ན་རེ། རྒྱལ་ངན་འདིས་རང་ཅག་བདེ་བར་མི་འཇུག་པས། སྔར་བཞིན་བློ་གཏད་དཀོན་མཆོག་ལ་ཞུས་ཏེ་སྐྱབས་འགྲོ་དང་མ་འབྲལ་བར་འགྲོ་བ་གྱིས་ཤིག་དང་། བདེ་བར་འཁོར་བའང་སྲིད་ཅེས་ལམ་ཆས་དང་བཅས་དེད་དཔོན་གྱི་བུ་སྲིན་ཡུལ་ལ་ཆས་སོ།།
དེ་ནས་དེད་དཔོན་གྱི་བུས་སྐྱབས་འགྲོ་དང་མ་འབྲལ་བར་ཤུལ་རིང་གི་ལམ་དུ་ཞུགས་པ་ན་རྒྱགས་ཆད་ནས་མྱ་ངམ་གྱི་ཐང་ཆེན་པོ་ཞིག་ཏུ་སླེབས་པ་ན། དེའི་དཀྱིལ་དར་དཀར་གྱི་གུར་ཕུབ་པ་དུ་བ་དང་ལྡན་པ་ཞིག་འདུག་པ་དེའི་དྲུང་དུ་ཕྱིན་པས། དེའི་ནང་དུ་བུད་མེད་མཚར་སྡུག་ཡིད་དུ་འོང་བ་རིན་པོ་ཆེའི་རྒྱན་དང་ལྡན་པ་དར་དཀར་གྱི་གོས་གྱོན་པ་འབྱོར་པ་དང་ལྡན་པ་ཞིག་དང་འཕྲད་པ་དང་དེས་སྨྲས་པ། ཁྱོད་གང་ནས་ཡིན་དོན་ཅི་ལ་ཡོང་སྨྲས་པས། ཁོ་ན་རེ། ང་འཛམ་བུ་གླིང་པ་ཡིན། ངེད་ཀྱི་རྒྱལ་པོས་གསེར་གྱི་རྔ་བོ་ཆེ་ལེན་དུ་བཏང་བ་ཡིན་སྨྲས་པས། ཁྱོད་སྐྱེས་བུ་སྟོབས་ཅན་བསོད་ (ཤོག་ ༧༢) ནམས་ཅན་ཞིག་འདུག་པས་ཨེ་ལོན། མི་ཕལ་པས་སྔོན་ཆད་ཡུལ་འདིར་ཡོང་མ་མྱོང་། དེ་བས་ལམ་རྒྱགས་གང་དགོས་ཁྱེར་ལ་སོང་ཟེར། དེ་ནས་ཁོས་ལ་ཆུ་འཕྲང་མང་པོ་བརྒལ་ནས་ཐང་ཆེན་པོ་ཞིག་ཏུ་སླེབས་ནས། རྒྱགས་ཟད་པ་ན་ཐང་དཀྱིལ་དེར་བུ་མོ་གཡུའི་གུར་ཕུབ་པ་གཟི་མདངས་དང་ལྡན་པ་འབྱོར་པ་ཕུན་སུམ་ཚོགས་པ་ཞིག་དང་འཕྲད་ནས་ལོ་རྒྱུས་སྔར་བཞིན་སྨྲས་པས་དེས་ཀྱང་བཟའ་བཏུང་དང་ལོངས་སྤྱོད་རྒྱགས་བྱིན་ནོ།།
དེ་ནས་ཁོས་ལ་ལུང་མང་པོ་བརྒལ་ཏེ་མྱ་ངམ་གྱི་ཐང་ཆེན་པོ་ཞིག་ཏུ་སླེབས་ནས་ལམ་རྒྱགས་ཟད་པ་ན། ཐང་དཀྱིལ་དེར་གསེར་གྱི་གུར་ཕུབ་པའི་ནང་དུ་བུ་མོ་མཚར་སྡུག་དང་ལྡན་པ་ཞིག་དང་འཕྲད་དེ། ལོ་རྒྱུས་བསྙད་པས་དེས་ཀྱང་བཟའ་བཏུང་དང་ལམ་ཆས་བྱིན་ཏེ་ལམ་རིང་པོ་ཞུགས་སོ། །དེ་ནས་ཡང་སོང་བ་ན་སྲིན་པོའི་ཡུལ་དུ་སླེབས་ཏེ། ཡུལ་དེ་ནི་ས་གཞི་རི་བྲག་དང་བཅས་པ་འོད་དམར་གྱི་མདངས་ཅན། གྲོང་ཁྱེར་དུ་མ་དང་ལྡན་པའི་དབུས་སུ་རྒྱལ་པོའི་ཕོ་བྲང་གཟི་བརྗིད་དང་ལྡན་པའི་དབུས་ན། ཞིང་ཆེན་གྱི་བླ་རེ་དང་ཆུ་སྲིན་གྱི་རྒྱལ་མཚན་ཅན་མཐོང་བ་ཙམ་གྱིས་འཇིགས་སུ་རུང་བ། དེ་དག་གི་བར་མཚམས་ན་ཁང་བཟང་དུ་མ་ཡོད་པའི་ཁང་བཟང་ཞིག་ཏུ་ཁོས་ཕྱིན་པས་བུད་མེད་མཚར་སྡུག་འོད་འཕྲོ་བ་ཞིག་དང་འཕྲད་པས་དེ་ན་རེ། ཁྱོད་སེམས་ཅན་མིའི་བུ་ཡིད་དུ་འོང་བ་ཞིག་འདུག་པས། ཡུལ་འདི་ནི་སྲིན་པོའི་ཡུལ་ཡིན། ང་ཡང་སྲིན་པོའི་རྒྱལ་པོ་ཞིག་གི་སྲིང་མོ་ཡིན། ངའི་མིང་པོ་ཀུན་བྱུང་ན་ཁྱོད་གསོད་དུ་འོང་བས་ད་ལྟ་བྲོས་ཤིག་ཟེར་བས་སྐྲག་སྟེ། འོ་ན་གཞན་དུ་བྲོས་པས་ཐབས་མ་མཆིས་པས་ཁྱོད་ཉིད་ལ་སྐྱབས་བཅོལ་ན་ཡོང་ངམ་བྱས་པས། ངས་ཁྱོད་སྦ་ཡི་ཟེར་ནས་བུ་མོས་གསེར་གྱི་རྔ་བོ་ཆེའི་ནང་དུ་སྦས་སོ། །སྲིན་པོ་བདུན་གྱིས་མི་རོ་མང་པོ་ཁུར་བྱུང་བ་དང་མི་ཤ་ཟོས་ཤིང་ཁྲག་འཐུང་ནས་ནངས་པར་ཡང་བཟའ་བཏུང་འཚོལ་དུ་སོང་ངོ་། །
བུ་མོ་ན་རེ། སྐྱེས་བུ་ཁྱོད་ནི་ཡིད་དུ་འོང་ཞིང་ཁོ་མོའི་གྲོགས་སུ་འོས་པ་ཞིག་འདུག་པས། གསེར་གྱི་རྔ་བོ་ཆེ་རྫོངས་སུ་ཁྱེར་ལ་ང་ཁྲིད་ཅིག །དེ་ལྟར་མི་བྱེད་ན་སྐྱབས་མི་འོས་སྲིན་པོ་རྣམས་ཀྱིས་ཟ་བར་བྱེད་ཟེར་བས། ཁོ་རབ་ཏུ་དགའ་ནས་དེ་ལྟར་བྱའོ་བྱས་ནས། བུ་མོས་རང་གི་ནོར་སྐལ་ཐོགས་ནས་དེད་དཔོན་གྱི་བུ་དང་མོ་རང་གཉིས་གསེར་གྱི་རྔ་བོ་ཆེར་ཞུགས་ནས་བསྐོར་བཏང་བ་དང་། རྔ་བོ་ཆེ་དཔག་ཚད་མང་པོ་འཕགས་ནས་སྔར་གྱི་བུད་མེད་གསེར་གྱི་སྒྲ་ཅན་དུ་སླེབས་པ་དང་། ཡོན་ཏན་གྱི་བུ་མོ་དེས་བཟའ་བཏུང་དང་ཞབས་ཏོག་བྱས་ཏེ་ང་ཡང་ཁྱེའུ་ཁྱོད་ཀྱི་ཆུང་མར་ཁྲིད་ཅིག་དང་། རྫོངས་སུ་རྣམ་ཤེས་འགུག་པའི་ལྕགས་ཀྱུ་བྱ་བ་ཡོད་ཟེར། དེ་ནས་ཁོང་གསུམ་གྱིས་རྔ་བོ་ཆེར་ཞུགས་ནས་བསྐོར་བ་དང་། སྔར་གྱི་བུད་མེད་གཡུའི་སྒྲ་ཅན་དུ་སླེབས་སོ། །དེ་ནས་ནང་གི་བུ་མོ་དེས་བཟའ་བཏུང་གིས་མཆོད་ནས་ང་ཡང་ཁྱོད་ཀྱི་ཆུང་མར་ཁྲིད་ཅིག་དང་། རྫོངས་སུ་ཐོར་བ་བསྡུད་པའི་རླུང་བྱ་བ་ཡོད་ཟེར་ནས་བུམ་པ་ཁྱེར་བྱུང་ངོ་། །དེ་དག་གིས་རྔ་བོ་ཆེར་ཞུགས་ནས་བསྐོར་བས་བུད་མེད་དར་དཀར་གྱི་ (ཤོག་ ༧༣) སྦྲ་ཆེན་དུ་སླེབས་པ་དང་། བུད་མེད་དེས་བཟའ་བཏུང་བྱིན་པ་དང་། ང་ཡང་ཁྱོད་ཀྱིས་ཁྲིད་ཅིག་རྫོངས་སུ་ཤི་གསོས་ཀྱི་སྨན་བྱ་བ་ཡོད་ཟེར། དེ་ནས་ཁོང་ཚོས་གསེར་གྱི་རྔ་བོ་ཆེར་ཞུགས་ནས་བསྐོར་བཏང་བས་སྐད་ཅིག་ཙམ་ལ་དེད་དཔོན་གྱི་མའི་དྲུང་དུ་སླེབས་སོ།།
དེ་ནས་གྲོང་ཁྱེར་གྱི་མི་ཐམས་ཅད་འདུས་ནས་དེད་དཔོན་གྱི་བུ་བཙུན་མོ་བཞི་དང་གསེར་གྱི་རྔ་བོ་ཆེ་ལ་ལྟད་མོ་བལྟ་ཞིང་ངོ་མཚར་དུ་གྱུར་ནས་རྒྱལ་པོ་བཞིན་དུ་ཀུན་གྱིས་བསྐུར་བ་དང་། རྒྱལ་པོ་དེ་ཕྲག་དོག་ཆེ་བའི་སེམས་ཀྱིས་མ་བཟོད་དེ། དེད་དཔོན་གྱི་བུ་དེ་དྲུང་དུ་བོས་ནས་གཤེད་མ་རྣམས་ཀྱིས་བསད། ཆུང་མ་རྣམས་འཕྲོག །གསེར་གྱི་རྔ་བོ་ཆེ་དང་ནོར་བུ་རིན་པོ་ཆེ་ལ་སོགས་པའི་ནོར་རྫས་རྒྱལ་པོས་བསྡུས་སོ།།
དེ་ནས་བུད་མེད་གསུམ་གྱིས་དེད་དཔོན་གྱི་ཕུང་པོ་མེར་སྲེག་པའི་སར་ཕྱིན་ནས་རུས་བུ་རྣམས་དང་། རྒྱལ་པོ་ཐལ་བ་རྣམས་རླུང་ལ་ཆར་རོ། །དེའི་ཚེ་བུད་མེད་འཐོར་བ་བསྡུད་པའི་རླུང་ཡོད་པ་དེས་འུབ་ཀྱིས་བསྡུས་སོ། །བུད་མེད་ཤི་གསོས་ཀྱི་སྨན་པ་ཡོད་པ་དེས་སྨན་བཏབ་པས་དེད་དཔོན་གྱི་ལུས་གྲུབ་བོ། །བུད་མེད་རྣམས་ཤེས་འགུག་པའི་ལྕགས་ཀྱུ་ཡོད་པ་དེས་བར་དོའི་རྣམ་ཤེས་བཀུག་པས། དེད་དཔོན་གྱི་བུ་ཀྲོང་ངེར་ལངས་བྱུང་བས་ཤིན་ཏུ་དགའ་འོ། །དེ་ནས་སྲིན་པོའི་བུ་མོ་དེས་རྒྱལ་པོ་ཆེན་པོ་དགོས་འདོད་འབྱུང་བའི་གསེར་གྱི་རྔ་བོ་ཆེའི་ནང་དུ་ཞུགས་པས་སྟེང་ལྷའི་ཡུལ་དང་། འོག་ཀླུའི་ཡུལ་ལ་སོགས་པ་གཟིགས་ནས་ངོ་མཚར་ཆེ་བ་ཡོད་པས་ཞུགས་ཤིག་བྱས་པས། རྒྱལ་པོས་གསེར་གྱི་རྔ་བོ་ཆེའི་ནང་དུ་བཞུགས་པ་དང་། བུད་མེད་དེས་རྔ་བོ་ཆེ་བསྐོར་ནས་བཏང་བས་སྐད་ཅིག་དེ་ཉིད་ལ་སྲིན་པོའི་ཡུལ་དུ་སླེབས་པ་དང་། སྲིན་པོའི་ཚོགས་ཐམས་ཅད་རབ་ཏུ་དགའ་ཞིང་རྒྱལ་པོ་དེའི་ཤ་འབུམ་ཕྲག་ཁྲིག་ཏུ་དགོས་ནས་སྲིན་པོ་རྣམས་ཀྱིས་ཟོས་སོ་སྨྲས་པས། རྒྱལ་བུ་བདེ་བྱེད་བཟང་པོས་དེ་རང་ཕན་པ་ལ་ཨང་ཟེར་ཤོར་བས། དངོས་གྲུབ་ཅན་བྲོས་ཤོར་རོ། །དངོས་གྲུབ་ཅན་ལས་དེད་དཔོན་གྱི་བུའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།

