དེ་ནས་མཆིན་ནད་བཅོས་པ་ནི། །འབྲས་བུ་གསུམ་གྱི་ཐང་བཤལ་ནི། །ཡང་ནས་ཡང་དུ་གཏང་བར་བྱ། །སྐྱུ་རུ་ར་ཡི་ཐང་དང་ནི། །བ་ལེ་ཀ་དང་བ་ཤ་ཀ །ཐང་གཏང་རྗེས་ལ་བཤལ་བྱ་འོ། །སེ་རྒོད་ཁ་རུ་ཚྭ་དང་ནི། །མར་ནི་གཏང་སྟེ་སྦྱར་བར་བྱ། །ཚ་བ་ཆེ་ན་རྒྱས་པ་བཞིན། །དོང་ག་དུར་བྱིད་ཧོང་ལེན་དང་། །ཁྲོན་བུ་དང་ནི་ལྕུམ་རྩ་དང་། །ཐར་ནུ་རེ་ལྕག་རྩ་བ་དང་། །བྱང་བ་དང་ནི་སྐྱེར་པའི་རྩ། །ཨ་རུ་ར་དང་ཁ་རུ་ཚྭ། །ཕྱེ་མ་ཆ་སྙོམས་ཆུས་ཕུལ་བ། །རྩ་བ་བརྒྱད་པའི་བཤལ་ཡིན་ནོ། །ཡང་ན་འབྲས་བུ་གསུམ་གྱི་ཐང་། །
དུར་བྱིད་དན་ད་ཧོང་ལེན་དང་། །ཁྲོན་བུ་དག་གི་ཕྱེ་མ་གཏང་། །རུ་ཐུང་མཆིན་པའི་གཤའ་རེངས་གདབ། །སྦོ་ལམ་འཁྲོག་ན་པི་པི་ལིང་། །ཚྭ་འཇམ་ཙམ་ནི་གཏང་བར་བྱ། །སྤྱིར་དག་མཆིན་པའི་ནད་ལ་ནི། །མི་གཏར་ཏྲེ་མན་དག་གཏང་བྱ། །དརྱ་ཀན་ཡང་གཏང་བར་བྱ། །དརྱ་ཀན་ནི་མཁྲིསཅན་དང་། །མར་ནི་ལྡེ་གུ་བྱས་པ་འོ། །
ཡང་ན་དོམ་མཁྲིས་དག་དང་ནི། །རྩབས་ཤིང་(མཛོ་མོ་ཤིང)དང་ཡང་སྦྱར་ལ་གཏང་། །ཡང་ན་རྒུན་འབྲུམ་གདུས་པ་ཡི། །ནང་དུ་དོམ་མཁྲིས་གདབ་པར་བྱ། །བྱིབས་ལ་རྔུལ་ནི་གདོན་པར་བྱ། །དེ་ནས་ཁྲག་ནི་བཟང་འགྱུར་ན། །བཅུད་ལ་ཅུང་ཙམ་གདབ་པར་བྱ། །ཁྲག་སེར་སླ་ན་བྲག་ཞུན་དང་། །སྔོ་ནག་བཤལ་གྱིས་བཅོས་པར་བྱ། །མཆིན་པ་མ་སྣད་དོམ་མཁྲིས་དང་། །ག་པུར་གུར་གུམ་ཕྱེ་མ་གཏང་། །ཨ་རུ་ར་དང་བ་ལེ་ཀ །བོང་ང་གུ་གུལ་དཀར་པོ་དང་། །ཛཱ་ཏི་དག་དང་དུར་བྱིད་ཀྱི། །འཇམ་ཁྲུས་ཤིན་ཏུ་བསྔགས་པ་ཡིན། །ཆུ་སྐོལ་དག་ཀྱང་རྒྱུན་ཏུ་གཏང་། །དོམ་མཁྲིས་གུར་གུམ་མཚལ་དང་ནི། །ཨུཏྤལ་སྔོན་པོའི་ཕྱི་མ་གཏང་། །རུ་ཐུང་དྲུག་འགོ་གདབ་པར་བྱ། །མཆིན་པ་སྣད་ན་རུ་ཐུང་གདབ། །སྣོད་དང་བཤལ་རེངས་གདབ་པར་བྱ། །ཨ་རུ་ར་དང་སྐྱུ་རུ་ར། །ཨ་བའི་(སྦྲུལ)ཤ་དག་བསྐོལ་བ་འོ། །སྤང་རྒྱན་དཀར་པོ་དུར་བྱིད་དང་། །ལྕུམ་རྩ་བདུན་པའི་ཐང་གཏང་སྟེ། །ཡང་ན་ཕྱེ་མ་གདབ་པས་འཁྲུ། །དྲོད་ནི་ཅུང་ཙམ་རྗེས་བྱ་འོ། །སྦྲུལ་མགོ་སྣད་ན་བ་ལེ་ཀ །གླ་སྒང་རྒུན་འབྲུམ་སྐྱུ་རུ་ར། །ཨ་བའི་ཤ་དང་པུ་ཙེ་ཤེལ། །ཏིག་ཏ་དག་དང་བ་ལེ་ཀ །བདུན་པོ་དག་གི་ཐང་གཏང་སྟེ། །སྨད་དུ་བབས་ན་བྱིན་གཞུག་གདབ། །བ་ལེ་ཀ་དང་འབྲས་བུ་གསུམ། །སུམ་ཅུ་ཏིག་དང་ཤིང་མངར་དང་། །ཙན་དན་དཀར་དམར་པུ་ཙེ་ཤེལ། །རྒུན་འབྲུམ་དག་གི་ཐང་གཏང་སྟེ། །ཚད་པ་རྙིང་པ་ཀུན་ལ་འོ། །
མཆིན་པ་སུརྱ་བཅོས་པ་ནི། །མཆིན་པའི་རྩ་བཤལ་ཤིན་ཏུ་བསྔགས། །རྒྱ་ཚྭ་དག་དང་སྲིན་བུ་དང་། །སུག་སྨེལ་དག་དང་མཚལ་དང་ནི། །གུར་གུམ་པི་པི་ལིང་དག་གི །ཕྱེ་མ་དག་ནི་གཏང་བར་བྱ། །ལོག་པར་གྱུར་ན་དོམ་མཁྲིས་དང་། །པི་པི་ལིང་ནི་ཤིན་ཏུ་བསྔགས། །ཡང་ན་འབྲས་བུ་གསུམ་གྱི་བཤམ། །བཏང་རྗེས་གསང་དུ་མེ་བཙའ་བསྲེག །མཆིན་པ་གླང་སྒུར་བཅོས་པ་ནི། །འབྲས་བུ་གསུམ་དང་མ་ནུའི་ཐང་། །བཤལ་ནི་ཤིན་ཏུ་བསྔགས་པ་འོ། །ཁ་ཟས་བསིལ་དྲོད་ཚོད་དང་སྦྱར། །བཅོས་ཁ་ཤ་རུ་མེ་བསྲེག་ཐལ། །བ་ལེ་ཀ་ཡི་ཐང་དང་སྦྱར། །ཐང་དེ་རྒྱུན་དུ་གཏང་བར་བྱ། །རྔ་མོ་ཕག་ཤ་གླ་དགོའི་ཤ །ཚིགས་པ་དྲུག་པ་ལྔ་པ་བསྲེག །མཆིན་པའི་ཚད་པ་དུག་ཐབས་ནི། །སྣད་པ་དག་དང་མཐུན་པ་ལ། །གྲུམ་བུ་དག་དང་མཐུན་པར་བཅོས། །ཚ་བ་གྲང་བ་དག་ཡིན་ནོ། །ལུད་ཚན་ཆང་ལས་ལངས་གྱུར་པའི། །གཟེར་དང་འཁྲུ་བ་དག་ཏུ་འོ། །ཁ་དོག་སྣ་ཚོགས་འཁྲུ་བ་ལ། །ཚ་བ་ལྕི་སྟེ་གྲང་བ་ཡང་། །ཆུ་འདྲ་གཏིང་འགྲོ་ཚ་བ་སྟེ། །ཁར་སྡོད་གྲང་བ་དག་ཏུ་འོ། །ཚ་བ་ཙན་དན་དཀར་པོ་དང་། །བ་ལེ་ཀ་དང་རྒུན་འབྲུམ་དང་། །ཐང་ནི་གཏང་བར་བྱ་བ་འོ། །པ་ཏོ་ལ་དང་སྨན་མེ་ཏོག །གུར་གུམ་དག་དང་ཤིང་མངར་གྱིས། །ལྡེ་གུ་དག་ཀྱང་གཏང་བར་བྱ། །ག་པུར་ཕྱེ་མ་གཏང་བར་བྱ། །ད་ཏྲིག་ཨ་འབྲས་འཇམ་འབྲས་དང་། །སྲ་འབྲས་ལྡེ་གུ་གཏང་བར་བྱ། །ཐ་རམས་ན་རམས་བྲ་རམས་གསུམ། །ཡང་ན་ཤིང་མངར་ཀ་པེད་དང་། །དུག་མོ་ཉུང་དང་ཨ་བའི་ཤ །ཧོང་ལེན་པར་པ་ཏ་དང་ནི། །ཧ་ལོ་དཀར་པོའི(ཨུག་ཆོས)མེ་ཏོག་དང་། །དེ་རྣམས་སྦྲང་རྩེའི་ལྡེ་གུ་གཏང་། །སྨད་གྲུམ་རྐེད་ན་དཔྱི་མིག་བཤལ། །བརླ་སྒང་པུས་མོ་ན་ཞིང་འཐིང་། །རྒྱུས་པ་རྩ་དག་ཚ་ཕྲེངས་ཕྲེངས། །ཚིགས་སྐྲངས་རྐང་པ་འཁུམས་པ་དང་། ཁྱད་པར་ཁྲག་ལྦུ་རྣག་ལྦུ་འོང་། །ཁྲག་མདོག་ནག་ལ་རྨེ་བ་ཅན། །མཆེར་ཁྲག་ནག་དམར་ཀམ་ཀམ་པོ། །ཤིན་ཏུ་དམར་ན་ས་བདག་གནོད། །སེར་པོ་གྲུམ་བུ་དཀར་པོ་འོ། །
འབྲས་བུ་གསུམ་གྱི་ཐང་གཏང་ཞིང་། །རྩེའུ་ཅུང་ལ་སོགས་རྩ་རྣམས་གཏར། །བ་ལེ་ཀ་ཡི་ཐང་གཏང་སྟེ། །བསྲེག་པ་དག་ནི་སྤང་བར་བྱ། །ཕོ་བ་ལ་བབས་མེ་བཙའ་གདབ། །འབྲས་བུ་གསུམ་གྱི་བཤལ་གཏང་སྟེ། །སྤྱི་ཞུར་ཙན་དན་དཀར་པོ་དང་། །ཀྱི་ལྕེ་བ་ཡི་གྲང་ཐང་གཏང་། །རྐེད་པར་འཁོར་ན་དགབ་རྩ་གཏར། །བོལ་གོང་རྩ་དག་གཏར་བར་བྱ། །གྲང་བའི་གྲུམ་བུ་དག་ལ་ནི། །བཤལ་གཏང་མི་གཏར་མེ་བཙའ་བྱ། །རྒྱུ་འཁྲུགས་གོང་གི་ཚ་བཅོས་བྱ། །མཆིན་པ་ཚ་བའི་སྐྲན་ལ་ནི། །པི་པི་ལིང་དང་རྒྱལ་ཚྭ་དང་། །བྲག་ཞུན་སྦྲང་རྩིའི་ལྡེ་གུ་གཏང་། །གཏར་ག་རུ་ཐུང་གདབ་པར་བྱ། །ཚ་བ་འོར་དུ་ལྷུང་བ་ལ། །རྐེད་དུ་བབས་ན་རྩ་བོ་ཆེ། །བྱིན་གཞུག་དག་ནི་གཏར་བར་བྱ། །ཕོ་བ་ལ་བབས་མེ་བཙའ་གདབ། །འབྲས་བུ་གསུམ་གྱི་ཐང་བཤལ་གཏང་། །སྤྱི་ཞུར་ཙན་དན་དཀར་པོ་དང་། །ཀྱི་ལྕེ་བ་ཡི་གྲང་ཐང་གཏང་། །རྐེད་པར་འཁོར་ན་དགབ་རྩ་གཏར། །བོལ་གོང་རྩ་དག་གཏར་བར་བྱ། །སྟོད་དུ་ཁྲག་ལུད་སྙིང་ལ་བབས། །ཞོ་ཤ་ཙན་དན་དཀར་པོ་དང་། །ག་པུར་ཛཱ་ཏི་གཏང་བར་བྱ། །བྱིན་གཞུག་ལོང་རྩ་གཏར་བར་བྱ། །གློར་ལུད་གློ་རྩ་གདབ་པར་བྱ། །ཅུ་གང་གྲང་ཐང་རྡུལ་འདོན་ནོ། །མཆིན་ཁྲག་ཕོ་བར་ལུད་པ་ན། །འབྲས་བུ་གསུམ་གྱི་ཐང་གཏར་ཞིང་། །ཨ་སོ་རྩེའུ་ཅུང་གཏར་བར་བྱ། །ཁྲག་མདོག་མཁྲིས་པར་གྱུར་པ་ན། །ནཱ་ག་པུཥྤ་གེ་སར་དང་། །བ་ལེ་ཀ་དང་བ་ཤ་ཀ །ཕྱེ་མ་དག་ཀྱང་གཏར་བར་བྱ། །ཕོ་བར་མེ་བཙའ་ལས་མི་བྱ། །ཁྲག་སྲ་བྱང་པའི་རྒྱབ་བྱུང་ན། །ཅུ་གང་ཕྱེ་མ་གདབ་ལ་གཏང་། །ཚ་ཆོགས་དང་ག་མི་བདེ་ན། །གསར་འཇམ་དག་ཀྱང་གཏང་བར་བྱ། །ཚིགས་པ་བཅུ་གཉིས་བསྲེག་པར་བྱ། །གཞུང་རེངས་དག་ཀྱང་འོར་ནད་དོ། །
མཆིན་ནད་ཚིགས་ལ་འབྲོས་པ་ནི། །སྒལ་པའི་ཚིགས་ལ་ཐུར་མ་བྱ། །གུར་གུམ་དག་དང་འབྲས་བུ་གསུམ། །བཤལ་གཏང་ཚ་བ་ཆོགས་ནས་ནི། །རྩ་བ་ལྔ་ཡི་སྨན་མར་གཏང་། །གླང་སྒུར་ཧེལ་སྐེམས་མི་བཟད་ཆོགས། །ལུམས་དང་སྔོན་བུའི་བཤལ་གཏང་བྱ། །འབྲས་བུ་གསུམ་(ཨ་བར་སྐྱུར་གསུམ)དང་སྔོན་བུ་བསྐོལ། །ཐང་གཏང་རྒྱུན་དུ་བཤལ་དུ་འོང་། །དེ་ནི་མཁལ་མ་རྒུད་པས་སྒུར། །མཆིན་དྲི་ཐོག་ཏུ་འོར་ལྷུང་བ། །མཆིན་དྲི་དཀར་པོ་བཅོས་པ་ནི། །ནུ་མའི་ལྐོག་མའི་མདུན་ངོས་སུ། །ཕུན་ཚོན་བྱ་རོག་རྗེས་གཅིག་བཅལ། །རྒྱབ་ཏུ་ཚིགས་པ་བརྒྱད་པ་ཡི། །མཆིན་དྲིའི་གསང་དུ་མེ་བཙའ་བྱ། །ར་མཉེ་བ་དང་ཉེ་ཤིང་བ། །རྒྱམ་ཚྭ་སྐྱུ་རུ་ར་དང་ནི། །སྤང་སྤོས་ཕ་བོང་དྲགས་པ་དང་། །བ་ལེ་ཀ་དང་ཏིག་ཏའི་ཐང་། །ཆུ་ལ་ཚད་པ་ཡོད་ན་གཏང་། །གྲང་ན་པ་ཏྲ་ཉེ་ཤིང་དང་། །བ་ལེ་ཀ་དང་སྐྱུ་རུ་རའི། །ཐང་གཏང་བརྒྱད་པ་ཁག་གསུམ་བསྲེག །ཚ་ན་རྩེའུ་ཅུང་རུ་ཐུང་གདབ། །ཚ་བ་བྲི་ནས་དགུ་གསང་བསྲེག །ཁྲག་མདོག་ངན་ན་ཡུན་རིང་ངོ་། །བྱང་བ་རྒྱབ་ནི་མྱུར་དུ་འཚོ། །མཆིན་དྲི་ནག་པོ་བཅོས་པ་ནི། །དཀར་པོ་དག་དང་མཐུན་པ་ལ། །མཆེར་རྩ་གདབ་པ་ཁྱད་པར་རོ། །མཆིན་ནད་ཀུན་ལ་འབྲས་བུ་གསུམ། །བཤལ་ནི་མཁས་པས་གཏང་བར་བྱ། །བཅུད་དང་ཚ་དག་གཅད་པར་བྱ། །རུལ་སུངས་ཀུན་ནི་མི་གཏང་ངོ་། །
མཆིན་པ་ཁྲག་གི་མཚོ་ཡིན་པས། །ཁྲག་ཁ་དབྲེ་དང་རུལ་སུངས་བསྲུང་། །ཚ་བ་རྒྱས་པ་བཅོས་པ་ནི། །སྨིན་པའི་དུས་སུ་འཚོ་བ་དང་། །སྨིན་པའི་དུས་སུ་འཆི་བ་དང་། །སྨིན་པའི་དུས་སུ་བཅོས་པ་ནི། །གསུམ་དང་ལྔ་དང་བདུན་དང་དགུ །བཅུ་གཅིག་པ་ལ་ཤེས་པར་བྱ། །བཅུ་གསུམ་འདས་ནས་འཆི་བ་མེད། །བཅོས་པ་དག་ལ་སྨིན་ཐང་གཏང་། །སྨིན་ནས་གཏར་བ་བབས་དང་བསྟུན། །ག་པུར་གུར་གུམ་ཕྱེ་མ་གཏང་། །རྗེས་གཅོད་བཤལ་དང་མེ་བཙའ་བྱ། །བབས་པ་འགྲོས་དང་མཐུན་པར་བཅོས། །གཏར་གྱིས་ཚ་བ་མ་ཆོག་ཅིང་། །བསིལ་སྨན་དག་གིས་མ་ཆོག་ན། །ཆང་ནི་ཤིན་ཏུ་འཇམ་པ་གཏང་། །དེ་རྗེས་དརྱ་ཀན་དག་དང་། །གོ་ན་ཙ་དང་གླ་རྩི་དང་། །ག་པུར་ཆུ་དག་གཏང་བར་བྱ། །རྔུམ་དབྱུང་ཤིན་ཏུ་བསྔགས་པ་སྟེ། །དེ་ནས་ཚོད་དང་སྦྱར་བར་བྱ། །ཡང་ན་བུ་རམ་རྙིང་བ་དང་། །ཆང་ནི་འཇམ་པོ་མཉེས་ལ་གཏང་། །སོ་ཕག་ཐང་ནི་གཏང་བར་བྱ། །མིག་དམར་དུད་ཁུ་འདྲ་བའི་གློ། །སྤྱི་གཙུག་གཟེར་བ་དག་ལ་ནི། །ཡང་ན་ལུད་པ་དཀར་པོ་སྟེ། །གཟེར་ཆེ་བ་ནི་འཆི་བར་འགྱུར། །སོ་མ་རཱ་ཛ་ལས་མཆིན་ནད་བཅོས་པའི་ལེའུ་སྟེ་རེ་གཅིག་པའོ།། །།
དེ་ནས་མཁལ་མ་བཅོས་པ་ནི། །མཁལ་མའི་སྐྲན་གྱི་བཅོས་པ་ལ། །ཐུར་གསང་རྩིབ་ཐུང་དག་ཏུ་ནི། །བཅལ་བ་མཁལ་མའི་གསང་དུ་འདོད། །ཚོན་གང་བཅལ་བ་གསང་ཡིན་ཏེ། །གཡས་གསུམ་གཡོན་ཡང་དེ་བཞིན་ཏེ། །ཚིགས་པ་དེ་རུ་བདུན་དུ་འདོད། །བཅོ་ལྔ་པ་ཡང་དེ་བཞིན་ཏེ། །བཅོ་ལྔའི་ཚིགས་ལ་སྤང་བར་བྱ། །མཐའ་རུ་ལྔ་ལྔ་བཅུ་ཡིན་ཏེ། །ཚིགས་ཀྱི་ཐུར་མ་སྤང་པར་བྱ། །དང་པོ་མཐེབ་ཚོན་མཐའ་རུ་ནི། །ཐུང་ཚོན་ཇེ་ཐུང་གཉིས་ཀ་ལ། །མཁལ་མ་རྡོ་བཞིན་སོང་བ་འོ། །ཚིགས་ལྷག་གདོང་པ་འཇལ་པ་དང་། །ནུ་མར་མཐུན་ན་ཚད་ལྡན་ནོ། །མ་མཐུན་ཚིགས་ལྷག་ཡོད་པ་ནི། །བོར་བ་དག་ཏུ་ཤེས་པར་བྱ། །མཁལ་མའི་སྐྲན་དང་ཚིལ་གྲང་དང་། །འཁྱགས་པ་དག་ལ་ཐུར་མ་བསྔགས། །ལུག་མུར་བ་དང་གཟེ་མ་དང་། །པི་པི་ལིང་དང་སྲིན་བུ་དང་། །རྒྱ་ཚྭ་སྡིག་པ་དག་གིས་ནི། །བུ་རམ་དག་དང་ལྡེ་གུ་གཏང་། །ཡང་ན་རྒྱ་ཚྭ་དག་དང་ནི། །རྒྱམ་ཚྭ་དང་ནི་ཁ་རུ་ཚྭ། །སུག་སྨེལ་ཉི་དགའི་འབྲས་བུ་དང་། །པི་པི་ལིང་དང་བུ་རམ་དང་། །མེ་བཙའ་ཚིགས་པ་བཅོ་ལྔ་ལ། །ཁ་གསུམ་དག་ཏུ་གདབ་པར་བྱ། །གྲུ་མོ་མར་ཕབ་སླེབས་པ་ནི། །ལངས་ཏེ་དེ་ནས་གྱེན་བསགས་ལ། །ཚོན་གང་རྒྱབ་ཏུ་ཁོང་བསགས་བཅལ། །མཁལ་ཕུག་ཡིན་ཏེ་དེ་ཁར་གདབ། །མཁལ་མ་འགྲམས་པ་དག་ལ་ནི། །དཔྱི་མིག་ཐུར་མ་བྱ་བ་ནི། །སྐྱིལ་ཀྲུང་བཅས་པ་འཕོངས་ཀྱི་ལོང་། །དེ་ནས་ཕྲེད་ལ་ཆག་གང་ན། །དཔྱི་མིག་དག་གི་ཐུར་མ་འོ། །
རྩ་བ་ལྔ་ཡི་སྨན་མར་གཏང་། །ཟན་ཆང་གཟེ་མའི་ཕྱེ་མ་བྱ། །ཤིན་ཏུ་ལེགས་པར་ལངས་ནས་ནི། །ལྕགས་སྣོད་ལུང་ཏོ་ཐེར་པོའི་ནང་། །མར་གདུས་དུ་བར་ཟན་ཆང་བླུགས། །པི་པི་ལིང་ནི་བཏབ་ལ་གཏང་། །གར་ན་ཨ་ན་ཚུགས་ཀྱིས་བསྲེག །བྱིན་གཞུག་ལོང་རྩ་བོལ་གོང་གཏར། །མཆིན་རྩ་ཤ་རུ་མོན་རུ་བཞི། །གཙོས་པོ་གདོང་ན་རྩ་རེ་རེ། །སྣེ་ས་སྤུ་ལྟག་ནེ་གུ་ན། །རྩ་ནི་རེ་རེ་ཡོད་པ་བསྲེག །མཁལ་སྣར་ཕུར་པ་བཏབ་པ་འདྲ། །སྲིན་ལག་གདུབ་རྩ་གཏར་བ་དང་། །བྱིན་གཞུག་དག་ཀྱང་གཏར་བར་བྱ། །ཕྱི་ཡི་ཤ་འགྲམས་རྩ་འགྲམས་དང་། །བར་གྱི་མཁལ་ཚིལ་འགྲམས་ཀྱང་རུང་། །ཚིགས་པ་བཅུ་བཞི་དག་དང་ནི། །རྩིབ་ཐུང་ཚོན་གང་བཅལ་བར་བསྲེག །ཆུ་སྡོམ་དགྱེ་དགུ་མི་ཤེས་དང་། །ཁ་སྦུབ་ཉལ་བ་མི་ཤེས་ལ། །ཚ་ན་ཐུར་མ་གྲང་ན་ཡང་། །རྩ་བཤལ་བྱ་བ་མཆོག་ཏུ་ཤིས། །འགྲམས་ཆེས་དྲག་ན་རྩ་ཆད་དོ། །སྐྱེས་པའི་ཆུ་དང་ས་བོན་དག །མི་ཐུབ་བུད་མེད་ཟླ་མཚན་འཛག །བུ་མི་ཆགས་པ་དག་དང་ནི། །སྐྱེས་པའི་ཕོ་མཚན་ལྡང་མི་ནུས། །ཤ་རུ་མོན་རུ་གཉིས་དག་ནི། །དཔྱི་རུས་ཙོག་ཙོག་པོ་ན་འོ། །
འབྲལ་འཚམས་དག་ན་གཉིས་དག་དང་། །པུས་མོ་དག་ནས་མཐོ་གང་དང་། །ལངས་པ་མཛུབ་མོས་སླེབས་པ་ནི། །རྨེན་བུ་ཕུན་ཚོན་གང་འོག་ཏུ། །བཅལ་བ་བསྲེག་པར་བྱ་བ་འོ། །ནང་གི་ལོང་མོ་དག་ནས་ནི། །མཛུབ་ཐུར་བྱ་རོག་རྗེས་ཅིག་བསྲེག །མཇེ་རྩ་འགུལ་བར་བསྲེག་མི་བྱ། །བསྲེག་པར་སྲིད་དག་ཆད་པར་འགྱུར། །ཚིགས་པ་བཅུ་པ་དག་ལས་ནི། །ཐུར་གསང་བདུན་ཏེ་རྒྱབ་ཀྱི་ནི། །བཅུ་བཞི་པ་ལ་དགུ་ཡིན་ཏེ། །བཅོ་ལྔ་པ་ལ་བཅུ་གཅིག་སྟེ། །བཅུ་དྲུག་པ་ལ་ལྔ་ལས་མེད། །བཅུ་བདུན་གསུམ་སྟེ་དེ་བཞིན་འཇལ། །སོར་བཞི་གཉིས་དང་གསུམ་གྱི་མཐར། །དཔྱི་མིག་གཉིས་དང་བརླ་སྒང་གཉིས། །པུས་མོ་བྱ་རོག་མིག་གཉིས་དང་། །མཐེབ་མཛུབ་བར་དུ་ཐུར་གང་གསང་། །དེ་རྣམས་བརྡེག་པ་ཉེས་པ་མེད། །དུར་བྱིད་བྲེ་ག་དག་དང་ནི། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །གཟེ་མ་གདུས་པའི་ནང་དུ་གདབ། །བུ་རམ་དག་དང་ལྡེ་གུ་བྱ། །མཁལ་མ་གྲུམ་བུ་བཅོས་པ་ནི། །སྔོན་བུའི་བཤལ་དང་རྩ་བཤལ་དང་། །ཡང་ན་གུ་གུལ་བཤལ་གཏང་ངོ་། །གུ་གུལ་ཕྱེ་མ་དག་དང་ནི། །མུ་ཟི་བྲེ་ག་ཏི་མུ་ཡི། །ཕྱེ་མ་དག་ནི་གཏང་བ་འོ། །གཟེ་མའི་ཆུ་ཡིས་ཕུལ་བར་བྱ། །གྲུམ་བུ་དག་ལ་གཏར་བསྲེག་སྤང་། །སེང་ལྡེང་མུ་ཟིའི་སྨན་མར་གཏང་། །ཐང་དང་ཕྱེ་མ་གཏང་བར་བྱ། །
མཁལ་མ་སུརྱ་དག་ལ་ནི། །གོང་བཞིན་རྩ་བཤལ་ལ་སོགས་གཏང་། །བཟང་དྲུག་མཁྲིས་པའི་སྦྱོར་པ་གཏང་། །འབྲས་བུ་གསུམ་གྱི་ཐང་བཤལ་གཏང་། །བུ་དང་ཤ་མ་འཐོགས་པ་ལ། །རྫ་སོའི་ནང་དུ་ཆུ་ཕུལ་གང་། །སྒོ་ཡི་ལྕགས་མདའ་བསྲེགས་ནས་ནི། །དར་བླུད་ཆུ་སྐོལ་ནང་དུ་ནི། །སྐྲ་གཞོབ་དག་དང་བསྲེག་པ་གཏང་། །ཉ་བཅིངས་ཕག་གི་དུགས་ཀྱིས་བདུག ཆུ་འགགས་གླང་ཐབས་བུ་མི་ཕྱིན། །དེ་དག་ཀུན་ལ་མཆོག་ཏུ་བསྔགས། །སྦྲུལ་ཤ་བྱི་བ་འཇོ་དེའི་ཤ །གཏང་བས་བུས་པ་ཕྱིན་པར་འགྱུར། །ཟླ་མཚན་འཁྱིམས་པ་དག་ལ་ནི། །ར་ཐུག་ལུག་ཐུག་འབྲས་བུ་དང་། །རྒྱམ་ཚྭ་ཟི་ར་དཀར་ནག་དང་། །སུག་སྨེལ་དག་དང་བུ་རམ་གྱི། །ལྡེ་གུའམ་རིལ་བུ་བྱས་ལ་གཏང་། །ཟླ་མཚན་རྟག་ཏུ་འཛག་པ་ལ། །རྒྱ་སྤོས་དག་གི་ཐང་དག་གཏང་། །མཁལ་མར་ཤོར་ན་སྐྱིགས་བུ་འོང་། །མངར་གསུམ་ཕྱེ་བཏབ་འོ་མ་ནི། །སྣར་བླུགས་སྤྱི་བོར་ཚ་དུགས་བྱ། །བུ་ཆུང་སྐྱིགས་བུ་འོང་བ་ལ། །ནུ་ཞོ་སྦྲང་རྩི་སྣ་རུ་བླུགས། །ལྕེ་མུར་སྲིན་ལག་འཐེན་པར་བྱ། །མཁལ་གསང་བསྲེག་པ་མཆོག་ཏུ་འོ། །སོ་མ་ཪཱ་ཛ་ལས་མཁལ་ནད་བཅོས་པའི་ལེའུ་སྟེ་རེ་གཉིས་པའོ།། །།
དེ་ནས་མཆེར་ནད་བཅོས་པ་ནི། །མ་ནུའི་བཤལ་ཡང་གཏང་བར་བྱ། །ཡང་ན་ལྕུམ་རྩ་དག་དང་ནི། །ཆུ་རྩ་དོམ་མཁྲིས་དུར་བྱིད་ཀྱི། །ཐང་བཤལ་ཤིན་ཏུ་བསྔགས་པ་འོ། །མཆེར་པའི་གདོང་རྩ་གཏར་བ་འོ། །མཆེར་པའི་གསང་ནི་བསྲེག་པར་བྱ། །མཆིན་པའི་གསང་ལ་གདབ་མི་བྱ། །རྩིབ་ཐུང་བསྲེག་ཅིང་རུ་ཐུང་གཏར། ཨ་ཤྭ་གནྔྷ་དག་དང་ནི། །ནཱ་ག་གེ་སར་དབང་པོ་ལག །བུ་རམ་དག་གིས་ལྡི་གུ་བྱ། །མ་ནུ་དག་གི་ཕྱེ་མ་གཏང་། །ཁྲག་སྦོས་དག་ལ་གཏར་བ་ནི། །གདོང་རྩ་ནག་པོ་གཏར་བར་བྱ། །
མཆེར་པ་རླུགས་པ་དག་ལ་ནི། །བཅུ་གཅིག་པ་དང་རྩིབ་ཐུང་ནས། །ཚོན་གང་བཅལ་པར་བསྲེག་པར་བྱ། །སྨེ་ཤ་མཛོ་ཤ་རྟོལ་ཤ་དང་། །ཨ་ཤྭ་གནྔྷ་ཁ་རུ་ཚྭ། །རྒྱམ་ཚྭ་ཙབས་རུ་ཚྭ་དག་དང་། །སྨེ་ཤ་དག་ནི་ཤིན་ཏུ་ཤིས། །ཨ་བའི་ཕྱེ་མ་གཏང་བ་སྟེ། །ཨ་བ་གུར་གུམ་ཅུ་གང་དང་། །ལྕགས་ཕྱེ་ཨ་རུ་ར་དང་ནི། །ཤིང་མངར་ཛཱ་ཏི་དག་དང་ནི། །ཀ་ར་དྲུག་འགྱུར་དག་དང་སྦྱར། །དེ་ཡིས་ཁྲག་སྦོས་ཞི་བར་འགྱུར། །འབྲས་དང་པི་པི་ལིང་དག་དང་། །སེའུ་འབྲུ་སླེ་ཏྲེས་ཨ་རུ་ར། །བུ་རམ་དག་གི་རིལ་བུ་ཡིས། །རླུགས་པ་དག་ཀྱང་ཞི་བར་འགྱུར། །རྩ་བ་ལྔ་ཡི་ཕྱེ་མས་ཀྱང་། །མཆེར་པ་རླུགས་པ་ཞི་བར་འགྱུར། །སོ་མ་རཱ་ཛ་ལས་མཆེར་ནད་བཅོས་པའི་ལེའུ་སྟེ་རེ་གསུམ་པའོ།། །།
དེ་ནས་རྒྱུ་མའི་ནད་བཅོས་པ། །ཚ་བ་དག་ལ་ག་པུར་གཏང་། །པུ་ཙེ་ཤེལ་དང་ཤོག་བུ་དང་། །བསྐོལ་བའི་ནང་དུ་ཙན་དན་བདར། །ཡང་ན་བྱ་ཁྲ་པད་དང་ནི། །སྐྱུ་རུ་བསྐོལ་བའི་ནང་དུ་ནི། །ཙཎྜན་དཀར་པོ་བདར་བ་གཏང་། །སྐར་མས་ཕོག་པའི་ཆུ་དག་གམ། །ཡང་ན་སྐར་མ་མ་དག་པའི། །ཐོ་རངས་ཆུ་དང་ཆུ་མདའ་བརྒྱབ། །བིལ་བ་མོན་ཆ་ར་དང་ནི། །ཀ་པེད་བོང་ང་སྲ་འབྲས་དང་། །ཨ་འབྲས་རྣམས་ཀྱི་ཕྱེ་མ་ཡང་། །ཞོ་བཙོས་ཆུ་ཆོད་ནང་དུ་གདབ། །ཡང་ན་སྔོན་བུའི་ཐང་གཏང་སྟེ། །ཐང་བཤལ་གཞན་ཡང་གཏང་བར་བྱ། །ལྟེ་བའི་འོག་ཏུ་ཚོན་རེ་བཅལ། །གཡས་གཡོན་ཚོན་རེ་བཅལ་བ་དང་། །ཁ་གསུམ་དག་ཏུ་གདབ་པར་བྱ། །ཚིགས་པ་དགུ་པ་བཅུ་གསུམ་པ། །བཅུ་དྲུག་བཅུ་བདུན་གདབ་པར་བྱ། །
ཉི་ཤུ་རྩ་གཅིག་ཁ་གསུམ་དུ། །འབྲས་ཐུག་ཆང་དང་ཆག་ཙེ་གཏང་། །གྲང་བ་དག་ལ་བཅུད་གཏང་སྟེ། །ཨ་རུ་ར་དང་ཏྲེ་མ་དང་། །སྦོས་མོ་པི་པི་ལིང་དང་ནི། །ཕོ་བ་རིས་དང་བཅའ་ལྒ་དང་། །ཀ་རའི་ཕྱེ་མ་སྦྱར་ཏེ་གཏང་། །ཡང་ན་སེའུ་འབྲུ་དག་དང་ནི། །བོང་ང་བིལ་བ་མོན་ཆ་ར། །གཏང་བས་ཕྱི་ཡི་ཚད་པ་སེལ། །གྲང་བ་དག་ཀྱང་འཇོམས་པར་བྱེད། །གླ་རྩི་དང་ནི་ཁ་རུ་ཚྭ། །རྒྱམ་ཚྭ་བཅའ་ལྒ་ཨ་རུ་ར། །བྱ་ཏྲ་པད་དང་བིལ་བ་དང་། །འཇམ་འབྲས་སྲ་འབྲས་མཆོག་ཏུ་བསྔགས། །གྲང་རླུང་དག་གིས་འཁྲུ་བ་ལ། །བུ་རམ་ཚོང་ར་ཝ་གདོང་རུས། །ཁུ་བཅུད་བད་ཀན་དྲོད་གཏང་སྟེ། །ཚ་བ་གསུམ་དང་མ་ནུའི་ཐང་། །ཡང་ན་ཕྱེ་མ་དག་ཀྱང་གཏང་། །མཁྲིས་པ་དག་ལ་ག་པུར་དང་། །བསིལ་གཏང་ཆུ་མདའ་དག་གིས་བཅོས། །སྲིན་བུ་དག་ལ་རུ་རྟ་དང་། །ཕུར་མོའི་ཐལ་བ་གླ་རྩི་དང་། །བྱི་ཏང་ཀ་དང་པི་པི་ལིང་། །བུ་རམ་དག་ལ་སྦྱར་བས་བཅོས། །མཆིན་པའི་རུ་ཐུང་གཏར་བ་དང་། །གུར་གུམ་བདུན་པ་གཏང་བར་བྱ། །ཡང་ན་འབྲས་བུ་གསུམ་གྱི་བཤལ། །གཏང་བས་མཆིན་པའི་ཚད་པ་སེལ། །མཆེར་པ་སྦོ་ཞིང་སྒྲེགས་པ་དང་། །འཁྲུ་བ་དག་ལ་པི་པི་ལིང་། །ཨ་ཤ་གནྔྷ་དབང་པོ་ལག །ནཱ་ག་གེ་སར་པུཥྤ་གཏང་། །ཚད་རྙིང་དག་ལ་འབྲས་བུ་གསུམ། །བཤལ་ནི་མཆོག་ཏུ་བསྔགས་པ་འོ། །ཨ་རུ་ར་ནི་ཉི་ཤུ་དང་། །བ་རུ་ར་ནི་བདུན་དག་དང་། །དེ་མཉམ་པ་ནི་སྐྱུ་རུ་ར། །དོང་ག་དུར་བྱིད་ཞོ་གཅིག་དང་། །ཨ་རུ་ར་དང་ཆང་བསྲེས་ཕྱེ། །དན་ད་བདུན་ནམ་དགུ་དག་དང་། །ཆུ་བསྐོལ་དག་ནི་ལོག་གནོན་ཏེ། །ཤེད་བསྐྱེད་ལན་འགའ་གཏང་བར་བྱ། །འདྲེས་པའི་ནད་ཀྱང་དེས་བཅོས་བྱ། །རྒྱུ་འཁྲིལ་དག་ལ་རྐང་མཐིལ་དུ། །བརྡེག་ཅིང་སྤྱི་བོར་སྐྲ་འཐེན་བྱ། །རྐང་པ་ཁུར་ཁུར་ཕྲག་པར་གཞག །མགོ་བོ་ཐུར་བསྟན་སྤྲུག་པར་བྱ། །རྒྱུ་གཟེར་ལོང་རྩ་རུ་ཐུང་གཏར། །ཚ་བ་ཆུང་ན་ཞག་དག་ནི། །ལྔ་དྲུག་ལོན་ནས་གཅད་པར་བྱ། །
ད་ཏྲིག་ཐ་རམས་ན་རམས་དང་། །བྲ་རམས་སླེའུ་གླ་རྩི་དང་། །ཞོ་བཙོས་དག་དང་སྦྱར་བར་བཅད། །གཙོད་ཁྲག་མོན་ཆ་ར་དང་ནི། །བིལ་བ་ད་ཏྲིག་འབོས་མོ་དང་། །ཕྱེ་མ་ཞོ་བཙོས་དག་གིས་བཅད། །ཤ་བ་དག་དང་དགོ་བ་དང་། །བོང་བུ་རྟ་དང་རི་བོང་དང་། །གནིས་བུ་ཞོ་བཙོས་དག་དང་སྦྱར། །འཁྲུ་བ་གཅོད་པའི་མཆོག་ཡིན་ནོ། །འདི་ནི་དང་པོ་བསིལ་གྱིས་བཅད། །ཐ་མར་དྲོད་དང་རླུང་འཆོས་བྱ། །གུར་གུམ་གླ་རྩི་ཛཱ་ཏི་དང་། །སུག་སྨེལ་ཅུ་གང་ཙཎྜན་ནོ། །དང་པོ་ཚད་པས་འབྱམས་པ་ལ། །གཞང་ལུག་ཏིལ་མར་དག་གིས་བྱུག །རྐང་པ་ཐག་པས་བཏགས་ཏེ་འཐེན། །དབྱུག་པ་བརྒྱབ་པས་ཚུད་པར་འགྱུར། །ཡང་ན་གསུས་པའི་སྟེང་དག་ཏུ། །རྡོ་བ་བཞག་ནས་བཅག་ན་ནི། །གཞང་དང་བུ་སྣོད་ལུགས་པ་ཚུད། །གཞང་སྲིན་ཟ་བ་དག་ལ་ནི། །ཕུར་མོ་ཐལ་བ་བྱི་ཏང་ཀ །བ་མར་དག་དང་མར་དཀར་གྱི། །འོ་མ་དག་དང་ལྡེ་གུ་བྱས། །བྱུགས་ནས་ས་རྡོའི་དུགས་བྱས་ན། །གཞང་སྲིན་ཞི་བ་དག་ཏུ་འགྱུར། །ཡང་ན་ཚེ་ར་བྱིས་སྒོག་དང་། །ལན་ཚྭ་སྒ་དང་སྒོག་སྐྱ་དང་། །ཏིལ་མར་དག་དང་བསྲེས་ནས་ནི། །བྱུགས་ནས་རྡོ་དུགས་བྱས་ན་ཞི། །ཡང་ན་གཡེར་མའི་ཕྱེ་མ་དག །མར་སྙིང་ཁུ་བ་འཇམ་རྩི་གཏང་། །
ཡང་ན་ཤིང་ཀུན་ཁུ་རུ་ཚྭ། །གླ་རྩི་བྱི་ཏང་ཀ་དང་ནི། །བུ་རམ་དག་གིས་རེང་བུ་བྱ། །ཡང་ན་གཡེར་མ་དག་དང་ནི། །ཕུར་མོར་དག་དང་སྒོག་སྐྱ་དང་། །སྦྱར་བའི་འཇམ་རྩི་གཏང་བར་བྱ། །ཡང་ན་ཡུང་བ་ཨ་རུ་ར། །ལྡོང་རོས་བཅའ་ལྒ་དག་དང་ནི། །ཏིལ་མར་དག་ཀྱང་བསྲེས་པས་ནི། །བྱུགས་པས་གཞང་འབྲུམ་ཞི་བར་འགྱུར། །འབྲས་དང་གླང་ཤ་དག་ཀྱང་སེལ། །ཤ་བཀྲ་དག་ཀྱང་སེལ་བར་ནུས། །ཏི་ཚ་རེ་ལྕགས་བསྲེས་པས་ནི། །པ་ཏོ་ལ་དང་ནིམ་པ་དང་། །དབྱི་མོང་དག་དང་ལྕེ་མྱང་ཚྭ། །ཕྱེ་མ་ཏིལ་མར་དག་དང་སྦྱར། །བྱུགས་པས་གཞང་འབྲུམ་ཞི་བར་བྱ། །སོ་མ་རཱ་ཛ་ལས་རྒྱུ་མའི་ནད་བཅོས་པའི་ལེའུ་སྟེ་རེ་བཞི་པའོ།། །།
དེ་ནས་ཕོ་ནད་བཅོས་པ་ནི། །བད་ཀན་ལྡན་ལ་སེའུ་འབྲུ་ཡི། །ཕྱེ་མ་དག་ནི་ཤིས་པ་སྟེ། །སྦྲང་རྒོད་དག་གི་སྐྱུགས་ཀྱང་བསྔགས། །ཡང་ན་དཀར་པོ་གཅིག་ཐུབ་སྐྱུགས། །འོ་མ་དང་ནི་བ་ཆུ་ཤིས། །མོ་དོམ་ཚྭ་དང་ཙབས་རུ་ཚྭ། །རྒྱམ་ཚྭ་བ་རུ་ཚྭ་ནི་ཤིས། །ཡང་ན་ཏྲེ་སམ་ཕྱེ་མ་ནི། །ཨ་རུ་ར་དང་བཅའ་ལྒ་དང་། །ཁ་རུ་ཚྭ་དང་སྦྱར་བ་ནི། །ཅུང་ཙམ་འཁྲུ་བ་མཆོག་ཏུ་འོ། །ཡང་ན་མ་ནུའི་དྲོད་བཤལ་གཏང་། །སྣོད་ལ་ཅུང་ཙམ་བབས་ན་ནི། །གཏར་བ་དག་ཀྱང་དཔྱད་ལ་བྱ། །
སྨུག་པོ་དག་ཀྱང་དེ་བཞིན་ཏེ། །བད་ཀན་སེར་པོ་དག་ལ་ནི། །བ་ལའི(ཕོ་བའི་དྲེག་པ་དང་རྩའི་ཚད་པ་སེལ)ལོ་མའི་བགྲུངས་ཐང་གཏང་། །ཡུངས་ཀར་ལྕིམ་གྱི་རྩ་བ་དང་། །ཨ་རུ་ར་དང་པི་པི་ལིང་། །དེ་རྣམས་བཤལ་གཏང་རྒྱམ་ཚྭ་དང་། །ཏིག་ཏ་ད་ལིས་བདུན་པ་གཏང་། །དཀར་པོ་དག་ལ་དྲོད་བཅུད་གཏང་། །གཡག་རྒོད་དགོ་བའི་ཤ་དང་རྐང་། །རྐྱང་ལ་སོགས་པའི་ཏོང་ཏོང་གདུས། །ཚྭ་སྣ་དག་དང་སྦྱར་བ་ཡི། །སྨན་མར་གཏང་བར་བྱ་བ་ཡི། །འཁྲུ་བར་འདོད་ན་སྔོན་བུ་ཡི། །ཐང་དུ་གཏང་ན་འཁྲུ་བ་ཡིན། །ཡང་ན་དུར་བྱིད་དག་དང་སྦྱར། །འཁྲུ་བས་ནད་ཀུན་སེལ་བར་བྱེད། །གྲང་སྐྲན་རྒྱས་པ་དག་ལ་ནི། །སེའུ་འབྲུའི་ཕྱེ་མ་ཤིན་ཏུ་བསྔགས། །མ་ཞུ་བ་ཡི་གཏིང་སྐྲན་ལ། །ཚྭ་སྣའི་སྦྱོར་བ་ཤིན་ཏུ་གཅེས། །སྤུ་ཡི་འདྲིལ་སྐྲན་བཅོས་པར་དཀའ། །སྐྲན་ནི་ལྕགས་ཀྱིས་བཅོས་པར་བྱ། །ཚྭ་ཐུར་གྲང་ཐུར་གཉིས་དག་སྟེ། །རྩ་བ་ཅུང་ཙམ་སྦོམ་པ་ལ། །སྦལ་འགོ་ནས་འདྲ་བ་དང་ནི། །ཆུ་གྲི་དང་འདྲ་བྲ་འོ་འདྲ། །སྦལ་འགོ་ནས་འདྲ་ཕོ་བ་སྟེ། །ཚ་ཐུར་གྲང་ཐུར་གཉིས་ཀ་གདབ། །ཕོ་བའི་སྦྲུལ་མགོ་གཉིས་པོ་དང་། །རྫེམས་དང་གཉིས་ལ་སྤང་བར་བྱ། །
ཚད་ནི་ཐུར་གང་ཚོན་གང་སྟེ། །བརྡེག་ཐབས་མ་ཞུའི་ལེའུར་གསལ། །རླུང་སྐྲན་དག་ཀྱང་ལྕགས་ཀྱིས་བཅོས། །སྨན་ནི་ཚ་སྣའི་ཕྱེ་མ་གཏང་། །འབྲས་བུ་གསུམ་གྱི་སྨན་མར་རམ། །སེའུ་འབྲུ་ཕྱེ་མའམ་རིལ་བུ་གཏང་། །གློ་ནད་ཕོ་བར་ལྷུང་བ་ནི། །གློ་ཞུ་སྟོབས་ཀྱིས་སྐྱུགས་པ་འོ། །ལད་ལུད་མང་ཞིང་ཉམས་ཤེད་ཆུང་། །དེ་ལ་གློ་རྩ་གཏར་བ་དང་། །པི་པི་ལིང་དང་ཅུ་གང་དང་། །ཛཱ་ཏི་དག་དང་སྦྱར་བའོ། །སྦྲང་རྩིའི་ལྡེ་གུ་ཡང་ན་ནི། །ཀ་རའི་ཕྱེ་མ་དག་དང་སྦྱར། །ཡང་ན་རྒྱམ་ཚྭ་པི་པི་ལིང་། །ཤིང་ཚྭ་ཤིང་མངར་སྟར་བུ་དང་། །སུག་སྨེལ་རྒུན་འབྲུམ་དག་དང་ནི། །སྦྲང་རྩིའི་ལྡེ་གུ་དག་དང་སྦྱར། །ཆུ་ཆུང་བ་ཡི་ཁཎྜ་གཏང་། །
གློ་རྡོལ་སྤེན་མའི་ཐལ་བ་ནི། །དྲི་ཆུ་དག་དང་སྦྱར་ལ་གཏང་། །དེ་རྗེས་ཅུ་གང་གུར་གུམ་དང་། །དོམ་མཁྲིས་མཚལ་ཡང་གཏང་བར་བྱ། །ཡང་བའི་ཆང་དང་ལུ་གུའི་ཤ །ཅུང་ཟད་གཏང་བས་དྲོད་སྐྱེ་སྟེ། །མཆིན་པའི་དྲོད་ཉམས་ཕོ་བ་ཡི། །ཟས་དག་སྐྱུགས་པ་དག་ཏུ་འགྱུར། །དེ་ལ་མཆིན་རྩ་གཏར་བ་དང་། །པི་པི་ལིང་དང་བྲག་ཞུན་ཐང་། །ཡང་ན་ཁ་རུ་ཚ་དང་ནི། །བྲག་ཞུན་སྦྱར་བའི་ལྡེ་གུ་གཏང་། །ཞམ་སྐྲན་དག་ནི་བཅོས་པ་ལ། སེའུ་འབྲུ་རྩུབ་སྨན་ཟས་ཀྱིས་ཏེ། །རྩུབ་པ་དག་ནི་ཤིན་ཏུ་བསྔགས། །ལར་ན་སྐྲན་རྣམས་ལྕགས་ཀྱིས་ཏེ། །འོག་ཏུ་སྐྲན་གྱི་ལེ་འུར་བལྟ། །ཕོ་བའི་དམུ་རྫིངས་བད་ཀན་ཏེ། །བཤལ་ནི་ལྟོ་བཤལ་མཆོག་ཏུ་བསྔགས། །ཤིན་ཏུ་ཆེ་ན་ཆུ་ཁ་སྲི། །སེའུ་འབྲུ་ལ་སོགས་སྦྱར་བར་བྱ། །འོག་ཏུ་དམུ་རྫིངས་ལེ་འུར་བལྟ། །ཕོ་ལོག་གླང་ཐབས་བཅོས་པ་ནི། །རྒྱལ་ཚྭ་ཁ་རུ་ཚྭ་དང་ཆང་། །གཏང་བས་ཆོགས་ན་གྲང་བ་འོ། །ཕོ་བར་འཁྱིལ་ན་ཉྭ་བཞི་བཅིང་། །སོ་ཕག་དུགས་ཀྱིས་བདུག་པ་ནི། །རྐང་མཐིལ་དག་ཏུ་བདུག་པར་བྱ། །ཆུ་སྐོལ་ནང་དུ་ལྕགས་ངར་བླུད། །སྒྲེགས་པ་བྱུང་ན་མྱུར་དུ་འཚོ། །མི་སྒྲེགས་བསྐྱར་ན་འཚོ་བར་འགྱུར། །སྨན་ནི་ཆུ་དག་ཤུ་ཟུར་དང་། །རྒྱམ་ཚྭ་ཁ་རུ་ཚྭ་དག་དང་། །བྱིང་བྱིང་ཐུལ་ལུ་སྡིག་པ་དཀར། །ཚ་བ་གསུམ་གྱི་ཕྱེ་མ་གཏང་། །སྦོས་ན་འཇམ་རྩི་ནེ་གུ་ཆུང་། །ཤ་བད་ནེ་ཏིང་རྩ་བ་གཏང་། །ཚ་བ་དག་ལ་ལོང་རྩ་གཏར། །དྲི་ཆུ་སྡོམ་པར་གྱུར་པ་ལ། །ཆུ་སྐོལ་སྐྲ་ཡི་གཞོབ་གཏང་ལ། །ལྕགས་ཀྱི་ངར་བླུད་གཏང་བར་བྱ། །རྒྱུ་འཁྲིལ་དག་ལ་ཁ་རུ་ཚྭའི། །ཐང་གཏང་ཡང་ན་རྒྱལ་ཚྭ་འོ། །རྒྱུ་འཁྲིལ་ནད་ནི་ཞི་བར་བྱེད། །རྒྱུ་མའི་མདུད་པ་གྲོལ་བ་ཡི། །ལྟེ་བའི་སྟེང་དུ་མེ་བཙའ་དང་། །བཅུ་གསུམ་བཅུ་དྲུག་བསྲེག་པར་བྱ། །བསེ་ཕུབ་ཅན་ནི་གསུམ་མམ་བཞི། །ལྕགས་ཁུ་ཕུལ་གང་གདུས་པ་ཡིས། །ཕུལ་བྱེད་གཏང་བས་ཕོ་གླང་འཇོམས། །རྩུབ་ཚ་མདུད་པ་ནི་རུ་ཧས། །རྒྱུ་འགགས་པ་ཡང་འབྱེད་པར་འགྱུར། །ཡང་ན་ཐར་ནུ་ཁ་ཚོས་ནི། །ཆང་མ་འོ་མ་ཕྲུ་སྟིང་དུ། །ཤིང་བུ་བཀྲམ་ཐོག་ཐར་ནུ་བཞག །ཁ་སྦྱར་མེ་ནི་མི་ཆེ་བའི། །ཁ་ཚོས་བྱས་པའི་གྲིབ་སྐམ་དེ། །ཕྱེར་བཏགས་ཆང་དང་སྦྱར་གཏང་ན། །འཇམ་རྩི་འདི་ཡང་མཆོག་ཏུ་འོ། །
ཡང་ན་སྡིག་པ་སྲིན་བུ་དང་། །ཚག་པ་ཀ་ཀ་རུ་དང་གསུམ། །ལྟོར་གཏང་ན་ཡང་ཕྱེད་པར་རོ། །སྒོག་སྐྱ་དང་ནི་བསེ་སྦུར་གཉིས། །ཆུ་དང་སྦྱར་གཏང་མོད་ལ་ཕྱེད། །ཡང་ན་མོན་ལྕམ་དག་དང་ནི། །ལྕམ་པའི་འབྲས་བུ་སུག་སྨེལ་གསུམ། །ཕྱེ་མ་ས་མཚུར་ཆུར་བཏབ་ན། །བཏང་བས་ཆུ་འགགས་སེལ་བའི་མཆོག །རྙོང་བུ་དག་ལ་བུ་རམ་དང་། །ཚ་བའི་རིམ་བུ་མཆོག་ཏུའོ། །རིན་ཆེན་རྩངས་དང་རྒོད་ཤ་དང་། །ཤ་ནི་མཆོག་ཏུ་བསྔགས་པ་འོ། །ཕོ་བ་རྗུད་པ་བཅོས་པ་ནི། །ཨ་རུ་ར་ནི་བདུན་དག་དང་། །སྐྱུ་རུ་ར་ཡང་དེ་ཙམ་ཆ། །ཟི་ར་དཀར་ནག་གོ་སྙོད་དང་། །ན་ལེ་ཤམ་དང་པི་པི་ལིང་། །སུག་སྨེལ་ལ་ལ་ཕུད་དང་ནི། །ཤིང་ཚྭ་ཐལ་ཚྭ་མོ་དོམ་ཚྭ། །རྭ་ཚྭ་ད་ཚྭ་ཁ་རུ་ཚྭ། །རྒྱམ་ཚྭ་ལྕེ་མྱང་ཚྭ་དག་དང་། །ཕྱེ་མ་དག་ནི་བྱས་ནས་གཏང་། །ཡང་ན་བུ་རམ་འགོ་བསྡུས་གཏང་། །ཡང་ན་རྩ་བྱ་ལུམ་བུ་སྐམ། །ཉིན་གཅིག་སྐམ་ལ་ཆང་དུ་སྦངས། །དེ་ནས་ཆང་དང་ཁ་རུ་ཚྭའི། །ཆུར་སྦངས་དེ་ནས་སྐམ་པ་དག །བུ་རམ་དག་ལ་ལྡེ་གུ་གཏང་། །རྟ་ནི་ཆང་ལ་བྱས་ཏེ་གཏང་། །ད་ལིས་བདུན་ནམ་སེའུ་འབྲུ་གཏང་། །བུ་རམ་ཏིང་ཁྲོལ་བསྡེབ་པ་འམ། །ལྡེངས་པ་དག་ལ་གཏང་བར་བྱ། །ཏྲེ་སམ་ཕྱེ་མ་འཁྲུ་སྐྱུགས་ལ་འོ། །སོ་མ་རཱ་ཛ་ལས་ཕོ་བའི་ནད་བཅོས་པའི་ལེའུ་སྟེ་རེ་ལྔ་པའོ།། །།
དེ་ནས་མཁྲིས་པ་བཅོས་པ་ནི། །ཤ་ཡ་ནག་པོ་བཅོས་པ་ལ། །ཏིག་ཏའི་ཐང་དང་བ་ལེ་ཀའི། །ཐང་སྨན་ཕྱེ་མ་གཏང་བར་བྱ། །ག་པུར་བདུན་པ་གཏང་བར་བྱ། །འབྲི་རྟ་ཏྲི་མེན་ཏ་ཡང་གཏང་། །མཁྲིས་རྩ་དང་ནི་མཆིན་རྩ་གཏར། །ཏིག་ཏའི་ཐང་བཤལ་གཏང་བར་བྱ། །ཤ་ཡ་དཀར་པོ་བཅོས་པ་ནི། །ནེ་གུ་ཆུང་གི་ཕྱེ་མ་གཏང་། །དུག་མོ་ཉུང་གི་ཐང་བཤལ་དང་། །ཏིག་ཏའི་ཐང་བཤལ་མཆོག་ཏུ་འོ། །གནས་ནི་གང་བྲག་གསང་དང་གཉེར། །བསིལ་བའི་ཟས་དང་སྨན་གྱིས་བཅོས། །མིག་སེར་དག་གི་བཅོས་པ་ནི། །བཤལ་གཏང་བ་ནི་གོང་དང་མཐུན། །ཤ་སེར་མིག་དག་སེར་བ་ལ། །གླང་ཤུ་ལྤགས་ནད་མཛེ་ནད་འབྱུང་། །བོང་ང་དཀར་པོ་རྒྱ་ཚྭ་དང་། །དན་ད་དུར་བྱིད་ཤིང་མངར་དང་། །གཡེར་མ་བྱི་ཏང་ཀ་དང་ནི། །པ་ཏོ་ལ་དང་སྲུབ་མ་དང་། །མོན་མོ་རྐང་ཆག་བོང་ལན་ཚྭ། །དེ་ཀུན་ཞིབ་ཏུ་བཏགས་པ་སྟེ། །ཤ་བ་འམ་ནི་རྟ་བོང་གི །ཚིལ་བུ་དག་དང་སྦྱར་ལ་བྱུག །ཡང་ན་སུག་ཆུས་བཀྲུ་བ་འོ། །དེ་ནས་བྱུག་པ་བྱ་བ་ནི། །ཡང་ན་ཆང་དང་ཟོ་ཤ་དང་། །སྲོག་ཆགས་ཨ་བྱག་ཤ་གཏང་ངོ་། །ཡང་ན་སྣག་ལ་བྱུག་པ་ནི། །ཨ་རུ་ར་དང་སྐྱུ་རུ་ར། །ཨ་བི་ཤ་དང་རྒྱལ་ཚྭ་རྣམས། །བརྡུངས་ལ་བསྐོལ་ཏེ་ཞུན་མར་དང་། །བསྲེས་པ་བྱུགས་པས་ལྤགས་ནད་སེལ། །ཡང་ན་ཆང་དང་ཟོ་ཤ་དང་། །དུར་བྱིད་དག་གིས་བྱུག་པ་བྱ། །ལར་ནི་མཁྲིས་པ་མཛེ་རིགས་སོ། །
སེན་མོ་ནག་པོར་སོང་ན་འཆི། །རྒུན་བུ་དག་ལ་ཆང་དང་ནི། །བུ་རམ་རྙིང་པས་གསོ་བར་བྱ། །ཏིག་ཏ་གསེར་གྱི་གཟོངས་བུ་དང་། །བ་ལེ་ཀ་དང་བ་ཤ་ཀ །ཐང་དུ་བྱས་ལ་གཏང་བར་བྱ། །བག་ཙམ་གཏང་ཞིང་བསྲེག་པར་བྱ། །མཁྲིས་པ་རྩར་རྒྱུག་གཏར་གྱིས་བཅོས། །རྩ་བཤལ་དག་ནི་ཤིན་ཏུ་བསྔགས། །གཏར་བ་དག་ཀྱང་ཤིས་པ་སྟེ། །མདོག་ནི་སེར་བ་ཕྱིར་འགྱུར་བ། །སེར་བ་ཆགས་པ་དག་ལ་བསྲེག །སེར་སྐྱ་འདུག་ན་བད་མཁྲིས་བསྡོངས། །སྔོན་པོ་ཟངས་ཀྱི་རྩི་འདྲ་ལ། །མ་ཆགས་ལང་ལིང་འདུག་ན་ངན། །ཆགས་པ་སྤྲིན་དང་འདྲ་བ་བཟང་། །ལྦུ་བ་དཀར་ན་གཏར་འཕྲོ་བཅད། །མཁྲིས་པ་རྒྱུ་འཁྲུ་ཆུ་དུགས་བྱ། །