༈ དེ་ནས་ཡང་རྒྱལ་བུ་བདེ་བྱེད་བཟང་པོས་ཡི་དམ་བརྟན་པོ་བཅས་ཏེ་དངོས་གྲུབ་ཅན་བླངས་ཏེ་ལམ་དུ་ཞུགས་པ་ན། དངོས་གྲུབ་ཅན་གྱིས་སྨྲས་པ། ཁ་སང་གི་གཏམ་དེའི་འཕྲོས་མལ་ཞིག་བཤད་ཀྱིས་ཉོན་ཅིག །དེ་ནས་དེད་དཔོན་གྱི་བུ་དེ་རྒྱལ་པོ་ཆེན་པོར་གྱུར། བཙུན་མོ་རྣམས་དང་བཅས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ། ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ལྷའི་གཞལ་མེད་ཁང་། ཁང་བརྩེགས་དུ་མ་དང་ལྡན་པའི་ཡང་ཐོག་སྟེང་ལྷའི་ཡུལ་དུ་འགྲོ་བའི་གསུམ་སྐས་རིན་པོ་ཆེ་ལས་གྲུབ་པ། སྐད་གདང་བཅུ་གསུམ་བཅུ་གསུམ་ལྡན་པའི་སྐས་རེ་རེའི་སྟེང་ན་བྱིའུ་བཅུ་གསུམ་བཅུ་གསུམ་ཡོད་ཅིང་། བྱིའུ་རེ་རེའི་ཁང་ནང་དུ་འབྲུ་བཅུ་གསུམ་བཅུ་ (ཤོག་ ༧༤) གསུམ་འདུག་པའི་གྲངས་ཁྱེད་ཀྱིས་ཤེས་པར་གྱིས་ཤིག་སྨྲས་སོ། །རྒྱལ་པོ་བདེ་སྤྱོད་བཟང་པོས་དེའི་གྲངས་རྩིས་མ་འཐེབས་པའི་ངང་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་དུ་སླེབས་ཏེ་དངོས་གྲུབ་ཅན་ཐོབ་ནས་ཕུལ་བས་ཤིན་ཏུ་དགྱེས་ཏེ། དེ་ལ་བརྟེན་ནས་གསེར་འགྱུར་གྱི་སྒྲུབ་པ་མཛད་པས་གཙུག་ལག་ཁང་དང་། དགེ་འདུན་གྱི་འཚོ་བ་སྦྱོར་བ་དང་། སྐྱེ་བོ་ཐམས་ཅད་ཕོངས་པ་ལས་སྒྲོལ་བར་མཛད་པ་དང་། གསེར་གྱི་མཆོད་སྡོང་སོགས་ད་ལྟའང་རྒྱ་གར་ན་ཡོད་པར་གྲགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན། སརྦ་མངྒ་ལཾ།།

༈ ཡང་རྒྱལ་བུ་དེས་ཤིང་སྡོང་དེའི་རྩར་ཕྱིན་ཏོ། །བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། རལ་གྲི་ངར་མའི་རྡོ་གཅོད་ཡིན། བཟའ་བ་མར་ཟན་ག་ཡུ་ཡིན། ཁ་སང་བཞིན་དུ་ཟ་བ་ཚར། རོ་གོག་བབ་བམ་ཤིང་སྡོང་གཅོད་ཟེར་བ་བྱས་ནས། རལ་གྲི་དེ་ཤིང་དེ་ལ་ཚག་ཙམ་བརྒྱབ་པ་དང་། རོ་དེ་བབས་བྱུང་། ཏོག་མ་དེས་ཐུལ་གཅིག་བརྡུངས། དྲ་བ་དེའི་ནང་དུ་བཅུག །ཞགས་པ་དེས་བསྡམས། རྫོངས་སོ་བྱས་ཁུར་ཡོང་བ་དང་། གོམ་པ་བཅུ་གཅིག་ཡོང་བའི་སར་སླེབས་པ་དང་། རོ་དེས་རྒྱལ་བུ་རྒྱལ་བུ་ཟེར་གྱི་འདུག་སྟེ། རྒྱལ་བུས་ཁྱོད་རྒྱུས་ཡོད་བསམས་གཏམ་ཁ་མ་བླངས་པར། མགོ་ཕར་རིལ་ཚུལ་རིལ་བྱས་ཕྱིན་པ་དང་། རོས་སྨྲས་པ། རྒྱལ་བུ་ལས་ཟད་པོ་ཁྱོད་འདྲ་བའི་ཁ་ནས་གཏམ་ཡོང་བ་དེ་མིན་པར་འདུག །ངས་རོ་སྒྲུང་བྲ་མའི་སེན་མོ་ཙམ་ཞིག་བཏང་གིས་ཉོན་ཨང་ཟེར་འདུག་ཙ་ན། རོས་སྨྲས་པ། ལུང་པ་ཆེན་པོ་ཞིག་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་པར་འདུག །རྒྱལ་པོ་དེ་ལ་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་། སྐྱེས་པ་རིགས་རྒྱུད་མཉམ་པའི་ནུ་མོ་སྟེར་མཁན་ཡོད་ཀྱང་། རྒྱལ་པོ་དེས་མི་བཅད་མཁྱེན་པས། ཡུལ་གཞན་ཞིག་ན་རྒན་རྒོན་གཉིས་ལ་བུ་མོ་བསམ་པ་ཅན་གསུམ་འདུག་པ་བླངས་བྱས་ན་སྟེར་བ་འདུག་པས། བསོད་ནམས་ཆེ་བ་མཉམ་པོ་ལ་སྤྱང་གྲུང་ཁྱུ་གསུམ་འཛོམས་པ་ཞིག་དགོས་བསམས། རྒྱལ་པོས་ཁྱི་རྒན་ཞིག་ཏུ་བརྫུས་ནས་སྤྱང་གྲུང་བརྟག་ཏུ་བྱོན། ཁོ་པའི་ཡུལ་དེར་སླེབས་ནས། ནས་ཁལ་གཅིག་འཁུར་ཏེ་རྒན་རྒོན་དེ་པའི་སྒོ་རྩར་སླེབས་པ་དང་། རྒན་མོ་དེ་ཆུ་ལེན་པ་ལ་བྱུང་། ཁྱི་རྒན་གྱིས། འ་འུ་ཨ་མ་རྒན་མོ་ངའི་ནས་ཁལ་གཅིག་པོ་འདི་ཉ་ར་གྱིས་དང་བྱས་པ་དང་། རྒན་མོ་ན་རེ། ཉ་ར་བྱས་པས་ཆོག་ཟེར་ཉ་ར་བྱས་པ་དང་། ཁྱི་རྒན་དེས་ང་རང་གི་ནས་འདི་ནམ་ལེན་བྱུང་ཡང་ངོམ་པོ་དགོས་སོ་བྱས་པ་དང་། རྒན་པོ་དེས་ནམ་ལེན་པར་ཡོང་བྱས་པས། ཁྱི་རྒན་ན་རེ། ནམ་ཡོང་ཏིག་ཏིག་མེད་ཟེར་ཁྱི་རྒན་ལོག་གོ།
དེ་ནས་ལོ་ཁ་ཡར་སོང་བ་དང་། ཁྱི་རྒན་དེ་ནས་ལེན་པར་མ་བྱུང་བ་དང་། རྒན་མོ་ན་རེ། རྒད་པོ་ (ཤོག་ ༧༥) ཁ་སང་ནས་ནས་ཁལ་བཅོལ་མཁན་གྱི་ཁྱི་དེ། ཁྱི་རྒན་གཉང་རལ་ཉིལ་བ་དེ་འདྲ་བ་འདུག །ཁྱིའི་ཚེ་ནི་ལོ་དགུ་ལས་མེད་ཟེར། ད་ཙམ་རང་ཤི་བ་ཨེ་ཡིན། ཡེ་མ་བྱུང་། ཁ་སང་ངོམ་པོ་དགོས་ཟེར་འདུག་སྟེ། ངོམ་པོ་རང་མི་དགོས་ཡོད། སྣོད་དགོས་པ་མིན་པ་མི་ཡོང་། ཆང་དུ་ཚོད་བྱས་པས། རྒད་པོ་ན་རེ། ཁ་སང་ངོམ་པོ་དགོས་ཟེར་ན་བཞག་པ་ཨེ་དྲག་ཡིན་ཟེར་བས། རྒན་མོ་ན་རེ། ནས་བཟང་པོ་འདུག་སྟེ་བསྐྱིན་པ་འདབ་རུ་འཇལ་བས་གོ་ཆོད་པ་ལོས་ཡོང་ཟེར་ནས་རྒན་མོས་ཆང་བཙོས་སོ། །དེ་ནས་ཞག་ཁལ་གཅིག་སོང་བ་དང་། ཁྱི་དེས་ཆུ་མིག་ཁར་ཡོང་བ་དང་། བུ་མོ་ཆེ་བ་ཆུ་ལེན་པར་ཡོང་བ་དང་ཐུག་སྟེ། ཁྱིས་བུ་མོ་ལ་སྨྲས་པ། འ་འུ་བུ་མོ་ཁྱོད་ཀྱིས་ཨ་མ་ལ་ངས་ཁ་སིང་བཅོལ་བའི་ནས་དེ་དགོས་གྱིས་དང་བྱས་པས། བུ་མོས་ཨ་མ་ལ་སྨྲས་པ། ཁྱི་རྒན་དེ་ནས་དགོས་ཟེར་གྱི་སླེབས་འདུག་བྱས་པས། འོ་ན་ནང་དུ་བོས་མི་ཡོང་བ་ཟེར། ཨ་མས་ཕྱིན་ནས་ཁོ་ནང་དུ་བོས་སོ། །ཨ་ཕོ་ཁ་སིང་ནས་བསྒུགས་པས་མ་བྱུང་། ཁ་སང་གི་ནས་དེ་སྣོད་དོག་ནས། ངེད་རང་གི་ནས་དང་བསྲེས་པ་ཡིན་བྱས་པས། ཁྱི་རྒན་ན་རེ། དེ་འདྲ་མ་ཟེར། ངའི་ནས་ཁ་སིང་དེ་དུས་ངོམ་པོར་དགོས་བྱས་པ་ཡིན་པ། ང་རང་གི་ནས་ངོམ་པོར་དགོས་ཟེར་བྱུང་བས། ཁྱོད་རང་བསྒྲུགས་ན་མིན་པ་བསྲེས་ནས་མེད་ཟེར་རོ། །བསྲེས་ཚར་ནའང་ང་རང་གི་ནས་བསྒྲུགས་པས་ཆོག་ཟེར་བས། རྒན་མོ་ན་རེ། ནས་བསྒྲུགས་པ་མི་ཡོང་། ནས་གསུམ་འདབ་བཞི་འདབ་བྱས་པས་ཆོག་ཟེར། དེར་ཁྱི་ཁོ་ན་རེ། ནས་རྒྱ་ལྡབ་བྱུང་ཡང་ང་རང་གི་ངོམ་པོ་མ་བྱུང་ན་མི་ལེན་ཟེར་རོ། །
དེར་རྒན་མོ་ན་རེ། ཁ་ནིང་ནས་དེ་ལས་མགྱོགས་པ་ཡོང་བ་ཡིན་མོད་ཟེར། ཁྱི་ཁོ་ན་རེ། ང་རང་མ་བྱུང་བར་དུ་ཁ་སིང་ནས་ཞོག །ད་ཁྱོད་རང་ནས་ངོམ་པ་མེད་ན་ང་ལ་བུ་མོ་ཞིག་བླངས་བྱས་པས། ཚབ་མི་ལེན་ན་བུ་མོ་ཞིག་སྟེར་དགོས་པ་ཡིན་ཡོང་ཟེར། བུ་མོ་ཆེ་བ་ཁོ་ལ་བྱིན་ནོ། །ཕ་ཚད་ཅིག་སླེབས་པ་དང་། ཆུ་ཆེན་པོ་ཞིག་འདུག་པ་ལ། ཁྱི་ཁོ་ན་རེ། འ་འུ་བུ་མོ་ཁྱོད་རང་ང་ལ་འཁུར་བྱས་པས། བུ་མོས་ཁྱི་ལ་འཁུར་ཕྱིན་ཏོ། །བུ་མོ་ཁྱོད་གྲུང་པོ་མི་ཡོང་བ་འདུག་བསམས་ཏེ། གྲོགས་པོ་ཞིག་གི་ནང་དུ་ཡར་ཕྱིན་པ་དང་། ཐབ་ཆ་གདན་ཆ་ཁད་དེ་བྱས་བཟའ་བཏུང་གི་ཆས་ཁ་འདུག་གོ །དེར་བུ་མོ་ལ་ཁྱི་ཁོ་ན་རེ། ང་ལ་ཡང་ཤ་དང་མར་རེ་བླང་། བུ་མོ་རང་ཡང་ཟོས་པས་དྲག་གོ་བྱས་པ་དང་། བུ་མོ་རང་ཡང་གདན་ཐིངས་སྐྱིད་པོ་གྱིས་ཤིག་བྱས། བུ་མོ་དེའི་བསམ་པ་ལ། ཁྱི་འདི་ལ་གྲོགས་པོ་དགའ་འདུག་བསམས། མོ་རང་རྒྱགས་ཚད་གཡོས་ཀྱིན་ཟོས། ཁྱི་ལ་ཡང་ཁྱི་ལྟོ་རེ་བསྐྱལ་ནས་སོང་། གདན་རྣམས་ཉིས་བརྩེགས་གསུམ་བརྩེགས་བྱས་ཀྱིས་བཏིང་། ཁོ་ལ་བོང་གདན་མཐིལ་མེད་རེ་བཏིང་བྱས་པ་དང་། ཁྱིའི་བསམ་པ་ལ་བུ་མོ་འདི་ལྐུག་མ་ལགས་པས། ཐོག་ཚད་གཅིག་ (ཤོག་ ༧༧)
ཁྱེད་ལ་ཕ་མས་ང་བྱིན་པ་ཡིན་པས། ངས་ཁྱེད་ལ་འཁུར་བས་ཡོང་དགོས་མེད། ཁྱོད་བཟའ་དཔོན་ཡིན་པ་ལ། ངས་ཁྱེད་འཁུར་རྒྱུ་ཡིན་ཏེ། ངས་མི་ཐེག་པ་འདུག་ཟེར་བྱས་པ་དང་། ཁྱི་ཁོ་ནི་ཞེ་མགུ་ནས། ཟོམ་པ་བྱ་བ་རྐང་གི་ལྷམ། ཁྱོད་ལ་བཀལ་ནས་ཡོང་མི་ཟེར་ཏེ་འགྱེལ་དུ་མ་བཏུབ་བོ། །དེར་ཆུ་དེར་བརྒལ་གྲོགས་པོའི་ནང་དུ་ཡར་ཕྱིན་པ་དང་། ཐབ་གདན་ཆ་དང་བཅའ་བཏུང་གི་རྒྱུ་ཁང་པ་འདུག་ལ། ཁྱི་ཁོས་ནི་བུ་མོ་རང་ཡང་ཟོ། ང་ལ་ཡང་བླངས་བྱས་པས། བུ་མོས་ཤ་སྐམ་ལ་གཙོ་གདར་བྱས། མར་རྣམས་ཁུན་མར་བཅོས། ཁྱི་ལ་དྲངས། མོ་རང་གིས་ཀྱང་ཟོས་བྱས་པ་དང་། ཁོ་དགའ་ནས་བུ་མོ་ལ་སྨྲས་པ། ཨ་ལྕེ་གཉིས་པོ་ནི་ང་ལ་གཏེར་བ་མེད། བུ་མོ་ཁྱོད་སྟེར་བ་དགའ་རབ་ཡིན་བྱས་པས། བུ་མོས་སྨྲས་པ། གཏེར་རྒྱུ་བྱུང་ན་ཁྱེད་རང་གི་དཔལ་འབྱོར་ཡིན་བྱས་པ་དང་། རྒྱལ་བུ་ཁྱི་ཕྲུག་གི་བསམ་པ་ལ། བུ་མོ་འདིའི་སེམས་ནི་ཨ་ལྕེ་ཚོ་དང་མཉམ་པ་འདུག །སྤྱང་གྲུང་འདི་ལྷག་ཅིང་གྲུང་བ་འདུག །གཏན་གྱི་གྲོགས་ལེགས་འདུག་བསམ་ཞེ་མགུའོ།།