ཏིག་ཏ་དང་ནི་སླེ་ཏྲེས་དང་། །བོང་ང་དཀར་པོ་པར་པ་ཏ། །གསེར་གྱི་མེ་ཏོག་དུག་མོ་ཉུང་། །པ་རི་ཀན་པེ་ཙི་ན་པེ། །ལྕགས་ཕྱེ་ཀ་རར་སྦྱར་ལ་གཏང་། །ཡང་ན་སེ་རྒོད་སྐྱེར་པ་དང་། །ཏིག་ཏ་དུག་མོ་ཉུང་དང་ནི། །ལྕགས་ཕྱེ་དག་གི་ལྡེ་གུ་གཏང་། །ཡང་ན་ག་པུར་ཅུ་གང་དང་། །ཨ་བི་ཤ་དང་ཏིག་ཏ་འོ། །ཟས་ནི་ཚ་ལ་ལྕི་བ་གཏང་། །ཡང་ལ་བསིལ་བ་དག་ནི་ཤིས། །གཏར་བ་གསེར་མདུང་གདབ་རྩ་གཏར། །རྩེའུ་ཅུང་རུ་ཐུང་གཤའ་རེངས་གཏར། །རྒྱས་པའི་ཚེ་ན་བཅོས་པ་ནི། །དང་པོ་རང་ལུས་བསྲུང་བ་གཅེས། །རྫས་དང་སྨན་དང་སྔགས་རྣམས་སོ། །རྫས་ནི་བསེ་རུ་རིན་ཆེན་དང་། །གསེར་ནི་སྨིན་པར་མ་གྱུར་དང་། །མུ་ཏིག་བྱེ་རུ་དངུལ་དང་ནི། །མཚོན་ཆ་སོར་ནི་བཅུ་གཉིས་པས། །སྨན་ལ་སྨན་དང་རྫས་དག་གོ །ག་པུར་གུར་གུམ་ཙན་དན་དང་། །ལི་ཤི་སུག་སྨེལ་ཀ་ཀོ་ལ། །གི་ཝང་གླ་རྩི་སྤང་སྤོས་དང་། །ཨ་ག་རུ་དང་དུ་རུ་ཀ །ཤུ་དག་ཤུ་ཟུར་ཛཱ་ཏི་དང་། །འབྲས་བུ་གསུམ་དང་ཐང་སྨན་གསུམ། །སྤྱི་ཞུར་མེད་དུ་མི་རུང་ངོ་། །དེ་རྣམས་དྲིས་ནི་བྱུག་པ་དང་། །ལུས་ལ་གདགས་པར་བྱ་བ་ཡིན། །
ཡང་ན་བཙོང་དང་མཱུ་ལ་དང་། །ཤིང་ཀུན་གླ་རྩི་སྦྱར་བ་ཡིས། །ལྟོ་སྟོང་དྲི་ཆུ་སྣར་བླུག་བྱ། །ཡང་ན་ཚ་དང་སྔོ་དག་མིན། །དྲི་ཆེན་དག་དང་གུར་གུམ་དང་། །ཨ་རུ་ར་ཡི་ཕྱེ་མ་དག །དྲི་ཆུ་དང་སྦྱར་སྣ་རུ་བླུགས། །ཟས་ནི་ཆུ་སྐོལ་ལྟོ་སྟོང་ལ། །ཡང་ན་རིམས་གཏར་ཁྲག་དག་སྐམ། །གསོན་ཁྲག་དང་སྦྱར་ལྟོ་རུ་གཏང་། །ཡང་ན་སྒོག་པ་ཆང་དག་གམ། །ལྟོ་སྟོང་མར་ཁུ་རབ་ཏུ་ཤིས། །སྣར་ནི་དྲི་ཆེན་སྲན་ཙམ་གཏང་། །སྦུགས་དྲངས་སྣ་བཙིར་ནང་དུ་དྲངས། །སྔགས་ནི་ཡི་དམ་གསལ་བ་ཡིས། །ས་བོན་མར་མེ་ལྟར་འབར་བའི། །རྩེ་ལ་དུ་བ་ལྟར་ནག་ནད། །བསྲེག་ཅིང་སྔགས་ནི་བཟླ་བར་བྱ། །ཨོཾ་བི་དུག་ལུ་མ་བྲ་ཏི་བེ་རོ་སྭཱ་ཧཱ། །དབུགས་ནང་ཅུང་ཞིག་བསྡམ་པར་བྱ། །དེ་ནས་རིམས་ནད་བཅོས་པ་ནི། །སྨིན་པའི་དུས་སུ་འཚོ་བ་དང་། །སྨིན་པའི་དུས་སུ་འཆི་བ་དང་། །སྨིན་པའི་དུས་སུ་བཅོས་པ་ནི། །ཁྲག་རིམས་མཐུན་ཏེ་གོ་རིམས་བཞིན། །གསུམ་དང་ལྔ་དང་བདུན་དང་དགུ། །བཅུ་གཅིག་དག་ནས་དེ་རྣམས་སོ། །དང་པོར་ཞག་གསུམ་དགུག་པར་བྱ། །དེ་ནས་ཐང་གཏང་སྨིན་དུ་གཞུག །ཕལ་ཆེར་བདུན་དང་དགུ་ན་སྨིན། །ཟུག་ཅིང་ལུས་ནི་ལྕི་བ་དང་། །རིམས་ནི་རིམ་པས་འཇུག་པ་ཡིན། །དང་པོར་བད་ཀན་བཅོས་པ་ནི། །ལྟོ་བཀུག་ཆུ་བསྐོལ་གཏང་བར་བྱ། །བར་དུ་མཁྲིས་པ་བཅོས་པ་ནི། །ཐང་དང་གཏར་ཁ་དག་བྱ་འོ། །ཐ་མ་རླུང་གིས་བཅོས་པ་ནི། །བུར་རྙིང་འབྲས་སམ་འབྲུ་བཅུད་ནི། །བྱ་བ་བཏང་བ་ཤིན་ཏུ་ཤིས། །ལུས་སྨིན་པ་ནི་གཏར་བ་སྟེ། །ལུས་ལྕི་གཉིད་ཆེ་སྐོམ་དད་ཆེ། །བད་ཀན་ལྟོ་ནི་དགུག་པར་བྱ། །ཚ་ཡང་སྦུ་གུར་མཛུབ་མོ་ནི། །ཐུར་གང་བཅུག་པས་གྲང་གྱུར་ན། །བཅུད་དང་ཉལ་བ་འགལ་བ་མེད། །དང་པོ་རྔུལ་ནི་ཚད་རྔུལ་སྟེ། །ཐང་དང་གཏར་རྗེས་རྔུལ་བ་བཟང་། །རྔུལ་བྱུང་ཟུག་ཆོགས་ཤིན་ཏུ་སླ། །ཟུག་ཆེ་རྔུལ་ནི་འཆི་རྔུལ་ཡིན། །བད་ཀན་ལད་ལུད་ཆེ་བ་དང་། །ལྕེ་སྐམ་དང་ག་མི་བདེ་དང་། །སྐྱུག་ཅིང་གྲང་ཤུམ་བྱེད་པ་དང་། །ཟུག་གཟེར་ཆེ་བ་བད་ཀན་ནོ། །
ལྟོ་བཀུག་མ་ནུ་པར་པ་ཏ། །ཡང་ན་མ་ནུ་པུ་ཙེ་ཤེལ། །མགོ་ན་ཨ་བི་ཤ་ཡི་ཐང་། །རླུང་གི་ཁ་བླ་རུས་པ་གཟེར། །གཉིད་མེད་ཟུག་གཟེར་ཆེ་བ་དང་། །སེམས་འཕྱོ་རྣ་བ་འུར་བ་དང་། །རྩ་ཡང་དལ་ཞིང་ཆུ་ཡང་གནག །ལྕེ་ནི་སྐམ་ལ་ནག་པ་དང་། །སྦུབས་སུ་ཐུར་གང་གྲང་བ་ནི། །རླུང་རིམས་ཤ་ཆང་ཤིན་ཏུ་བསྔགས། །ལུས་བཀྲུས་ནས་ནི་ངྷ་ད་ཡི། །མར་གྱིས་བྱུག་པར་བྱ་བ་འོ། །རྒྱས་པའི་ཚ་བ་མིག་སེར་ཞིང་། །ཁ་ཁ་ལུས་སེར་ལྕེ་ཡང་སེར། །ག་པུར་ལྕག་མདའ་(དྲགས་ན་རླུང་བསྐྱེད)གཏང་བར་བྱ། །ཡང་ན་ག་པུར་རྒྱལ་པོ་(ཚད་པ་སེལ་ཏེ་གྲང་བ་བསྐྱེད)སྟེ། །ཅུ་གང་(གློ་ནད་སེལ་ཏེ་གློ་ལ་གནོད)དག་ཀྱང་བློན་པོ་འོ། །རྒྱལ་ཁ་བློན་གྱིས་མ་བསྒྱུར་ན། །ག་པུར་(གྲང་བ་རླུང་ལ་གནོད)ཉིད་ཀྱང་ཚད་པར་འགྱུར། །འབངས་ནི་རྩབས་ཤིང་རྩ་རུ་འདྲེན། །གུར་གུམ་ཚད་པ་འཇུ་བྱེད་པས། །བཞི་པ་དག་ཀྱང་གཏང་བར་བྱ། །
ག་པུར་ཅུ་གང་གུར་གུམ་དང་། །ཏིག་ཏ་པུ་ཙེ་ཤེལ་དང་ནི། །བ་ཤ་ཀ་དང་ཨུཏྤལ་སྔོ། །བདུད་རྩི་བདུན་པ་ཞེས་བྱ་སྟེ། །ཀ་ར་དྲུག་འགྱུར་དག་དང་སྦྱར། །ཁ་བ་ཚ་གསུམ་ཏྲེ་མེན་ཏ། །དརྱ་ཀན་ནི་གཏང་བར་བྱ། །ཡང་ན་མ་ཧཱ་གོ་ར་མ། །གི་ཝང་དང་ནི་བུས་པའི་ཆུ། །ཚད་པ་དག་ལ་ཤིན་ཏུ་བསྔགས། །རྙོངས་ཚད་ཆང་དག་གཏང་བར་བྱ། །དེ་རྗེས་བདུད་རྩི་གསུམ་པ་གཏང་། །ཡང་ན་ཙ་མུའི་ཐལ་བ་དང་། །ཆང་དུ་མཉེས་ལ་གཏང་བར་བྱ། །དྲོ་སར་འདུག་དང་ཆང་འཐུངས་དང་། །བཅུད་ཆེན་ཟོས་པས་སྨིན་པར་བྱེད། །ལྔའམ་བཞི་ན་གཏར་བར་བྱ། །དར་ལ་བབས་ན་མྱུར་དུ་གཏར། །རྒས་དང་བྱིས་པ་དཀའ་ཐུབ་ཅན། །དགུ་འམ་བཅུ་ན་གཏར་བར་བྱ། །ཁྲག་མཁྲིས་ཆེ་ན་མྱུར་དུ་གཏར། །བད་ཀན་དག་ནི་འབྲིང་ཡིན་པས། །ལྔ་འམ་བདུན་ལ་གཏར་བར་བྱ། །སྟོངས་པའི་ཚད་པ་བཅོས་པ་ནི། །ཐམས་ཅད་ཚ་ཡང་ཨ་ལོང་དུ། །མཛུབ་ཐུར་བཅུག་པའི་ཤིན་ཏུ་གྲང་། །བསིལ་གྱིས་བཅོས་པས་མ་ཐུབ་ན། །དྲོད་ཀྱིས་བཅོས་པར་བྱ་བ་ཡིན། །ཚ་གྲང་གཉིས་ཀས་མ་ཕན་ན། །གབ་པའི་ཚད་པ་དག་ཡིན་ནོ། །དང་པོ་ཅུ་གང་ཐང་གཏང་བྱ། །ཆང་གཏང་དེ་ནས་བཅུད་ཀྱང་གཏང་། །སོ་ཕག་ཐང་གཏང་ཐབས་ཀྱི་ནི། །ཡུན་རིང་ས་ཁུ་བགྲུངས་ལ་གཏང་། །འདར་བུ་དག་ལ་བསྲེག་པ་ནི། །འཕར་རྩ་དང་ནི་དྲུག་བདུན་གསང་། །ཚིགས་པ་དག་ཀྱང་བསྲེག་པར་བྱ། །རྨོང་བུ་དག་ལ་བག་རེ་གཏར། །ཕལ་ཆེར་སྨན་གཏང་རྔུལ་དབྱུང་ངོ་། །
ཆུ་ནི་མར་ནག་ཁུ་བ་འདྲ། །ཡང་ཡང་བསྐྱར་ཏེ་བཤལ་བྱ་འོ། །དོམ་མཁྲིས་ལ་སོགས་མཁྲིས་པ་གཏང་། །ཁ་སྣ་ཆུ་འབྲུབ་དྲན་མེད་མྱོས། །ཕལ་དུ་འཆི་བ་ནག་པོ་ཡིན། །མེ་དང་ཉི་མ་དག་དང་ནི། །ཁ་ཟས་སྨྲ་བ་མང་བ་དང་། །ལངས་སྔས་མ་ལྟས་སྤྱོད་པས་ནི། །སྦྱོར་བ་དག་ཏུ་ཤེས་པར་བྱ། །རྗེས་བཅད་ཆང་དང་བཤལ་དང་ནི། །གཟེར་མིག་མེ་བཙའ་དག་དང་ནི། །སྨན་མང་བསྐྱར་བར་མི་བྱ་འོ། །ལེ་བརྒན་ཁྲག་ནི་མ་ཆོད་ན། །རང་རེའི་མཚོགས་མ་དག་གི་སྐྲ། །ཧྲག་ཧྲོག་མེ་ལ་བསྲེགས་པའི་གཞོབ། །སྣ་བུག་ནང་དུ་གཏང་བས་ཆད། །གཞུ་བདུངས་སྨིན་ཕྲག་དག་ཏུ་མནན། །གན་རྐྱལ་བཞག་ལ་ཆུ་མདའ་བརྡེག །མཐེབ་མཛུབ་གང་ཙམ་ཆུ་ཁལ་གཅིག །དེས་ཆག་ཡང་ན་སྣ་ཁྲག་ནི། །སླ་ང་དག་ཏུ་བསྲེགས་པ་ཡི། །ནག་མཚུར་ལྡོང་རོས་སྣ་རུ་བླུགས། །ཡང་ན་སྐྱེར་འབྲུ་བསྲེགས་པ་དང་། །གླ་རྩི་དག་ནི་ཆུ་དང་སྦྱར། །སྣར་བླུགས་པས་ནི་ཆད་པར་འགྱུར། ཁྱི་མཇུག་བསྲེགས་པའི་ཐལ་བ་དང་། །རྔ་མ་རེའུ་བལ་བསྲེགས་པས་ཀྱང་། །མི་རུས་བསྲེགས་པ་དག་དང་ནི། །ཡང་ན་སྦྲ་བ་བསྲེགས་པས་ཀྱང་། །ནག་མཚུར་བསྲེགས་པའི་ཐལ་བ་དང་། །རྒྱ་སྣག་དག་ནི་སྦྱར་བ་བླུགས། །རྩེའུ་འགོ་བསྲེག་དང་གློ་མཆིན་གཉིས། །གང་ཡིན་པ་ཡི་རྩ་གཏར་རོ། །དོམ་མཁྲིས་སྐྱེ་འབྲུ་བསྲེགས་པ་དང་། །སྣ་ཁྲག་བསྲེགས་པ་སྣར་བླུག་གོ ཁོང་པ་དག་ཏུ་གཏང་བར་བྱ། །དེ་རྣམས་བྱས་པས་མ་ཆད་ན། །ཆང་དང་བུར་རྙིང་ལྟོ་རུ་གཏང་། །དེ་ཡིས་ཆོད་པར་ཐེ་ཚོམ་མེད། །སོ་མ་རཱ་ཛ་ལས་མཁྲིས་བཤལ་བཅོས་པའི་ལེའུ་སྟེ་རེ་དྲུག་པའོ།། །།
དེ་ནས་ལོང་ནད་བཅོས་པ་ནི། །རུས་པ་སྣ་ཚོགས་གདུས་པ་ལ། །ཁུ་བ་མར་དང་བསྲེས་པ་ཡི། །འཇམ་རྩིས་ལོང་ནད་རྟུག་སྐམ་སེལ། །འབྲས་བུ་གསུམ་ཡང་དེ་བཞིན་ཏེ། །ཚྭ་སྣའི་སྨན་མར་སྦྱར་བ་ཡི། །འཇམ་རྩིས་བད་ཀན་རྟུག་སྐམ་སེལ། །ཏིག་ཏའི་ཐང་སྨན་སྦྱར་བ་ཡིས། །མཁྲིས་པ་དག་གི་རྟུག་སྐམ་སེལ། །འབྲས་བུ་གསུམ་པོ་ལྟོར་གཏང་བས། །རླུང་ནད་རྟུག་སྐམ་སེལ་བར་བྱེད། །ཁ་རུ་ཚྭ་ཡི་སྦྱོར་བ་ཡིས། །བད་ཀན་དག་གི་རྟུག་སྐམ་སེལ། །ཏིག་ཏ་ག་པུར་བྱེ་མ་ཡིས། །མཁྲིས་པའི་རྟུག་སྐམ་སེལ་བར་བྱེད། །ལྒང་ཕུགས་དག་ཏུ་བླུག་བྱས་ཏེ། །ཆེ་ཆུང་དག་གི་ཚད་དག་ནི། །ཆེ་བ་ཕུལ་དོ་འབྲིང་ཕྱེད་དོ། །ཐ་མ་གང་སྟེ་གཅེ་འུ་སོར། །བཅུ་གཉིས་པ་ཡི་འཁོར་ལོ་ཡི། །གཏང་བ་ཟས་ཟོས་ཅུང་ཞིག་ན། །བཀྲུ་འཇམ་སྨན་མར་སྟེང་དུ་ནི། །སོ་ཆ་དན་ད་དུར་བྱིད་ནི། །ཞོ་རེའི་ཕྱེ་མ་གཏང་བར་བྱ། །ཡང་ན་ཚ་བ་དག་གཏང་ངོ་། །མ་ལེགས་གདོང་སྨུག་ཚ་བས་ལོང་། །ཤུན་པ་བཤུས་ན་སྐྱོན་དུ་འོ། །གྱེན་དུ་ལོག་པ་བཅོས་པ་ནི། །ར་གཉིས་སུ་ནི་མེ་བཙའ་གདབ། །འབྲས་བུ་གསུམ་གྱི་སྨན་མར་དང་། །བུ་རམ་དག་ནི་གཏང་བར་བྱ། །ལོང་ནད་ཚ་བ་འཇུ་སྐེམས་ལ། །ལོང་རྩ་དང་ནི་མཆིན་རྩ་གཏར། །ཨ་རུ་ར་ཡི་བཤལ་དང་ནི། །ཡང་ན་འབྲས་བུ་གསུམ་ཐང་གཏང་། །བ་ལེ་ཀ་ཡི་ཐང་དང་ནི། །འབྲི་རྟ་གཏང་བར་བྱ་བ་འོ། །འཇུ་སྐེམས་ནད་ནི་སྦོ་བ་འོ། །ལོང་ནད་ཆུ་སེར་ཆུ་དང་བསྡོངས། །ལྟེ་བའི་ཟུར་གཉིས་ཚོན་གང་དང་། །འོག་ཏུ་ཚོན་རེ་གཡས་གཡོན་དུ། །ཚོན་རེ་བཅལ་བར་མེ་བཙའ་གདབ། །རྒྱབ་ཀྱི་ལོང་གསང་ཁ་གསུམ་བསྲེག །ཏྲེ་སམ་ཕྱེ་མ་སེའུ་འབྲུ་ཡི། །ཕྱེ་མ་དག་ནི་གཏང་བར་བྱ། །རྩ་བ་ལྔ་ཡི་སྨན་མར་གཏང་། །ཟས་ནི་བཅུད་ལ་བསྟེན་པར་བྱ། །སོ་མ་ཪཱ་ཛ་ལས་ལོང་ནད་བཅོས་པའི་ལེའུ་སྟེ་རེ་བདུན་པའོ།། །།
དེ་ནས་ལྒང་ཕུགས་རྡེའུ་བཅོས་པ་ནི། །ཟས་ནི་བཅུད་ཅན་གཏང་བར་བྱ། །རྐ་ལག་ལ་ཡང་བསྐུ་མཉེ་བྱ། །འབྱིན་ཁར་ཟས་བསྡམ་མར་ཁུ་གཏང་། །དེ་ནས་ཁྲི་གཅིག་བཅའ་བར་བྱ། །རྒྱབ་ནས་སྟོབས་ཅན་གཅིག་གིས་ནི། །ཁྲི་ཡི་སྟེང་དུ་བཟུང་ནས་ནི། །གོས་དག་གཉའ་བའི་གོང་དག་ནས། །སྒྱིད་ཁུང་དག་ཏུ་ཐག་པ་བཏགས། །རྒྱབ་ནས་ལག་པ་དག་གིས་བརྒྱང་། །སྨན་པས་གྲུ་མོ་བདུན་ནས་མནན། །མཛུབ་མོས་ཨ་ལོང་ནང་བཅུག་ནས། །ལྒང་པའི་ཕུགས་ལ་ཨ་ལོང་ནས། །གྱེན་ལ་ཕོ་མཚན་རྩ་རུ་ནི། །གཏན་པ་བྱས་ལ་དྲང་བར་བྱ། །ཆེ་ན་སྐྱུང་བུས་བཅད་ལ་འདོན། །ལར་ན་ཨ་ལོང་ཁ་ན་ནི། །སྲོག་རྩ་གནས་པས་འདོན་པ་སྤང་། །སོར་བཞི་གྱེན་ལ་འབྲས་བུ་བཅལ། །དེ་རུ་གཡས་སུ་གཤགས་ལ་གདོན། །གོས་སམ་སྣམ་བུའམ་དར་རས་ལ། །ལག་གཡས་རེའུ་ལྤགས་ཀྱིས་མནན། །མདོམས་འོག་ཕྱོགས་སུ་བཅིང་བར་བྱ། །
ལག་གཡོན་མཛུབ་མོ་གུང་མོ་ཡིས། །སྣུམ་བསྐུ་སླེབ་ཚད་བསྙག་ལ་ནི། །རྡེའུ་དང་ཕྲད་ན་ཐུར་དུ་དྲངས། །གསང་ཁུང་ཆག་གང་དག་ནས་ནི། །རླིག་པའི་རྩར་ནི་སྐུད་པས་བཅལ། །དེ་ལ་སུམ་བལྟབ་བྱས་པ་ནི། །སུམ་གཉིས་མར་ལ་བོར་ནས་ནི། །སུམ་ཆ་ཡར་བོར་བར་དུ་གསང་། །གཙགས་ཁ་མ་འགྱུར་དྲང་པོར་དྲ། །མཇེ་རྩ་སུམ་ཆ་སུམ་གཉིས་ཏེ། །སྲུབས་ཀྱི་ཐད་ཀར་དྲངས་ལ་འདོན། །འདོན་པ་གྱེན་བས་གྱེན་ལ་འཐེན། །རྩ་དག་ཡོད་མེད་བརྟག་པར་བྱ། །དེ་ལ་ལོག་ནད་བྱུང་བ་ན། །དངུལ་ཟངས་ནང་དུ་རོ་སྨད་ནི། །ཆུ་ཡི་ནང་དུ་གཞུག་པར་བྱ། །བྱིན་གཞུག་དག་ནི་གཏར་བར་བྱ། །ལོང་རྩ་གཡས་པའི་མཐེབ་མོ་ལ། །སྤུ་རྩ་ཆེན་པོ་བསྲེག་པར་བྱ། །ཚིགས་པ་བཅོ་བརྒྱད་པ་ནི་བསྲེག །མཚེ་དང་འོམ་བུ་དག་གིས་ནི། །མར་ཟན་དྲོན་མོས་དུགས་བྱ་འོ། །ཆུ་ནི་མར་འབབ་སྨ་རྩིར་བཟང་། །ལྷ་རྡེའུ་བད་ཀན་ཟགས་པ་སྟེ། །ཀླུ་རྡེའུ་ཕོ་བ་ཟགས་པ་འོ། །ཆུ་ནི་ཁམ་ནག་སྙིགས་མ་ཅན། །པུ་ཙེ་འདྲ་བ་དག་ཏུ་འོ། །
སྤུ་རྡེའུ་མཁལ་མ་ཟགས་པ་སྟེ། །ཆུ་ཡང་སེར་ལ་བྱེ་མ་འདྲ། །ཤ་རྡེའུ་མཆིན་པ་ཟགས་པ་སྟེ། །ཁྲག་ནི་དམར་རམ་སྨུག་པ་འོ། །འཕྱོ་རྡེའུ་ཐེའུ་རང་དག་གིས་ཏེ། །ཆུ་ཡང་སྔོ་ལ་སྤུ་འདྲ་འོང་། །མི་གཙང་བ་ལས་གྱུར་པ་འོ། །མཉེ་ཐབས་ཁྲི་ཡི་སྟེང་བཞག་སྟེ། །རྒྱབ་ནས་སྣམ་བུ་དང་རས་ཀྱིས། །ཐག་པས་དམ་པོར་བྱས་ནས་ནི། །མཉེ་བ་དག་ཀྱང་དཔྱད་ལ་མཉེ། །ཚད་པ་སྐྱེས་ན་ཤ་ཆང་སྡོམ། །ཚོད་དང་སྦྱར་ལ་གདོན་པར་བྱ། །རྣག་རྡེའུ་ཤ་རྡེའུ་མཉེ་བར་བྱ། །གསག་མ་དག་ནི་གཉེས་ནས་དབྱུང་། །སྦུ་གུ་དག་ཏུ་གདོན་པར་བྱ། །གལ་ཏེ་སྦུ་གུར་མ་ཐོན་ན། །གར་བྱུང་དག་ཏུ་གདོན་པར་བྱ། །མཇེ་ཡི་སྐེད་པར་མ་ཐོན་ན། །སྲུབས་སུ་འཁོར་ལོའི་ལྐོག་ཏུ་ནི། །དམ་དུ་བཙིར་ལ་སྲུབས་སུ་འདོན། །ལོག་ན་ལོང་རྩ་གཏར་བར་བྱ། །
ཆུ་ཡི་ནད་དག་བཅོས་པ་ནི། །ལྒང་ལྤགས་ལོག་པ་ཁུགས་བྱས་ཏེ། །སྦུར་པ་བསེ་སྦུར་དཀར་པོ་དང་། །མར་དང་ལྡེ་གུ་བྱས་ལ་གཏང་། །ཡང་ན་ཆུ་དག་ནག་པོ་དེ། །ཆུར་མཉེས་བྱུགས་ན་ཞི་བར་འགྱུར། །ཡང་ན་སྦུར་པ་ཤུན་པ་བོར། །དཀར་པོ་དག་དང་རྒྱ་ཚྭ་དང་། །སུག་སྨེལ་དག་དང་སྦྱར་ལ་གཏང་། །དམར་པོ་ཁྲོ་གཉེར་ཅན་གྱི་ཤ །སུག་སྨེལ་ཀ་ཀ་རུ་དང་ནི། །སྦྲང་རྩིའི་ལྡེ་གུ་བྱས་ལ་གཏང་། །ཡང་ན་རྒྱ་ཚྭ་སྡིག་པ་དང་། །སྲིན་བུ་དོམ་མཁྲིས་གཏང་བར་བྱ། །མི་ཡི་མགོ་བོ་འདག་མའི་ཐལ། །ལྕམ་པའི་ཐང་དང་སྦྱར་ལ་གཏང་། །ཡང་ན་རྒྱ་ཚྭ་སྡིག་པ་དང་། །པི་པི་ལིང་དང་བྱང་པ་དང་། །དོམ་མཁྲིས་དག་དང་སྦྱར་ལ་གཏང་། །ལྕམ་པའི་ཐང་ནི་མཆོག་ཏུ་འོ། །སྣུམ་མར་རྒྱ་ཚྭ་སུག་སྨེལ་གཏང་། །རྒྱ་ཚྭ་ཤིང་ཚྭ་ཁ་རུ་ཚྭ། །སྡིག་པ་དང་ནི་སྲིན་བུ་དང་། །ཐིང་ཤུན་ནོར་བུ་སྦུར་ལེན་དང་། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །ཕོ་མོ་གཉིས་ནི་སྤྱད་ན་ཕན། །ཕོ་ལ་མོ་ཡི་སྤུ་གཞོབ་དང་། །མོ་ལ་ཕོ་སྤུ་གླན་ན་ཕན། །གླང་རྭ་གཡས་ཀྱིས་སྐྱེས་པའི་སེལ། །གཡོན་པས་བུད་མེད་ཆུ་སྡོམ་སེལ། །ལོང་ནས་ཐུར་གང་བསྲེག་པ་དང་། །མཐེབ་མཛུབ་རྐང་པའི་བར་དུ་བསྲེག །སོ་མ་རཱ་ཛ་ལས་ལྒང་ལྤགས་བཅོས་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།
དེ་ནས་བསམ་སེའུ་བཅོས་ཐབས་ནི། །རླུང་གིས་ཤེས་པ་འཕྱོ་བ་བཅོས། །ཏྲེན་སམ་ཕྱེ་མ་བྲག་ཞུན་དང་། །ཆང་དང་ལུག་ཤ་རྒྱུན་དུ་གཏང་། །སྔོ་དང་དྲོད་དང་ཉ་ཤ་སྤངས། །ལྟེ་བ་དག་ནས་ཚོན་གང་ནི། །གྱེན་ལ་བཅལ་བར་བསྲེག་པར་བྱ། །གླུམ་ཉེའུ་བུ་རམ་བཏབ་པ་གཏང་། །ཤུ་མོ་ཟྭ་དང་བུ་རམ་དང་། །འབྲས་བུ་གསུམ་དང་བཅུད་ཅན་གཏང་། །ཆུ་ཚན་བསྟེན་ལ་བུ་རམ་དང་། །ཁ་རུ་ཚྭ་ཡི་ཐང་གཏང་སྟེ། །ཡང་ན་ཚྭ་སྣའི་ཕྱེ་མ་དང་། །བུ་རམ་སྒ་དང་ཁ་རུ་ཚྭ། །ཆ་སྙོམས་དག་ནི་གཏང་བར་བྱ། །ཆུ་སེར་དག་ལ་གུ་གུལ་བཤལ། །སེང་ལྡེང་གི་ནི་ཕྱེ་མ་གཏང་། །ཡང་ན་བུ་རམ་ཆང་དང་ནི། །གྲུ་མོས་སླེབ་པའི་འོར་སྒོ་བསྲེག །བྲེ་གའི་སྨན་མར་གཏང་བར་བྱ། །