དེར་དེའི་ནུབ་མོ་གདན་འཐུག་པ་རྣམས་ཁྱི་ལ་བཏིང་། སྲབ་པ་རྣམས་མོ་རང་གིས་བཏིང་ནས་དེ་ནུབ་ཉལ་ལོ། །སང་སྔ་མོ་ལངས་ནས་ཁྱིའི་ཁྱི་ལུད་དང་། ཨ་ལྕེ་ཉིད་ཀྱིས་ཁ་སང་ནས་མི་གཙང་བ་རྣམས་བསངས་ཏེ་འཕྱགས། ཁམས་བདེ་སངས་ས་ཞིག་བཅོས། དེ་རུ་ཡུན་རིང་པོ་བསྡད། སྐབས་ཤིག་སོང་བ་དང་། བུ་མོ་འདི་ལ་ཁྱི་ཕྲུག་གསུམ་སྐྱེས་སོ། །དེར་ཁྱི་རྒན་དེས་བུ་མོ་ལ་སྨྲས་པ། བུ་མོ་གྲོགས་པོ་གཏན་དུ་སྡོད་པའི་ཕ་ཡུལ་མིན། ད་ཡང་སྡོད་ས་སྤོས་པ་དྲག་ཟེར། ཁྱི་རྒན་གྱིས་ཆས་བསྣམས་པ་དང་། བུ་མོས་ཁྱི་ལ་སྨྲས་པ། ཁྱི་གུ་འདི་པ་ཐང་སྟེ་སོང་རིན་ལ་གཞན་དུ་ཕྱིན་ཀྱང་སྐྱིད་པ་ཨེ་ཡོད་མི་ཤེས། འདི་གར་བསྡད་པ་དགའ་ཟེར། ཁྱི་རྒན་གྱིས་སྨྲས་པ། ཐང་སྟེ་སོང་ན་སུ་ལས་བྱུར་ཤལ་ཆེ། ད་ལྟ་རང་ཨམ་ཕྲག་ཏུ་བཙུད་ནས་འགྲིམས་པ་དྲག་ཟེར་རོ། །བུ་མོས་སྨྲས་པ། ཐབ་གདན་འདི་ཚོ་གང་དྲག་བྱས་པས། ཐབ་གདན་གྲོགས་པོས་ཉ་ར་ཡོང་ཟེར་ནས་འགྲིམས་ཕྱིན་ཏོ།།
ཁོང་གཉིས་ཀྱིས་ཡར་ཚད་སླེབས་པ་དང་། སྦུབས་ཡ་གི་ན་རུ་སྡེ་ཆེན་པོ་ཞིག་འདུག་པས། ཁྱི་རྒན་ན་རེ། ངས་རུ་སྡེ་ཡ་གིའི་དཀྱིལ་དུ་བླང་སློང་འདྲ་བྱས་ཡོང་གིས་ཟེར་ནས། ཁྱིས་འགྲོ་བའི་གྲབས་བྱས་པ་དང་། བུ་མོས་སྨྲས་པ། བསྡོངས་ནས་ཕྱིན་པ་དྲག །རུ་པའི་ཁྱི་མང་པོས་ཁྱི་ལོག་བྱས་ནས་ཁྱེད་བསད་ན། ཁྱི་གུ་འདི་པ་ནི་ཆུང་། ཡུལ་དུ་ལོག་པ་ནི་ངོ་ཚ། ངེད་མ་བུ་རྣམས་གང་འདྲ་བྱེད་བྱས་པས། ཨའུ་ཙི་ཅི་ཡང་མི་ཡོང་ཁྱོད་རང་ཁྱི་གུ་རྣམས་ཁུར་ལ་ག་ལེར་ཤོག་བྱས། ཁྱོས་ཕྱིན་པ་དང་། དེར་མོས་རྗེས་ལ་ཕྱིན་པས། སྒང་གཤོངས་གཉིས་ཆེ་བས་མིག་གིས་མ་མཐོང་ངོ་། །བུ་མོས་གྱེན་ལ་འཛེགས་ཕྱིན་པ་དང་། རྐང་རྗེས་དེ་ལམ་དེ་ལ་མ་སོང་བ་ (ཤོག་ ༧༨) འདུག །སྒང་པ་ཞིག་ན་མར་བབས་སོང་ཙ་ན། གཤོངས་ཤིག་ན་ཁྱི་ལྤགས་ཚོ་ཐེ་གཏོར་དགུ་གཏོར་ལ་བཏང་། ཁྲག་དམར་རྫར་རྫར་བྱས་འདུག་པ་བུ་མོས་མཐོང་སྟེ། བུ་མོའི་བསམ་པ་ལ། འདི་འདྲ་ཞིག་ཡོང་བསམ་པ་མ་བྱུང་སྟེ། བྱུང་ཡང་བྱུང་འདུག །གྲོགས་ནང་དེ་རུ་མི་སྡོད་སུའི་འདྲེས་དེད་པ་བསམ་པ་བྱུང་ནས། ཡུལ་ལ་ལོག་འགྲོ་བ་ལ་ནི་མི་ལ་ཁྱི་གུ་སྐྱེས་པས་སྔོ་ལོ་འཆར་བ་འདུག །སྤྲང་དུ་འགྲོ་བ་ནི་ལམ་མི་གཤགས་བསམས་ནས། ཁྱི་ལྤགས་ཚོ་བྲང་འོག་ཏུ་བཙུད་ནས་ངུ་ཡིན་བསྡད་པ་དང་། ཡུད་ཙམ་ཞིག་ནས་སྐད་ཅིག་བྱུང་སྟེ། དཔོན་མོ་ལགས་དཔོན་མོ་ལགས་ཟེར་བྱུང་སྟེ། ཡུལ་འདི་ན་ནི་ང་མིན་པ་མི་འདུག་བསམས། མགོ་བསྒྱུར་བྱས་ནས་ངུ་འཕྲོ་བཅད་པ་དང་། རྟ་པ་དེ་སྔས་མགོར་སླེབས་བྱུང་སྟེ། དཔོན་མོ་ལ་བཞེངས་པ་ཞུ་བྱས་པས། བུ་མོས་རྟ་པ་ལ་སྨྲས་པ། དྲུང་པ་རྣམས་སུ་དང་ནོར་ན། བདག་ལ་ཁྱོ་པོ་ཁྱི་རྒན་ཞིག་ཡོད་པ་ད་གིན་ནས་ཁྱི་ལོག་བྱུང་ནས་བསད་གདའ་ལགས་བྱས་པས། མ་ནོར་ལ་བཞེངས་པ་ཞུ་ཟེར་ནས་ལག་པ་ནས་འཐེན་པ་དང་། མོའི་བསམ་པ་ལ། འདི་པ་སུ་དང་ནོར་ན། ངའི་ཁྱོ་པོ་ཁྱི་རྒན་ནི་འདི་ན་བསད་འདུག་བསམས་པ་དང་། དེར་མོས་ལངས་སོ། །མོ་ལ་རྒྱན་ཆ་ལུགས་རྣམས་སྤྲས། སྲས་ལྕམ་སྲིང་གང་ན་ཡོད་ལགས་ཟེར་བས། ང་ལ་ནི་ཁྱི་གུ་ལས་མེད། སུ་དང་ནོར་ན་བྱས་པས། འདི་ག་དགོས་པ་ལགས་ཟེར། མི་དེའི་པང་དུ་བླངས་སོ། །
དེར་ཡོད་ཚད་རྟ་ལ་བཞོན་ནས་རྒྱལ་པོའི་ཕོ་བྲང་དུ་བྱོན་པ་དང་། རྒྱལ་པོ་ནི་གསེར་ཁྲིའི་སྟེང་ན་བཞུགས་འདུག །བློན་ཆེན་རྣམས་ཀྱིས་མཐའ་ནས་བསྐོར་ནས། མོ་ལའང་གཡུ་ཁྲི་ཞིག་བརྩིགས་ནས་གཡུ་ཁྲིའི་སྟེང་དུ་སྡོད་ཅིག་གསུངས་པ་དང་། མོའི་བསམ་པ་ལ། ང་ལ་ནི་ཁྱོ་པོ་ཁྱི་རྒན་ཞིག་ལས་མེད། འདི་ནི་རྒྱལ་པོ་མཚར་སྡུག་འོད་ཆགས་པ་ཞིག་འདུག་སྙམ་སྟེ། ལབ་ངོ་མ་ཤེས་པར་ཀྲོང་ངེར་བསྡད་པ་དང་། རྒྱལ་པོའི་གསུང་ནས། བུ་ཚ་མིང་སྲིང་གསུམ་གང་ན་ཡོད་གསུངས་པ་དང་། ཁུར་མཁན་དེ་ཚོས་ཁྱི་གུ་རྣམས་རྒྱལ་པོའི་སྐུ་པང་དུ་ཕུལ་བ་དང་། ཁྱི་གུ་དེ་པའི་སྤྱི་གཙུག་ནས་ཐང་ཐང་བྱས་པ་དང་། ཁྱི་གུའི་པགས་པ་རྣམས་ཟུ་ལུ་ལུ་བུད་བྱུང་སྟེ། སྲས་པོ་མཚར་སྡུག་འོད་ཆགས་པ་གཉིས་དང་། སྲས་མོ་གཅིག་དང་གསུམ་བྱུང་སྟེ། རྒྱལ་པོའི་གསུངས་ནས་འདི་དང་འདི་ང་འདྲའོ། །བུ་མོ་གཡུ་ཁྲི་ལ་སྡོད་ཅིག་གསུངས་པས། མོས་གཡུ་ཁྲི་ལ་བསྡད་ནས་ཡུལ་དེའི་དཔོན་མོ་བྱས། ཕ་མ་རྒན་འཁོགས་གཉིས་ཀྱང་ཡར་བོས། རྒྱལ་འབངས་རྣམས་ཀྱང་སྔར་ལས་དར་ཞིང་རྒྱས་པ་བྱུང་། བུ་མོའི་ཡུལ་མི་རྣམས་ཀྱིས་དབུ་མོ་བསོད་ནམས་ཆེ་བར་ཐག་བཅད་པ་ཡིན་པར་གདའ། རྒྱལ་པོ་བདེ་སྤྱོད་བཟང་པོའི་ཁ་ནས་ཨ་ལྕེ་གཉིས་པོ་དེ་ལས་ནུ་མོ་དེ་བསོད་ནམས་ཆེ་བ་སྤྱང་གྲུང་འཛོམས་པ་ཞིག་འདུག་ཟེར་བ་ཁ་ནས་ཤོར་བས། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར་ནས་འགྲམ་ལྕག་མེ་བུས་པ་འདྲ་བ་ཞིག་བརྒྱབ་ནས་རོ་དེ་ཤོར་རོ། །རྒྱལ་བུའི་བསམ་པ་ལ། བླ་མའི་ཞལ་ནས་རོ་ཁོས་ཅི་ཟེར་ཡང་གཏམ་མ་ལེན་གསུང་གི་ཡོད་པར། ད་ལམ་གཏམ་ཤོར་སོང་། ད་ངས་རོ་ལ་གཏམ་ཤོར་ན་བསམ། (ཤོག་ ༧༩) ཡང་དུར་ཁྲོད་དེར་ཕྱིན་ཏོ། །རྒྱལ་བུ་ཁྲི་ཕྲུག་གིས་ཆུང་མ་བཙལ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།

༈ ཡང་ཤིང་སྡོང་དེའི་རྩར་ཕྱིན། གཏམ་ལོ་རྒྱུས་རྣམས་སྔར་བཞིན་བྱས་ཁུར་ཡོང་ནས་གོམ་པ་བདུན་ཙམ་འཕགས་པ་དང་། རོ་དེ་ན་རེ། རྒྱལ་བུ་ལས་ཟད་པོ་ཁྱོད་ནས་གཏམ་ཡོང་བ་མིན་པར་འདུག །ངས་རོ་སྒྲུང་བྲ་བའི་སེན་མོ་ཙམ་ཞིག་བཏང་གིས་ཉོན་ཨང་ཟེར་འདུག་ཙ་ན། རོས་སྨྲས་པ། ལུང་པ་གཅིག་ནང་རྒྱལ་པོ་ཆེན་པོ་གཅིག་ཡོད་ཡིན་པ་འདུག །རྒྱལ་པོ་དེའི་མངའ་འོག་ཏུ་རྒྱལ་འབངས་གཞན་ཞིག་ནས་ཚོང་པ་ཚོང་ལ་ཡོང་བ་ཞིག་ཡུལ་དེར་ཆགས་པ་ཡིན་པར་གདའ། ཚོང་པ་དེས་ཡུལ་དེའི་རྒྱལ་པོའི་ཕོ་བྲང་འགག་ཏུ་ཕྱིན་པ་དང་། རྒྱལ་པོ་ཆེན་པོ་དེའི་ལོ་གསར་མཛད་པའི་ཁུར་བ་མང་པོ་བཟོས་ཡོད་པ་ལ། ཚོང་པ་དེས་སྒོའི་སྲུབ་ནས་བལྟས་པས། ཁུར་བ་གླང་པོར་བཀལ་ནས་ཐོན་པ་དང་ཐུག་སྟེ། ཁུར་བ་བྱུང་རིམ་ནས་ཁོས་འགྲངས་སོ། །ཁུར་བ་ཐོན་ཚར་ནས་སྒོ་དབྱེ་བྱུང་བ་དང་། ཁུར་གཉེར་ལ་ཚོང་པས་ཞུས་པས། ང་ལ་ཁུར་བ་ཞིག་ཐུགས་ལ་འདོགས་པ་ཞུ་བྱས་པས། ཁུར་གཉེར་ན་རེ། འོ་ན་ཁྱོད་ལ་འཁུར་དུ་དགོས་པ་གཏེར་བྱས་པས། ཚོང་པས་ད་ཀི་ནས་ཇི་ལྟར་བྱས་པའི་ལུགས་བཞིན་བྱུང་བ་དང་། ཁུར་གཉེར་གྱིས་ཁུར་བགྲངས་པས། ཁོ་བདེན་པར་འདུག་པ་ཤེས་ཏེ། རྒྱལ་པོ་ལ་ཞུས་པ། ཚོང་པ་འདི་ལ་མངོན་ཤེས་འདུག་ཞུས་ནས། ཚོང་དཔོན་མངོན་ཤེས་ཅན་དུ་གྲགས་སོ།།