ཚ་བ་དག་ལ་ག་པུར་ནི། །ཉི་ཤུ་རྩ་ལྔའི་ཕྱེ་མ་གཏང་། །ཀྱི་ལྕེ་བ་ཡི་ཐང་དག་དང་། །དར་ཡ་ཀན་གྱི་ཕྱེ་མ་གཏང་། །ཡང་ན་འབྲི་རྟ་དག་ཀྱང་གཏང་། །གཏར་ག་བག་རེ་བྱ་བ་འོ། །བསྲེག་པ་དག་ནི་སྤང་བར་བྱ། །ཚབས་ནད་བུད་མེད་དག་ལ་འོ། །སྟོད་ན་ཚད་པ་རླུང་འདྲེས་ལ། །གཏར་ཞིང་རླུང་བཅོས་དག་བྱ་སྟེ། །བྲག་ཞུན་བཏུལ་བ་དག་དང་ནི། །པི་པི་ལིང་དང་ཁ་རུ་ཚྭ། །རྒྱམ་ཚྭ་ཕ་བ་ཕུག་མུར་དང་། །བུ་རམ་དག་དང་སྦྱར་ལ་གཏང་། །ཁྲག་དང་ཆུ་སེར་འཐབ་པ་ལ། །རྩ་བཤལ་དག་ནི་ཤིན་ཏུ་ཤིས། །ནེ་གུ་ཆུང་དང་ཕོ་བ་རིས། །གླ་སྒང་དག་དང་བྲག་ཞུན་དང་། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །རྦོ་གའི་ལོ་མ་དག་དང་ནི། །རྩ་བ་གྲིབ་སྐམ་བྱས་ནས་ནི། །སྨན་མར་བྱས་ལ་གཏང་བར་བྱ། །
ཁ་ཡོ་ཚ་བ་གསུམ་དང་ནི། །ཁ་རུ་ཚྭ་ནི་བཏབ་བཏང་ན། །ཟླ་མཚན་འཛག་དང་འཁྱིམས་པ་ནི། །ཚིགས་གཞི་ན་བ་ཞི་བར་བྱེད། །བ་སྦྲུ་བ་ནི་དཀར་པོའི་ཕྱེ། །ཞོ་ལ་བཏབ་གཏང་ཕན་པར་འགྱུར། །ཤུ་མོ་ཟྭ་དང་ཟི་ར་དང་། །ལུག་ཐུག་བཅད་པའི་འབྲས་བུ་དང་། །རིལ་བུ་བུ་རམ་དང་སྦྱར་གཏང་། །སྨད་དུ་ཁྲག་ཞམ་ལུད་པ་དང་། །དུགས་ཀྱིས་མཆོག་ཏུ་ཤིས་པ་འོ། །ཁ་རུ་ཚྭ་དང་གཟེ་མ་དང་། །ལྕ་བ་དག་གི་ཁཎྚ་གཏང་། །མངལ་དུ་ཁྲག་ནི་ཆགས་པ་ལ། །རྩ་བཤལ་དག་ནི་མཆོག་ཏུ་འོ། །རྩ་བ་ལྔ་ཡི་སྨན་མར་ནི། །གཏང་བ་མཆོག་ཏུ་བསྔགས་པ་འོ། །སྨད་ཀྱི་ཁྲག་དག་མི་ཐུབ་ན། །རྒྱ་སྤོས་དག་དང་བྲག་ཞུན་ནི། །གཏང་བས་འཛག་པ་ཆད་པར་རོ། །
འབྲི་མོག་བཙོད་དང་དོམ་མཁྲིས་གསུམ། །སྦྲང་གི་ལྡེ་གུ་བྱས་པ་ཡི། །ཤིང་མངར་འབྲས་ཀྱི་ཕྱེ་མ་དང་། །སྦྲང་རྩིའི་ལྡེ་གུ་བྱས་པས་ཆད། །སྐྱེས་པ་ནུས་པ་ཟད་པ་དང་། །ས་བོན་རྒྱུན་དུ་འཛག་པ་ལ། །ནས་ཟན་ཤ་དང་བུ་རམ་སྦྱར། །ཡང་ན་ནས་ཟན་ད་བྱིད་ཤ །བུ་རམ་དག་ལས་སྦྱར་ལ་གཏང་། །མངལ་ངུ་རླུང་དག་ཞུགས་པ་ལ། །རུས་མར་འབྲས་བུ་གསུམ་དང་ནི། །རྩ་བ་ལྔ་ཡི་ཕྱེ་མ་གཏང་། །ཡང་ན་སྒོག་སྐྱའི་སྨན་མར་གཏང་། །རི་བོང་ཁྲག་དང་མར་རྙིང་སྦྱར། །སྣ་རུ་ཐིགས་པ་རེ་རེ་བླུག ཁོང་དུ་བུས་པ་ལུས་པ་ལ། །རྫ་གསར་ཆུ་ནི་བསྐོལ་ནང་དུ། །ལྕགས་དག་སོལ་པར་བསྲེགས་ནས་ནི། །སོ་བཏང་ཆུ་སྐོལ་ཡང་ཡང་གཏང་། །བྱི་བ་ཟིན་ང་སྦྲུལ་ཤ་དང་། །ཡང་ན་ཨ་ཤྭ་གནྡ་དང་། །རྒྱ་ཚྭ་སྡིག་པ་སྲིན་བུ་དང་། །མདོར་ན་མགོ་བོ་ཐུར་དུ་བསྟན། །རྐང་པ་དག་ནས་ཁུར་ལ་སྤྲུགས། །ཤི་བ་དག་ཀྱང་བལྟས་བྱས་ཏེ། །གྲང་ན་ཤི་བ་དག་ཡིན་ཏེ། །མཚོན་གྱིས་གཏུབས་ལ་དབྱུང་བར་བྱ། །ཤ་མ་འཐོགས་པ་དག་ལ་ནི། །སྡིག་པ་སྲིན་བུ་རྒྱ་ཚྭ་དང་། །རྒྱ་རུ་བསེ་རུ་གྭ་དོར་དང་། །བུ་རམ་སྦྱར་ལ་གཏང་བར་བྱ། །ཚ་བ་ཆེ་ན་གཏར་བར་བྱ། །ཁྲག་སྐྲན་དག་ལ་རྩི་བཤལ་གཏང་། །ཤེད་ཆུང་ཁ་རུ་ཚྭ་དང་ནི། །པི་པི་ལིང་དང་རྒྱམ་ཚྭ་དང་། །བྲེ་ག་དང་ནི་བྲག་ཞུན་དང་། །བུ་རམ་དག་དང་སྦྱར་ལ་གཏང་། །བུ་མོ་ཤ་སྟག་སྐྱེ་བ་ལ། ཁྱེའུ་གསུམ་སྐྱེས་པའི་ཁྱིམ་ནས་ནི། །ནས་དཀར་འབྲས་དག་བླང་བར་བྱ། །ལུ་གུ་ཕོ་ཐུང་ཞོ་དག་གིས། །འདག་པ་དག་ནི་བྱ་བ་འོ། །
དེ་ནས་མི་གཟུགས་ཕོ་མཚན་ཅན། །སྙིང་གར་མུ་ཏིག་བྱེ་རུ་གཞུག །འོ་མ་ཕུལ་གང་ཇུར་མིད་བྱ། །ཁྲུས་བྱས་གཡས་པ་ཆུ་རུ་གཞུག །སྟོད་ཀྱི་ཆུ་སེར་གུ་གུལ་བཤལ། །པ་ཏོ་ལ་དང་ནིམ་པ་དང་། །ཐ་ཀར་རྡོ་རྗེ་དག་དང་ནི། །གསོ་མ་ར་ཙ་བུ་རམ་མམ། །སྦྲང་རྩི་དག་གི་ལྡེ་གུ་གཏང་། །གློ་རྩ་རྩེའུ་ཆུང་གཏར་བར་བྱ། །བར་ཚབས་ཚྭ་སྣ་ཐུར་མས་བཅོས། །སྨད་ཚབས་འཇམ་རྩི་དག་གིས་བཅོས། །སྐྱེས་པའི་ས་བོན་དྲག་ཏུ་འགྲོ། །རྩ་བཤལ་དག་ནི་མཆོག་ཏུ་འོ། །འབྲས་བུ་གསུམ་གྱི་ཐང་བཤལ་གཏང་། །རྩ་རྣམས་ཁྲག་ནི་མི་མང་གཏར། །ཆང་གཏང་རྗེས་ལ་གཏར་བ་འོ། །དངུལ་ཆུ་དག་དང་སྦྱར་བ་ནི། །མུ་ཟི་ར་མཉེ་ཉེའུ་ཤིང་བ། །བསེ་རུ་ཙཎྜན་སྦྲང་རྩི་གཏང་། །ཡང་ན་མུ་ཟི་པི་པི་ལིང་། །ཚད་ལྡན་དག་ནི་གཏང་བར་བྱ། །ཡང་ན་མུ་ཟི་བྲག་ཞུན་གྱི། །ཕྱེ་མ་པི་པི་ལིང་དག་གཏང་། །ཁྲག་སྐྲན་ལ་ནི་ཤུ་མོ་ཟྭ། །སོ་མ་ཪཱ་ཛ་ལས་བསམ་སེའུ་བཅོས་པའི་ལེའུ་སྟེ་རེ་དགུ་པའོ།། །།
དེ་ནས་མ་ཞུ་བཅོས་པ་ནི། །དྭངས་མ་མ་ཞུ་བཅོས་པ་ལ། །གློ་རྩ་སྣོད་རྩ་མཆིན་རྩ་གཏར(བརྡེག་པའི་ཐབས་ནི་གཉིས་ཡོད་དེ། །ནང་རྡོལ་དང་ནི་འཕྲེད་རྡོལ་ལོ། །ཤམ་ཐངས་བར་གྱི་སྐྲན་དང་ནི། །ཁྲག་མཁྲིས་བར་ན་གནས་པ་དང་། །རླུང་གི་མཆོག་ཏུ་སྦོས་པའོ)། །བཤལ་དང་སྐྱུག་དང་གཏང་བར་བྱ། །མ་ཞུ་སར་པ(ཤམ་ཐངས་བར་གྱི་ཆུ་སེར་དང)ཚད་པ་དང་། །བསྡོང་བ་བསིལ་གྱིས(བར་འཕྲེད་ལ་བརྡེག་པ་ཤིན་ཏུ་གཅེས)བཅོས་པར་བྱ། །སྙིགས་མ་དག་ནི་བཤལ་གྱིས་བཅོས། །དྲོད་ལ་བསྟན་ཏེ་ཚྭ་སྣ་གཏང་། །མ་ཞུ་སྐྲན་དུ་འདྲིལ་བ་ལ། །ཐུར་མ(བརྡེག་པའི་གནས་ཀྱང་ལྔ་ཡིན་ནོ། །མགོ་དང་ཡན་ལག་ཤམ་ཐངས་བར། །དོན་སྙིང་རང་ལུས་རྣམས་ལའོ)དག་ཀྱང་བརྡེག་པར་བྱ། །སྐེ་ཡི་ལྟོང་ལྟོང་པོ་དག་ནས། །ལྷེན་སྣ་དག་ཏུ་དེ་ནས་འཐེན། །དེ་ནས་ཕན་ཚུན་ཚོན་གང་ནི། །ཕུན་གཞལ་དག་ཏུ་དྲུག་དྲུག་སྟེ། །བཅུ་གཉིས་པ་ནི་ནུ་མ་ནས། །སྒྲོག་རུས་བར་དུ་གྲུ་གསུམ་ཐིག །གསུམ་གསུམ་མིག་ལ་ཐུར་མ(མར་འཕྲེད་ལ་བརྡེག་པ་ཤིན་ཏུ་གཅེས)བརྡེག །
གློ་སྙིང་འདོམས་པའི་ཐུར་གསང་སྟེ། །ནུ་ནས་ཐུར་རེ་འོག་ཏུ་བཅལ། །གཡས་གཡོན་ཕོ་མོ་སོ་སོ་སྟེ། །སྙིང་གསང་ཐུན་མོང་མ་ཡིན་པ། །གདོང་དུ་ཆུ་ལྕག་ཐུར་མ་བརྡེག །རྒྱབ་ཀྱི་ཚིགས་པ་བཞི་པ་ནི། །ཁ་ནི་ལྔ་པ་བདུན་དུ་གདབ། །གློ་ནི་མ་དང་བུ་གསང་ངོ་། །དྲུག་དང་ལྔ་དང་བདུན་པ་གསུམ། །སྙིང་དང་སྲོག་རྩའི་གསང་ཚད་ནི། །ཐུར་རེ(མཁྲིས་པ་རྒྱས་པ་དེ་ལ་ནི)དག་ནི་མཐར་ཐུག་པའོ། །བད་རླུང(གཤམ་དག་ལ་ཡང་ཉེས་པ་གཅིག)གློ་ལ་ཞུགས་པ་དང་། །སྐྲན་དང་གློ་སྙིང(མེད)ཆུ་ཤོར་དང་། །གློ་སྙིང་སྟོད(ལུས་སྟོད་རིས་མེད་དུ)དུ་རླུང་འཁྱིམས་དང་། །མ་ཞུ་རླུང(ས་འཁྱིམས་དང་གཅིག)སྟེ་སྙིང་རླུང་དང་། །སྙིང་གི་ནང་དུ(མགོ་ལ་བད་ཀན་མཐར་རྣག་དང་གཅིག)རླུང་འཁྱིམས་དང་། །ལྦུ་བས་གང་དང་ཆུ་སེར(དེ་བཞིན་ཆུ་སེར་འཁོར་བ་དང)ཞུགས། །སྨྱོ་ཞིང་འབོག་ནད་སེལ་བར་བྱེད། །བརྡེག་ཐབས(ལུས་པོ་བྱིན་ཏེ་མི་དེ་བཞིན་བརྡེག)མཐེབ་འགྲོས་དག་གིས་བྱ། །གཡུལ་ཐབས(ཁྲག་ནད་ལྷག་པས་སྐྱེ་སྟེ)དག་ནི་མཁས་པ་སྟེ། །བརྒྱད་པ་མཆིན་དྲིའི(མཆིན་པ་ལ་ཡང་བག་བྱ་བ་གྲང་སྐྲན་རྒྱས་ན་མཁལ་མ་ལ་བརྡེག་ཅིང)གསང་ཡིན་ནོ། །དགུ་པ་མཆིན་པའི་གསང་ལ་ནི། །ལྔ་ལྔ་དག་ནི་གདབ་པར་བྱ། །ཐུར་གསང་དག་ནི་བཅུ་དག་སྟེ། །མཆིན་དྲིར(མཆིན་པ་ལ་ཡང)བད་ཀན་ཞུགས་པ་དང་། །ཆུ་ཚན་སྐྱུགས་དང་དྲོད་ཉམས་སེལ། །མདུན་གྱི་ལྷེའུ་སྣ་དག་ན། །མཛུབ་ཐུར་གང་དང་གཡས་གཡོན་དུ། །ཁ་གསུམ་ཕོ་བའི་ཁ་གནོན་གདབ། །ཟུར་ན་སྦྲུལ་མགོ་གཉིས་ཡོད་ཏེ། །དེར་བཏབ་མོད་ལ་འཆི་བར་འགྱུར། །དེ་འོག་མཐར་ནི་བཞི་བཞི་སྟེ། དབུས་དང་དགུ་ལ་ཐུར་མ་གདབ། །དེ་འོག་ལྔ་ལྔ་དབུས་གཅིག་གོ །དེ་ཡི་མཐའ་ནི་གཉིས་གཉིས་ཏེ། །དབུས་དང་ལྔའམ་གསུམ་དུ་འོ། །
རྫེམས་ཀྱང་མཆོག་ཏུ་སྤང་བ་སྟེ། །ཁྲག་ལུད་མཁྲིས་པར་ལུད་ན་འཆི། །དབུས(རིང་ན་མཆིན་པ་ལ་བསྡུ)སུ་མཛུབ་གང་མཐའ་མར་བསྡུ། །ཆུ་ཚན་སྐྱུགས་དང་ཟས་མི་འཇུ། །སྐྲན་དང་དམུ(མཁྲིས་པ་སུརྱ་རྦོད་པར་བྱ)དང་ཉམ་ཆུང་དང་། །ཤ་བཀྲག(སྐྲན་དག་ལ་ཉེས་པ་མེད)ཉམས་དང་དྲེག་ནད་འཇོམས། །བཅུ་པ་མཁྲིས་པའི་གསང་དག་ལ། །ཐུར་མ་དག་ཀྱང་སྤང་བར་བྱ། །བཅུ་གཅིག་མཆེར་གསང་ཁ་གསུམ་སྟེ། །བཅུ་གཉིས་ཕོ་བའི་གསང་དག་ལ། །བཅུ་གསུམ་པ(མཁལ་མ་དག་ལ་སྤང་བར་བྱ)ལ་གཡས་དང་ནི། །གཡོན་དུ་བཞི་བཞི་དབུས་དང་དགུར། །ཚད་(མཁལ་ཚིལ་དག་ལ་ཉེས་པ་མེད)ནི་ཐུར་གང་མཐར་ཐུང་སྟེ། །ཐལ་ན་མཆིན་པ(རང་ལ་སྤང་བར་བྱ)དག་ལ་འགྲོ། །བུ་ཆད་ས་བོན་ལུག་པ་དང་། །ལྡང་མི་ནུས(གློ་བུར་རྐྱེན་གྱིས་སྣད་པ་ལ། །ཕལ་ཆེར་ཐུར་མ་སྤང་བར་བྱ)དང་ཟླ་མཚན་འཛག །སྒྲེགས་དང་ཟས་མི་འཇུ་བ་དང་། །སྦོ་འཁྲུ་འཁྲོག་དང་སྐྱུགས་པ་དང་། །དེ་དག་ཀུན་ལ་ཕན་པར་འགྱུར། །ནུ་མ(ཕོ་བའི་ཚད་ལ་ཕལ་ཆེར་ཡང་། །རྩེ་སོར་ལྔ་རུ་ཤེས་པར་བྱ། །ཡང་ན་སྐྲན་གྱི་ཚད་དང་སྦྱར)གཡོན་ནས་ཆག་གང་བཅལ། །རྩིབ་ཐུང་འོག་ན་མཆེར་གསང་ཡོད། །ནུ་མ་གཡས་ནས་ཆག་གང་བཅལ། །རྩིབ་ཐུང་འོག་ན་མཁྲིས་པ་ཡོད། །རླུང་དང་གྲང་སྐྲན་གཡོན་ནས་འོང་། །ཚ་སྐྲན་གཡས་ན་འོང་བ་སྟེ། །ཚ་གྲང་སྐྲན་འཇུག་འོག་དག་གོ །ཚིགས་པ་བཅུ་བཞི་གཡས་དང་གཡོན། །ལྔ་ལྔ་དབུས་དང་བཅུ་གཅིག་སྟེ། །ཆར་ནི་ཐུར་གང་མཐར་ཐུང་བའོ། །
མཁལ་ཚིལ་འཁྱགས་དང་སྐྲན་དང་ནི། །ཆུ་སྲི་བ་དང་ཆུ་འཐུམས་དང་། །འཁྲོག(མཁལ་ཚིལ་དག་ལ་ལྷོས་པ་མེད)དང་རྩ་ནད་གྲང་བ་དང་། །རླུང་ནད་བུ་ཆད་ཟླ་མཚན་འཛག །མཚན་མ་འཆུས་ན་མི་རུང་དང་། །མཁལ་རྐེད་ན་བ་སེལ་བར་བྱེད། །མཁལ་མ་གཉིས་ནས་ཆག་གང་བཅལ། །གྱེན་ལ་མཆིན་པའི་ཁྲག་ཟུར་ཡོད། །དེ་ཡི་ཚད་ནི་སོར་གསུམ་མོ། །མཆིན་པ(གྲང་སྐྲན་རྒྱས་པ)རྡོ་བཞིན་མཁྲང་བ་དང་། །འོར་དུ་ལྷུང་བ(བསིལ་སྤང)མཁལ་རྐེད་ནད། །ཚིགས་པ་བཅུ་བཞིན་ནས་ཆག་གང་། །དཔྱི་ཡི་ཁ་གཟར་སྟེང་དུ་བཅལ། །མཁལ་རྩ་ནེ་གུ་དག་ཡོད་དེ། །མཆིན་པར་བབས་དང་ནོར་བ་ཡོད། །དེ་ནི་ནུ་མ་གཡས་གཡོན་ནས། །ཐུར་དུ་སོར་བདུན་བཅལ་བ་ན། །མདུན་གྱི་ལྟེ་བ་ཕྱི་ཟུར་དང་། །ནང་ཟུར་མཚོན་རེ་ལོང་སྟོད་ནས། །གཡས་གཡོན(ཆུ་སེར་ཚད་པ་རེངས་པ་ལ་དམུ་ཆུ་ཡང་ཁྲུས)ཆག་གང་གསང་ཆེན་ཏེ། །ལྟེ་བའི་ཐད་ཀར་ཚོན་གང་དང་། །གཡས་གཡོན་ཟུར་གཉིས་ལོང་སྨད་གསང་། །ལར་ན་ལྔ་རུ་ཤེས་པར་བྱ། །ཚད་ནི་ཐུར་རེ་མཐེབ་ཚོན་རེ། །རླུང་ལོག་པ་དང་གླང་ཐབས་དང་། །སྐྲན་དང་འཁྲུ་བ་དག་སེལ་ལོ། །ཡན་ལག་དག་གི་ཐུར་མ་ནི། །ཚིག་མིག་ཉྭ་ཡི་སུལ་དག་དང་། །རྐང་པ་དག་ཏུ་གདབ་པར་བྱ། །ཚིགས་དང་རྩ་དང་ཆུ་རྒྱུས་ལ། །ཐུར་མ་གདབ་པར་མི་བྱ་འོ། །ཚིགས་འཁུམས་ཆུ་སེར་འོར་དུ་ལྷུང་། །གྲང་བ་དག་ལ་མཆོག་ཏུ་བསྔགས། །(ཕོ་བ་ལ་སོགས་སྣོད་རྣམས་ལ། །འཛེམ་ལ་མཆོག་ཏུ་སྤང་བར་བྱ། །ལྕགས་དྲེག་དྲག་པོ་རྣམས་དང་ནི། །གྲང་སྐྲན་མཆོག་ཏུ་རྒྱས་པ་ལ། །དེ་རྣམས་ལ་ནི་བརྡེག་པར་བྱ)ལར་ན་དོན་སྣོད་ཐུར་མ་ནི། ཁོང་ན་མཚོན་ཡོད་ཚད་རོ་དང་། །དུག་དག་ལུད་པ་ཁྲག་ཏུ་འོང་། །སྣ་ཁྲག་རྟག་ཏུ་འཛག་པ་དང་། །ཚད་ནད་ཡོད་ན་སྤང་བར་བྱ། །རླུང་ལོག་རླུང་དང་ཚད་པ་འོ། །
རླུང་ལ་བསྐུ་མཉེ་བུ་རམ་དང་། །ཆང་དང་ཤ་མར་རྙིང་པ་དང་། །ཚད་པ་ལོག་ན་གཏར་དང་ཐང་། །བསིལ་གྱིས་བཅོས་པར་བྱ་བ་འོ། །ཐུར་མ་གསེར་དང་ཟངས་མ་དང་། །ལྕགས་ལ་བྱ་བར་ཤིས་པ་འོ། །ཚད་ནི་མཐོ་གང་མཛུབ་མོ་གང་། །རྩེ་སོར་བདུན་པར་བྱ་བ་འོ། །དབྱིབས་ནི་ཆུ་གྲི་ཟུར་གསུམ་དང་། །འབྲས་འདྲ་སྦལ་མགོ་ནས་འདྲ་འོ། །བརྡེག་ཐབས་ཐོད་སྐོར་རྟ་དགབ་དང་། །གཡུལ་ཐབས་དག་ཏུ་བརྡེག་པར་བྱ། །ཁབ་འདྲ་བྲ་བོ་འདྲ་དག་གི །མིག་གི་ནད་དག་སེལ་བར་བྱ། །མིག་དང་རྩ་མིག་དག་ལ་བྱ། །བརྡེག་ཐབས་ཐོད་སྐོར་རྟ་དགབ་བོ། །རླུང་དང་མཁྲིས་པ་བད་ཀན་གྱི། །མ་ཞུའི་འབྲས་བུ་མིག་དག་ལ། །ལིང་ཏོག་དག་ཏུ་འཁྱིལ་བ་འོ། །གསལ་བར་མི་ནུས་གསུམ་ཡིན་ཏེ། །ཞོ་ལྟར་འཐོར་བ་དག་དང་ནི། །རྒྱ་མཚོ་གཏིང་དུ་ཟུག་པ་དང་། །འོ་མ་ལྟ་བུར་མ་རེད་པའོ། །
དབྱེ་བར་མི་བཏུབ་པ་ལ་ནི། །ལེགས་པར་སྨིན་ཅིང་མཐོང་བ་མེད། །ཞོ་ལྟར་འཐོར་བ་སྐྱ་ལོང་གི ། འབྲས་བུ་ཤེལ་འདྲ་སྤྲིན་འདྲས་ཁྱབ། །གཏིང་ཟུག་གཟེར་བས་འབྲས་བུ་གཏོར། །དེ་གཉིས་དབྱེ་བར་མི་ནུས་ཏེ། །མ་རེད་རབ་རིབ་མཐོང་བ་སྔོ། །ལིང་ཏོག་མ་སྨིན་ལྡོག་པར་འགྱུར། །དབྱེ་བའི་རིགས་ནི་འདི་ལྟ་སྟེ། །སྨིན་པ་མཐོང་མེད་ཞག་འཁྱིལ་འདྲ། །ཡང་ན་གོང་སྐྱའི་ཐིགས་པ་འདྲ། །འདྲིལ་ཞིང་ཅུང་ཙམ་སེར་བ་འོ། །མཆིན་པ་དག་ལ་བད་ཀན་གྱིས། །མ་ཞུ་རླངས་པ་ལིང་ཏོག་གོ །བད་ཀན་དག་ནི་དཀར་པོ་སྟེ། །མཁྲིས་པ་ཅུང་ཙམ་སེར་བ་འོ། །རླུང་ནི་ལུང་ཐང་ལྟར་ནག་སྟེ། །ཁྲག་གི་འབྲས་བུ་ར་རི་དམར། །སྨིན་པ་དབྱེ་བ་བར་ཆད་བསལ། །གཏར་ཁ་བྱས་དང་ཆམ་པ་དང་། །ལུད་པ་རྣག་འཛག་དབྱེ་མི་བྱ། །འཁྲུ་དང་སྐྱུག་པ་དབྱེ་མི་བྱ། །སྣ་མིག་མགོ་གཟེར་མི་དབྱེ་འོ། །
ཐུན་མོང་དག་གི་དུས་སུ་ནི། །དཔྱད་དུས་ཟས་ནི་ཟོས་པ་ལ། །ས་གཞི་གཙང་མའི་སྔ་དྲོ་ལ། །སྨན་པ་མཉམ་པའི་ཁྲི་ལ་འདུག །ནད་པ་འདུག་ཅིང་བསྡམ་བྱས་ལ། །དར་དང་ཤམ་བུས་བཅིངས་བྱས་ལ། །ཁ་ཡི་དབུགས་ཀྱིས་དུགས་བྱས་ཏེ། །མཐེབ་མོས་མིག་ནི་མཉེས་བྱས་ལ། །ནད་ནི་གཡོ་བར་མཐོང་བ་དང་། །མི་འགུལ་བར་ནི་མགོ་བཟུང་ནས། །རང་གི་སྣ་རྩེར་བལྟ་བཞིན་དུ། །ནག་པོ་སོར་ཕྱེད་མ་གཏོགས་ཤིང་། །མིག་འགྲམ་བཞི་ཆ་དོར་བར་དུ། །མཛུབ་མོ་གུང་མོ་མཐེ་བོང་གིས། །མགོ་ནི་དམ་དུ་བཟུང་ནས་ནི། །རང་གྲུབ་བུ་ག་ནས་ཕྱེད་དུ། །དཀར་པོའི་དཀྱིལ་དུ་དབུག་པར་བྱ། །གཟུགས་ཤིང་གྱེན་ལ་བསྐོར་བ་ནི། །མིག་གཡོན་ལག་པ་གཡས་ཀྱིས་དབུག །མིག་གཡས་ལག་པ་གཡོན་པས་དབུག །ལེགས་པར་ཕུག་ན་སྒྲ་ཡང་འབྱུང་། །ནད་མེད་ཆུ་ནི་ཉུང་བར་དབྱུང་། །དེ་ནས་ནད་པ་དབུགས་ཕྱུང་ལ། །མིག་ཏུ་ནུ་ཞོ་བླུག་པར་བྱ། །
ལར་ན་ཐུར་གང་ཕྱེད་གཏང་སྟེ། །ཁད་ཀྱིས་གྱེན་ལ་བསྐོར་བར་བྱ། །དེ་ནས་ལིང་ཏོག་བྱབ་པར་བྱ། །ལན་ཅིག་བྱབ་ལ་བལྟ་བར་བྱ། །དེ་ནས་ལུས་ན་ལན་གཉིས་བྱབ། །ལན་གསུམ་བསྐོར་ལ་བྱབ་པར་བྱ། །དཀྱིལ་གྱི་མུན་པ་མི་བཤིག་ཅིང་། །རྩ་ཡི་རྩ་རིས་མ་ཆད་པར། །ཕར་གྱི་དྭངས་པའི་ཆུ་ལ་བསྐོར། །ལིང་ཏོག་ལྤགས་ལ་འབྱར་བས་རྙིལ། །དབུགས་བསྡམས་ནས་ཀྱང་བལྟ་བར་བྱ། །གལ་ཏེ་སྒྲ་ལོག་བྱང་བར་བྱ། །དེ་ནས་གཟུགས་མཐོང་གསལ་བ་ན། །ཐུར་མ་རིམ་གྱིས་དབྱུང་བར་བྱ། །ཆུ་ཤོར་བྱུང་ན་བསུབ་པར་བྱ། །ཁྲག་ཤོར་དམར་ན་ཁ་རུ་འཇིབ། །མར་ལ་སྦངས་པའི་རས་བལ་གཞུག །དེ་སྟེང་མིག་རིབ་རས་ཀྱིས་བྱ། །ཉལ་ན་མ་ཕྱེད་འོག་ཏུ་བསྟན། །གཉིས་ཀ་ཕྱེད་ན་གན་རྐྱལ་བསྡད། །ཙོག་པུར་ཞག་གསུམ་བཞག་ནས་ནི། །སྔས་ནི་ཁད་ཀྱིས་སྨད་པར་བྱ། །བྱ་རྨྱང་སྦྲིད་པ་དྲག་པོའི་སྐད། །དྲག་པོ་གློ་ལུ་སྤང་བར་བྱ། །
ལུད་པ་བོར་དང་བུབ་ཆུ་དང་། །ཐུར་དུ་འབྱུང་བ་འཁྲུ་བ་དང་། །སོ་ཤིང་བྲུད་པ་ཞག་བདུན་བར། །མར་ཟན་སླ་བ་གཏང་བར་བྱ། །མར་སར་གོང་སྐྱའི་མར་ཁུ་དང་། །ཞག་ལྔ་དག་ན་བལྟ་བར་བྱ། །ཞག་བདུན་ལོན་ནས་དགྲོལ་བར་བྱ། ཁྱེའུའི་ནུ་ཞོ་བླུག་པར་བྱ། །ཇི་སྲིད་མི་བརྟན་མ་གྱུར་བར། །བསྡམ་དང་སྤྱོད་ལམ་གཟབ་ལ་བྱ། །གཟུགས་ནི་འཕྲ་བ་འཚེར་བ་དང་། །མོད་ལ་མི་བལྟ་ཆང་མི་འཐུང་། །མིག་གི་ཚད་དུ་ཐུར་ཚོན་གང་། །ཐུར་མ་ཐུར་ཕྱེད་མཐེབ་སྐོར་རོ། །དབུག་ཉེས་མི་མཐུན་ཟས་ཟོས་དང་། །སྐྲངས་དང་དམར་དང་ན་བ་དང་། །མེ་བཙའ་འགམས་དང་མིག་འབྲས་ཐད། །གུར་གུམ་ཆུ་དང་སྐྱེར་ཁཎྜ། །ཡང་ན་ཨ་རུ་ར་དང་ནི། །སྒ་དང་ཡུང་བ་འོ་མར་སྦྱར། །ཁ་བས་ཕྱིད་ཀྱིས་དོགས་པ་ལ། །ཁ་བ་གཅིན་དུ་བསྲེས་པར་ཐུབ། །ཁ་བས་ཕྱིད་པ་དག་ལ་ནི། །གླ་རྩིའི་ཆུ་ནི་བླུག་པར་བྱ། །གྲ་མ་དག་ནི་མ་ཕྱིན་ན། ཁྱེའུའི་ནུ་ཞོ་བླུག་པར་བྱ། །སྦྲང་རྩི་པི་པི་ལིང་དང་ནི། །རྒྱལ་ཚྭའི་རིལ་བུས་ལིང་ཏོག་འཇིག །གུར་གུམ་ཐིང་ཤུན་སྦང་མ་དང་། །སག་རམ་རྩི་དང་ཀ་ར་དང་། །རྒྱམ་ཚྭ་དག་དང་སྦྱར་བ་ཡིས། །ཚད་པའི་ནད་རྣམས་སེལ་བར་བྱེད། །ཉེའུ་ཤིང་རྩ་བ་བཙིར་བའི་ཆུས། །ལིང་ཏོག་འཇིག་སྟེ་འབྲས་བུ་གསུམ། །བཤལ་གཏང་ལིང་ཏོག་འཇིག་པ་འོ། །སོ་མ་རཱ་ཛ་ལས་མ་ཞུ་བ་བཅོས་པ་དང་ཐུར་མའི་ལེའུ་སྟེ་བདུན་ཅུ་པའོ།། །།
དེ་ནས་འཁྲུ་བ་བཅོས་པ་ནི། །མཆིན་པ་ཚ་འཁྲུ་བཅོས་པ་ལ། །རུ་ཐུང་གཤའ་རེངས་གདབ་པར་བྱ། །ག་པུར་བདུན་ནམ་གུར་གུམ་བདུན། །ཡང་ན་འབྲས་བུ་གསུམ་བཤལ་གཏང་། །ཁ་ཟས་ཚག་ཤ་ཞོ་བཙོས་དང་། །ཆུ་གྲང་དག་ཀྱང་ཅུང་ཙམ་གཏང་། འབྲི་རྟ་ཏྲེ་མེན་ཏ་དང་ནི། །རྒྱམ་ཚྭའི་ཐང་དག་སྦོས་ན་གཏང་། །མཆིན་པ་གྲང་བས་འཁྲུ་བ་ལ། །སོ་ཕག་བོང་བ་དག་གི་དུགས། །ཨ་རུ་ར་དང་ཁ་རུ་ཚྭ། །སྒ་དང་ཕོ་བ་རིས་དག་གཏང་། །སྦྲང་རྩི་དག་དང་སྦྱར་བའམ། །ཡང་ན་ཀ་ར་དག་དང་སྦྱར། །ཡང་ན་པི་པི་ལིང་དང་ནི། །ཁ་རུ་ཚྭ་དང་སྦྱར་བ་གཏང་། །ཚིགས་པ་དྲུག་པ་བདུན་པ་དང་། །བརྒྱད་པ་དགུ་པ་ཁ་གསུམ་བསྲེག །ཕོ་བ་ཚ་བས་འཁྲུ་བ་ལ། །ཆུ་གྲང་འབོག་ཚད་གཏང་བར་བྱ། །
ཡན་ལག་ཆུ་རུ་གཞུག་པ་དང་། །ཆུ་ཡི་མེ་བཙའ་ཕོ་བ་ལ། །གདབ་ཅིང་བསིལ་བས་བཅོས་པར་བྱ། །སྣོད་རྩ་དག་ཀྱང་གཏར་བར་བྱ། །སྟར་བུ་དང་ནི་ཕོ་བ་རིས། །ཅུ་གང་སུག་སྨེལ་གཏང་བར་བྱ། །ཆད་ནས་རུ་ཐུང་ཁ་ཕྱེ་བྱ། །གུར་གུམ་བདུན་པ་གཏང་བར་བྱ། །བཅུད་ཅན་གཏོང་བར་མི་བྱ་སྟེ། །འབྲས་དང་འབྲས་ཀྱི་ལག་པན་གཏང་། །ཕོ་བ་གྲང་བས་འཁྲུ་བ་ལ། །སྒ་དང་པི་པི་ལིང་དང་ནི། །ཕོ་བ་རིས་དང་ཁ་རུ་ཚྭ། །རིལ་བུ་དག་ནི་གཏང་བར་བྱ། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །ཙབས་རུ་ཚྭ་དང་པི་པི་ལིང་། །རིལ་བུ་དག་ནི་གཏང་བར་བྱ། །ལྕ་བའི་ཁཎྜ་གཏང་བར་བྱ། །ད་ལིས་ཕྱེ་མ་གཏང་བར་བྱ། །བུ་རམ་དང་ནི་ལི་ཏོང་ར། །ཕོ་བ་རིས་ཀྱི་ཕྱེ་མ་དང་། །ཆང་སྐོལ་ནང་དུ་བཏབ་ལ་གཏང་། །ཕོ་བའི་མཚམས་སུ་མེ་བཙའ་གདབ། །ཁ་ཟས་ཆེ་རུ་མི་རུང་ངོ་། །
ཉུང་ཟད་ཙམ་ནི་གཏང་བར་བྱ། །ལོང་ནད་ཚ་བས་འཁྲུ་བ་ལ། །མ་ནུའི་ཐང་བཤལ་དག་དང་ནི། །འབྲས་བུ་གསུམ་གྱི་ཐང་བཤལ་དང་། །ལོང་རྩ་གདབ་ཅིང་ཞོ་སྐོལ་དང་། །གྲོ་མ་འབོས་མོ་དག་དང་ནི། །ལི་(སྨན་རྣམས་ནུས་པ་རྫས་གློ་སྙིང་མཆིན་དྲི་ཡི་ཚད་པ་སེལ)ག་དུར་དང་སུག་སྨེལ་དང་། །ག་པུར་དག་དང་སྦྱར་ལ་གཏང་། །བོང་ཁྲག་གདུས་པ་གཏང་བར་བྱ། །ལོང་གི་གྲང་ཁྲུས་དག་ལ་ནི། །སེའུ་འབྲུ་སུག་སྨེལ་པི་པི་ལིང་། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །ཡང་ན་སེ་འབྲུ་པི་པི་ལིང་། །ཕོ་བ་རིས་དང་ཁ་རུ་ཚྭ། །ཆང་འཇམ་དག་དང་སྦྱར་ལ་གཏང་། །སེའུ་འབྲུ་བུ་རམ་རིལ་བུ་བྱ། །ཡང་ན་ལུག་ཤ་དག་ཀྱང་གཏང་། །ལོང་གསང་དག་ཏུ་མེ་བཙའ་བསྲེག །རླུང་ནི་ལྦུ་བ་ཅན་རྩུབ་ཅིང་། །མར་དང་བྱེའུ་ཀླད་འདྲ་བ་དང་། །ཉུང་བ་དག་ཀྱང་འབྱུང་བ་སྟེ། །སྒྲ་དང་བཅས་པ་འབྱུང་བ་འོ། །མཁྲིས་པ་མདོག་སེར་དམར་ལ་ནག །སྔོ་དང་ལྗང་གུ་མནམ་ལ་ཚ། །མིད་པ་ཚ་ཞིང་དྲོད་ཆེ་བ། །འབྲུམ་བུ་བྱུང་ཞིང་གྲེ་བ་སྐམ། །སྐོམ་དད་ཆེ་ཞིང་ཟས་མི་ཞིམ། །བད་ཀན་མདོག་དཀར་དྲི་བཤུལ་མནམ། །སྐ་སྣུམ་གྲང་དང་ཡི་ག་འཆུས། །བྲང་ཚ་ཤེད་ཆུང་ཁ་ཆུ་འོང་། །འདུས་པ་ཕག་ཚིལ་ཁོག་བཤལ་འདྲ། །དེ་ཡི་མདོག་འདྲ་འཆི་བར་བཤད། །
སྦྲ་རྩི་ར་མར་འབྲུ་མར་འདྲ། །འཆིན་པའི་དུམ་འདྲ་འོ་མ་འདྲ། །ཤ་བཙོས་འདྲ་དང་སྣ་ཚོགས་འདྲ། །མནམ་སྐུ་ཁུ་དང་ཞག་འོང་འཆི། །ཁར་འབྲུམ་བྱུང་དང་ཕྱིར་འོང་དཀའ། །རིམས་དང་དབུགས་མི་བདེ་ལ་སོགས། །མཁལ་རྐེད་ན་བ་མི་འཚོ་འཆི། །འཇིགས་སྐྲག་མྱ་ངན་མཚན་ཉིད་རླུང་། །བསྡུ་བ་གཉིས་སུ་འདུས་པ་ནི། །ཞུ་དང་མ་ཞུ་གཉིས་ཡིན་ཏེ། །ཞུ་བ་ཆུ་ཡི་གཏིང་དུ་བརྟག །ཏིག་ཏ་ཀཎྚ་ཀཱ་རི་དང་། །གསེར་གྱི་མེ་ཏོག་ཤིང་མངར་དང་། །བ་ལེ་ཀ་དང་པ་ཤ་ཀ །ཅུ་གང་གུར་གུམ་དག་དང་ནི། །ཙཎྜན་དཀར་དམར་ཀ་ར་དང་། །དྲུག་འགྱུར་དག་གིས་མཁྲིས་པ་སེལ། །ནིམ་པ་པུཥྤ་པི་པི་ལིང་། །དོང་ཀ་འུ་སུ་དག་དང་ནི། །པྲི་ཤ་ས་ར་པར་ནི་དང་། །སྦྱར་བས་མཁྲིས་སེལ་བར་བྱེད། །ཡུང་བ་སྐྱེར་པ་གླ་སྒང་དང་། །ཤིང་མངར་ནིམ་པའི་མེ་ཏོག་གིས། །མཁྲིས་པའི་འཁྲུ་བ་སེལ་བར་བྱེད། །མཁྲིས་པའི་རྩ་གཏར་ག་པུར་གཏང་། །ཆུ་དག་ཤུ་ཟུར་དོང་ཀ་དང་། །སྐྱེར་བ་ཡུང་བ་འུ་སུ་དང་། །མ་ནུ་ཨ་རུ་ར་དག་དང་། །བསྐོལ་བས་བད་ཀན་འཁྲུ་བ་སེལ། །རླུང་ལ་རྒྱམ་ཚྭ་ཁ་རུ་ཚྭ། །བུ་རམ་དག་དང་ལྡེ་གུ་བྱ། །
ཚོང་ར་མཇུག་ཐུང་དག་དང་ནི། །བཅུད་ནི་འབྲས་དང་བུ་རམ་གཏང་། །མ་སྨིན་པ་ལ་སྨྱུང་བར་བྱ། །སྐམ་བསྡད་སྟོད་འདྲེན་གཏར་བར་བྱ། །སྐ་ཐང་རྒྱམ་ཚྭའི་ཐང་གཏང་སྟེ། །ཁ་ཟས་ཡང་བ་གཏང་བར་བྱ། །གཅད་ན་མཛེ་དང་སྐྲན་དུ་འགྲོ། །མ་སྨིན་པ་ཡི་བཅོས་པ་ནི། །བཅའ་ལྒ་དང་ནི་བོང་ང་དཀར། །ཤིང་ཀུན་གླ་སྒང་དུག་མོ་ཉུང་། །ཡང་ན་གླ་སྒང་འཇམ་འབྲས་དང་། །པ་ཏོ་པི་པི་ལིང་དང་ནི། །དུག་མོ་ཉུང་དག་གཏར་བར་བྱ། །ཡང་ན་ལན་ཚྭ་དུག་མོ་ཉུང་། །ཤུ་དག་པུ་ཙེ་ཤེལ་དག་གོ །ཡང་ན་ཤུ་དག་ཙབས་རུ་ཚྭ། །ཨ་རུ་ར་དང་པརྤ་ཏ། །བྱི་ཏང་ཀ་དང་བཅའ་ལྒ་དང་། །སུག་སྨེལ་དུག་མོ་ཉུང་དང་ནི། །ཤ་བའི་ར་དང་སེང་ཕྲོམ་དང་། །ཡུང་བ་སྐྱེར་བའི་བར་ཤུན་དང་། །དུག་མོ་ཉུང་དང་བོང་ང་དང་། །བཅའ་ལྒ་དག་དང་ཀ་རར་སྦྱར། །སྨིན་པར་བྱེད་པའི་སྨན་ཡིན་ནོ། །དེ་རྣམས་ནུས་པ་འདྲ་བ་སྟེ། །རྟ་ནི་ཆུ་བསྐོལ་དག་གིས་བྱ། །རྒྱུ་གཟེར་བཅོས་པ་བསྟན་པ་ནི། །དང་པོར་བཅུད་ཅན་བསྡམ་པར་བྱ། །ཞག་ལྔ་ཞག་བདུན་དག་ནས་བཅད། །རུ་ཐུང་ལོང་རྩ་གཏར་བ་སྟེ། །མོན་ཆ་ར་དང་བིལ་བ་སྟེ། །ཀ་བེད་ད་ཏྲིག་བོང་ང་དང་། །བཙོད་ཁྲག་འབོས་མོ་དག་དང་ནི། །ཀ་རི་པ་རི་ཀོན་དང་ནི། །མེ་ཏོག་རྐང་ཆག་དག་གཏང་སྟེ། །ཨ་འབྲས་སྲ་འབྲས་འཇམ་འབྲས་དང་། །ཐ་རམས་ན་རམས་བྲ་རམས་རྣམས། །ཞོ་བཙོས་ཡང་ན་འབྲས་ཐང་གཏང་། །ཤུ་དག་བིལ་བ་པི་པི་ལིང་། །བྱི་ཏང་ཀ་དང་གླ་རྩི་དང་། །མ་ཞུ་འཁྲུ་དང་སྲིན་ནད་སེལ། །ཨ་རུ་ར་དང་ཤིང་ཀུན་དང་། །ཐལ་ཚྭ་ཤུ་དག་བཏབ་པ་ཡིས། །མ་ཞུའི་ནད་དག་ཞི་བར་བྱེད། །ཨ་རུ་ར་དང་བོང་ང་དང་། །ཚ་ལ་ཆུ་སྐོལ་དག་གིས་ཕུལ། །མ་ཞུ་སྦུ་ཅན་ཞི་བར་བྱེད། །ཏིལ་ནག་པོ་དང་གུར་གུམ་དང་། །ཀ་རར་སྦྱར་བས་ཚད་འཁྲི་སེལ། །པྲི་ཡང་ཀུ་དང་གུར་གུམ་དང་། །དོམ་མཁྲིས་སྦྲང་རྩི་སྦྱར་བ་ཡིས། །འཁྲུ་བ་ཁྲག་ཏུ་འོང་བ་སེལ། །ཞོ་དང་བུ་རམ་འབྲས་ཆེན་དང་། །བསྲེས་པ་འམ་ནི་ཡང་ན་ནི། །ཨ་རུ་ར་དང་བིལ་བ་དང་། །པི་པི་ལིང་དང་རུ་རྟ་དང་། །བུ་རམ་ཆ་ནི་སྙོམས་པ་འོ། །
ཆུ་བྱུང་ཆགས་སུ་མ་བཏབ་ན། །བག་ཟན་འོ་མ་སྦྲུས་པ་ཡིས། །རིལ་བུ་རིལ་མ་ཙམ་དུ་བསྲེག །ཆུར་གདུས་བག་ཟན་ལྟོར་གཏང་ངོ་། །ཡང་ན་འབྲས་བུ་གསུམ་པོ་དག །ར་ཡི་འོ་མར་བསྐོལ་གཏང་ན། །གཞང་འབྲུམ་རབ་ཏུ་ཞི་བར་བྱེད། །འབྲས་བུ་གསུམ་དང་པི་པི་ལིང་། །ཕྱེ་མ་སྦྲང་རྩི་དང་སྦྱར་བས། །ཁ་དོག་སྣ་ཚོགས་འཁྲི་བ་སེལ། །ཨ་རུ་ར་དང་དོང་ཀ(མཆེར་པ་ལ་གནོད)དང་། །མར་དང་སྦྲང་རྩི་སྦྱར་བ་ཡིས། །རིལ་བུ་བྱས་པས་ཚད་འཁྲུ་སེལ། །རྒྱུ་མ་ལུག་པ་གོང་བཞིན་ཏེ། །རྒྱུ་མའི་ཁུང་ནི་གསོ་བར་བྱ། །སོ་མ་རཱ་ཛ་ལས་འཁྲུ་བ་བཅོས་པའི་ལེའུ་སྟེ་དོན་གཅིག་པའོ།། །།
དེ་ནས་(མང་དུ་ཐོས་པ་ནི)སྐྲན་དག་བཅོས་པ་ནི། །ཐུར་མ་མ་ཞུའི་སྐབས་སུ་བསྟན། །མཆིན་པ་དག་ལ་གཏར་བ་སྟེ། །རུ་ཐུང་དག་ཀྱང་གཏར་བར་བྱ། །སེའུ་འབྲུའི་ཕྱེ་མ་གཏང་བར་བྱ། །འབྲས་བུ་གསུམ་དང་བ་ལེ་ཀའི། །ཐང་བཤལ་དག་ནི་གཏང་བར་བྱ། །བྲག་ཞུན་ཁ་རུ་ཚྭ་དག་དང་། །རྒྱམ་ཚྭ་པི་པི་ལིང་དག་དང་། །བུ་རམ་སྦྲང་རྩི་སྦྱར་བ་ཡི། །ལྡེ་གུ་དག་ནི་གཏང་བར་བྱ། །ཕོ་བའི་སྐྲན་ལ་ལྟོ་སྟོང་ལ། །རྩ་བ་ལྔ་ཡི་སྨན་མར་གཏང་། །གཡག་རྒོད་མགོ་དང་རྐང་པ་ནི། །རྒྱམ་ཚྭ་ཁ་རུ་ཚྭ་དག་དང་། །ཙབས་རུ་ཚྭ་སྦྱར་སྨན་མར་གཏང་། །རྩ་བྱའི་ལྡུམ་བུ་དག་བཏུ་བ། །སྟོན་ཟླ་ར་བའི་དུས་དག་ཏུ། །བཏུས་པ་མ་རུལ་བསྐམ་པར་བྱ། །དེ་ནས་ཆང་དུ་སྦངས་ལ་སྐམ། །དེ་ནས་རྒྱམ་ཚྭའི་ཆུར་སྦངས་སྐམ། །དེ་དང་བ་ཡི་ཆུས་ཕུལ་ལ། །གམ་ཕྱེ་དག་ནི་གཏང་བར་བྱ། །ཡང་ན་ད་ལིས་ཕྱེ་མ་འམ། །སེའུ་འབྲུའི་ཕྱེ་མ་རབ་ཏུ་བསྔགས། །
གློ་ཡི་སྐྲན་ལ་ཕུར་མོང་གིས། །ཐལ་བ་ཁ་རུ་ཚྭ་དང་ནི། །ཅུ་གང་ཛཱ་ཏི་ཀ་རའི་ཕྱེ། །ཡང་ན་ཕུར་མོང་ལྕགས་ཕྱེ་དང་། །ཛཱ་ཏི་ཅུ་གང་གུར་གུམ་དང་། །ཀ་ར་སྦྱར་བའི་ཕྱེ་བ་གཏང་། །སྐྲན་གྱིས་གློ་བ་ཟགས་པ་ལ། །མུ་ཟི་མཚལ་དང་སྦྱར་ལ་གཏང་། །སྒོག་སྐྱ་དག་གི་ཆུ་དག་གོ །མཆིན་པའི་སྐྲན་ལ་རྒྱམ་ཚྭ་དང་། །ཅུ་གང་གུར་གུམ་ཛཱ་ཏི་དང་། །སུག་སྨེལ་ལི་ཤི་ཕྱེ་མ་གཏང་། །ལོང་གི་སྐྲན་ལ་ཚྭ་སྣ་ཡི། །ཕྱེ་མ་དག་ནི་བསྔགས་པ་སྟེ། །ནི་རུ་ཧ་དང་འཇམ་རྩི་གཏང་། །མཁལ་མའི་སྐྲན་ལ་རྩ་བཤལ་གཏང་། །དེ་ནས་ཅོང་ཞི་ཕྱེ་མ་གཏང་། །རབ་ནི་འཁྱགས་པ་བཅག་པ་འདྲ། །ཁར་འཆོས་འོ་མ་བཞིན་དུ་སྟེ། །འབྲིང་ནི་ས་དཀར་འདག་པ་འདྲ། །ཐ་མ་ས་དང་འདྲེས་པས་མཁྲེགས། །འབྲིང་དང་ཐ་མ་སྤང་བར་བྱ། །རབ་ནི་དར་ཚགས་ལ་བཙགས་ལ། །ཞོ་རེ་དག་ནི་ཆང་ཞིམ་པོར། །བགྲུངས་ལ་བྱ་སྒོང་གང་དུ་གཏང་། །མཁལ་སྐྲན་ལོང་སྐྲན་ཕོ་སྐྲན་སེལ། །གློ་དང་མཆིན་པ་དག་ལ་གནོད། །མཁལ་སྐྲན་དག་ལ་ཐུར་མ་གསང་། །ཉ་ཕྱིས་དུང་དང་མགྲོན་བུ་དག །འདག་པས་བྱིབས་ལ་བསྲེག་པར་བྱ། །ཐལ་བ་ཁ་རུ་ཚྭ་དག་དང་། །སྦྱར་བས་ཐལ་སྨན་རྣོན་པོ་སྟེ། །ཕོ་བ་མཁལ་མ་ལོང་སྐྲན་སེལ། །གློ་མཆིན་དག་ལ་མི་ཟི་དང་། །བྲག་ཞུན་མཆོག་ཏུ་བསྔགས་པ་སྟེ། །ཕོ་བ་མཁལ་མ་ལོང་དག་ལ། །གནོད་པ་དག་ཏུ་མོ་འགྱུར་རོ། །སོ་མ་རཱ་ཛ་ལས་སྐྲན་བཅོས་པའི་ལེའུ་སྟེ་དོན་གཉིས་པའོ།། །།
ད་ནི་འབྲས་དང་སུ་རྱ་བཅོས། །དང་པོར་འབྲས་ཀྱི་བཅོས་པ་ནི། །དང་པོར་གདུལ་བ་ཤིན་ཏུ་གཅེས། །མི་དང་ལུག་རྟ་ལ་སོགས་པ། །ལྷ་བ་ཅན་དག་བརྡུངས་པའི་ལུམས། །ཀུན་ལ་དེ་ཡིས་གདུལ་བར་བྱ། །ཡང་ན་མཚེ་དང་ལན་ཚྭས་སློངས། །གདུལ་བ་དག་ནི་ཤིས་པ་སྟེ། །བསད་པ་རྣམ་པ་གསུམ་དུ་འདོད། །སྒ་དང་པི་པི་ལིང་དང་ནི། །གླུམ་དང་སྦྱར་བས(འཕྲལ་དུ་སྐྲངས་པ་འཚོ་བ་ལ། །རེ་ལྕག་བཅོས་པའི་དུགས་ཀྱང་བུ། །རུས་པ་འགོག་པར་དཀའ་བ་ལ། །རག་ན་རྡོ་ཡི་དུགས་ཀྱང་བྱ། །ཤ་ཆོད་དག་ན་བྱ་བྲ་བཅོས་པའི་དུགས་ཀྱང་བྱ)བསད་པ་འོ། །གསོ་བ་རྣམ་པ་གསུམ་ཡིན་ཏེ། །གོ་སྙོད་གཡེར་མ་བག་ཕྱེ་འོ། །
ཤ་འབྲས(ཤ་འབྲས་བཅོས་པའི་ཐབས། །སྨན་གྱི་སྦྱོར་བ་འདི་ལྟ་སྟེ། །དང་པོ་སྔོན་པོའི་རིལ་བུ་སྦྱར་ཐབས་ལ། །ཐར་ནུའི་ལོ་མ་དང་། །དུར་བྱིེད་ཐར་ནུ་རེ་ལྕག །མཚལ་དང་སྟག་ཤའི་རྩ་བ་དང་། །དེ་རྣམས་ཞིབ་བཏགས་ལུམས་ཀྱིས་བསྡུ། །རན་ཙམ་སྨན་ནི་གཏང་བར་བྱ། །སྐབས་སུ་ཐར་ནུའི་རིང་སོ་གཏང་། །དེས་ནི་སྐྱོན་རྣམས་གཅོད་པ་འོ། །ཤ་རུ་བསྐྱེད་པའི་སྨན་དག་ནི། །རྒུ་གྲུས་ཤ་འུ་རིས་དང་ནི། །སྟག་ཤ་དང་ནི་དོམ་མཁྲིས་དང་། །དེ་རྣམས་བུ་རམ་དག་གིས་བསྡུ། །སྨན་རྣམས་རན་ཙམ་གཏང་བར་བྱ། །དེ་ནི་ཤ་འབྲས་བཅོས་པ་འོ། །དབྱི་མོང་སྟག་ཤའི་ལོ་མ་དང་། །དེ་རྣམས་ཞིབ་བཏགས་མཁྲིས་པ་རན་ཙམ་སྨད་ནས་གཏང་བར་བྱ། །སེར་པོ་རིལ་བུ་སྦྱར་ཐབས་ལ། །ཐར་ནུ་རེ་ལྕག་ལྡོང་རོས་སྦྲང་རྩིས་བསྡུ་བར་བྱ། །རིལ་བུ་བྱ་ཞིང་ཤིང་མངར་ཚད་མར་གཏང་བར་བྱ། །དེ་ནི་སྐྱོན་ཅན་གཅོད་པའི་སྨན། །དེ་ལྟར་ཤ་རོ་ཆོད་པ་དང་། །ཤའུ་བསྐྱེད་པའི་སྨན་རྣམས་གཏང་། །སྟོད་ན་སྐྲངས་ན་ཚ་བའོ། །བྱ་འབྲས་བཙོས་པའི་དུགས་དག་བྱ) གདུལ་ཞིང་རྩ་འབྲས་ནི། །གཏར་བ་དག་གིས་བཅོས་པ་འོ། །
རུས་འབྲས་གདོན་ཞིང་བསྲེག་པ་ནི། །རུས་པ་དག་ལ་ཤིན་ཏུ་བསྔགས། །བསྲེག་པ་ལྕགས་དང་མེར་བྱ་འོ། །རྩ་ལ་ཡང་ནི་བསྲེག་པར་བྱ། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། །རུས་པ་དག་ལ་བསྔགས་པ་སྟེ། །དོམ་མཁྲིས་མཚལ་དང་ཕག་མཁྲིས་ནི། །རྩ་འབྲས་དག་གི་སྨན་ཡིན་ནོ། །བྲག་བྱིའུ་ཤ་དག་ཤིན་ཏུ་བསྔགས། །མི་མཁྲིས་ཕག་མཁྲིས་གཏང་བར་བྱ། །ཤ་འབྲས་དག་ལ་ལན་ཚྭ་དང་། །པི་པི་ལིང་དང་ཉེའུ་ཤིང་བའོ། །རུས་པ་སྤྱི་གཙུག་མཚོགས་རྒྱ་སོགས། །བསྲེག་པ་ཤིན་ཏུ་གཅེས་པ་འོ། །སྐེ་དང་མཁལ་མ་ནུ་མའི་རྩ། །གཏར་བ་འགྲམས་པས་རྩེའུ་ཆུང་གཏར། །ནུ་མ་སྣོད་ཀྱི་རྩ་ལ་གཏར། །པུས་མོ་བརླ་ཕུགས་རྩ་བོ་ཆེ། །ཚྭ་སྣ་སྨན་མར་བླུགས་པ་འོ། །
སྤོད་གསུམ་ཏིལ་མར་དག་དང་བྱུག །ཁོང་དུ་བཟང་པོ་དྲུག་པོ་གཏང་། །རྩ་ལ་བཙོད་དང་ལྕ་ལོ་རྩ། །ཆུ་ཆུང་རྩ་བ་འདབ་མ་དང་། །གླ་བའི་ཁུ་བ་ཕུག་རོན་བྲུན། །བཙུན་མོ་རེ་རལ་དག་དང་ནི། །ལྕེ་པོག་དཀར་ནག་དག་དང་སྦྱར། །རྩ་དང་རུས་པ་ཤ་ཡི་གནད། །ཀུན་གྱི་ཐུན་མོང་མ་ཡིན་ནོ། །རུས་པ་ཤ་ནི་སྐྲངས་མེད་པར། །ན་ཚ་ཆེ་བ་རུས་ལ་ཟིན། །ཡུང་གཤེར་འཁྱགས་འདྲ་རུས་ལ་ཟིན། །ཆུ་སེར་ཆེ་བར་རུས་ལ་ཟིན། །ཆ་སེར་དཀར་ལ་སྐྲངས་པ་ནི། །བད་ཀན་དག་གི་སྐྲངས་པ་འོ། །ནག་ལ་ཆུ་སེར་ཚིགས་ཅན་རླུང་། །དམར་སེར་ཚད་པ་སྐྱེ་བ་མཁྲིས། །དོང་ཀ་དུར་བྱིད་ར་དུག་པ། །ལྕུམ་རྩ་རེའུ་ལྕག་པ་དང་ནི། །དེ་རྣམས་ལྡེ་གུས་གདུལ་བར་བྱ། །