དེའི་ཚེ་དེའི་དུས་ན། སྐབས་ཤིག་སོང་བ་དང་། རྒྱལ་པོའི་ལྷ་རྟ་བོར་ཏེ། རྒྱལ་པོས་གསུངས་ནས། ཚོང་དཔོན་བོས་ཤོག་གསུངས། ཚོང་དཔོན་བྱུང་བ་དང་། རང་རེའི་ལྷ་རྟ་བོར་འདུག་པས། ཁྱོད་ཀྱིས་མངོན་ཤེས་གྱིས་ཤིག་གསུངས་པ་དང་། ཁོ་རང་གི་གནས་ཁང་དུ་ལོག་ཕྱིན་ནས་ཁང་ཐོག་ཏུ་བསྡད་པ་དང་། ལྐོག་ཏུ་ཚོང་དཔོན་འདི་ལ་མངོན་ཤེས་ཡོད་ཟེར་གྱི་འདུག །འདིས་གང་ལབ་ཀྱི་ཡོད་དམ་བསམ། ལྐོག་ཉན་བྱས་པས་ཚོང་དཔོན་གྱིས་མཐོང་ནས། ཁོང་གསུམ་གྱིས་ནི་ཚོང་དཔོན་མ་མཐོང་ངོ་། །ཁོང་གསུམ་ན་རེ། མངོན་ཤེས་ཡོད་པའི་ལུགས་ཀྱིས་ངེད་རང་ཚོ་བློ་ཚོང་ཟེར་བ་དང་། གཅིག་གིས་འདི་འདྲ་ཨེ་བདེན་མི་ཤེས་ཟེར་གྱིན་འདུག་པ་དང་། ཚོང་དཔོན་ལ་རྒོ་བའི་ལྤགས་པའི་གདན་ཞིག་ཡོད་པ་དེའི་སྤུ་ཕྱི་ནས་ཁོང་གསུམ་པོའི་མགོ་ལ་ཐུལ་ཐུལ་བསྐྱུར་བ་དང་། མགོ་ཚོ་ལ་རིབ་དེ་ཆགས་བྱུང་སྟེ། ཁོང་གསུམ་པོ་ནི་ལྐོག་ཏུ་མིས་ཐོས་པའམ་ཚོར་བའི་དཔེ་ཡོད་ཟེར་སོང་ངོ་།།
དེ་ནས་ཚོང་དཔོན་དགའ་ནས་རྒྱལ་པོ་ལ་ཞུས་པ། སང་ལུང་པའི་མི་རྣམས་བསགས་པར་ཞུ་ཟེར། རྒྱལ་པོས་བློན་པོ་ལ་བཀའ་གནང་། བློན་པོས་བཅུ་དཔོན། བརྒྱ་དཔོན། སྟོང་དཔོན་རྣམས་བསྐུལ་ནས་ (ཤོག་ ༨༠) མི་རྣམས་བསགས་ཟིན་པས། ཚོང་དཔོན་གྱིས་ཉུལ་བས། ཁོང་གསུམ་པོའི་མགོ་ལ་སྤུ་ཁ་ལེ་ཕྱོགས་གཅིག་ན་གསུམ་ག་རུག་སྟེ་འདུག་པ་དང་། འདི་གསུམ་པོ་ཡིན་ཞུས་ནས་ཁོང་གསུམ་གྱིས་ལྷ་རྟ་མ་བསད་པར་འདོན་བྱུང་ངོ་། །མི་དེ་པའི་སྲོག་ལ་མི་བབས་པའི་ཞུ་བ་ཚོང་དཔོན་གྱིས་བྱས་སོ། །དེར་རྒྱལ་པོའི་ཐུགས་དགོངས་ལ་མི་འདི་ངེད་རང་གི་མངའ་འོག་གི་མི་ནི་མིན། གཡས་གཡོན་ལ་སོང་ན་ཕངས་དགོངས་ཏེ། རྒྱལ་པོའི་སྲས་མོ་ཞིག་གནང་ངོ་།།
ནམ་ཞིག་སོང་བ་དང་། རྒྱལ་པོའི་མངའ་འོག་ན་ཚོང་དཔོན་ཆེན་པོ་ཞིག་ཡོད་པ་དེའི་བོང་བུ་གསུམ་རྐུ་ལ་ཤོར་བ་རྒྱལ་པོ་ལ་ཞུས་ཏེ། བོང་བུ་རྐུ་ལ་ཤོར་སོང་། མངོན་ཤེས་ཤིག་ཞུ་དགོས་བྱས་པས། ཚོང་དཔོན་ལ་ཤོག་གསུངས་ནས། རྒྱལ་པོས་ཚོང་དཔོན་ལ་སྨྲས་པ། བོང་བུ་ཞིག་བོར་བ་མངོན་ཤེས་གྱིས་གསུངས། ཚོང་དཔོན་གྱི་བསམ་པ་ལ། གཅིག་ནས་གཉིས་སུ་བགྲངས་པས་ཁུར་བའི་མངོན་ཤེས་བྱུང་། གནས་ཚང་ཁང་ཐོག་བསྡད་པས་ལྷ་རྟའི་མངོན་ཤེས་བྱུང་། ད་རེས་རང་བྲོས་པ་དྲག་བསམ། རྒྱ་བརྗེས་ཆེན་པོ་ཞིག་བྱས་ནས་མདོར་དོན། ཕྱོགས་ཤར་ལ་ཁ་གཏད་ནས་བང་སྡིག་སྡིག་བཏང་ཕྱིན་པ་དང་། མི་ཞིག་རེ་རིང་རིང་བྱས་འགྲོ་ཡི་འདུག་པ་དང་། ཕ་གི་དང་འགྲོགས་ནས་འགྲོ་དགོས་བསམ་བརྒྱུགས་ཕྱིན་པ་དང་། མི་དེ་སློག་དེ་ལོག་བྱུང་ནས། མི་དེའི་རྒྱབ་ན་ཕྱིན་པ་ལ་བོག་ཁུར་བྱས་པ་དང་ཐུག་སྟེ། ཚོང་དཔོན་ལ་ཕྱག་དགུར་བཙལ་བྱུང་སྟེ། བོང་བུ་རྐུ་མཁན་གྱི་ཟླ་བོའི་ལྟོ་ཕྱེ་ཡོང་བ་དང་ཐུག་སྟེ། མི་དེ་ན་རེ། བོང་བུ་འབུལ་སྲོག་ལ་མི་འབབ་པ་ཞིག་ཞུ་ཟེར། བོང་བུ་གང་ཡོད་བྱས་པས། ལ་ཕར་རྒྱབ་ན་ཡོད་ཟེར། ཚོང་དཔོན་གྱིས། ཁོ་བཟུང་ནས་ཁོའི་བུ་ཞིག་འདུག་པ་དེ། བོང་བུ་དང་ཟླ་བོ་ཚོ་འབོད་དུ་བཏང་ངོ་། །སྲོག་ལ་མི་འབབ་པ་ཞུ་ཞུས། བོང་བུ་རྣམས་ཀྱང་ཕྱིར་ལ་སློག་པ་ཡིན་པར་གདའ།
ཡང་ནམ་ཞིག་སོང་བ་དང་། རྒྱལ་པོའི་བླ་གཡུ་བོར་ནས། ཚོང་དཔོན་བོས་ཤོག་གསུངས་ནས། ཚོང་དཔོན་བོས་པ་ཡིན་པར་གདའ། རྒྱལ་པོའི་བློན་པོ་འ་ཞ་ཟེར་བ་ཞིག་ཡོད་པ་དེས་བླ་གཡུ་བརྐུས་པ་ཡིན་པར་གདའ། དེར་རྒྱལ་པོའི་ཞལ་ནས། ཚོང་དཔོན། རང་རེའི་བླ་གཡུ་བོར་འདུག་པས། མངོན་ཤེས་ཀྱིས་རྩད་གཅོད་ཅིག་གསུངས་པ་དང་། ཚོང་དཔོན་གྱི་བསམ་པ་ལ། གཅིག་ནས་གཉིས་སུ་བགྲངས་པས་ཁུར་བའི་མངོན་ཤེས་བྱུང་། གནས་ཁང་ཐོག་བསྡད་པས་ལྷ་རྟའི་མངོན་ཤེས་བྱུང་། དོན་མེད་བྲོས་ནས་ཕྱིན་པས་བོང་བུའི་མངོན་ཤེས་བྱུང་། ད་རེས་རང་ནག་ཅིག་ཨེ་ཕོག་བསམས་ནས་གནས་ཁང་དུ་ལོག་ཕྱིན་ཏོ། །བློན་པོ་འ་ཞ་ཟེར་བ་དེའི་བསམ་པ་ལ། འདི་ཐིངས་པའི་ལུགས་ཀྱི་ནི་ཕུང་བར་འདུག །གང་འདྲ་བྱེད་དམ་བསམས་ནས་ནམ་ཕྱེད་ལ་ལངས་ནས་ཚོང་དཔོན་གྱི་གནས་ཁང་སྒོ་རྩར་ཕྱིན་པ་དང་། ཚོང་དཔོན་གྱི་བསམ་པ་ལ་སྔར་ལྟ་བསོད་ནམས་རེ་ཆེ་བྱུང་སྟེ། ད་ལམ་ཐབས་མེད་བསམ། ཕ་རྒན་གྱི་མིང་ལ་འ་ཞ་ཟེར་བ་ཡིན་པས། དེ་དུས་རྩིག་སྲུབ་ (ཤོག་ ༨༡) ལ་ཁ་བརྫངས་ནས་ཁོ་རང་གི་ཕའི་མིང་ནས་བོས་དེ་འ་ཞ་འ་ཞ་བྱས་ངུས་པ་དང་། བློན་པོ་འ་ཞ་ཟེར་བ་དེས་ཚོར་ནས། དྲུང་པ་ལགས་ང་འདི་ནང་ཡོད་ལགས་བྱས་པས། ཚོང་དཔོན་དགའ་སྟེ་སྨྲས་པ། བློན་པོ་འ་ཞ་ཡར་ཤོག་དང་བྱས་པས། འ་ཞ་ཡར་བྱུང་སྟེ་ཚོང་དཔོན་ལ་སྨྲས་པ། བདག་ཉི་མ་དཀར་ལ་ལམ་ལོག་པ་ཞིག་བྱུང་། བླ་གཡུ་ཕྱག་ཏུ་འབུལ། བདག་གི་སྲོག་འདི་ལ་སྐྱོན་མི་ཡོང་བ་ཞིག་ཞུ་ཟེར་བ་དང་། ཞུ་བ་འབུལ་ཡོང་བླ་གཡུ་ཁྱེར་ཤོག་བྱས་པས། བློན་པོས་ཚོང་དཔོན་ལ་བླ་གཡུ་ཕུལ་ལོ། །དེར་བླ་གཡུ་ཁུར་ནས་རྒྱལ་པོའི་མདུན་དུ་ཚོང་དཔོན་གྱིས་ཕྱིན་ཏོ། །བླ་གཡུ་རྒྱལ་པོའི་ཕྱག་ཏུ་ཕུལ་ནས་ཞུ་བ་གསོལ་པ། བདག་ལ་རྒྱལ་བློན་རྣམས་ཐུགས་མ་ཆེས་ན། བློན་པོ་འ་ཞས་བླ་གཡུ་སྦས་པ་ཡིན་པར་གདའ་ལགས། རྩ་ར་ཐོབ་ཐང་མི་དགོས་ལགས་ཞུས་སོ། །དེར་རྒྱལ་པོ་བླ་གཡུ་བྱུང་བ་དེ་ནན་ལྟར་ལེགས་པོ་བྱུང་གསུངས་ནས་ཐུགས་ཆེས་སོ།།
ཡང་ནམ་ཞིག་སོང་བ་དང་། རྒྱལ་པོའི་སྲས་མོ་ལྷ་ལྕམ་ལ་ཚོང་དཔོན་གྱིས་སྨྲས་པ། ལྷ་ལྕམ་ཆང་ཞིམ་པ་བླུ་གུ་གང་ཙམ་ཁྱེར་ལས་ཤོག་ཟེར་ཏེ། ཉི་མ་མཐོང་ཞིག་ལ་བསྡད་དེ། དེར་ལྷ་ལྕམ་གྱི་ཆང་བླུ་གུ་གང་ཁྱེར་ནས་ཚོང་དཔོན་ལ་དྲངས། ཆང་དེ་ཕྱེད་ཙམ་བཏུང་ཚར་བ་དང་། ཚོང་དཔོན་གྱིས་ལྷ་ལྕམ་ལ་སྨྲས་པ། གཅིག་ནས་གཉིས་སུ་བགྲངས་པས་ཁུར་བའི་མངོན་ཤེས་བྱུང་། མགོ་ལ་སྒོ་སྤུ་གཏོར་བས་ལྷ་རྟའི་མངོན་ཤེས་བྱུང་། དོན་མེད་བྲོས་ནས་ཕྱིན་པས་བོང་བུའི་མངོན་ཤེས་བྱུང་། ནམ་གུང་འ་ཞ་བོས་པས་བླ་གཡུའི་མངོན་ཤེས་བྱུང་། ཚོང་དཔོན་ཡུལ་མེད་རྐང་འཁྱམས་ང་ཕ་མ་རྒན་རྒོན་ཡང་དྲན། ལྷ་ལྕམ་གྱི་ཁྱོ་པོ་འདི་རང་མི་རྟག་པ་འདྲ་བྱས་པས། ལྷ་ལྕམ་ཚིག་པ་བཟོས་ཏེ། རྒྱལ་པོའི་དྲུང་དུ་བརྒྱུགས་སོ། །ཡབ་རྒྱལ་པོ་ལ་ཞུས་པ། ངའི་ཁྱོ་པོ་འདི་འབྲང་གཙང་བ་ཞིག་མིན་པ་འདུག །ཟེར་རྒྱལ་པོ་ལ་ཞུས། རྒྱལ་པོས་གསུངས་པ། ཁྱོད་ཀྱི་ཁྱོ་པོ་ཚོང་དཔོན་འདི་མངོན་ཤེས་ཐོགས་པ་མེད་པ་རིག་པ་འདུག །སྐྱེ་ས་རིགས་རྒྱུད་ལ་ནི་རྒྱུས་མེད། བུ་མོ་ཁྱོད་ཀྱི་ཁྱོ་པོ་དེས་ཡོང་བ་ཡོད་ཁ་རོག་སྡོད་ལོག་གསུངས།