ཤ་ཚོས་པར་ནི་བསྲེག་པར་བྱ། །སུརྱ་དག་ནི་བཤལ་གྱིས་བཅོས། །གློ་ཡི་སུརྱ་དག་ལ་ནི། །ཅུ་གང་ལྡེ་གུ་དག་དང་ནི། །ཅུ་གང་བདུན་པ་གཏང་བར་བྱ། །རྩེའུ་ཆུང་ལ་སོགས་གློ་རྩ་རྣམས། །གཏར་བ་དག་གིས་བཅོས་པ་འོ། །མཆིན་པ་སུརྱ་བཅོས་པ་ནི། །གུར་གུམ་གདུན་པ་དག་དང་ནི། །ཙཎྜན་ཆུ་དང་ག་པུར་གཏང་། །རུ་ཐུང་ལ་སོགས་མཆིན་རྩ་གཏར། །མཁལ་མ་སུརྱ་བཅོས་པ་ནི། །རྩ་སྦྱོང་དག་ནི་བྱ་བ་དང་། །རྩ་བ་ལྔ་ཡི་སྨན་མར་གཏང་། །བྱིན་གཞུག་དག་ཀྱང་གདབ་པར་བྱ། །མཁལ་མ་མཆིན་པའི་སུརྱ་ལ། །བྲག་ཞུན་པི་པི་ལིང་དང་སྦྱར། །གཏང་བ་མཆོག་ཏུ་བསྔགས་པ་འོ། །ལོང་ལ་འབོས་མོ་མུ་ཟུ་དང་། །མ་ནུའི་བཤལ་གཏང་ལོང་རྩ་གཏར། །སུརྱ་ཁོང་ནས་བཅོས་པར་བྱ། །ཕོ་བ་སུརྱ་བཅོས་པ་ནི། །ཚག་ཤ་ཆང་ཡང་གཏང་བར་བྱ། ཁོང་དུ་ཕྱེ་མ་ཏིང་ཁྲོལ་གཏང་། །རྨ་ནང་ཀ་ར་སྦྲང་རྩི་གཏང་། །རྨ་རུབ་མི་གཞུག་ཐེམ་བུས་བརྒྱབ། །སོ་མ་རཱ་ཛ་ལས་འབྲས་དང་སུརྱ་བཅོས་པའི་ལེའུ་སྟེ་དོན་གསུམ་པའོ།། །།
དེ་ནས་འབྲུམ་བུ་བཅོས་པ་ནི། །དང་པོར་བསྲུང་བ་རབ་ཏུ་གཅེས། །ཅུ་གང་གུར་གུམ་ཛཱ་ཏི་དང་། །སུག་སྨེལ་ལི་ཤི་གླ་རྩི་དང་། །ག་པུར་གི་ཝང་ཙཎྜན་དང་། །ཨ་རུ་ར་དང་སྤང་སྤོས་དང་། །ལྕང་མ་བྱི་རལ་བདུན་ནམ་གཅིག །ཆུ་གཙང་སྦྱར་ལ་ཁྲུས་བྱས་ཏེ། །དེ་རྣམས་ཐུམ་བུ་གདག་པར་བྱ། །ཨོཾ་མཉྗུ་ཤྲཱི། ཏངྱ་ཐཱ། ཨོཾ་ཨ་ན་ལ་མ་བེསྭཱ་ཧྭ། ཆུ་ལ་ལན་བདུན་བཏབ་ནས་ནི། །ནངས་པར་བཏུང་བར་བྱ་བ་འོ། །དང་པོར་མཚོགས་མ་གཏར་བར་བྱ། །དེ་ནས་རུ་ཐུང་གཏར་བར་བྱ། །གྲེ་བ་དག་ལ་བྱུང་བ་ནི། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། །ལི་ཤི་གླ་རྩི་ཤུ་དག་གིས། །འབྲུམ་བུའི་ནད་ལ་མཆོག་ཏུ་འོ། །བཤལ་ནི་ཨ་རུ་ར་དང་ནི། །སྐྱུ་རུ་ར་དང་ལྕུམ་རྩ་དང་། །སྔོན་བུ་དག་གི་བཤལ་གཏང་ངོ་། །
འབྲུམ་བུ་ཁོང་དུ་སོང་བ་ལ། །སེར་པོ(ཁྲ་རྐང་)གྲང་ཐང་མཆོག་ཏུ་བསྔགས། །ཁར་ཐོན་རྐང་མཐིལ་ཐོན་ནས་ནི། །ཆང་གཏང་ཚོད་དང་སྦྱར་ལ་ནི། །མར་ཁུ་དག་ཀྱང་གཏང་བར་བྱ། །དྲག་ན་ལྟོ་ཁྲག་འཁྲུ་བར་འགྱུར། །འཁྲུ་བ་ལ་ནི་བཅུད་གཏང་འགྱུར། །རྟ་དང་བོང་བུའི་སྦངས་དག་གིས། །ཁུ་བ་དག་ནི་ཁོང་དུ་གཏང་། །འབྲི་མོག་དྲེའུའི་ཚོལ་བུ་ཡིས། །བྱུགས་ན་རྗེས་དག་མི་འབྱུང་ངོ་། །དང་པོར་ར་ཤ་ཤིས་པ་སྟེ། །ཐ་མར་རྟ་བོང་ཤ་དག་གཏང་། །ར་ཤ་བཏང་ན་བཟློག་པར་འགྱུར། །མིག་ལ་འབྲུམ་བུ་བྱུང་བ་ན། །འོལ་མོ་སེ་ཡི་འབྲས་བུ་དག །བརྡུངས་ཏེ་ནུ་ཞོ་དག་དང་བླུག །འབོག་ཡག་ཆུ་དྲོན་མཉེས་པས་ཀྱང་། །བྱུགས་པས་རྗེས་དག་མི་འབྱུང་ངོ་། །འབྲུམ་བུ་དག་ལ་ལི་ཤི་དང་། །གླ་རྩི་མཆོག་ཏུ་བསྔགས་པ་འོ། །འབྲི་རྟ་ཨ་ག་རུ་དང་གཏང་། །སོ་མ་རཱ་ཛ་ལས་འབྲུམ་བུ་བཅོས་པའི་ལེའུ་སྟེ་དོན་བཞི་པའོ།། །།
དེ་ནས་གག་ལྟོག་བཅོས་པ་ནི། །གག་པ་ཕྱི་དང་ནང་ན་འོ། །ཁ་མིག་རྣ་བ་སྣ་བུག་དང་། །ཆུ་སོ་གཞང་གི་ནང་དུ་འོ། །སེར་སྐྱ་དམར་རེངས་དྲི་ལྔ་འདྲ། །བྲག་ལ་བྱ་ཐལ་བརྒྱབ་པ་འདྲ། །རྐང་གཅིག་འཇམ་ལ་དཀྱིལ་ན་ནག །གག་ནད་ཡམ་བུ་ཕུག་སྦྲང་འདྲ། །ཐོར་བ་མང་ན་སོས་པ་སླ། །ཞེས་བྱ་བ་ནི་ཐོར་བ་འོ། །བྱ་རོག་དང་ནི་བྱ་རྒོད་དང་། །སྲེ་མོང་དང་ནི་ཕྱི་བའི་ཤ །(ཁྱིའི)ཀླད་པ་བཙོས་དང་གཡེར་མ་དང་། །ཆུ་དང་བསྲེས་ལ་ཁོང་དུ་གཏང་། །ར་ཁྲག་བཏང་ནས་ཆུ་ནན་བྱ། །བྲག་དཀར(བྱ་རྒོད་ཤ)བདུད་རྩི་བྲག(སྦྲུལ་ཤ)འོག་རྩི། །ཆུ་ཡི(ཉ་ཁྱི་བ)བདུད་རྩི་རྡོ་འོག(གྲོག་མ་དམར་པོ)རྩི། །ཆུ་གླང(སྦལ་པ)བྲག་གི་གླང་བུ(རྩངས་པ)དང་། །ཤིང་ཀུན་དེ་རྣམས་ཕྱེ་མ་ནི། །ཐོབ་པ་སོད་པར་བྱེད་པས་བྱུག །འབྲས་བུ་གསུམ་དང་གུར་གུམ་དང་། །ཧོང་ལེན་ཐང་གཏང་དེ་ནས་གཏར། །ཤིང་ཀུན་གླ་རྩི་སྤྱི་ཞུར་དང་། །ཉུལ་གྱི་རོ་དག་གཏང་བ(མིག་པོ་ཆེ)སྟེ། །དེ་རྣམས་གྲང་བ་ཅན་ལ་འོ། །
འབྲས་བུ་གསུམ་དང་ཚ་བ་གསུམ། །ཁབ་ལེན་ཉེང་རོང་གུ་གུལ་ནི། །གཏང་ངོ་དམར་ན(དྲི་ཆུ)བདུད་རྩི་གཏང་། །དཀར་ན་སྨན་ལམ(འབྲུམ་པ་ཐོད་པ་བཅད)བཏོད་ལ་གཏང་། །རྒྱ་ཚྭ་ཤུ་དག་བཙན་དུག་གཏང་། །སྨན་དེ་མཆི་ལ་མ(ཁོང་དུ་མི་གཏོང)ཕྱིར་བོར་རོ། །ཡང་ན་སྣག་ཚ་མཚལ་གཉིས་གཏང་། །ཕྱི་གག་ཟ་འོག་གུར་ཁྱིམ་འདྲ། །ཤ་ཕྱེས་(མི་ཤ)དགང་ཞིང་སྦྲང་རྩིས་བསྡུ། །ལུགས་བཞིན་དུ་ནི་དུགས་ཀྱིས་བཅོས(ལུམས་སུ་གཞུག)། །དེ་ནི་སྤྱི་ཡི་བཅོས་པ་འོ། །ཁྱད་པར(རླུང་གིས་ཆུ་འགགས་གྱུར་ཏེ་ལྟེ་བར་བྱུག་པ་བྱ)སྙིང་སོང་གྱེན་མིག་ལྟ། །འཛུམས་མི་ཤེས་ཤིང་བྱ་རྨྱང་བྱེད། །སྙིང་གདུངས་ཚིག་པ་ཟ་བ་ལ། །སྨན་ནི་ཛཱ་ཏི་ཤིང་ཀུན་དང་། །ཞོ་ཤ་བཟང་དྲུག་ག་པུར་དང་། །གློ་ལ་ཤོར་ན་གློ་འགོག་ཅིང་། །ཝུ་བ་སྐྱ་བོ་འབྱུང་བ་སྟེ། །ཤིང་མངར་བོང་ང་དཀར་པོ་དང་། །ཅུ་གང་ར་ཡི་ཆུ་ཡིས་གཏང་། །ཤུ་དག་ཧོང་ལེན་ག་པུར་དང་། །ར་དཀར་འོ་མས་སྦྱངས་ལ་གཏང་། །མཆིན་པ་དག་ལ་ཤོར་ན་ནི། །མདོག་དམར་ཁ་ནས་མཁྲིས་པ་སྐྱུག །ལུས་དང་ཡན་ལག་འགྱུར་མི་ཤེས། །སྨན་ནི་བྲག་ཞུན་དོམ་མཁྲིས་དང་། །ཕྱི་བ་ཕག་དང་བྱ་རྒོད་ཁྱི། །མཁྲིས་པ་བུ་རམ་བཟང་དྲུག་དང་། །ཤིང་ཀུན་འོ་མར་སྦྱར་ལ་གཏང་། །མཁལ་མ་དག་ལ་ཤོར་བ་ན། །གླལ་མང་མཆུ་སྐམ་ཁ་ཆུ་འོང་། །སྨན་ནི་མཁལ་མ་ཞོ་ཤ་དང་། །སྡིག་པ་སྲིན་བུ་ཀ་ཀ་རུ། །ཁ་རུ་ཚྭ་དང་རྒྱམ་ཚྭ་མཚལ། །ཀྱི་ལྕེ་དཀར་པོ་ཆུ་དང་སྦྱར། །རྩེའུ་ཆུང་མཁལ་རྩ་རྐང་རྩ་གཉིས། །དེ་དག་ཀུན་ནི་བསྲེག་པར་བྱ། །
དེས་མ་ཐུབ་ན་ཚ་བ་གསུམ། །གཡེར་པོ་ཆེ་དང་ཆང་བྲེ་གང་། །སྦྱར་ལ་མས་ཀྱིས་གཏང་བར་བྱ། །རྒྱུ་ལོང་ལ་སྤོང་སྦོས་འཁྲོག་སྟེ། །དེ་ལ་བཤལ་ནི་ཤིན་ཏུ་ཤིས། །ཤིང་ཀུན་གླ་རྩི་ཤུ་དག་གསུམ། ཁོང་དུ་ཤོར་ཤོར་འདྲ་ན་གཏང་། །བཙོད་དང་ར་ཁྲག་ཤུ་དག་གསུམ། །རྩ་ལ་འདུས་པའི་སྨན་ཡིན་ནོ། །འབྲུག་རུས་བྲེ་དགུ་སྤོས་དང་གཉིས། །སྔོ་ནི་དརྱ་ཀན་དང་གསུམ། །ཐོར་བུ་ཆུ་སེར་སྐེམ་པའི་སྨན། །གླ་རྩི་སྒོག་སྐྱ་ཤིང་ཀུན་དང་། །ཉེའུ་ཉ་ཁྱི་གུ་འཇོང་མོ་དྲུག །གསོད་པར་བྱེད་པའི་སྨན་དུའོ། །གག་པ་སྤྱིར་ན་གསུམ་དུ་འདུས། །དཀར་བ་བད་ཀན་དག་ཡིན་ནོ། །སེར་བ་དག་ནི་མཁྲིས་པའོ། །སྔོ་བ་དག་ནི་རླུང་ཡིན་ནོ། །བསྡུ་ན་གཉིས་ཏེ་ཤ་ལུ(དཀར་པ)དཀར། །ཧ་ར་ན(ནག་པོ)དང་གཉིས་དག་གོ །སྐེ་ནང་འགག་པས་མེ་ཏོག་མེད། །དམར་ལ་ལྷང་ངེ་འདུག་པ་ནི། །རྩེའུ་ཆུང་གདབ་པ་བཏབ་ན་འཆི། །ནད་པ་མཆིལ་མ་བོར་འདོད་ན། །མིག་མི་བདེ་བས་འཆི་བ་འོ། །བམས་སམ་རུལ་ནས་ནག་ན་མཆི། །མིག་སེར་མཁྲིས་པ་བྲོས་པས་འཆི། །དཀན་རྩ་ནག་བྲེང་མ་སོང་འཚོ། །དང་ག་བདེ་ན་འཚོ་བ་སྟེ། །མར་མ་ཐེམ་པ་འདས་ན་འཚོ། །ལྕེ་ཐུང་ལུང་དུ་ཆུ་བབས་ན། །ལྔ་ཙམ་དྲུག་ན་འཚོ་བ་ཡིན། །ལྕེ་ལྕགས་ཁ་ཁ་རྡོལ་བ་དང་། །ཚ་བ་གསུམ་གྱི་ཁུ་བ་ཡིས། །ཆ་སེར་འགྲོས་ན་འོར་ཁུང་དག །བཏང་བས་ནམ་ཚོང་ཡན་ཆད་དུ། །མི་འདུལ་ཞི་ན་ཕན་པ་འོ། །མིག་ནི་ཡས་ཀྱིས་འགེབས་པ་དང་། །མིག་སྤྲིན་དཀར་ན་འཚོ་བ་སྟེ། །མས་འགེབས་མིག་སྤྲིན་དམར་ན་མཆི། །
ད་ནི་ལྷོག་པ་བཅོས་པ་ནི། །དང་པོར་སྔགས་དང་རྗས(ཁྲག་མཁྲིས་ཚ་བའི་རིགས་ལ་མི་འགྲོ ནད་པ་བྱུག་པ་ཤིན་ཏུ་གནོད)ཀྱིས་བཅོས། །དང་པོ་རང་གཞན་གཉིས་ཀ་ལ། །སྒོ་བཞི་བསྲུང་བར་བྱ་བ་འོ། །སྤྱི་བོ་ལྟག་པ(བཤལ་རྗེས་རླུང་དང་ལྡན་པའི་གང་ཟག་ལ། ཟུག་གཟེར་གང་ན་ཡོད་པ་དེ་ཉིད་བསྐུ)སྙིང་ཁུང་དུ། །རྐང་མཐིལ་དག་ཏུ་བརྒྱ་བརྒྱ་གདབ། །ག་རི(ཚིགས་རྣམས་བསྐུ་ཞིང་དྲག་ཏུ་བརྫི་བར་བྱ)སོད། སྐྱ་རི་སོད། ཉ་རི་སོད། ལྡི་མོ་སོད། ཐབ་མོ་ཐབ་ཞི་མོག །ཨོཾ(གྲང་བ་ཅན་ལ་ཡང་ནི་དེ་བཞིན་ནོ། །ཕུག་ནས་རྣག་རྣམས་ཕྱིས་བད་ཀན་འཐིལ་ཏེ་ནད་ལ་གནོད)ལུམ་ལུམ་སོད། ཏ་རུ་ལུམ་སོད། ནག་ལི་ལུམ་སོད། ཞུ་ཞུ་ལུམ་སོད། བྱི་ཞུ་ལིམ་སོད། སད་ལྕམ་ལུམ་སོད། བསྲུང་བ་བྱས་ན་དེ་མང་བཟླས། །ཤམ་བུ་འདི་དག་གདབ་པར་བྱ། །ནན་གསུམ་ནན་གྱིས་མནན། །བཅད་གསུམ་བཅད་ཀྱིས་བཅད། །མནན་ཏེ་མ་ལྡང་བཅད་དེ་མ་འཕྲོ་ཤིགས། །ལྷོག་པའི་བུ་ཕོ་སྙིང་རྗེ་ཆུང་བ་དེ་བསད། །འབྲས་ཀྱི་བུ་ཕོ་སུམ་ཏང་རྗེ་དེ་བསད། །ཐབ་ཀྱི་བུ་ཕོ་སྣབས་སེར་དེ་བསད། །བདུན་བདུན་དག་ལ་རེ་རེ་གདབ། །
འཕགས་པ་འཇམ་དཔལ་གཞོན་ནུ་ནི། །རལ་གྲི་ཨུཏྤལ་པོ་ཏི་འཛིན། །ཐུགས་ཀར་ཟླ་སྟེང་ཕག་དགུ་དཀར། །ནག་པོ་ཟ་བར་བསྒོམ་པ་འོ། །ཨོཾ་ནན་ཏྲི་ཀར་མ་བྱི་དར་ཕག་ནན། །ཕུང་ས་སྔར་ས། ཀར་མ་རྒྱུ་ཀར། ཟླ་བ་ཕུམ། མ་ཡུ་བ་ཡུ་ཕགས། ལན་བདུན་བདུན་གྱིས་བསྲུང་ངོ་། །གླ་རྩི་ཤིང་ཀུན་བ་བླ་དང་། །མུ་ཟི་དག་གིས་བྱུག་པར་བྱ། །ཕག་རྒོད་སྲེ་མོང་ཕུག་ཤུད་ཤ །མུ་ཟི་བཅས་པས་བདུག་པར་བྱ། །གུ་གུལ་གླ་རྩི་བདུད་རྩི་ལྔ། །གསེར་དང་དངུལ་དང་བྱི་རུ་དང་། །མུ་ཏིག་ཤུ་དག་ཤིང་ཀུན་དང་། །སྒོག་པ་ཡུངས་ཀར་དག་ནི་གདབ། །ཤིང་ཀུན་སྤང་སྤོས་ལྡུམ་རེ་རལ། །ཡང་ན་ཏང་ཀུན་སྤང་རྒྱན་དང་། །ཤུ་དག་རུ་རྟ་བཙན་དུག་དང་། །རྟེན་འབྲེལ་རིན་ཆེན་གསེར་དང་བཅས། །ལུས་ལག་གདགས་པར་བྱ་བའོ། །ས་དང་ཆུ་དང་མེ་དང་རླུང་། །བ་སྤུ་འཇུག་པའི་སྒོ་ཡིན་ཏེ། །ཤ་མཐངས་བར་ནི་གནས་པ་ཡིས། །ས་ལམ་རྩ་ཡིན་འགྲོ་ས་ནི། །གློ་དང་སྙིང་ལ་འགྲོ་བ་སྲིད། །ཐོར་བུ་དཀྱིལ་ཁུང་རུས་པ་གཟེར། །ཉ་སྡིག་སྦྲུལ་ལ་སོགས་པ་འདྲ། །འཁྱིལ་དང་སྲིན་ཤུལ་སྦལ་འཇོང་འདྲ། །ནུ་མ་དང་འདྲ་དུང་འདྲ་དང་། །ཉ་ཕྱིས་འདྲ་དང་ཉོལ་ཉོལ་པོ། །སྙིང་ལ་ཙག་ཙག་འོང་བ་འོ། །
ས་ལྷོག་སྐྲངས་པ་ཆེ་ལ་མཁྲེགས། །ཆུ་ལྷོག་ཆུ་བུར་མང་བ་སྟེ། །མེ་ལྷོག་དྲོད་ཆེ་མེ་ལྕེ་རིས། །རླུང་ལྷོག་སོབ་ཅིང་གཉིད་མི་འོང་། །མགོ་ན་ཀླད་གཟེར་བཏབ་པ་འདྲ། །བྱ་རྨྱང་བྱེད་ཅིང་གྲང་ཤུམ་བྱེད། །སྙིང་འཕར་མི་དགའ་འགྲོ་སྙིང་འདོད། །མེ་དང་ཉི་མ་སྙེག་པ་དང་། །གཉིད་མི་ཐུབ་ཅིང་ཉམས་སྟོབས་ཆུང་། །གཉན་སར་ལག་པས་ཡང་ཡང་བྱུག །སྐྱུགས་པ་བྲོ་ཞིང་སྟོང་སྐྱུགས་བྱེད། །སྐད་ཆུང་བཙིར་བ་འདྲ་བ་རྟགས། །བུ་རམ་དཀར་པོ་ཨ་རུ་ར། །བསྲེགས་པའི་ཐལ་བ་ཤུ་དག་དཀར། །ཆུ་ཁའི་ཕ་བོང་དྲེག་པ་དང་། །སྤང་རྒྱན་དཀར་པོ་དག་དང་ལྔ། །དུག་ལྔ་ཁོང་དུ་གཏང་བ་འོ། །ཁ་རུ་ཁྲག་དང་ཁོང་ཤོར་ན། །བཙན་དུག་ནས་ཙམ་སྲན་མ་ཙམ། ཁོང་དུ་གཏང་བ་གཅིག་ཐུབ་སྟེ། །གདོན་ན་རྨ་བྱའི་དུག་འཇིལ་སྐད། །ཨོཾ་ཀྲུག་ལེ་ཧྲི། ཀྲིང་ཀིང་སོད། པ་ཏྲི་སྭཱ་ཧྭ། བསད་ནས་འདོན་ན་སྔགས་དེ་བཟླས། །སླ་ངར་ཆུ་སྐོལ་ཁོང་དུ་གཏང་། །མྱ་ངམ་ཐང(ཚག་པ)གི་ཁྱུང་ཕྲུག་དང་། །རྒྱ་མཚོ་ནང་གི(སྦལ་བ)འབྲུག་གི་བུ། །ནགས་ཀྱི་གསེབ་ཀྱི(སྦྲུལ)གློག་དང་ནི། །བྲག་གི་གླང་ཤ(རྩངས་པ)བཞི་ནི་ཤིས། །དྲང་སྲོང་དག་གི་འཁོར་གསུམ་ནི། །དྲི་ཆེན་དྲི་ཆུ་ཤ་ཆེན་ནོ། །ཀུ་ར(ཁྱི)དང་ནི་ཙ་རའི་(ར)འབྲས། །བུད་མེད་ཤ་མ་ཤ་གསུམ་སྟེ། །སྟག་ཤ་བ་དང་ཏིག་ཏ་དང་། །བར་པ་ཐང་དང་སྔོ་གསུམ་མོ། །ག་པུར་ཅུ་གང་ཀ་ར་ནི། །སྨན་གསུམ་དག་ཏུ་ཤེས་པར་བྱ། །སྦྲང་རྩི་ཀུན་གྱི་ཁྱབ་བྱེད་དོ། །ཐང་ནི་སྒོག་སྐྱ་ཤིང་ཀུན་དང་། །སྐྱེར་པའི་བར་ཤུན་ཐང་དུ་འོ། །ལུམས་ནི་ར་དུག་མཁན་པ་དང་། །ཐང་ཕྲོམ་དང་ནི་གང་རྙེད་གཏང་། །ཐང་ཕྲོམ་སྤྲུ་དང་ཤོ་མང་དང་། །ར་དུག་མཛོ་ཡི་ལྕི་བ་དང་། །དབྱར་པ་སྐྱེར་པའི་བར་ཤུན་དང་། །གཡེར་མ་ཁྱི་ལུད་དག་དང་ནི། །དྲོད་ཆེན་དག་དང་བསྲེས་པས་བྱུག །འབྱར་གཏང་ནང་རེ་སྤོ་བར་བྱ། །
འགོ་མ་ཐོན་པ་འདོན་པ་ནི། །བ་ཤ་ལྟོར་གཏང་ཚྭ་དང་མར། །བྱུགས(མགོ་བོ་ཡི)ཏེ་ཐད་ཀར་སྟོང་པར་བཞག །ཁྱི་དང་སྤྱང་ཀི་ལ་སོགས་པའི། །གཅན་གཟན་རྣམས་ཀྱི་དྲི་མ་དང་། །དྲི་ཆེན་བྱི་བྲུན་ཤིང་མངར་དང་། །སྐྱོ་མ་ཆང་གིས་བསྲེས(ཐལ་བས་ཀྱང)ལ་བྱུག །གཟུགས་བརྙན་གང་བྱུང་རྟགས་ལ་སྟེ། །མར་དང་སྦྱར་བས་བྱེར་བ་སྡུད། །བ་ལྕི་དང་སྦྱར་འཕྱངས་དོགས་མེད། །ཆུ་ངན་དང་སྦྱར་ལྡང་མི་ནུས། །ཡང་ན་བོང་ང་ཐང་ཕྲོམ་དང་། །གུ་གུལ་ནག་པོ་ཐུག་པོའི་སྦྲེ། །ཡུག་ས་མོ་ཡི་དོར་རྟ་དང་། །བཙན་དུག་ལ་སོགས་སྦྱར་ལ་བྱུག །སྐམ་ན་ཆུ་ངན་དག(དྲི་ཆེན)དང་ནི། །བོང་ང་ནག་པོ་བསྲེས་པ་ཡིས། །བྱུག་ཅིང་ཡང་ནས་ལང་དུ་འོ། །བྱ་བྲུན་གོ་སྙོད་ལྕམ་འབྲུམ་དག །ཆང་དུ་བཙོས་ལ་མར་ནག་གམ། །བཤུལ་ཚིལ་བསྲེས་པས་ལུམས་སུ་གཞུག །ཐོར་པ་དག་ལ་འབྲུག་རུས་དང་། །བྲེ་གུ་སྤོས་དང་མུ་ཟི་དང་། །འབོག་ཡག་བུ་རམ་དང་བསྲེས་ཏེ། །བྱུགས་ན་ཐོར་པ་འཚོ་བ་འོ། །གླ་རྩི་ཤིང་ཀུན་རྒྱམ་ཚྭ་དང་། །སྣག་ཚ་གུ་གུལ་ནག་པོ་དང་། །སྒོག་པ་ལྡོང་རོས་བུ་རམ་སྦྱར། །ཟས་ནི་སྣུམ་ཅན་བཅུད་ཅན་དང་། །སྐྱུར་བ་དག་ནི་སྤང་བར་བྱ། །ཚག་ཕྲན་གཏང་བ་ཉེས་པ་མེད། །ལར་ན་མཐའ་བསྐོར་བསྲེག་པ་ལེགས། །ཤ་མཛེར་མོན་ལུག་ཐལ་ཐལ་བས་བྱ། །ཚིགས་ལ་རེ་ལྕག་ཐལ་བས་བྱ། །སྐྲངས་པ(རྣག་ཏུ་སོང་ན)གཙགས་བུས་དབུག་པར་བྱ། །ལྷག་མ་དག་ནི་ཡན་པ་བཟང་། །མགོ་ལ་ཤོར་ན་སྤྱི་གཙུག་དང་། །དཔྲལ་བ་ཡི་ནི་སྐྲ་མཚམས་དང་། །སྣ་མཆན་ལྟག་རྩ་ནག་པོ་བསྲེག །ལར་ན་རྩ་རྣམས་འཕར་བ་བསྲེག །སྐྲངས་རྣག་དཀར་ལ་འཇམ་ན་བཟང་། །ཆུ་འདྲ་དམར་ལ་ཆད་པ་ངན། །རྒྱ་ཚྭ་ལྡོང་རོས་རྨེན་ངན་གཅོད། །སྒ་དང་ཤུ་དག་ལྕུམ་རྩའི་ཐལ(དཀར་པོ་ཆིག་ཐུབ་དག་དང་སྦྱར)། །རྨེན་ངན་དག་ནི་གཅོད་པ་འོ། །
ཕུར་མོའི་མྱུ་གུ་དོམ་མཁྲིས་དང་། །ཀ་ར་ཤ་རུལ་གཅོད་པར་བྱེད། །རྨ་རུལ་དང་པོ་བུལ་ཆུས་བཀྲུ། །ཆེ་སྐྱེས་ག་པུར་ཆུ་ཡིས་བཀྲུ། །རུལ་མཛེར་འོང་ན་ཚོད་དང་སྦྱར། །བྱ་རྒོད་དག་ནི་གཏང་བར་བྱ། །རླངས་པ་ཆེ་ན་ཆུ་རྩ་དང་། ཁྱི་ལུད་ཞོ་དང་བསྲེས་པས་བྱུག །ཕྱིང་དེབ་ཞི་དང་ཤོག་དེབ་སྦྲང་། །ཧྲེལ་དེབ་བྲུན་དང་སྦྱར་བ་འོ། །ཉེ་ཤིང་དྲི་ཆེན་སྦང་མཁར་བཟང་། །རྨ་ལྷོག་རྨ་ནི་ཕྱིར་ལྡོག་སྟེ། །ཆུ་སེར་ཆེ་ལ་ཁྲག་ཏུ་འོང་། །ཁྲག་མ་ཆོད་ན་འཆི་བར་འགྱུར། །ཁོང་སྨན་ག་པུར་ཙཎྜན་དང་། །གུ་གུལ་དཀར་ནག་རྒྱ་སྐྱེགས་དང་། །བོང་ང་ཅུ་གང་གུར་གུམ་དང་། །རུ་རྟ་སྤང་སྤོས་ཤོ་མང་དང་། །ལྡུམ་བུ་རེ་རལ་བ་སྦྲུ་དང་། །དབང་པོ་ལག་པ་འབྲི་རྟ་དང་། །འོམ་བུ་སྤང་རྩི་དོ་བོ་དང་། །ཞིབ་བརྡུངས་སྦྲང(ཆང་ངམ)ངམ་འོ་སྦྲུས། །འདག་པས་ཡང་ནས་ཡང་དུ་བྱུག །གཏར་དང་བསྲེག་པ་བྱ་བ་ནི། །རྩ་རྣམས་གང་སྦྲིད་གཏར་བ་སྟེ། །མགོ་ལ་ཟིན་ན་རྩེའུ་ཆུང་གདབ། །ལག་པའི་རུ་ཐུང་སྣོད་དང་ནི། །སྟོད་དུ་ཟིན་ན་སྒང་རྩ་གཏར། །སྨད་ན་བྱིན་གཞུག་རྩ་བོ་ཆེ། །ལོང་རྩ་དག་ནི་གདབ་པར་བྱ། །བསྲེག་པ་མཐའ་ནས་བསྐོར་བྱས་ནས། །ཉ་འདྲའི་མགོ་དང་སྦྲུལ་འདྲ་ཡི། །མཇུག་དང་འཕང་ལོ་ལྟ་བུའི་དབུས། །མེ་ལྕེ་རིས་ཀྱི་མཐའ་ནས་བསྲེག །སྲ་བ་སྙི་དང་སྙི་བ་སྲ། །གཟེར་བ་དག་ནི་གཟེར་ཐོག་ཏུ། །དམར་དང་ནག་པོའི་ཐིག་ལེ་ལ། །ཐོར་བུ་གཏིང་དུ་ཟུག་པ་བསྲེག །ཡང་ན་ནན་གྱི་བྱེ་བྲག་ལ། །བཙན་དུག་ཐར་ནུ་རེ་ལྕག་པ། །སྐེ་ཚེ་ཤང་ཚེ་བོང་ང་ནག །མུ་ཟི་ཏི་ཚ་སྦྱར་བས་ནི། །དུག་ནན་སྐྲངས་འདུལ་མཆོག་ཏུ་འོ། །
ཟི་ར་སྣག་ཚ་སྤྱང་ཚེར་མ། །འབྲུམ་བུ་ཆུ་ནན་མེ་ལྷོག་ལ། །མི་ཤ་ཝ་ཤ་རྟ་གཡག་ཤ །སྤྱང་ཀི་སྲེ་མོང་ཕག་པ་དང་། །སྦྲུལ་དང་སྦལ་པའི་རུས་པ་དང་། །ཆང་སྦྱར་ས་ལྷོག་དག་ལ་འོ། །ཨག་སྐྱུག(ཚག་པ)བུ་རྩི(སྟག་ཤ)ཕག་ཁྲག་དང་། །སྦྱར་བས་རླུང་ལྷོག་དག་ལ་འོ། །རྒོད་ཚིལ་སྤྱང་ལྕེ་བྱ་རོག་མཁྲིས། །སྤྱང་དུག་གླ་རྩི་གུ་གུལ་དང་། །ཤིང་ཀུན་སྣག་ཚ་བཙན་དུག་དང་། །མུ་ཟི་ཚིལ་ཅན་སྦལ་ལྕོང་ཉ། །རམས་ཀྱི་ཕྱི་མ་ཁྱི་ལུད་དང་། །བ་ལྕི་དུད་པ་ཆུང་ན་སྦྱར། །ཆུ་ལྷོག་ནན་ལ་ཤིན་ཏུ་བསྔགས། །རི་བོ་རྩེ(སྤྱི་བོ)ནས་བསྙིལ་པ་དང་། །ཆུ་བོ(དོན་དྲུག་གི་རྩ)སྒོ་དྲུག་བཅད་པ་དང་། །ལུང་པའི་མདོ་སྒོ(ཡན་ལག་གི་རྩ་སྒོ)བསྲུང་བ་དང་། །རྒྱལ་པོའི(སྨན)གྲོང་ཁྱེར་འཇོམས་པ་དང་། །གྲོང་ཁྱེར(མཐའ་ནས)མེ་ཡིས་བསྐོར་བ་དང་། །མཐའ་མར་ཁང་ཆུང(སྐྲངས་པ)བསྲེག་པ་དང་། །རྔན་པ་བྱིན་ལ(སྡུད་སྨན)བསད་པའོ། །
ནག་པོ་གཅིག་ཐུབ(བཙན་དུག)གཏང་བ་དང་། །སེར་པོ(ལྕུམ་རྩ་ཆུ་རྩ)རྣམ་གཉིས་སྲོག་འཛིན་དང་། །ས་ལྷོག་སྲ་བ(ལུམས་དང་ཆིངས)ཆས་ཀྱིས་བཅོས། །མེ་ལྷོག་སྙི་བ་(སྨན་དང་ལུམས)བསིལ་གྱིས་བཅོས། །ཆུ་ལྷོག་གཤེར་བ་སྐམ་རྩི་སྟེ། །རླུང་ལྷོག་ཡམ་བ་མར་གྱིས་བཅོས། །སྐྲངས་པ་མེ་དང་ཉི་མ་ལ། །བསྟན་པ་དག་ནི་སྤང་བར་བྱ། །མི་ནི་ངོ་སར་བསྲུང་བར་བྱ། །ཁྲོམ་དུ་མི་བརྗོད་གསང་བ(གསང་བ་གལ་ཆེ)དང་། །ནད་པ་དག་གིས་སེམས་མི་དཀྲུག །ཆུ་དང་བུད་མེད་བསྲུང་བར་བྱ། །ངལ་དུབ་དག་ནི་དཀར་དག་བསྲུང་། །ནག་པོ་ལ་ནི་ཆུ་བསྲུང(བསིལ་སྤང)སྟེ། །དམར་པོ་དག་ལ་ཆང(དྲོད་སྤང)བསྲུང་ངོ་། །སྔོན་པོ་དག་ལ་ཤ་བསྲུང་ངོ་། །དཀར་པོ་ལ་ནི་དཀར་བསྲུང་ངོ་། །
དམར་པོ་ལ་ནི་མི་བསྲེག་གོ །དཀར་པོ་ལ་ནི་མི་གཏར་རོ། །ནག་པོ་ལ་ནི་ཆུ་ནན་སྤང་། །སྐྲངས་འགོ་ཐུར་དུ་བྲོས་པ་དང་། །སྲུབ་ངོས་སྐྲངས་པ་ཞི་བ་དང་། །གཉེར་མ་མང་དུ་བྱུང་བ་དང་། །རྣག་ཉུང་དཀར་དང་རྣག་ཏུ་འོང་། །ཐུབ་པའི་རྟགས་ཏེ་སྙིང་དགའ་འོ། །ཟུག་གཟེར་ཆེ་དང་སྐྲངས་ཕུག་བྲོས། །མིག་མི་འཛུམས་པར་ཟས་མི་འདོད། །སྐྲངས་པ་གློ་བུར་ཞི་བ་དང་། །རྨ་དང་ཁོང་གཟེར་འདར་བ་དང་། །ཉ་དང་དཔུང་པ་བརླ་ཟིན་གྱེན་ལ་ཤོར། །ཉམ་ཆུང་སྐྱུགས་པ་དག་དང་ནི། །སྙིང་མི་དགའ་བ་འཆི་བ་འོ། །མེ་སྟག་དགུ་སྐོར་སད། མེ་ལྕེ་འབར་བ་སད། མེ་ཐོག་འགྱིང་བ་སད། མེ་ལྕེ་གླང་པོ་སད། མེ་འབར་སྟག་སྲིན་སད། མེ་ལྕེ་ས་སྲིན་སད། མེ་སྙ་སད། མི་ཕྱི་སད། མེ་རླུང་སད། མེ་ལྕེ་སད། རམ་ལས་གནས་དགུ་མེ་ཡིས་བསྲུང་། །གླང་རུ་རྙིང་པར་གུ་གུལ་དང་། །ལྡོང་རོས་ར་དུག་རྟ་བོན་པོས། །མུ་ཟི་བསྲེས་ལ་བདུག་པར་བྱ། །ཕྱིར་མི་འགྲོ་བའི་བྱ་ཐབས་ལ། །ཐབ་སྣ་བསང་པའི་ཐབས་བྱ་འོ། །སོ་མ་རཱ་ཛ་ལས་གག་ལྷོག་བཅོས་པའི་ལེའུ་སྟེ་དོན་ལྔ་པའོ།། །།
དེ་ནས་དུག་ནད་བཅོས་པ་ནི། །དང་པོར་དུག་གི་བསྲུང་བ(རང་གིས་སྔོན་འགྲོ་བྱ)བྱ། །བར་དུ་དུག་གི་བཅོས་ཀ(རྩི་སྐྱོར)དང་། །ཐ་མར་དུག་གི་སྦྱང་བ་བྱ། །དང་པོ་དུག་གི་བསྲུང་བ་ནི། །རྨ་བྱའི་ཤ་དང་ལྕགས་ཕྱེ་དང་། །བདུད་རྩི་དྲི་ཆེན་གཅིག་ཐུབ(སྒོག་པ)དང་། །སྤུ་ཅན་ཀུན་ཏུ་ཐུབ་པ(རེ་རལ)དང་། །སེར་པོ(ཡང་བ)གཅིག་པུས་ཐུབ་པ་དང་། །བུས་པ་ཁྱེའུ(ཚན་བུ)ཁྱི་གུ་དང་། །བེའུ་དག་གི་ནི་དརྱ་ཀན། །རྨ་བྱའི་ཤ་དང་མཁྲིས་པ་དང་། །སེར་པོ(སྐྱེར་པ)གཅིག་ཐུབ་སྤང་རྒྱན་དཀར། །དྲི་ཆེན་གཅིག་ཐུབ(སྒོག་པ)བསྲེག་ཐལ་དུ། །རིལ་བུའི་སྦྱོར་བས་ཐུབ་པར་འགྱུར། །ཁྱེའུ་དང་བེའུ་དང་ཁྱི་གུའི་ཚན། །ཙཎྜན་ཅུ་གང་གུར་གུམ་དང་། །གླ་རྩི་དྲི་ཆེན་ཐལ་བ་དང་། །གླ་སྒང་དག་དང་སྦྱར་བ་ཡིས། །སྨུག་པོ་གཅིག་ཐུབ(ལྡན་ཡོན)སྨན་མར་དུ། །བཏང་ན་གཏན་དུ་ཐུབ་པར་འགྱུར། །སྐྱེས་ཕྲན་གྲིར་ནི་ཤི་བ་ཡི། །མ་སུངས་ཉ་ཤ་དག་དང་ནི། །ཨ་རུ་ར(གསེར་མདོག)དང་ཆ་སྙོམས་ཏེ། །ལྕགས་ཕྱེ(དྲེག་པ)དག་དང་སྦྱར་བ་ཡིས། །ལྟོ་བཀུག་ལྟོ་སྟོང་གཏང་བར་བྱ། །ཚ་བཅད་དཀར་དག་ཟླ་བ་གཅིག །གཞན་པ་བསྡམ་ལ་གཏང་བ་ནི། །གཏན་དུ་དུག་ལས་ཐར་བ་འོ། །པེ་རིལ(ཡུང་མ)དང་ནི་གསེར་མདའ(ཡུངས་ཀར་བརྔོས་པའི་ཕྱེ་མ་རིལ་བུ་བྱའོ)དང་། །ཁ་ཚོས(ཡུང་མ)ཁ་ཚའི་ཆུས་དག་ནི། །བཏང་ན་དུག་ནད་ཞི་བ་འོ། །སྒོག་པ་འོ་མས་བསྐོལ་བས་ཐུབ། །ཡུང་མ་རློན་པས་ཐུབ་པ་འོ། །ཡུངས་ཀར་ཕྱེ་མས་དེ་བཞིན་ནོ། །
བསེ་རུ་ཚ་ལ་དག་གིས་ཀྱང་། །ལྡིང་བ་ཁྱུང་ཕྲུག(ཕ་བོང་)ཤ་དག་དང་། །གངས་ཀྱི་ཕྲུ་གུ(ཁྱེའུ)མིག་མ་བྱེ། །བྲག་རིང(ར)དག་གི་མཆིན་པ་གཏང་། །ཡང་ན་ཆང་ནི་སུམ་ཆ་གཏང་། །མ་ཧ(རྟ)གོ་ར་དག་དང་ནི། །ཧི་ཧ་ཆེན་པོ་གྲིབ(དྲི་ཆེན)སྐམ་སྟེ། །དྲི་ཡི་ཆུ་དང་ཆུ་དག་དང་། །སུམ་ཆ་སུམ་གཉིས་དག་ནང་དུ། །ཕྱེ་མ་བཏབ་པའི་དར་བ་གཏང་། །རྔུལ་འདོན་སྐྱུགས་པ་དག་ནི་ཤིས། །བཙན་དུག་ཤ་དུག་ལོ་དུག་ལའོ། །ཤ་ཡི་དུག་ལ(ཤ་སྒོག)ཤ་ཡི་རྩི། །གྲང་ཐང་དག་ཏུ་གཏང་བར་བྱ། །ཡང་ན་སྨུག་པོ(ལྡན་གྱིས)དག་དང་ནི། །རྒྱལ་པོ་རེ་རལ་ཏིག་ཏ་དང་། །སེར་པོ་ཁྲག་སྐེམ(ལྡན་གྱིས)དག་དང་ནི། །བཙུན་མོ་རེ་རལ་ཤེལ་ཏ་དང་། །སྤང་རྩི་སྲོ་ལོ་ཅུ་གང་དང་། །བློན་པོ་རེ་རལ་ཐང་དག་གཏང་། །ཏྲི་བྱིད་ཏ་ཡི་ཕྱེ་མ་གདབ། །ཡང་ཡང་གཏང་བས་འཁྲུ་བར་འགྱུར། །སྨུག་པོ་གཅིག་ཐུབ་མཁན་པ་དང་། །ཨུ་ལོ(ནེ་གུ་ཆུང་)རྐྱང་དང་པུ་ཙེ་ཤེལ། །བ་ཤ་ཀ་དང་པར་པ་ཏ། །ཏྲི་བྱིད་ཏ་དང་བྱེ་མ་དང་། །ཀྱི་ལྕེ་བ་དང་ཨུཏྤལ་དཀར། །ཐང་དུ་ད་ཏྲི་བྱིད་ཨ་རུ་ར། །ཁ་སྤོད་བཏབ་པས་འཁྲུ་བར་འགྱུར། །བཙན་དུག་དག་ལ་དེ་བཞིན་ཏེ། །ཏྲེ་མུ་ལ་ཡི་ཕྱེ་མ་བསྔགས། །ཟྭ་འུ་ཐང་གིས་སྐྱུག་པར་འགྱུར། །ཆུ་ལ་སྔགས་བཟླས་ཁོང་དུ་གཏང་། །ཨོཾ་ཀྲུག་ལེ་ཧྲིམ། ཨོཾ་ཀྲིམ་ཀྲིམ་སོད། ཨོཾ་པ་ཀྲི་སྭཱ་ཧྭ། །སྦྱར་དུག་རིན་པོ་ཆེ་དང་ནི། །རྩི་དང་བྱུག་པ་དག་དང་གསུམ། །བསྲུང་བ་གོང་དུ་བསྟན་པ་སྟེ། །འདི་ནི་མཆོག་ཏུ་གྱུར་པ་འོ། །ཡུངས་ཀར་ཡུངས་ནག་ཡུངས་དམར་གྱི། །བརྔོས་པ་ཕུལ་གང་ཟན་གྱིས་ནི། །དེ་ནི་ལོ་གཅིག་ཐུབ་པར་ངེས། །ཁྱེའུའི་ནུ་ཞོ་ཕུལ་བྱེད་དང་། །ར་དཀར་དང་ནི་བ་དམར་དང་། །འོ་མ་ཕུལ་ཕྱེད་ཕུལ་གང་དུ། །ཏྲི་མུ་ལ་ཡི་རྩ་བ་ནི། །ཁ་ཚོས་ཚོས་ཚོད་ནས་ནི་སྐམ། །ཕྱེ་མ་ཐུར་རེ་མར་སར་གསུམ། །ལྟོ་སྟོང་དག་ལ་གཏང་བར་བྱ། །དེ་ནས་ཚྭ་སྤངས་དཀར་དག་གཏང་། །ཕེ་རིལ་དག་གི་བྱེ་མ་གཏང་། །རྒྱལ་པོ་ཕ་རིལ་དརྱ་ཀན། །ཕྱེ་མ་ཀ་ར་དང་སྦྱར་ནས། །དུག་རིགས་ཐམས་ཅད་ཐུབ་པ་འོ། །
རིན་པོ་ཆེ་ལ་རྩ་སྦྱོངས་གཏང་། །ཚྭ་ནི་མཆོག་ཏུ་སྤང་བར་བྱ། །རྒྱལ་པོ་རེ་རལ་དུག་ཀུན་སྡུད། །བཙུན་མོ་རེ་རལ་རྩ་རུ་འདྲེན། །བློན་པོ་རེ་རལ་དུག་འཇོམས་ཏེ། །རྒྱལ་བློན་ནུས་པ་འབངས་ཀྱིས་བསྒྱུར། །ཨུཏྤལ་སྔོན་པོས་གློ་རྩར་འདྲེན། །སྨུག་པོ་དག་གིས་སྙིང་རྩར་འདྲེན། །དམར་པོ་དརྱ་མཆིན་རྩར་འདྲེན། །གཉིས་ཀ་སྨུག་པོས་མཁལ་རྩར་འདྲེན། །གངས་ཀྱི་བྲུན་གྱིས་མཆེར་རྩར་འདྲེན། །སྤང་རྩི་དོ་བོས་ལོང་དུ་འདྲེན། །སེར་པོ་ཁྲག་སྐེམ་མཁྲིས་ནད་སེལ། །དམར་པོ་ཁྲག་སྐེམ་སྐྱུག་ནད་སེལ། །ཏིག་ཏ་ཕོ་བའི་དང་ག་བདེ། །མཁྲིས་པའི་ནད་ནི་འཇོམས་པར་བྱེད། །ད་ལིས་བསྡུས་པས་ཕོ་ནད་འཇོམས། །རྒྱལ་བློན་འབངས་ཀྱི་སྦྱོར་བ་ལས། །བྲག་ཀྱི་དམར་པོས་དོན་སྣོད་སྲུང་། །དེ་བས་ཀྱི་གཉིས་ཤིན་ཏུ་གཅེས། །
གཡའ་ཀྱི་སྔོན་པོས་སྣོད་སྒོ་སྲུང་། །དུག་ནད་ཀུན་ལ་བསྔགས་པ་སྟེ། །ཀ་ར་དག་དང་སྦྱར་ལ་གཏང་། །འཁྲུ་བ་ཏྲི་བྱིད་ཏ་ཡི་ཕྱེ། །སྤང་རྩི་དོ་བོ་ཀ་རར་སྦྱར། །གོང་རྣམས་ཐང་དུ་གཏང་བར་བྱ། ཁྱད་པར་རིན་ཆེན་ཕྱེ་མ་ལ། །རྒྱལ་བློན་གསུམ་པ་དག་དང་ནི། །གཡའ་ཀྱི་དང་ནི་བྲག་ཀྱི་དང་། །བྲག(བྲག་ཞུན)གི་རྩི་དང་སྨུག་པོ(འོམ་བུ)དང་། །རྩི་སྦྱོར་བྱ་དང་ར་ཤ་དང་། །རྩིས་སྦྱོར་བྱ་དང་ར་ཤ་དག །རྡོ་སྦྱོར་ཤ་སྦྱོར་སྔོ་སྦྱོར་དང་། །སྨན་གྱི་སྦྱོར་བ་བཞི་ཡིས་བཅོས། །བྱ་བོང་ར་དང་རྟ་ཤ་བསྲུང་། །རྩི་སྦྱོར་བཅོས་པ་རྒྱལ་པོ་དང་། །བློན་པོ་འབངས་དང་བཅས་པ་འོ། །ཡོན་ཏན་གོང་མ་ཤིན་ཏུ་གཅེས། །ཁྲག་ཏུ་འཁྲུ་བ་དག་ལ་ནི། །ཕྱ་ཚན་གུར་གུམ་ག་པུར་གཏང་། །དུག་གི་མྱོས་པ་དག་ལ་ནི། །གུར་གུམ་ལུག་གི་ཕྱ་ཚན་དང་། །ས་ཡི་ཚྭ་ཡིས(མཚུར་ཆུས)ཕུལ་ལ་གཏང་། །གླང་ཐབས་ན་བ་དག་ལ་ནི། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །ཐལ་ཚྭ་ཆུང་ན་དག་དང་སྦྱར། །ཚྭ་དང་ཨ་རུ་ར་དང་ནི། །རི་བོང་རིལ་མ་ཆུ་ཡིས་ཕུལ། །གླང་དང་དྲན་ཉམས་གཉིས་ཀ་སེལ། །ཨ་རུ་ར་དང་པི་པི་ཝང་། །མང་ས(སྐྱེས་པའི་ཉ་ཤ)མ་སུངས་དྲི་ཆར་སྦྱར། །ཕོ་བ་སྡིངས་པ་སེལ་བར་བྱེད། །ཆུ་མདོག་དམར་ན་འོ་མར་སྦྱར། །སྨུག་ན་བྱ་ཡི་མཇིང་པ་སྟེ། །སྨུག་ནག་རོ་སྟོད་དག་ཡིན་ཏེ། །སྟོད་མི་བདེ་བ་དག་ལ་སྦྱར། །དུད་ཁུ་ལྟ་བུ་ལུད་པ་སྟེ། །སྒལ་པའི་མཁར་དག་མི་བདེ་འོ། །
ཆུ་ནི་མར་ནག་མདོག་འདྲ་སྟེ། །ཆི་སྙིགས་ཅན་ནི་ནང་ཁྲོལ་དང་། །དོན་སྙིང་སྣོད་ལ་བབས་པ་ཡིན། །སྨན་ནི་རྒྱལ་པོའི་སྦྱོར་བ་གཅེས། །གདོན་པ་དཀའ་ན་རྩ་ལ་དྲི། །བབས་པའི་རྩ་ལ་གཏར་བར་བྱ། ཁྱད་པར་སྦྱོར་བ་བཞི་པོ་ལ། །རྡོ་སྦྱོར་གཙོ་སྟེ་ཐིང་ཤུན་དང་། །ཏི་ཙ་ལྡོང་རོས་གསུམ་པ་སྟེ། ཁོད་སྙོམས་ཉམ་ཆུང་ཤ་མདངས་སེར། །མཐིང་ཤུན་དག་དང་མཁན་པ་དང་། །ལོ་བཙན་འཐེང་པོ་ལུག་རུའི་ཐང་། །ཏི་ཙ་དག་དང་སྐྱེར་བའི་ཐལ། །བྲ་མའི་ཐལ་བ་ནུ་ཞོར་སྦྱར། །ལྡོང་རོས་དག་དང་རྒྱ་སྐྱེགས་ཤིང་། །ཞུ་མཁན་སེང་ཕྲོམ་བ་ལང་ཁྲག །ཤ་ནི་སྟག་གི་སྨང་ར་དང་། །སྡིག་པའི་རྭ་དང་ཕག་པའི་སྣ། །བྱང་བ་དག་དང་བཞི་ཡི་དུག །མགོ་ན་ལུས་སྦྲིད་ཉམ་ཆུང་ཁ། །སྟག་གི་སྨང་ར་དག་ལ་ནི། །ཤོག་བུའི་འདག་པའི་དུད་པ་དག །ཆུ་གྲང་སྦྱར་བས་སྐར་མ་དག །སྐྱ་རེངས་ཤར་ནས་གཏང་བར་བྱ། །
ཕག་སྣ་དག་ལ་གཏང་བ་ནི། །ལྕང་ཤུན་ཕ་བོང་དྲེག་པ་དང་། །ཆུ་དང་སྦྱར་ལ་སྲོད་ལ་གཏང་། །སྡིག་པ་དག་ལ་གཏང་བ་ནི། །ཤོ་མང་རྩ་དང་མཁན་རྩ་གཉིས། །ཆང་དུ་སྦངས་ལ་གཏང་བར་བྱ། །བྱང་བ་དག་ལ་ཏིག་ཏ་དང་། །སྤང་སྤོས་ཆུ་དང་སྦྱར་ལ་གཏང་། །ཐར་ནུ་རེ་ལྕག་སྲུབ་ཀ་དང་། །སྣ་མ(སྒྲོན་ཤིང)ར་དུག་བསེ་ཞོ་དང་། །སྙིང་འདར་སྐྱུག་བྲོ་རི་མོ་སྔོ། །དྲན་པ་དག་ཀྱང་མི་གསལ་མྱོས། །ཐར་ནུ་དག་ལ་སྤྲ་ཐོག་དང་། །ལུག་མིག་དང་ནི་ཆང་གཏང་ངོ་། །ར་དུག་བཙུན་མོ་རེ་རལ་དང་། །ཏིག་ཏ་ཆུ་དང་སྦྱར་ལ་གཏང་། །རེ་ལྕག་པ་ལ་ཧོང་ལེན་དང་། །དན་ད་འོ་མ་སྦྱར་བ་གཏང་། །སྲུབ་ཀ་དག་ལ་ཁུར་མོང་དང་། །ཨུག་ཆོས་ལོ་མ་རྩ་བ་གཏང་། །ཛཱ་ཏི་སྣ་མ་དག་ལ་ད་ལིས་དཀར། །སྲོ་ལོ་ཆུ་དང་སྦྱར་ལ་གཏང་། །བསེ་ཞོ་དག་ལ་ཏིག་ཏ་དང་། །ཁུར་མོང་མེ་ཏོག་དྲི་ཆུར་སྦྱར། །ག་པུར་ཛཱ་ཏི་དུག་མོ་ཉུང་། །ཨུཏྤལ་ལི་ཤི་ཟི་ར་ནི། །སྨན་ནི་དུག་དང་སྦྱར་བས་དུག ཁ་སྐམ་དང་ག་མི་བདེ་དང་། །རྐང་ལག་སྦྲིད་དང་བརྩེ་བ་ལ། །ག་པུར་དག་ལ་ཏིག་ཏ་དང་། །ཁ་རུ་ཚྭ་དང་སྦྱར་ལ་གཏང་། །ཛཱ་ཏི་དག་ལ་ཅུ་གང་དང་། །བུད་མེད་ཁྲག་ལ་བཏབ་པ་གཏང་། །དུག་མོ་ཉུང་ལ་བྱ་རྒོད་སྤོས། །ལུག་རུ་འོ་མར་སྦྱར་ལ་གཏང་། །ཨུཏྤལ་སྔོ་ལ་བ་ལང་མཁྲིས། །བྱ་ཤ་མར་གསར་སྦྱར་ལ་གཏང་། །ལི་ཤི་དག་ལ་ར་ཡི་མཁྲིས། །བྷ་ཡི་ཐང་ཆུ་ར་ཁྲག་དང་། །ཟི་ར་དག་ལ་ཀ་ར་དང་། །བཅའ་ལྒ་དག་དང་སྦྱར་ལ་གཏང་། །གསེར་དང་དངུལ་དང་ཟངས་དང་ནི། །ར་གན་དག་དང་ཞ་ཉེ་དང་། །ཉམ་ཆུང་ཤ་སྔོ་སྒལ་ཚིགས་ན། །ས་བོན་དག་འབྱུང་མཚན་ཉིད་དོ། །
ཚྭ་ནི་རྟག་ཏུ་བསྲུང་བར་བྱ། །ཆུ་ནི་འོད་ལྡན་འཇའ་ཚོན་འདྲ། །ལུས་ལྕི་ཆུ་སྔོ་ས་བོན་འབྱུང་། །ཞ་ཉེ་གཅིག་པུ་དག་ཡིན་ཏེ། །དབྱིག་དུག་ཤིན་ཏུ་འཇིག་པ་འོ། །རྒྱ་ཚྭ་བྱང་པ་པི་པི་ལིང་། །མཚལ་དང་སུག་སྨེལ་དོམ་མཁྲིས་ཀྱི། །རྩ་བཤལ་དག་ནི་གཏང་བར་བྱ། །ལྕམ་འབྲུམ་ཟ་ཁུ་གཏང་བར་བྱ། །དརྱ་ཀན་གྱི་སྦྱོར་བ་གཏང་། །རྡོ་སྦྱོར་རིན་ཆེན་སྦྱོར་བ་དག །སྔོ་ཡིས་བཤིག་པའི་ཏིག་ཏ་དང་། །བྲག་ཇ་ཧ་བོ་བཙུན་མོ་དང་། །རྒྱལ་པོ་དག་ལ་ཨུཏྤལ་སྔོ། །བེ་ཡི་འབྲས་བུ་ཁུར་མོང་དང་། །བའམ་མཛོ་ཡི་འོ་མ་དང་། །བསྐོལ་ཏེ་སྨན་ཕྱེའི་ལྡེ་གུ་གཏང་། །ཤ་སྦྱོར་སྨན་གྱིས་བཤིག་པ་ནི། །ནཱ་ག་གེ་སར་ཙཎྜན་དཀར། །སྲན་ཆུང་སོ་མ་ར་ཙ་དང་། །གུ་གུལ་ཆང་དུ་བཏབ་ལ་གནན། །ཞག་གཅིག་ལོན་ནས་གཏང་བར་བྱ། །སྔོ་སྦྱོར་དག་ཀྱང་སྨན་གྱིས་བཤིག །ཏིག་ཏ་སྤང་རྒྱན་དཀར་པོ་དང་། །སྲོ་ལོ་སྟབས་སིང་ཙཎྜན་དཀར། །སྤངསྤོས་སྦྱང་ཚེར་སྦྱར་བ་ཡིས། །རུས་པ་མ་སུངས་ཁུ་བར་སྦྱར། །སྨན་གྱི་སྦྱོར་བ་དག་གིས་བཤིག །ལི་ཤི་ཅུ་གང་གུར་གུམ་དང་། །འོམ་བུ་གསོ་མ་ར་ཙ་དང་། །བཙོད་དང་སྟར་བུ་ཤུ་དག་དང་། །ནཱ་ག་པུཤྤ་ཤིང་ཚྭ་རྣམས། །ཀ་ར་དག་དང་སྦྲང་རྩི་སྦྱར། །དུག་ནད་ཐམས་ཅད་སྡུད་པ་འོ། །
ར་དང་གནའ་བ་ཕག་པ་དང་། །ཤ་བའི་རྭ་དང་རྟ་རུས་རྣམས། །བསྲེགས་པའི་ཐལ་བ་དག་དང་ནི། །རའམ་ཕག་གི་མཆིན་པ་སྦྱར། །གཏང་བས་དུག་རྣམས་སྡུད་པར་བྱེད། །ཡང་ན་སྦྱང་ཚེར་ཤོ་མོང་དང་། །ཆུ་རྩ་ལྕམ་པ་སྨྱ་ལོ་མ། །རྩ་བ་ལྔ་པོ་འོ་མ་འམ། །མར་དང་བསྡེབས་ལ་གཏང་བར་བྱ། །ཡང་ན་སྐྱེར་པའི་བར་ཤུན་དང་། །ཕུག་རོན་སྒོ་ངའི་སེར་པོ་དང་། །ཆུ་རྩ་ཡུང་བ་དོམ་མཁྲིས་དག །ཆ་སྙོམས་ཆུ་དང་སྦྱར་ལ་གཏང་། །བརྟག་པ་སྒོག་པ་རིན་པོ་ཆེ། །ཡང་ན་བཅའ་ལྒ་བཏབ་པས་ལྡང་། །ཆང་སྐྱུར་ཆང་གིས་ལྡང་བ་དང་། །སྤྱོད་ལམ་དག་གིས་ལྡང་བ་དང་། །ཕག་ཤ་ཉ་ཤ་ལ་སོགས་པའོ། །