བུ་མོས་ཞུས་པ། གཅིག་ནསགཉིས་སུ་བགྲངས་པའི་ཁུར་བའི་མངོན་ཤེས་ངས་ཀྱང་ཤེས། རྟ་རྐུ་གྲོས་བྱེད་པའི་མགོ་ལ་སྤུ་བཏབ་ན་མངོན་ཤེས་ངས་ཀྱང་ཤེས། དོན་མེད་བྲོས་ནས་ཕྱིན་པའི་གདོང་དུ་བོང་བུ་རྐུ་མཁན་བྱུང་ན་མངོན་ཤེས་ངས་ཀྱང་ཤེས། ཁོ་རའི་ཕ་རྒན་འ་ཞ་བོས་པ་བློན་པོ་འ་ཞས་བླ་གསུམ་གཏད་ན་མངོན་ཤེས་ངས་ཀྱང་ཤེས། ང་ནི་དེའི་ཆུང་མ་མི་བྱེད་ཞུས་པ་དང་། རྒྱལ་པོ་སྐུ་མདུན་ན་བློན་པོ་རིག་པ་ཅན་ཞིག་ཡོད་པ། བློན་པོ་ན་རེ། སྔར་ནི་བདེན་ཡང་བྱུང་ལགས། ལྷ་ལྕམ་དེ་སྐད་གསུངས་ན། སང་ལུང་པའི་མི་བསགས་པ་ཞུ་ལགས་ཟེར་རོ། །བློན་པོ་དེས་བཟའ་ཟན་ཞིག་འཁུར་ནས་ལ་ཕར་རྒྱབ་དེར་སོང་སྟེ། བྱ་ར་བྱས་ཤིང་བལྟས་པས་ (ཤོག་ ༨༢) མིའི་རིགས་ནི་མི་འདུག །རི་དྭགས་བྱིའུ་སོགས་ཀྱང་སངས་ཏེ་འགྲོ་སོང་། ལོ་ཏོག་ཐུམ་བུ་ཞིག་གི་དཀྱིལ་ན་སྦྲང་མ་ཞིག་གཟིར་གཟིར་འདུག་པ་དེ་བཟུང་ནས། དར་ཚོན་སྣ་ལྔའི་ཁུད་དུ་བསྒྲིལ། ལག་པར་འཁུར་ཡོང་བ་དང་། ལུང་པའི་མི་རྣམས་སྐད་བརྒྱབ་པས། མི་རྣམས་ཀྱི་བསམ་པ་ལ། སྟོན་མོ་ཆེན་པོ་ཞིག་ཡོད་པ་ཡིན་ནམ་བསམ། ཐམས་ཅད་ཚོགས་བྱུང་ངོ་། །དེར་རྒྱལ་པོ་གསེར་ཁྲིའི་ཁར་གདན་དྲངས་ཏེ། ཚོང་དཔོན་ལ་ཤོག་གསུངས་སོ། །ཚོང་དཔོན་སླེབས་པ་དང་། བློན་པོས་ཚོང་དཔོན་ལ་སྨྲས་པ། མངོན་ཤེས་ཐོགས་བརྒྱུགས་མེད་པའི་ཚོང་དཔོན་པ་བདག་གི་ལག་ན་གང་གདའ་ཟེར་བ་བྱས་པས། ཚོང་དཔོན་གྱིས་སྨྲས་པ། ལགས་ང་གཅིག་ནས་གཉིས་སུ་བགྲངས་པས་ཁུར་བའི་མངོན་ཤེས་བྱུང་། མགོ་ལ་སྒོ་སྤུ་གཏོར་བས་ལྷ་རྟའི་མངོན་ཤེས་བྱུང་། དོན་མེད་བྲོས་ནས་ཕྱིན་པས་བོང་བུའི་མངོན་ཤེས་བྱུང་། ནམ་གུང་འ་ཞ་བོས་པས་བླ་གཡུའི་མངོན་ཤེས་བྱུང་། དེ་རིང་སྦྲང་མ་གཟིར་ཆུང་བློན་པོའི་ལག་ན་འཆི་འཆི་འདྲ་བྱས་པས། བློན་པོ་རིག་པ་ཅན་དེས། དེར་ཁར་ཧ་ཧ་བྱས། ལྷ་ལྕམ་གྱི་གཙོ་བྱས་ལུང་པའི་མི་རྣམས་ལ་འདིར་ཤོག་བྱས། ལ་ཕ་གིའི་རྒྱབ་ན་མི་དང་བྱ་བྱིའུ་རི་དྭགས་སོགས་གང་ཡང་མེད་པའི་ནེའུ་གསིང་ཞིག་གི་སྟེང་ན་སྦྲང་མ་འདི་གཟིར་གཟིར་ཟེར་གྱི་འདུག་པ་ངས་བཟུང་བ་ཡིན་ཏེ། ད་ཙམ་ཚོང་དཔོན་གསུངས་པ་བཞིན་ཨེ་ཤི་ཡིན་ཟེར། རིམ་གྱིས་དར་ཚོན་རྣམས་བསལ་བ་དང་བློན་པོ་ཡང་ཚོང་དཔོན་ལ་ཡིད་ཆེས་སོ། །སྦྲང་མ་ཡང་གནམ་ལ་འཕུར་སོང་ངོ་།།
རྒྱལ་བློན་རྣམས་ཀྱང་ཐུགས་ཡིད་ཆེས། དེ་ལྷ་ལྕམ་དང་ཚོང་དཔོན་གཉིས་ལ་རྒྱལ་པོས་རྒྱལ་གཞིས་ཕོག །རྒྱལ་པོས་ཆོས་མཛད། རྒྱལ་འབངས་རྣམས་ཀྱང་དར་ཞིང་རྒྱས་པ་བྱུང་ངོ་བྱས་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས། མི་རང་བསོད་ནམས་ཆེ་ལབ་ཚད་ཚབས་སུ་སོང་འདུག་བྱས་པ་དང་། རོ་ལ་གཏམ་ཟེར་ཁྲ་ཧུར་ཟེར་ནས། འགྲམ་པ་ལ་འགྲམ་ལྕག་མེ་བུས་པ་འདྲ་བ་དེ་བདུན་བརྒྱབ་ནས་རོ་ཤོར་སོང་ངོ་། །རྒྱལ་བུའི་བསམ་པ་ལ། དགོན་པར་ལོག་འགྲོ་བ་ལ་ནི་རོ་ཁུར་རྒྱུ་མེད་བསམས་ནས། ཡང་སྔར་བཞིན་དུར་ཁྲོད་སར་ལོག་ཕྱིན་ཏོ། །ཚོང་དཔོན་སྦྲང་མ་གཟིར་ཆུང་ཡུལ་མེད་འཁྱམས་ནས་ཡོང་བ་ལ། བསོད་ནམས་སྟོབས་ཆེ་བས་རྒྱལ་ས་ཟིན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།

༈ ཡང་རྒྱལ་བུའི་རོ་ཧ་ལ་ཟེར་བ་རྣམས་ལ་རྡོ་ཧྲིལ་བཏང་། ཧུ་ལུ་ཟེར་བ་རྣམས་ཏོག་མས་བརྡུངས། རལ་གྲི་དེ་བརྡར་ཏེ་བཏོན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཞེས་པའི་ལོ་རྒྱུས་རྣམས་སྔར་བཞིན་བྱས་ནས་རོ་དེ་ཁུར་ཡོང་བ་དང་། གོམ་པ་བདུན་བཅུ་ཙམ་སླེབས་པ་དང་། རོ་དེས་རྒྱལ་བུ་རྒྱལ་བུ་ཟེར་གྱི་འདུག །ཨང་ལན་མ་བྱིན་པ་དང་། རྒྱལ་བུ་ཚེ་སྔོན་ནས་ལས་ཟད་པ་ཁྱོད་དང་མཇལ་བ་ཁྱོད་ཀྱི་ཁ་ནས་གཏམ་ཡོང་བ་དེ་མིན་པར་འདུག །རྒྱལ་བུ་ལས་ཟད་པོ་ཁྱོད་རང་ལེགས་པར་ཉོན་ལ་ཡིད་ལ་ཞོག་ཨང་། ངས་རོ་སྒྲུང་བྲ་བའི་སེན་མོ་ཙམ་ (ཤོག་ ༨༣) ཞིག་གཏོང་གི་ཡིན་ཉོན་ཨང་ཟེར་ཞིང་འདུག་ཙ་ན། རོས་སྨྲས་པ། རྒྱ་གར་ལྷོ་ཕྱོགས་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་པ་ཡིན་པར་གདའ། རྒྱལ་པོ་དེ་ལ་སྲས་སྤྱང་བ་ཞིག་དང་གླེན་པ་ཞིག་བཅས་གཉིས་བྱུང་བ་ཡིན་པར་གདའ། རྒྱལ་བུ་དེ་ཉིད་ཀྱི་ཡབ་ཡུམ་སྐུ་གཤེགས་པ་ཡིན་པར་གདའ། རྒྱལ་པོས་སྲས་སྤྱང་ཤོས་དེ་ལ་རྒྱལ་སར་བསྐོས་པ་ཡིན་པར་གདའ། རྒྱལ་བུ་གླེན་པ་དེ་ལ་རྒྱལ་འབངས་ཀུན་གྱིས་ཅུང་སྡང་ངེ་བ་བྱུང་བ་ཡིན་པར་གདའ། བློན་པོ་རིག་པ་ཅན་ཞིག་ཀྱང་ཡོད་པ་ཡིན་པར་གདའ། བློ་ན་པོ་དེའི་བསམ་པ་ལ། རྒྱལ་བུ་འདིའི་ཞལ་འདི་ཆ་འཐེན་ངེ་བ་ཞིག་འདུག་པ་ཡིན་པ། སྤྱོད་པ་གང་ནས་བལྟས་ཀྱང་བསོད་ནམས་ཆེ་བ་ཞིག་ཡོང་བར་འདུག་བསམ། བློན་པོ་རིག་པ་ན་དེས་རྒྱལ་པོ་ཆེ་བ་དེའི་ཕྱག་ཕྱི་བྱས་པ་ཡིན་པར་གདའ། ཉིན་ཞིག་བློན་པོ་རིག་པ་ཅན་དེས་རྒྱལ་པོ་ཆེན་པོ་རང་རེའི་ལུང་པའི་མདའི་མཚོ་ཆེན་པོ་འགྲམ་མ་གིར་གཟིགས་མོར་བྱོན་པར་ཞུ་བྱས་པ་དང་། རྒྱལ་པོས་བློན་པོ་ལ་ཉན་ནས་བྱོན་ནོ།།
ཉི་མ་དེ་སྔ་ཕྱེད་ཙ་ན། མཚོའི་ནང་ནས་རྦ་རླབས་ཆེན་པོ་ཞིག་འཁྲུགས་བྱུང་སྟེ། གང་ཡིན་བསམ་གཟིགས་པ་དང་། བུ་མོ་མཚར་སྡུག་འོད་ཆགས་པ་ཆུ་དར་སྔོན་པོའི་གོས་ལུས་ལ་གྱོན་པ། དུང་གི་གཞོང་པ་ལག་གཡོན་དུ་ཁུར་བ། གཡས་ན་གསེར་གྱི་སྐྱོགས་ཁྱེར་བ། གླང་པོ་ཆེ་ལ་བཞོན་པ་ཞིག་བྱུང་ནས། འོ་ཆིལ་འཐོར་འཐོར་གཏོར་གྱི་འདུག་སྟེ། རྒྱལ་པོའི་ཐུགས་དགོངས་ལ་བུ་མོ་རང་མཚར་ལ་འོད་ཆགས་པ་དེ་ཐུགས་ལ་བྱུང་བ་དང་། བུ་མོ་དེ་ཆུ་ལ་ཐིམ་ནས་སོང་བ་དང་། རྒྱལ་བུས་ཀྱང་ལོག་བྱོན་ནོ། །བློན་པོ་དེས་རྒྱལ་བུའི་སྐུ་མདུན་དུ་བྱུང་ནས། དེ་རིང་གཟིགས་མོ་ཨེ་ཆེ་ལགས་ཞུས་པ་དང་། ལྟད་མོ་ཆེན་པོ་འདུག །རང་རེའི་མཚོ་དེའི་ནང་ནས་བུད་མེད་མཚར་ཞིང་འོད་ཆགས་པ་གཡས་ནས་བལྟས་ན་སྒྱེད་སྒྱེད་འདྲ་བ། གཡོན་ནས་བལྟས་ན་སྒུར་སྒུར་འདྲ་བ། སྒྱེད་མ་སྒུར་ནམ་ཚོའི་ཡུ་བ་འདྲ་བ། གྲང་གྲིབ་ལ་བཞག་ན་ཁྱགས་པ་འདྲ་བ། ལྟོ་ཉི་མ་ལ་བཞག་ན་ཞུ་བ་འདྲ་བ། ཉི་གྲིབ་མཚམས་ལ་བཞག་ན་གཏོང་ངེ་མེར་མཚོ་འདྲ་བ་ཝ་ལེ་ཁྱུ་གེ་འཇའ་འདྲ་བའི་བུད་མེད་ཅིག་ཆུ་དར་སྔོན་པོ་ལུས་ལ་གྱོན་པ། ལག་པ་གཡོན་ན་དུང་གི་གཞོང་པ་ཁྱེར་བ། གཡས་ན་གསེར་གྱི་སྐྱོགས་ཁུར་བ། ཆིབས་སུ་གླང་ཆེན་བཞོན་ནས་འོ་ཆོལ་ཐོར་བ་ཞིག་བྱུང་། དེ་འདྲ་གྲོགས་སུ་ཁུགས་པ་བྱུང་ན་ལེགས་པ་ཞིག་འདུག་གསུངས་པས། ཡུལ་རྩད་ཆོད་ན་ལས་སླ་ཟེར་བ་བློན་པོས་ཞུས་པ་དང་། ཞག་འགའ་ཞིག་སོང་བ་དང་། བློན་པོས་རྒྱལ་པོ་ལ་ཞུས་པ། དེ་རིང་དུས་བཟང་ཡིན་པས་ཁ་སང་གི་ཤུལ་ན་ཕར་བྱོན་ལས། ཁ་སང་གི་ཉི་མའི་ཚོད་དེར་སོང་བ་དང་། མཚོ་དེ་ལོང་ལོང་བྱུང་སྟེ། ཁ་སང་གི་བུ་མོ་དེ་ཡོང་གི་ (ཤོག་ ༨༤) ཡོད་པ་ཡིན་ནམ་བསམ་གཟིགས་པ་དང་། བུ་མོ་དེ་བྱུང་བ་དང་། རྒྱལ་བུས་སྨྲས་པ། བུ་མོ་ཁྱོད་ཀྱི་ཡུལ་གྱི་མིང་ལ་ཅི་ཟེར་བ་ཡིན་དྲིས་པས། གླང་པོ་ཆེ་ལ་མཛུ་གུ་བཙུགས་བྱུང་། ཡབ་ཀྱི་མིང་ལ་ཅི་ཟེར་བྱས་པས། སྣ་ལ་མཛུ་གུ་བཙུགས་བྱུང་། ཡུམ་གྱི་མིང་ལ་ཅི་ཟེར་བྱས་པས། ལྷམ་ལ་མཛུ་གུ་བཙུགས་བྱུང་། བུ་མོ་ཁྱོད་རང་གི་མིང་ལ་ཅི་ཟེར་བྱས་པས། མོ་རང་གི་མགོ་ལ་མཛུ་གུ་བཙུགས་བྱུང་། བུ་མོས་འོ་ཆོལ་གཏོར་ནས་བུ་མོ་དེ་ལངས་སོང་ངོ་།།
རྒྱལ་བུས་ཀྱང་ལོག་བྱོན། རྒྱལ་བུས་ཡར་ཕེབས་པ་དང་། བློན་པོའི་རྩར་བྱོན་པས། རྒྱལ་པོ་ཆེན་པོ་ཕྱག་ཕེབས་སམ། བུ་མོ་དེས་ཅི་ཟེར་གྱི་གདའ་ཞུས་པས། རྒྱལ་པོས་གསུངས་པ། བུ་མོ་དེ་ཅི་ཡང་ཟེར་བ་མི་གདའ་ཟེར་བ་གསུངས་པ་དང་། བརྡ་འདྲ་ཡང་མི་བྱེད་པར་གདའ་འམ་ཞུས་པས། བརྡ་ཆད་འདྲ་བྱེད་ཀྱི་འདུག་གསུངས། གང་འདྲ་བྱེད་ཀྱི་གདའ་ཞུས་པས། བུ་མོ་ཁྱོད་ཀྱི་ཡུལ་གང་ཡིན་བྱས་པས། གླང་པོ་ཆེ་ལ་མཛུ་གུ་འཛུགས་ཀྱི་གདའ། ཕའི་མིང་དྲིས་པས། སྣ་ལ་མཛུ་གུ་རེག་གི་འདུག །མའི་མིང་གང་ཡིན་བྱས་པས། ལྷམ་ལ་མཛུ་གུ་རེག་གི་འདུག །བུ་མོ་ཁྱོད་རང་གི་མིང་ལ་གང་ཡིན་བྱས་པས། མགོ་ལ་མཛུབ་མོ་རེག་གི་འདུག་གསུངས་པ་དང་། བློན་པོ་རིག་པ་ཅན་དེས་གོ་ནས། དོན་གྲུབ་འདུག་ཟེར། རྒྱལ་པོས་གསུངས་པ་གང་བརྡ་ཡིན་གསུངས། བློན་པོས་ཞུས་པ། གླང་པོ་ལ་མཛུ་གུ་བཙུགས་པ་དེ་རྒྱ་གར་གླང་པོ་གཤོངས་པ་ཡིན་ཟེར་བའི་རྟགས་ཡིན། སྣ་ལ་མཛུ་གུ་རེག་པ་དེ་ཡབ་རྒྱལ་པོ་འགུར་སྣ་པ་དེ་ཡིན་པའི་རྟགས་ཡིན། ལྷམ་ལ་མཛུ་གུ་རེག་པ་དེ་ཡུམ་སྒྱུ་མ་ལྷ་མཛེས་ཡིན་ཟེར་བའི་རྟགས་ཡིན། མགོ་ལ་མཛུ་གུ་རེག་པ་དེ་སྲས་མོ་དབུ་ལྡན་མ་ཡིན་ཟེར་བའི་རྟགས་ཡིན། ད་དོན་གྲུབ་འདུག་ཟེར་ནས་བློན་པོ་དགའ་འོ།།
དེ་ནས་ཞག་འགའ་ཞིག་སོང་བ་དང་། རྒྱལ་བློན་གཉིས་པོས་ཆས་ཁ་གླང་པོ་ཆེའི་རྒྱབ་ཁལ་གཅིག་བཀལ། རྒྱལ་པོས་ཀྱང་གླང་པོ་ཆེ་བ་ཆིབས། རྒྱ་གར་གླང་པོ་གཤོངས་ལ་ཕེབས་སོ། །ལམ་ཁ་ལ་གཅན་གཟན་གདུག་པ་ཅན་གྱི་གནོད་འཚེ་ཡོད་ཀྱང་། རྒྱལ་པོ་དེ་ཚེ་སྔོན་བསོད་ནམས་བསགས་པ་དང་། ཚེ་འདིར་བསོད་ནམས་ཀྱི་ཟིལ་གྱིས། གཅན་གཟན་གདུག་པ་ཅན་རྣམས་ཀྱིས་ཀྱང་བསུ་བ་བྱེད་པར་བྱུང་ངོ་། །དེར་རྒྱ་གར་གླང་པོ་གཤོངས་སུ་ཕེབས་པ་དང་། བྲག་རི་རལ་གྲི་འདྲ་བ་ཞིག་གི་འགྲམ་ན་བྲག་ཁུང་ཞིག་འདུག་པ། བྲག་ཁུང་དེར་བློན་པོས་ཞུགས་ནས། རྒྱལ་པོ་ལ་སྨྲས་པ། དེ་རིང་འདི་ནས་ཕར་ཕྱིན་པའི་དུས་སུ་བུ་མོ་དེ་ཤར་སྒོའི་འགག་ཏུ་ཡོང་གི་རེད། དེར་རྒྱལ་པོ་ཆེན་པོ་རང་ཡང་དེ་རུ་བྱོན་ལས། ཁྲས་རྒྱག་མཁན་ཨེ་ཡོད་ཟེར་བ་གྱིས་དང་། ཁྲས་བརྒྱབ་ཆོག་ཟེར་ནས་ཁ་སང་གི་བུ་མོ་དེ་ཡོང་ངོ་། །དེར་ཁྲས་རྒྱག་པའི་དུས་སུ། ཨོ་རྒྱན་པདྨ་འབྱུང་གནས་ལ་ (ཤོག་ ༨༥) ཕྱག་འཚལ་ལོ། །མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས། ཟེར་བ་གྱིས་ལ་དཀྱིལ་དེར་རྡེའུ་ཞིག་རྒྱོབ། དེ་ནས་བུ་མོ་དེས་རང་རེ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་བྱོན་པ་ཡིན་ལས་ཆེ་ཟེར་བ་ཡོང་། ཨུ་རྒྱན་གྱི་ཡུལ་རང་དུ་འགྲོ་མ་མྱོང་། ཟེར་བ་གྱིས་ལ་ཅ་ལེ་ཅོ་ལེ་མང་པོ་རང་མ་གསུངས་ཟེར། ཨུ་རྒྱན་ཡུལ་དུ་བྱོན་མ་མྱོང་ན། ཨུ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས། ཟེར་བ་དེ་གང་ལ་ཟེར་བ་ཡིན་ཟེར་བྱུང་ན། ང་ནི་རྡོ་རྗེ་གྲོ་ལོད་ཡིན། དུར་ཁྲོད་བརྒྱད་ལ་དབང་བ་ཡིན། ཟེར་བ་གསུངས་པ་ལས། གཞན་ཅལ་ཅོལ་ཡེ་མ་གསུངས།
དེ་ནས་བུ་མོ་དེ་རིང་ཁྲས་དང་མི་ཡོང་བ་འདུག་ཟེར་ནང་དུ་གདན་འདྲེན་ནོ། །ནང་དུ་བྱོན་པས་ཆོག །ཆོས་གདན་བཏིང་ནས་བཞུགས་སུ་གསོལ་ཞུས་ཡོང་། དེ་ཙ་ན། སྐྱབས་གནས་དཀོན་མཆོག་གསུམ་པོ་བཞུགས་སུ་གསོལ། ཟེར་བ་གསུངས་ལས། གཞན་ཅལ་ཅོལ་མང་པོ་མ་གསུངས། འབྲས་ཆང་ལ་སོགས་པ་དྲངས་ཙ་ན། དཀོན་མཆོག་གསུམ་ལ་མཆོད་པ་འབུལ། ཟེར་བ་གྱིས་ལས་གཞན་ཅལ་ཅོལ་ཡེ་མ་གསུངས། དེར་ནང་དུ་ཕེབས་ནས་ཡུད་ཅིག་ནས་མོས་གཏམ་དྲི་རུ་ཡོང་། དེ་ཙ་ན། ང་ནི་རྡོ་རྗེ་གྲོ་ལོད་ཡིན་གསུང་། དེའི་མོ་རིག་པ་རྩེ་མཐུན་པ་ཞིག་བྱུང་། དུར་ཁྲོད་ཆེན་པོ་བརྒྱད་ཡོད་པ་དེ་ན་གྲུབ་ཆེན་བརྒྱད་ཡོད་དེ། གང་ན་བཞུགས་པ་ཡིན་ཞེར་དྲིས་བྱུང་ན། མོས་ཇ་དྲངས་པ་གསོལ་ལ། མོའི་གདོང་མིག་ཧུ་རེར་ལྟོས་ལ་དར་ཅིག་བཞུགས་པ་དང་། བུ་མོའི་ཡར་འགྲོ་ཡར་འགྲོ་མང་དུ་འགྲོ། རྩབ་རྩོབ་མང་དུ་འགྲོ། མིག་འཚུམ་པ་བགྱིས་ལ་བུ་མོ་དེ་ལ་འདི་སྐད་གསུངས་ཤིག །བུ་མོ་རྡོ་རྗེ་མཁའ་འགྲོ་ཁྱོད། རྩབ་རྩོབ་མ་མང་སྡོད་ཅིག་ཨང་གསུངས། ཡང་མིག་ཧུ་རེར་གཟིགས་པ་དང་། བུ་མོ་དེས་ཕྱག་སྒུར་སྒུར་བཙལ་བྱུང་ན། བདག་ནི་རྡོ་རྗེ་མཁའ་འགྲོ་ལོས་ཀྱང་ཡིན། སྤྲུལ་པའི་གུ་རུས་ཐུགས་རྗེས་གཟིགས་ཟེར་ཕྱག་འཚལ་བྱུང་བ་དང་། དེར་སྤྱན་སྔར་ལུགས་བཞིན་དུ་བཞུགས་པ་དང་། མོས་ཞབས་ཏོག་ལེགས་པ་བྱེད་ཡོང་། དེ་དུས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་ལོ་ཟེར་བ་དང་། བཞུགས་སུ་གསོལ་ཟེར་བ་རྣམས་ཐུགས་ལ་འདོགས་པ་ཞུ། ཞག་གསུམ་སོང་བ་དང་། ང་དུར་ཁྲོད་དུ་འགྲོ་དགོས་ཡོད་གསུངས་ནས་བདག་གི་རྩར་བྱོན། ང་ཡེ་ནས་མ་བརྗེད་པ་ཐུགས་ལ་འདོགས་ཞུས་སོ།།
དེར་རྒྱལ་པོས་མོའི་ཕོ་བྲང་དེར་བྱོན་ཏེ་ཤར་སྒོའི་འགག་ཏུ་ཕེབས་པ་དང་། སྨོན་ལམ་གྱི་ཤུགས་ཀྱིས་ཇོ་བོ་དེ་ཡང་ནང་ནས་དོན་བྱུང་བ་མཉམ་དུ་བྱུང་སྟེ། ཁྲས་རྡོའི་རྩར་ཕྱིན་ནས་ཁྲས་རྩེ་བའི་མི་འདྲ་ཨེ་ཡོད་བྱས་པ་དང་། བུ་མོ་དེས་ཁྲས་རྩེ་མ་ཆོག་ཟེར་ནས་བྱུང་ངོ་། །དེར་རྡེའུ་དཀར་པོ་བླངས་ནས་བྱུང་སྟེ། མོའི་བསམ་པ་ལ། འདི་འདྲ་ནི་ཁ་སང་ངས་གྲོང་ཁྱེར་ཆེན་པོ་བདེ་ལྡན་ (ཤོག་ ༨༦) གྱི་མཚོ་སྨན་དེ་ལ་འོ་ཆོལ་གཏོར་ཕྱིན་པའི་དུས་སུ་མཚོ་ཁ་ན་བསྡད་པའི་རྒྱལ་བུ་མཐོ་རྡོ་བཙུགས་པ་དེ་འདྲ་ལ། འདྲ་ནེ་འདྲ། རྡེའུ་ལེན་ལུགས་རྣམས་ལ་གསལ། དེར་རྒྱལ་བུས། ཨུ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས། ཟེར་བ་བྱས་ནས་རྡེའུ་དཀར་པོ་ཞིག་དཀྱིལ་དུ་བརྒྱབ། དེར་མོས་རྟོགས་པ་ཞིག་སྐྱེས་ཏེ། འདི་སུའི་ཆོ་འཕྲུལ་ཞིག་ཡིན་ནམ་བསམ། རང་རེའི་ཨུ་རྒྱན་གྱི་ཡུལ་དུ་བྱོན་མྱོང་བ་ཨེ་ཡིན་ཟེར། རྒྱལ་པོའི་ཞལ་ནས། ཨུ་རྒྱན་ཡུལ་དུ་འགྲོ་མ་མྱོང་། ང་ནི་རྡོ་རྗེ་གྲོ་ལོད་དེ། དུར་ཁྲོད་བརྒྱད་ལ་དབང་བ་ཡིན་བྱས་པ་དང་། མོ་ན་རེ། དེ་རིང་ཁྲས་དང་མི་ཡོང་བ་འདུག་ནང་དུ་གཤེགས་པ་ཞུ་ཟེར་ནས་ནང་དུ་གདན་དྲངས་སོ། །མོས་གདན་ཞིག་བཏིང་བྱུང་སྟེ་དེའི་སྟེང་དུ་ཨོ་ཅོག་གེར་བསྡད་པ་དང་། མཉམ་པོར་དཀོན་མཆོག་གསུམ་པོ་བཞུགས་སུ་གསོལ་བྱས། མོས་ཇ་དང་འབྲས་ཆང་དྲངས་པའི་དུས་སུ། དཀོན་མཆོག་ལ་མཆོད་པ་འབུལ་བྱས། དེར་མོས་རྒྱལ་བུ་ལ་གཏམ་ཞུས། དུར་ཁྲོད་བརྒྱད་ན་གྲུབ་ཆེན་བརྒྱད་ཡོད་པ་དེ་གང་ན་བཞུགས་ལགས་ཞུས་པ་དང་། རྒྱལ་བུས་མིག་ཧུ་རེར་བུ་མོའི་གདོང་ལ་བལྟས་སོ། །བུ་མོ་དེ་དུམ་པ་ཞིག་ཞེད་དེ་ཕར་ཚུབ་ཚུར་ཚུབ་བྱས་པས། བུ་མོ་རྡོ་རྗེ་མཁའ་འགྲོ་ཁྱོད། རྩབ་རྩུབ་མ་མང་ཙོག་གེ་སྡོད། གསུངས་པ་དང་། དེར་བུ་མོས་རྒྱལ་བུ་ལ་ཕྱག་འཚལ་ལོ། །གུས་པས་བཏུད་བྱས་སོ། །བུ་མོས་ཙོག་གེ་བསྡད་པའི་དུས་སུ། རྒྱལ་བུས་གཟི་མདངས་དེ་སློད་པ་དང་། བདག་ནི་རྡོ་རྗེ་མཁའ་འགྲོ་སྟེ། སྤྲུལ་པའི་གུ་རུས་བསྐྱབ་ཏུ་གསོལ་ཟེར་ནས། བུ་མོས་ཞབས་ཏོག་ལེགས་པར་བྱས་སོ།།