ནང་རྟགས་ཕལ་ཆེར་རྒྱུ་མ་ན། །ཤ་བྲོས་པ་ནི་ཕལ་ཆེར་ཏེ། །བྲང་དང་སྟོད་དུ་ཐོར་པ་འོང་། །ལུས་པོ་བརྩེ་དང་ཟ་བ་དང་། །ངོ་སྣུམ་ཁ་མཚུལ་སྦྲེད་པ་དང་། །ཕོ་མཚན་མི་ལྡང་ཁྲག་ཏུ་འཁྲུ། །སྨན་གྱི་དྲི་མ་སྐམ་པ་དང་། །ལྕེ་ཕུགས་དག་ཀྱང་སྐམ་པ་དང་། །ལྕེ་ཐུང་གྲེ་བ་འགགས་པ་དང་། །གླང་ཐབས་དྲག་ཏུ་སྒྲེགས་པ་དང་། །དུ་བའི་དྲིས་ནི་སྟོང་སྐྱུགས་དང་། །ཚིགས་གཞི་སྒལ་ཚིགས་ན་བ་དང་། །རྨི་ལམ་མཐོང་བ་འཁྲུལ་བ་དང་། །ངོ་སྣུམ་དྲན་བྱིང་འཆོལ་བ་དང་། །ཤ་སྐམ་གློ་ཆུང་ལུ་བ་དང་། །གཟེར་ཞིང་གླང་ཐབས་སྐད་ངན་དང་། །ལུད་པ་སྐྱ་བོ་སག་སག་འོང་། །མཆིན་དྲི་འཁོར་དང་གཞུང་རེངས་དང་། །ལུས་ཀུན་སྔོ་ཞིང་ངོ་སྣུམ་ཅན། །མཛེ་དང་དམུ་ཆུར་འགྲོ་བ་དང་། །ཕོ་མཆིན་སྐྲངས་ཤིང་སྦོ་བ་དང་། །ཕོ་བ་མ་ཞུ་སྐྲན་འདྲ་བ། །ཚ་གྲང་གཉིས་ཀ་གནོད་པ་དང་། །དྲན་ཉམས་ཚ་བ་ཆེ་བ་དང་། །མིག་སྤྲིན་དམར་དང་སེར་བ་དང་། །ལུས་སྦྲིད་གྱེན་ལ་འགྲོ་བ་དཀའ། །གསོ་བར་མི་ནུས་དཀའ་བ་ནི། །ཟུངས་ཟད་ལྕེ་དང་ལུས་དག་དང་། །སེན་མོའི་མདངས་ཤོར་སྤང་བར་བྱ། །ཕོ་བ་ཆེ་ཞིང་ཤ་དག་སྟོར། །མིག་འགྲམ་སྐྱུ་བྱེ་སྤང་བར་བྱ། །
ནང་གི་མཆིན་པ་རུལ་བ་ནི། །སྐྲ་ཟེད་ལུས་ཉམས་སྤང་བར་བྱ། །བླ་ཅོལ་མང་ཞིང་དྲན་པ་སྟོར། །དེ་དག་སྤང་བར་བྱ་བ་ཡིན། །གསོ་བར་མི་ནུས་དཀའ་བ་ནི། །རུས་པ་རྒྱུས་པ་ལ་ཟིན་དང་། །ནང་ཁྲོལ་རུལ་དང་ཟས་མི་འདོད། །རུས་པ་ལ་ཟིན་ཟ་འགྲམ་སྐྲངས། །བྱིས་པ་རུས་ཟིན་ཤ་ཟད་འཆི། །ཆུ་རྒྱུས་ལ་ཟིན་རྒུ་རུར་འགྲོ། །ནང་ཁྲོལ་རུལ་བའི་དྲི་ཆུ་ནི། །འབྱུང་ན་མི་བཟད་མནམ་ཀུ་ཅན། །རྒྱལ་པོ་རེ་རལ་བཙུན་མོ་དང་། །བློན་པོ་རེ་རལ་དཔའ་བོ་དང་། །སྤང་རྒྱན་དཀར་པོ་ཤིང་མངར་དང་། །ར་མཉེ་བ་དང་ཉེ་ཤིང་བ། །སྤང་རྩི་དོ་བོ་ཏིག་ཏ་དང་། །ཧོང་ལེན་སེར་པོ་ཁྲག་སྐེམ་དང་། །དེ་རྣམས་ཀུན་ལས་བསྔགས་པ་ལས། །རིན་པོ་ཆེ་ལས་འདི་དག་གོ །
གསེར་དང་དངུལ་དང་ཟངས་དང་ལྕགས། །བྱི་རུ་མུ་ཏིག་འགྲོན་ཐལ་གཏང་། །མཚལ་དང་རྒྱམ་ཚྭ་དག་དང་ནི། །ཀ་ར་དྲུག་འགྱུར་དག་ཏུ་སྦྱར། །སྨན་གཉིས་སྤེལ་མ་དག་ཏུ་གཏང་། །རྗེས་ནི་ཆོད་པར་འགྲུར་བ་འོ། །ཕྱིར་མི་ལྡོག་པ་ཁ་དུ་ར(སྐྱེར་པའི་བར་ཤུན)། །སེ་རྒོད་བར་ཤུན་གདུས་པ་འོ། །སྨན་མར་ཁ་རུ་ཚྭ་བཏབ་སྟེ། །བུ་རམ་དག་དང་སྦྱར་བ་ཡིས། །ཕྱིར་མི་ལྡོག་སྟེ་ཀུན་གྱི་ནི། །དུག་གི་རོ་ནི་འདོན་པར་བྱེད། །ཙཎྜན་སྤྱི་ཞུར་གྲང་ཐང་གཏང་། །གཞན་དག་སྟོབས་དང་སྦྱར་བར་བྱ། །ཟས་ནི་ཚྭ་དང་རུལ་སུངས་དང་། །རྟ་ཡི་ཟས་ཀྱིས་ལྡོག་པར་བྱེད། །ཁ་ཟས་བཅུད་མེད་གཏང་བ་དང་། །ཟས་གཏང་གཅུག་པ་ནུས་ཚད་བྱ། །ཟས་མ་ཚུད་ན་སྨན་མི་འཇུ། །ཕོ་བ་འཇུ་སྟོབས་ཆུང་བ་ལ། །ནག་པོ་གཅིག་ཐུབ(ཕག་པའི་རིལ་མ)གཏང་བར་བྱ། །བསྲེགས་པ་ཚིགས་པ་དང་པོ་དང་། །གཉིས་པ་གསུམ་པ་བསྲེག་པར་བྱ། །གཏར་བ་བབས་དང་བསྟུན་ལ་གཏར། །སྨན་པ་རྫོགས་པར་གཏར་མི་བྱ། །མིག་ལོང་དགབ་རྩ་དག་དང་ནི། །འབྲས་བུ་གསུམ་གྱི་བཤལ་གཏང་ངོ་། །ག་པུར་གཏང་བར་མི་བྱ་སྟེ། ཁྱད་པར་མཆིན་པ་ལ་བབས་ན། །མཆིན་པ་རྡོ་བཞིན་འགྱུར་བ་སྟེ། །ཆུ་ཤོར་དག་ལ་དམུ་ཆུར་འགྲོ། །ལར་ན་སྨན་རྣམས་གྲོགས་སུ་འགྲོ། །དེ་བས་འདི་ལ་ནན་ཏན་བྱ། །བཤལ་ནི་མཆོག་སྟེ་འདི་དང་འབྲེལ། །མཁས་པས་རྒྱལ་བློན་སྦྱོར་བ་གཏང་། །སོ་མ་རཱ་ཛ་ལས་དུག་ནད་གསོ་བའི་ལེའུ་སྟེ་དོན་དྲུག་པའོ།། །།
དེ་ནས་དམུ་ནད་གསོ་བ་ནི། །དམུ་ནད་དཀར་པོ་བཅོས་པ་ལ། །རྩེའུ་ཆུང་ཨ་སོ་གདབ་པར་བྱ། །བྱད་སྦོས་འབྲས་བུར་ཆུ་འབེབས་ལ། །བཟང་དྲུག་བསིལ་སྨན་གཏང་བར་བྱ། །ནག་པོ་གཅིག་ཐུབ་དག་དང་ནི། །ཏིལ་མར་ཆང་དུ་བཏབ་ལ་བསྐོལ། །ཛཱ་ཏི་དག་ནི་གཏང་བར་བྱ། །སྐྱ་རྦབ་སྐྲངས་པ་ཞི་བར་བྱེད། །མཆིན་པ་ཆུ་ཤོར་དག་དང་ནི། །ལོང་ནི་ཆུ་ཤོར་ལོང་འབྱམས་ལ། །རྒྱལ་མོ་ཆུ་སྦྱོངས་བྱ་བ་ནི། །ཨ་རུ་ར་ནི་ལྔའམ་བདུན། །མར་བྱུག་སླ་ང་དག་ལ་བརྔོས། །ཧྲག་ཧྲོག་ཚིག་པ་བརྡུངས་པ་ནི། །དྲི་ཆུ་དག་དང་སྦྱར་ལ་གཏང་། །དུར་བྱིད་སྔོན་བུ་དན་ད་དང་། །ལྕུམ་རྩ་རྒྱམ་ཚྭ་ཁ་རུ་ཚྭ། །ཚྭ་བ་གསུམ་སོགས་སྨན་མར་ལ། །མངར་གསུམ་ཁ་ལེན་གཏང་བར་བྱ། །ཡང་ན་འབྲས་བུ་གསུམ་པོ་དང་། །ཚ་བ་གསུམ་པོ་དག་དང་ནི། །དུར་བྱིད་སྔོན་པོ་དན་ད་ཡིས། །སྨན་མར་སྦྱར་ལ་གཏང་བར་བྱ། །རྒྱམ་ཚྭ་སུག་སྨེལ་ལི་ག་དུར། །སླེ་ཏྲེས་རྒུན་འབྲུམ་ཡ་བཀྴ། །གླ་སྒང་ཤིང་མངར་གུ་གུལ་ནི། །ཁ་སྤོད་དག་ཏུ་གཏང་བས་འཁྲུ། །ཡང་ན་དུར་བྱིད་ནིམ་པ་དང་། །དན་ད་ཨ་རུ་ར་དང་ནི། །ལྕུམ་རྩ་སྔོན་བུ་དག་དང་ནི། །གདུས་པའི་སྨན་མར་སྦྱར་བ་ལ། །ཡ་བཀྴ་ར་པི་པི་ལིང་། །སུག་སྨེལ་རྒྱམ་ཚྭ་ཁ་སྤོད་གདབ། །མངར་གསུམ་རྟ་དང་སྦྱར་ལ་གཏང་། །མཁྲིས་ཤས་ཆེ་ལ་སླེ་ཏྲེས་དང་། །སྐྱེར་པའི་བར་ཤུན་རྒུན་འབྲུམ་གཏང་། །བད་ཀན་ཤས་ཆེ་མ་ནུ་དང་། །ཡ་བཀྴ་ར་གཏང་བར་བྱ། །རླུང་ཤས་ཆེ་ལ་ཁ་རུ་ཚྭ། །རྒྱལ་མོ་ཆུ་སྦྱོངས་བྱེ་བྲག་གོ །དེ་རྗེས་བྲག་ཞུན་དག་དང་ནི། །གུར་གུམ་ཤིང་ཚྭ་སུག་སྨེལ་དང་། །རྒྱམ་ཚྭ་ཟི་ར་ད་ལིས་དང་། །ཚ་བ་གསུམ་དང་གུ་གུལ་དག །ཀ་ར་དྲུག་འགྱུར་དག་དང་སྦྱར། །ཡང་ན་བྲག་ཞུན་པི་པི་ལིང་། །རྒྱམ་ཚྭ་ཁ་རུ་ཚྭ་དང་ནི། །པ་ཏོ་ལ་དང་ནིམ་པ་དང་། །གུ་གུལ་ཐ་ཀར་རྡོ་རྗེ་དང་། །སྦྲང་རྩི་སྦྱར་ལ་གཏར་བར་བྱ། །རླུང་དང་བད་ཀན་བཅོས་པ་ལ། །ཨ་རུ་ར་དང་སྒ་དང་ནི། །བུ་རམ་དག་ད་ཆ་སྙོམས་གཏང་། །ཨ་རུ་ར་དང་སྣང་མའི་ཤིང་། །གདུས་པའི་ཐང་གིས་ཁ་སྤོད་དུ། །གུ་གུལ་དཀར་པོ་བཏབ་ལ་གཏང་། །
ཡང་ན་འབྲས་བུ་གསུམ་གྱི་ཐང་། །ནང་དུ་གུ་གུལ་དཀར་པོ་དང་། །པ་ཏོ་ལ་ཡི་ཕྱེ་མ་དང་། །ཁ་སྤོད་དག་ཏུ་བཏབ་ལ་གཏང་། །ཡང་ན་རྒྱམ་ཚྭ་ཁ་རུ་ཚྭ། །གུ་གུལ་ནིམ་པ་པ་ཏོ་ལ། །ཐ་ཀར་རྡོ་རྗེའི་ཕྱེ་མ་དག ཁ་སྤོད་བཏབ་ལ་གཏང་བར་བྱ། །ཡང་ན་ཀ་རའི་ཕྱེ་མ་ལ། །འབྲས་བུ་གསུམ་པོས་ཕུལ་ལ་གཏང་། །གྲང་བ་རྒྱས་པ་དག་ལ་ནི། །ཚ་བ་གསུམ་དང་འབྲས་བུ་གསུམ། །གུ་གུལ་ཤིང་ཚྭ་ཁ་རུ་ཚྭ། །རྒྱམ་ཚྭ་དག་གི་ཕྱེ་མ་གཏང་། །ལར་ན་ཚ་གྲང་གཉིས་སུ་འདུས། །བསྐམས་པས་སྐེམ་པར་མ་གྱུར་ན། །བཤལ་ནི་དན་ད་དོང་ཀ་དང་། །དུར་བྱིད་ཐར་ནུ་ལྕུམ་རྩ་དང་། །ཁ་རུ་ཚ་དང་ཨ་རུ་ར། །ཧོང་ལེན་སྐྱེར་པའི་བར་ཤུན་དང་། །པི་པི་ལིང་དང་སུག་སྨེལ་དང་། །གུ་གུལ་ཅུ་གང་ཕྱེ་མ་དང་། །ཆུ་གྲང་དག་གམ་ཆང་གིས་ཕུལ། །སྐྱུགས་ན་བསྐོལ་ལ་གཏང་བར་བྱ། །རྗེས་ནི་གཞན་དང་མཐུན་པར་བྱ། །སྦུབས་ནས་སྦུབས་ཐུར་དག་གིས་ནི། །སྐྱིལ་མོ་ཀྲུང་བཅས་ཤམ་བུ་ཡིས། །ཕོ་སྨད་དག་ནི་བཅིང་བར་བྱ། །བྲང་གི་ལྷེན་སྣའི་ཐུར་ཚོན་ནས། །མཐེབ་ཚོན་གང་དུ་དབུག་པར་བྱ། །སེར་རམ་དམར་རམ་སྨུག་ན་ནི། །ཚད་པ་དག་ཏུ་ཤེས་པར་བྱ། །དཀར་དང་སྔོ་དང་ཁམ་པ་ནི། །གྲང་བ་དག་ཏུ་ཤེས་པར་བྱ། །རླབས་པ་ཆེ་ན་ཚ་བ་སྟེ། །ཆུང་ན་གྲང་བ་དག་ཏུ་ཤེས། །གྲང་བ་དག་ནི་བཅོས་པར་སླ། །ཚ་བ་དག་ནི་བཅོས་པར་དཀའ། །ཕུག་ནས་གྲང་བ་དག་ལ་ནི། །དྲོད་ཀྱི་སྨན་མར་གཏང་བར་བྱ། །དོམ་མཁྲིས་མཁྲིས་པ་སྣ་ཚོགས་དང་། །ཚྭ་སྣ་སྣ་ཚོགས་ཕྱེ་མ་དག །སྦྲང་རྩིར་སྦྱར་བ་གཏང་བར་བྱ། །
ཨ་རུ་ར་དང་སྟར་བུ་དང་། །བྲག་ཞུན་ཚ་བ་གསུམ་དང་ནི། །ཤིང་ཚྭ་ལ་ཕུད་དག་དང་ནི། །ཙི་ཏྲ་ཀ་དང་བསེ་ཡབ་དང་། །དབྱི་མོང་སྦུ་གུ་གོ་སྙོད་རྣམས། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །ད་ལིས་བདུན་ནམ་སེའུ་འབྲུ་བརྒྱད། །ཡང་ན་ར་མཉེ་གདུས་པ་ཡི། །ཁཎྜ་རྒྱམ་ཚྭ་ཁ་རུ་ཚྭ། །ཤིང་ཚྭ་གུ་གུལ་སུག་སྨེལ་གདབ། །མཆིན་པ་ཆུ་ཤོར་སྐེམ་པར་བྱེད། །གུ་གུལ་པི་པི་ལིང་དང་ནི། །ཨ་རུ་ར་དང་སྦྲང་རྩིར་སྦྱར། །གློ་ཡི་ནད་དག་སེར་བར་བྱེད། །ཡང་ན་ཡན་ལག་སྐྲངས་པ་དང་། །བྱད་སྦོས་དག་ལ་གཏང་བར་བྱ། །ནེ་གུ་ཆུང་གི་འཇམ་རྩི་གཏང་། །རྐང་ཕྲ་གསུམ་པ་ཆེ་བ་ལ། །རྒྱལ་མོ་ཆུ་སྦྱོངས་སྐེམ་རྩིར་གཏང་། །དེས་ཀྱང་མི་ཆོག་ཕྲུག་ལ་གཏང་། །གྲང་བ་དག་ལ་སྐེམ་རྩི་གཏང་། །ཤེད་ཆེ་རྒྱལ་མོ་ཆུ་སྦྱོངས་བྱ། །འབྲས་བུ་གསུམ་གྱི་སྨན་མར་གཏང་། །ལོག་ནོན་དག་ཏུ་འོར་སྒོ་བསྲེག །དང་པོ་བསྲེག་པ་ཤིན་ཏུ་གནོད། །དབུག་པ་ཆུ་དག་རྒྱས་པ་ན། །དང་པོ་བྲེ་གང་གདོན་པར་བྱ། །འཛག་པ་ཕྱིང་པས་མནན་པར་བྱ། །གན་རྐྱལ་ཉལ་བས་ཆད་པ་འོ། །དེ་ནས་ཐུར་གསང་གཅལ་བར་དབུག །ཐུར་འགོ་གྱེན་དུ་བསྟན་ནས་གཙག །ཐད་ཀར་དབུག་པར་མི་བྱ་འོ། །དམའ་བར་སོང་ནས་དེ་བཞིན་ནོ། །ཆུ་བྲི་ཤེད་སྐྱེས་སྐེམ་སྨན་དང་། །ཆུ་སྦྱོངས་དག་ནི་གཏང་བར་བྱ། །སྐེམ་སྨན་བྲག་ཞུན་གོང་དུ་བསྟན། །ཡང་ན་ཐང་གིས་དཀྲུག་པར་བྱ། །ཐང་གི་གཙོ་བོར་གུ་གུལ་ཏེ། །སྨན་གྱི་གཙོ་བོར་བྲག་ཞུན་ནོ། །ས་བདག་ཀླུ་ཡི་དམུ་དག་ལ། །འཆི་བའི་གཏམ་དང་བཅས་པས་བཅོས། །ལར་ན་མི་གཙང་ནད་ཡིན་ཏེ། །རང་ལ་ཅུད་ཟད་མི་གཙང་འགོ །སོ་མ་རཱ་ཛ་ལས་དམུ་ཆུའི་ནད་བཅོས་པའི་ལེའུ་སྟེ་དོན་བདུན་པའོ།། །།
དེ་ནས་སྲིན་ནད་བཅོས་པ་ནི། །དུད་འགྲོ་དག་ལ་རིག་པ་ཡོད། །སྨན་ནི་གསང་ལ་གཏང་བར་བྱ། །མ་གསང་ན་ནི་སྨན་འདྲེད་འགྱུར། །དང་པོ་བྲིད་པ་ལྟོ་སྟོང་ལ། །འོ་མ་ཀ་རས་བཏབ་པ་ནི། །ཉུང་ཙམ་ཉུང་ཙམ་གཏང་བར་བྱ། །དེ་ནས་ཕུར་མོང་མྱུ་གུ་དག །བརྡུངས་པ་འོ་མར་སྦྱར་ལ་གཏང་། །དེ་ཡིས་སྲིན་ནད་ཞི་བར་འགྱུར། །ཡང་ན་སྒོག་པའི་རྩ་བ་དག །བསྲེག་པ་འོ་མ་དང་སྦྱར་གཏང་། །དེ་ཡིས་སྲིན་ནད་ཞི་བར་འགྱུར། །བཅོས་པའི་སྨན་ནི་འདི་ལྟ་སྟེ། །རླུང་སྲིན་དག་ལ་རུ་རྟ་དང་། །བྱི་ཏང་ཀ་དང་གླ་རྩི་དག །བུ་རམ་དག་ལས་སྦྱར་ལ་གཏང་། །མཁྲིས་པའི་སྲིན་ལ་པི་པི་ལིང་། །རུ་རྟ་བྱི་ཏང་ཀ་དང་ནི། །ལང་ཏང་རྩེ་དང་སྦྲང་རྩིར་སྦྱར། །མཁྲིས་པའི་སྲིན་ནི་ཞི་བར་བྱེད། །བད་ཀན་དག་གི་སྲིན་ལ་ནི། །རུ་རྟ་གླ་རྩི་ཁ་རུ་ཚྭ། །བྱི་ཏང་ཀ་དང་ཕུར་མོང་དང་། །ཀ་ར་དག་དང་སྦྱར་བ་ཡིས། །བད་ཀན་སྲིན་ནི་ཞི་བར་འགྱུར། །
སོའམ་རུས་པའི་སྲིན་པ་ནི། །ཁ་རུ་ཚྭ་དང་རུ་རྟ་དང་། །ལང་ཏང་རྩེ་དང་བུ་རམ་སྦྱར། །སོ་དང་རུས་ལ་བྱུག་པར་བྱ། །གཞང་སྲིན་དག་ལ་མར་དང་ནི། །རྒྱ་གཡེར་བོད་གཡེར་འཇམ་རྩིར་གཏང་། །ཡང་ན་ཤུ་དག་རུ་རྟ་དང་། །ཤིང་ཀུན་གླ་རྩིའི་རེང་བུ་བྱ། །ཁྲག་སྲིན་དག་ལ་རུ་རྟ་དང་། །གླ་རྩི་སྒོག་སྐྱའི་ཆུ་ཡིས་བྱུག །ཤ་ཡི་སྲིན་ཡང་དེ་བཞིན་ནོ། །པགས་པ་དག་ལ་སྲུབ་ཀ་དང་། །མེ་ཏོག་རྐང་ཆག་དཀར་དམར་དང་། །ཁྱི་སྒོ་གཡུང་བ་སྒ་དག་དང་། །མར་ནག་དང་སྦྱར་བྱུག་པར་བྱ། །མ་ནུ་པ་ཏྲ་བྱི་ཏང་ཀ །སྐྱུ་རུ་ར་དང་པི་པི་ལིང་། །ཨ་བི་ཤ་དང་གླ་རྩིདང་། །གུ་གུལ་དག་གིས་བཤལ་བྱ་འོ། །སྲིན་གྱིས་ཕོ་བར་བར་དྲེག་ཆགས་པ། །འབྲས་བུ་གསུམ་བཤལ་དག་གཏང་། །སྒོག་པ་སྤང་སྤོས་སྲིན་གྱི་དུག །ཁར་བྱུང་འོ་མར་བྱུག་ལ་དྲངས། །ཡར་བྱུང་བ་ནི་བཀྲ་མི་ཤིས། །མར་བྱུང་ཁོང་ནད་འབྱང་བ་འོ། །སོ་མ་རཱ་ཛ་ལས་སྲིན་ནད་བཅོས་པའི་ལེའུ་སྟེ་དོན་བརྒྱད་པའོ།། །།
དེ་ནས་སྨན་གྱི་སྦྱོར་བ་ནི། །ཕྱེ་མ་ལྡེ་གུ་ཐང་དང་ནི། །རིལ་བུ་སྨན་མར་ལྔ་དག་གོ །དང་པོར་ཕྱེ་མ་བཤད་པ་ནི། །ཕྱེ་མའི་རྒྱལ་པོ་ག་པུར་ནི། །ག་པུར་ཅུ་གང་ཀ་ཀོ་ལ། །ཛཱ་ཏི་ལི་ཤི་གུར་གུམ་དང་། །གླ་སྒང་སུག་སྨེལ་སྤང་སྤོས་དང་། །བ་ལེ་ཀ་དང་རྡོ་དྲེག་དང་། །པུ་ཙེ་ཤེལ་དང་ཆུ་སྲིན་སྡེར། །ནཱ་ག་གེ་སར་པད་གེ་སར། །ཙཎྜན་དཀར་པོ་གི་ཝང་དང་། །ཨུཏྤལ་སྔོན་པོ་འབུ་སུག་ཧང་། །ཤིང་ཚ་ཟི་ར་ཙཎྜན་དམར། །ཚ་བ་གསུམ་སྟེ་ཉི་ཤུ་ལྔ། །ལྷ་ཡི་དབང་པོ་ཚངས་པས་བཤད། །ལད་ལུད་མང་དང་དབུགས་མི་བདེ། །སྐད་འགགས་ཡི་ག་འཆུས་པ་དང་། །ཕོ་བ་དྲོད་སྐྱེད་ཆམ་པ་མོད། །ཁྲག་ཏུ་སྐྱུགས་དང་སྐྱིགས་བུས་འདེབས། །རིམས་ནད་ཀུན་དང་མཁྲིས་ནད་དང་། །ཚ་བ་རྒྱས་དང་རྙིངས་པ་དང་། །སྙིང་མི་དྲན་དང་མྱོས་པ་དང་། །གློ་མཆིན་མཆེར་པ་ན་བ་དང་། །རྩིབ་ལོགས་ཟུག་དང་གཞང་འབྲུམ་དང་། །ཚད་ནད་ཁྲག་ཏུ་འཁྲུ་བ་དང་། ཁྱད་པར་དུ་ཡང་རིམས་ནད་སེལ། །
དེ་ལས་བསྡུས་པ་བརྒྱད་པ་ནི། །ག་པུར་གུར་གུམ་བ་ལེ་ཀ །ཅུ་གང་ཙཎྜན་དཀར་པོ་དང་། །ཤིང་མངར་མཚལ་དང་པུ་ཙེ་ཤེལ། །རྒས་ཐག་སྲ་དང་ལུས་ཡང་དང་། །མཆིན་ཁྲག་གློར་ལུད་དབུགས་མི་བདེ། །ཁྲག་མཁྲིས་གསར་རྙིང་ཀུན་ལ་འོ། །ག་པུར་བདུན་པ་སྦྱར་བས་ནི། །ག་པུར་ཅུ་གང་བ་ལེ་ཀ །གུར་གུམ་ཙཎྜན་དཀར་པོ་དང་། །ཤིང་མངར་མཚལ་དང་པུ་ཙེ་ཤེལ། །པདྨ་གེ་སར་པུ་ཤེལ་ཙེ། །སྦྱར་བ་ཀ་ར་དྲུག་འགྱུར་ཏེ། །དེ་ཡིས་ཁྲག་དང་མཁྲིས་པ་སེལ། །ཤིན་ཏུ་བསྡུས་པ་ཚ་བ་ནི། །ཤིན་ཏུ་རྒྱས་པ་འཇོམས་པ་སྟེ། །ག་པུར་ཅུ་གང་ཨུཏྤལ་སྔོ། །སྦྱར་བས་ཚད་པ་རྒྱས་པ་སེལ། །ཅུ་གང་དག་གི་སྦྱོར་བ་ནི། །ཅུ་གང་ཤིང་མངར་སྟར་བུ་དང་། །རྒུན་འབྲུམ་ར་ཐུག་ལུག་ཐུག་གི །སྲོ་ལོ་ཕུར་མོང་ཐལ་བ་དང་། །ཛཱ་ཏི་སུག་སྨེལ་པི་པི་ལིང་། །འདི་རྣམས་ཀྱི་ནི་ཕྱེ་མ་ཡིས། །གློ་འཁྲུགས་པ་དང་རྡོལ་བ་དང་། །ཚ་བ་རྒྱས་དང་རྙིངས་པ་དང་། །དྲག་ཏུ་ལུ་དང་སྟོད་གཟེར་དང་། །གློ་ཟགས་རྣམས་ལ་མཆོག་ཏུ་འོ། །
ཅུ་གང་ཛཱ་ཏུ་ཨ་རུ་ར། །ཤིང་མངར་ལྕགས་ཀྱི་ཕྱེ་མ་དང་། །སུག་སྨེལ་ཀ་ར་སྦྱར་བ་ཡིས། །གློ་ཡི་ནད་རྣམས་སེལ་བར་བྱེད། །ཅུ་གང་ལྕགས་ཕྱེ་སུག་སྨེལ་དང་། །ཛཱ་ཏི་ཕུར་མོང་ཐལ་བ་དང་། །ཀ་ར་དག་དང་སྦྱར་བ་ཡིས། །གློ་སྐྲན་སྐྱ་རྦབ་སྣ་སུབ་དང་། །ཁྲག་རྨུགས་རྣག་རྨུགས་སེལ་བར་བྱེད། །ཅུ་གང་སྤང་རྩི་དོ་བོ་དང་། །སྤང་རྒྱན་དཀར་པོ་ཤིང་མངར་དང་། །ཨ་རུ་ར་དང་ལྔ་པོས་ནི། །སྐད་འགགས་སྟོད་ནི་གཟེར་བ་དང་། །རོ་རྒྱབ་གཟེར་བའི་ནད་སེལ་ལོ། །དེ་རྣམས་ཐ་སྐར་དག་གིས་མཛད། །ཨ་ག་རུ་དང་སུག་སྨེལ་དང་། །ཤིང་ཚྭ་བཙའ་ལྒ་བལ་བུ་དང་། །བེ་ལེ་ཀ་དང་ལ་ལ་ཕུད། །གླ་སྒང་ཟི་ར་ཤུ་ཏི་དང་། །མ་ནུ་པི་པི་ལིང་དང་ནི། །ཏང་ཀུན་བྱེའུ་རུག་ན་ལེ་ཤམ། །ནཱ་ག་གེ་སར་གི་ཝང་དང་། །ནཱ་ག་བུ་ཥྤ་ཀ་རར་སྦྱར། །
རིམས་དང་སྐྲན་དང་འོར་དང་ནི། །དབུགས་མི་བདེ་དང་ལུད་པ་ལུ། །མཆན་ཁུང་ཆུ་སེར་ཟགས་པ་དང་། །གློ་ཡི་ནད་རྣམས་སེལ་བར་བྱེད། །གུར་གུམ་ཅུ་གང་བ་ལེ་ཀ །ཨུཏྤལ་སྔོན་པོ་པུ་ཙེ་ཤེལ། །ཙཎྜན་དཀར་དམར་ཀ་རང་སྦྱར། །གློ་མཆིན་གཉིས་ཀྱི་ཚད་པ་སེལ། །གུར་གུམ་ཅུ་གང་བ་ལེ་ཀ །ཤིང་མངར་ཙཎྜན་