དེར་ཞག་གསུམ་བཞི་བར་དུ་དཀོན་མཆོག་གི་བཞུགས་ཚུལ་དང་མཆོད་ཚུལ་བརྗོད་ཅིང་བཞུགས་པས། བུ་མོ་དེས་ཞབས་ཏོག་ལེགས་པར་བྱས་སོ། །མོའི་བསམ་པ་ལ་གྲོང་ཁྱེར་བདེ་བ་ཅན་པའི་མཚོ་ཁའི་རྒྱལ་བུ་དེ་འདྲ་བ་འདྲ་སྟེ། ཡིན་ཡང་ཡིན་པ་ཨེ་ཡིན་སྙམ་རྟོག་པ་སྐྱེས་སོ། །ཟླ་བ་ཕྱེད་སོང་བ་དང་། བློན་པོའི་བཟའ་བཅའ་རྣམས་ཟད་ནས། གལ་ཆུང་ཞིག་ཡོད་པ་ཕྲག་པ་ལ་བཀལ་ནས་གྲོང་ཁྱེར་གླང་པོ་གཤོངས་ལ་མོ་མའི་ཆས་སུ་ཞུགས་ནས་ཡོང་ངོ་། །དེར་གླང་པོ་གཤོངས་པ་རྣམས་ཀྱིས་བློན་པོ་ལ་མོ་འདེབས། རྒྱལ་བུས་བུ་མོ་དེར་གོམ་པ་གང་ཡང་མ་བཏང་བ་དང་། དཔོན་མོས་གཡོག་པོ་རྣམས་ལ་སྨྲས་པ། མོ་ལ་མཁས་པ་འདུག་ན་མོ་འདེབས་དགོས་འདུག་པས་བདག་ལ་སྨྲོས་ཤིག་གསུངས། དེར་ཞལ་ཏ་མ་ཞིགགིས་མོ་མ་འདུག་ཞུས་སོ། །དཔོན་མོས་ནས་དཀར་མོ་མ་ག་ཏའི་བྲེ་ཚད་གང་འཁུར། ཕྱེ་མ་བུ་རམ་མར་བཅས་དཀར་གསུམ་མངར་གསུམ་དང་། མདའ་དར་གཙང་མ་ཞིག་དང་བཅས་ཁུར་ནས་མོ་འདེབས་སུ་ཆས་པ་དང་། རྒྱལ་བུས་ལྷ་ལྕམ་ལ་གར་འགྲོ་གསུངས། མོ་ཞིག་འདེབས་པར་འགྲོ་ལགས་ཞུས་སོ། །
དེར་རྒྱལ་པོས་བློན་པོ་དྲན་ཏེ། ཧར་ཏེ་བཞེངས་ཏེ། རྒྱལ་པོས་ལྷ་ལྕམ་ལ་གསུངས་པ། ལྷ་ལྕམ་མོ་འདེབས་སུ་བྱོན་ན་ང་ཡང་མོ་ཞིག་འདེབས་དགོས་པ་ཡོད་ (ཤོག་ ༨༧) གསུངས་པ་དང་། མོ་ན་རེ། མོ་ནས་ཟུར་པ་ཞིག་བྱས་ནས་ཕྱིར་ཕེབས་ལགས་སམ། ནང་དུ་འབོད་ལགས་ཞུས་པས། འོ་ན་ནང་དུ་བོས་གསུངས། དེར་ཞལ་ཏ་མ་བཏང་སྟེ། ཞལ་ཏ་མས་བློན་པོའི་རྩར་ཕྱིན་ནས་མོ་སྟོན་པ་ལ། ངེད་ཀྱི་ཡབ་ཡུམ་གཉིས་ཀྱང་ཕྱག་མོ་ཞིག་མཛད་པ་འདུག་པས། ནང་དུ་ཕེབས་པ་ཞུ་བྱས་པས། མོ་མས་བུ་མོ་ལ་སྨྲས་པ། ནང་སོ་ཆེན་མོའི་མོ་འདེབས་པ་འདི་ནན་ལྟར་ཆགས་སྒོ་ཆེ། ཅི་འདྲ་ཞིག་དྲག་གམ་བྱས་པ་དང་། མིའི་ལོ་ནས་དུམ་པ་རེ་ལ་འདེབས་ཀྱི་འདུག་པ་ལ། ནང་པས་བཟའ་མ་མཛད་ཡོང་གཤེགས་པ་ཞུ་ཟེར། བློན་པོས་ཡར་ཡོང་ངོ་། །བློན་པོས་ལམ་ཁ་ནས་ཡར་ཡོང་དུས་སྨོན་ལམ་བཏབ་པ། དཔོན་མོ་དབུ་ལྡན་མ་འདི་བླངས་བྱས་ན། རྒྱལ་བུ་འདི་ལ་བྱིན་དོགས་མེད། ཐབས་ཀྱིས་ཁུགས་པར་གྱུར་ན། ངས་ཐལ་ཏེ་སྐས་མགོར་ཕྱིན་པ་དང་། ང་ལ་གདན་དཀར་པོ་ཞིག་ཁ་ཤར་དུ་བལྟས་བཏིང་ནས་ཡོང་བར་ཤོག །མི་ཁུགས་ན་གདན་དཀར་པོ་མི་ཡོང་བར་ཤོག་བྱས་ཐལ་ཏེ་ཕྱིན་པ་དང་། གདན་དཀར་པོ་ཞིག་ཁ་ཤར་ལ་བལྟས་བཏིང་འདུག་པ་དང་། རྒྱལ་པོ་ཧོའི་ཟེར་ཧར་ཏེ་ལངས་བྱུང་བ་དང་། བློན་པོས་མིག་ཚུམ་ཞིག་བྱས། ལག་པས་ས་ལ་སྡོད་ཟེར་བའི་བརྡ་ཞིག་བྱས་པ་དང་། རྒྱལ་པོས་ལྷན་ནེར་བཞུགས་སོ། །དེར་མོ་མས་སྐུ་ཁམས་ཞུས་པ་དང་། མོ་སྟོན་བྱོན་ནམ་གསུངས། དེར་དཔོན་མོས་མོ་མའི་ཆས་རྣམས་ཁྱེར་ནས་མོ་མ་ལ་མོ་བཏབ་བོ། །མོའི་ཁྱིམ་ཆ་རྣམས་ལ་སྨོད་པ་དང་། མོ་སྤྱང་དྲགས་པས་མཁའ་འགྲོའི་རྣམ་པས་དུམ་པ་རྫི་རིག་གོ །
མོས་ཁྱིམ་ཆ་ལ་སྨོད་ལུགས་ལ། མོ་སྟོན་འདི་དང་རྒྱལ་བུ་ཕྱོགས་གཅིག་པས། ངའི་མགོ་སྐོར་བ་ཡིན་ཟེར་བ་སྨོད་པ་དང་། མོ་སྟོན་ན་རེ། ཁྱི་ཕག་ཚང་མི་གཅིག་པའི་མོ་གཅིག་པས། འདི་རང་ཁ་འཆོལ་བ་ཡིན། དཔོན་མོ་ལགས་ཞུས་པ་དང་། དཔོན་མོ་ན་རེ། ཧ་ཧ་སྟོན་ཆེན་ཀུ་རེ་བྱས་པ་ལགས། ཞལ་གསལ་མི་དགོས་བྱས་སོ། །དེར་གཞན་དམོད་ན་སྨོད་པ་ཞུ་བྱས་པ་དང་། མོའི་བསམ་པ་ལ། རྒྱལ་པོ་འདི་ཡིན་ནི་གྲོང་ཁྱེར་བདེ་ལྡན་པའི་རྒྱལ་བུ་དེ་ཡིན་པར་འདུག །རྒྱལ་བུ་འདི་དང་ང་གཉིས་ཕྱོགས་གཅིག་བྱས་པའི་ལུགས་ཀྱི། ཡབ་རྒྱལ་པོ་གུ་ཎ་པ་ནའི་རྗེས་ཟིན་པ་བྱོས་སྨོད་པ་དང་། ཚེའི་ཆུ་རྒྱུན་ཆད་ལ་ཁད། ཡིད་བཞིན་ནོར་བུ་ཞིག་གིས་ཟིན་པ་ཡིན། སེངྒེ་གཡབ་དང་ཐུག་ལ་ཁད། ཁ་བ་བུ་ཡུག་གཅིག་གིས་ཟིན་པ་ཡིན། རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་བརྒྱུད་ཆད་ལ་ཁད། སྤྲུལ་པའི་ཆོས་རྒྱལ་གཅིག་གིས་ཟིན་པ་ཡིན། འདི་གང་འདྲ་ཞིག་ཡིན་ཟེར་བ་བྱས་པ་དང་། འདི་བདེན་པའི་ལུགས་ཀྱི་ཤིན་ཏུ་ལེགས་བསམ་པ་བུ་མོའི་སེམས་ལ་བྱུང་། འཕྲལ་དུ་འདི་གཉིས་ཚང་གཅིག་པ་ཨེ་ཡིན་བསམ་པའི་རྟོག་པ་ཞིག་ཀྱང་སྐྱེས། གཅིག་བས་གཅིག་ལེགས་པ་འདུག །གང་དུ་ཕྱིན་ཀྱང་མགོ་ཐོན་པ་འདུག་བསམ་པ་ཞིག་ཀྱང་བྱུང་། འབངས་འཁོར་གཡོག་རྣམས་ཀྱིས་མོ་བཏབ་ན་དྲག་གམ་བྱས་པ་དང་། མོ་སྟོན་ན་རེ། མོ་ཚུགས་ (ཤོག་ ༨༨) རེ་ལས་འདེབས་མ་མྱོང་། མོ་ཚུགས་རེའི་ནང་དུ་ནི་རྒྱལ་སྲིད་གང་ཡིན་མོ་སྟོན་སྐོར་བཅུ་གཉིས་འཆར་བ་ཡིན། མོ་ཚུགས་མང་པོ་མི་དགོས། ད་རེས་ཀྱི་མོ་དེ་སྤྱི་ཡི་མོ་ལ་བཟང་། དཔོན་མོའི་ཐུགས་ལ་ཐེ་ཚོམ་དུམ་པ་ཞིག་འདུག །ཐེ་ཚོམ་འདི་མ་བྱས་པའི་ལུགས་ཀྱི་རྒྱལ་སྲིད་རྩེ་ལ་བཏགས་འདུག་ཟེར་བ་བྱས་པ་དང་། དེར་བཙུན་མོ་དེ་ཡང་དགའ་སྟེ་ཁོ་ལ་བཟའ་བཏུང་ཕུན་སུམ་ཚོགས་པ་དྲངས་སོ། །
ཁོ་ན་རེ། རྒྱལ་པོ་འདི་རང་སྐུ་བསོད་ནམས་ཅན་ཞིག་ཡོང་བ་འདུག །མི་ངའི་ཡོན་བླངས་ལ། མོ་ནས་མི་དགོས། རྒྱལ་པོས་ཕྱེ་མར་གལ་ལྟི་གང་ཐུགས་ལ་ཐོགས། རྒྱལ་སྲིད་བསོད་ནམས་ཅན་འདིས་ཆེ་ལྡན་ང་མདོ་མ་གིར་སྐྱེལ་བ་ཞིག་ཐུགས་ལ་འདོགས་ཟེར་བ་ཞུས་པ་དང་། ལྷ་ལྕམ་གྱིས་གསུངས་པ། ངེས་ཀྱི་རྒྱལ་པོ་འདིར་ཕེབས་ནས་མདོ་རུ་བྱོན་པ་ཞིག་ཀྱང་མེད། ད་རེས་སྐྱེལ་ཐུང་མཛད་པ་དྲག་ཞུས་སོ། །དེར་རྒྱལ་པོས་སྐྱེལ་ཐུང་ལ་ཕྱིན་པ་དང་། མི་མེད་སར་སླེབས་པ་དང་། ཁྱེད་ཐབས་བརྡུག །ང་མི་དྲན་པ་དེ་གང་འདྲ་ཞིག་བྱུང་བ་བྱས་པ་དང་། རྒྱལ་པོ་ན་རེ། མོས་བརྗེད་ཅན་བརྗེ་ཆུ་བྱིན་པ་ཡིན་པ་འདྲ་བྱས་པ་དང་། བློན་པོ་ན་རེ། སྔར་བྱིན་པ་མེད། བརྗེད་ཅན་བརྗེད་ཆུ་བྱིན་ནས་གང་བྱེད་ཟེར་རོ། །དེ་དོགས་ནས་མོས་ཉོས་ཟན་ཉོས་ཆུ་གཏེར་རོ། །གཏེར་བ་དེའི་དུས་ནམ་སྲོད་ལ་གཟིམ་པའི་དུས་སུ། མྱོས་ཟན་ཞག་བདུན་མ་ཟེར། ཞག་བདུན་ཉ་ལེ་ཉོ་ལེ་འགྲོ་བ་ཞིག་ཡོད། དེ་གཏོར་དེ་གཏེར་བའི་རྒྱུ་མཚན་དེ། བདེ་བ་ཅན་པའི་རྒྱལ་པོ་ཡིན་པ་མོས་དོན་གོ་འདུག །ངས་བསྟོད་ར་ཆེན་པོ་དེ་བཏང་ཡོད་པས་གཏེར་བ་ཡིན། མོའི་རིན་ཆེན་སྣ་ལྔ་ལས་བྱས་པའི་ཞལ་བ་དེ་ལ། ཕྱི་ནས་ས་མོ་ཙམ་ཡང་འབུར་བ་མེད། ནང་རྟ་རྔ་ཙམ་ཡང་གས་པ་མེད་པ་ཞིག་ཡོད། ཁྱེད་གཉིས་ཉལ་བའི་ཞལ་བ་དེ་ལ། རྟ་རྔ་ནག་པོ་མཐོ་གང་ལོན་ཞོག་ཅིག །ཉལ་རྩ་ན་གན་རྐྱལ་དུ་གཟིམས་ནས་བཞུགས་ཤིག །ལྷ་ལྕམ་གྱིས་ཆང་བླུ་གུ་འདྲ་འདྲ་གཉིས་ཁུར་ཡོང་ངོ་། །
བླུ་གུ་དེ་གཉིས་སྔས་མགོར་རང་སར་བཞག་ལ་ཁད་ཧོར་དེ་ལོངས་མཛོད་ལས། ཞལ་བ་ཁྱད་འཕགས་འདི་ལ་སེར་ག་ཞིག་བྱུང་འདུག་གསུངས་མཛོད། མོ་སྒྲོན་མེ་ལེན་དུ་སོང་བའི་བར་ལ་བླུ་གུ་གཉིས་པོ་དེ་མགྱོགས་པོར་གསོར་ཅིག །ཁྱེད་ཀྱིས་ང་ལ་མི་ཉན་ཡང་རང་རེའི་གཅུང་པོ་དང་འབངས་ཉེ་འཁོར་རྣམས་ཀྱིས་ལས་ཅི་འདྲ་ཞིག་གཏོང་གི་ཡོད། དེ་ཚོ་དྲན་པ་གྱིས་ལ་རང་ཚུགས་གཅིག་འཛིན་དགོས་པས་ཁྱེར་ཁ་བསྐྱེད་ཅིག །དེས་བླུ་གུ་བརྗེས་ཚར་བ་དང་། དེ་ནས་ལྷ་ལྕམ་གྱི་ཆང་དྲངས་ཡོང་ངོ་། །དེ་ཙ་ན་སྲོད་ལ་འཐུང་ན་དགུང་ལ་སྨིན་ཡོང་བས། སྐྲས་དེ་འཐུང་ལ་ཞིམ་པོ་འདུག་བགྱིས་ལ། མོ་ལ་ཡང་ལྷག་མ་ལུས་པར་འཐུང་ཆུག་ཟེར། ནམ་ཕྱེད་ལ་ང་ཡང་རྒྱབ་ཏུ་ཡོང་། མོ་སྨིན་པའི་དུས་སུ་གཡས་འཁྱོག་བྱས་སླ་ལོག་འགྱུར་བ་གཅིག་བྱེད་དོ། །དེ་དུས་ང་ལ་སྒོ་ཕྱེ་ཞིག་ (ཤོག་ ༨༩) ཟེར། བློན་པོ་བྲག་ཁུང་དུ་སོང་ངོ་། །དེར་རྒྱལ་པོས་ཕོ་བྲང་དུ་ལོག་ཡོང་ངོ་། །ལྷ་ལྕམ་གྱིས་ཀྱང་སྔར་ལས་བཀུར་སྟི་ཆེ་བ་བྱས་སོ།།
དེར་ཁོང་རང་གཉིས་ཀྱི་མལ་བཅའ་བའི་དུས་སུ། རྒྱལ་པོས་བློན་པོས་ཇི་ལྟར་ཟེར་བའི་ལུགས་བཞིན་རྟ་རྔ་ཞལ་ལ་སྦྱར་ཏེ། རྒྱལ་པོས་གཟིམས་བསྡད་དེ། ལྷ་ལྕམ་གྱིས་འབྲས་ཆང་ལ་མྱོས་པའི་རྫས་བཏབ་པ་བྱུང་ཆུ་གང་བཅོས། མྱོས་མི་འགྲོ་བ་བླུ་གུ་གང་ཁྱེར་ནས་མོ་རའི་སྔས་མགོར་བཞག །མྱོས་འགྲོ་བ་དེ་རྒྱལ་པོའི་ཕྱོགས་ལ་བཞག་ནས་སྐེ་རགས་འཁྲོལ་བའི་གྲབས་བྱེད་པ་དང་། རྒྱལ་པོས་སྨྲས་པ། རང་རེའི་ཞལ་བ་ཁྱད་འཕགས་འདི་ལ་གས་དོན་མེད་པ་ལ་གས་འདུག་གསུངས་པ་དང་། མོས་སྒྲོན་མེ་ལེན་ཡོང་བའི་བར་ལ། རྒྱལ་པོས་བླུ་གུ་གཉིས་པོ་བརྗེས་སོ། །དེར་ལྷ་ལྕམ་ཡང་གཟིམས་སོ། །དེར་རྒྱལ་པོས་བླུ་གུ་རྩེན་དེ་བླངས་ནས། ལྷ་ལྕམ་རང་ཆང་ད་ལྟ་འཐུང་བ་དྲག་བྱས་ནས་གསོལ། ལྷ་ལྕམ་རང་གིས་ཀྱང་འཐུངས་སོ། །དེར་ནམ་ཕྱེད་སོང་བ་དང་། སྦར་སྦིར་ཁ་ཅིག་སྨྲས། གཡས་ཕྱོགས་ཅིག་བྱས། སླ་ལོག་ཅིག་སྒྱུར་བྱུང་བ་དང་། སྨིན་པ་ཡིན་ནམ་བསམ། བློན་པོ་ནང་དུ་བོས་སོ། །དེར་བློན་པོ་ནང་དུ་སླེབས་པ་དང་། ཁ་སང་ནས་བསྒྲུབ་པ་དེར་གྲུབ་འདུག་གོ་ཆོད་པ་དེ་ལེན་ཅིག་པོ་རང་ཕྱུང་འདུག་ཟེར་ཏེ། དེའི་ནུབ་མོ་མར་མེ་ཆེན་པོ་སྤར་ནས་ཕྱག་མཛོད་རྣམས་གཡེངས་ནས། ས་གསེར་དངུལ་དང་། གང་ཞིག་རྣམས་ཚ་བོ་དགོས་སོ། །
དེར་ནངས་པར་ནམ་ཧོད་ཧོད་ལངས་བྱུང་བ་དང་། བློན་པོ་རྒྱལ་པོ་ཞུས་པ། ཞལ་ཏ་མ་དང་གླང་རྫི་རྣམས་ལ་དབུ་ལྡན་མ་ཁམས་དུམ་པ་ཞིག་མ་བདེ་བ་འདུག་གསུངས་པ་ལས། ཕྱི་མི་དང་ཁྱེད་དང་རྣམས་བར་ཁང་ཡན་ལ་མ་ཡོང་གསུངས་ཤིག་ཞུས། རྒྱལ་པོས་སྒོར་བྱོན་ནས་ཞལ་ཏ་མ་གླང་རྫི་རྟ་རྫི་རྣམས་དབུ་ལྡན་མ་ཁམས་དུམ་པ་ཞིག་མ་བདེ་འདུག་པ། ཕྱི་མི་དང་ཁྱེད་རང་རྣམས་བར་ཁང་ཡན་ལ་མ་ཡོང་གསུངས་སོ། །སྟེང་དུ་བློན་པོ་རིག་པ་ཅན་དེས། སྨྱོ་ཆུའི་རྫས་རྣམས་འབྲས་ཆང་མ་སྦྱར་ནས་གྲབས་བྱས་སོ། །དེར་ཉི་མ་དེ་སོང་བ་དང་། འབྲས་ཆང་ལ་མྱོས་ཆུ་བསིངས་པ་རྣམས་ཞལ་ཏ་མ་ལ་དྲག་པ་དེ་མིན་པ་རྣམས་ལ་བྱིན་ནོ། །ནམ་ཕྱེད་ཙམ་ལ་ཁོང་གཉིས་ཀྱིས་གྲབས་ཚར་བ་དང་། བློན་པོ་དཔོན་མོའི་ཟླ་ལ་ཉལ་ཆོག་པ་བྱུང་ངོ་། །དེར་གླང་པོ་ཆེ་དང་རྟ་རྣམས་ལ་སྒ་ཆ་བྱས་སོ། །བརྟན་པ་ཞིག་ལ་ཤིང་གི་ཁྲི་ཕྱོགས་བཞིར་ཟགས་མི་འགྲོ་བའི་བརྟན་པ་ཞིག་བཟོས་ཏེ། ལྷ་ལྕམ་བཀལ། གཞན་རྣམས་ལ་ནོར་དྲག་པ་རྣམས་བཀལ། གཞན་མ་དེ་ལྷ་ལྕམ་འཛིན་པ་ལ་ཤིང་ཁྲིའི་ནང་དུ་བཞག །བློན་པོས་ནང་ནས་སྒོ་རིམ་གྱི་སྣོན་གྱི་སྒོ་མི་ཕྱེ་བ་བྱས་བཞག་གོ །དེར་རྒྱལ་བློན་རྣམས་ཀྱིས་བདེ་བ་ཅན་དུ་ལོག་བྱོན་ནོ། །ལམ་ལ་བར་ཞག་གཉིས་མཛད་ནས་ལོག་བྱོན་པ་དང་། ཕོ་བྲང་དུ་ཕེབས་པ་དང་། དབུ་ལྡན་མ་ཉོབ་པ་ད་དུང་མ་སངས་པ་འདུག་གོ །བློན་པོས་སྤོས་ཀྱི་ (ཤོག་ ༩༠) དུད་པ་བདུག །ཙནྡན་གྱི་འཕྱག་ཆུ་ཡང་ཡང་བྱས་བརྒྱབ་པ་དང་། དབུ་ལྡན་མ་མྱོས་པ་བསངས་ནས་དྲན་པ་རྙེད་དོ། །མིག་ཧུར་རེར་བལྟས་པ་དང་། མོ་རང་གི་ཕོ་བྲང་དེ་མིན་པའི་ནང་དེ་འདྲ་ཞིག་ན་སླེབས་འདུག་སྟེ། ཁོང་གཉིས་པོའི་བྱད་ལ་ཧུར་རེ་བལྟས་ནས། ཁ་སང་གི་མོ་མ་དང་རྒྱལ་པོ་གཉིས་མཐོང་བ་དང་། ལྷ་ལྕམ་གྱི་ཞལ་ནས་རྒྱལ་པོ་ཁྱོད་ནི་བསོད་ནམས་ཤིན་ཏུ་ཆེ། བློན་པོ་ཁྱོད་ནི་རྫུ་འཕྲུལ་ཤིན་ཏུ་ཆེ། རྒྱལ་པོ་འདི་རུ་གཉིས་ནི་ཤོང་དོ་མེད། རྒྱལ་པོ་ཡབ་ཡུམ་ཤིན་ཏུ་བགྲེས་པ་དང་། རྒྱལ་པོ་དེ་ལ་སྲས་བདག་ལས་མེད། རྒྱལ་སྲིད་ཕྱེད་ལ་ཨེ་ཡོང་མི་ཤེས་པས། བདག་གིས་ཡབ་ཀྱི་རྒྱལ་སྲིད་བཟུང་ན་དྲག་བྱས་པ་དང་། བློན་པོས་སྨྲས་པ། བཙུན་མོ་ཁྱོད་ནི་ངེད་རྒྱལ་བློན་གཉིས་ཀྱིས་བསྒྲུབས་པས་གྲུབ། རྒྱལ་སྲིད་གང་འཛིན་ད་དུང་དཔེ་ལོང་ཡོད། ཞག་གཉིས་སྐུ་སྙེམ་འདི་རུ་བསོས་ཟེར་རོ། །
དེར་རྒྱ་གར་གླང་པོ་གཤོངས་སའི་འབངས་འཁོར་རྣམས་ཀྱང་དྲན་པ་ཞག་བདུན་ནས་རྙེད་དེ་ལངས་ནས་ཐོམ་ཐོམ་སྟེང་ན་ཡར་ཕྱིན་པ་དང་། ཕྱག་མཛོད་ཆེན་མོས་མགོ་བྱས་ཕྱག་མཛོད་རྣམས་ནི་ཐེལ་ཚེས་མནན་འདུག །རྒྱལ་པོ་ཡབ་ཡུམ་ནི་མི་བཞུགས་པ་འདུག །ཁ་སང་གི་མོ་མ་དེས་རྒྱལ་སྲིད་དར་ཞིང་རྒྱས་པ་ཡོང་ཟེར་རོ། །དཔོན་མོ་རང་ཡང་མཉེས་འདུག་པ། རྒྱལ་སྲིད་དར་ཞིང་རྒྱས་འདུག་གོ་ཟེར་ནས་བློན་པོ་རྣམས་ངུ་ཐེག་ཐེག་མདོར་དོན། རྒྱལ་པོ་གུ་ཎ་པ་ནའི་དྲུང་དུ་ཞུ་བར་རྒྱུག་པ་དང་། རྒྱལ་པོ་ཡབ་ཡུམ་ཐུགས་ཁྲལ་ཆེན་པོ་བྱུང་། བློན་པོ་ནང་བློན་ཕྱི་བློན་བཞིས་མགོ་བྱས་པའི་རྩད་གཅོད་པ་ལ་མང་རབ་བཏང་བ་དང་། རྗེས་བརྩད་པས་རྗེས་ཆོད་དོ། །དེར་བློན་པོ་རྣམས་ཀྱིས་ཕ་གིར་ཞུ་བ་གསོལ་ཏེ། རྒྱལ་པོ་ཡུབ་ཡུམ་ཕྱིར་བྱོན་པ་དང་། རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་ཁོང་ཡབ་ཡུམ་གྱིས་འཛིན་པ་ཡབ་རྒྱལ་པོ་གུ་ཎ་པ་ནི་ཆོས་མཛད་ནས། དབུ་ལྡན་མས་ཕོ་བྲང་དུ་བཞུགས་པའི་ཞུ་བ་གསོལ་ལོ། །དེར་དབུ་ལྡན་མས་གསུངས་པ། ངེད་གཉིས་བློན་པོ་འདི་དང་འདོད་པ་གཅིག་ལས་མེད། བློན་པོ་ཁྱོད་ཀྱིས་ཡ་གིར་བྱོན་ལ་ལེགས་པའི་མཚམས་སྦྱོར་བློན་པོ་ཁྱེད་ཀྱིས་མཛད་ཅིག་གསུངས། དེ་ནས་ཁོ་པའི་བློན་པོ་རྣམས་དང་རིག་པ་ཅན་བསྡོངས་ནས་ཕྱིན་ཏེ་རྒྱ་གར་གླང་པོ་གཤོངས་སུ་ཕེབས་པ་དང་། རྒྱལ་འབངས་ཀུན་བསགས་ནས་རྒྱལ་པོ་ལ་བློན་པོ་རིག་པ་ཅན་གྱིས་གསོལ་པ་དང་། རྒྱལ་པོས་བློན་པོ་རིག་པ་ཅན་མཐོང་བས་མཉེས་ཏེ། རིག་པ་ཅན་གྱིས་གང་ཞུས་རྒྱལ་པོས་གསན་ནོ། །
ཡབ་ཡུམ་གཉིས་པོའང་གདན་དྲངས་ནས་རྒྱལ་ས་བཟུང་ངོ་། །བདེ་བ་ཅན་གྱི་རྒྱལ་སྲིད་གཅུང་པོ་ལ་གནང་ངོ་། །རྒྱལ་སྲིད་ཕན་ཚུན་གཉིས་ཀ་སྔར་ལས་དར་ཞིང་རྒྱས་སོ། །རྒྱལ་པོ་ཡབ་ཡུམ་ཡང་ཉིན་མཚན་མེད་པར་ཆོས་ཀྱི་བྱ་བ་ལ་ལོངས་སྤྱོད་དོ། །སྲས་ལྕམ་སྲིང་ཡང་གསུམ་འཁྲུངས་སོ། །བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་ (ཤོག་ ༩༡) བ་ཡིན་པར་གདའ་བྱས་པས། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས་བློན་པོ་རིག་པ་ཅན་དེ་ཡོད་པ་མིན་པ། རྒྱལ་པོ་དེ་རང་འཇིགས་པ་རང་ཞིག་མི་འདུག་ཟེར་བ་ཁ་ནས་ཤོར་བས། རོ་དེས་རྒྱལ་བུའི་འགྲམ་པ་ལ་འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས། བྱ་ཁྲ་ཧུར་ཟེར་ཤོར་སོང་ངོ་། །རྒྱལ་བུའི་བསམ་པ་ལ། རོ་དེ་ཁུར་བས་ནོན་པ་དང་། ཁོས་སྨྲས་པ་ལ་སེམས་ཡེངས་པས། རོ་དེ་ཤོར་སོང་། བློན་པོ་རིག་པ་ཅན་གྱིས་རྒྱལ་པོ་ལ་ཇོ་མོ་དང་རྒྱལ་ས་རྒྱ་གར་གླང་པོའི་གཤོངས་ནས་བཙལ་བའི་ལེའུ་སྟེ་ཉེར་བཞི་པའོ།། །།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་རོ་སྒྲུང་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༧ ནས་ ༣༥༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *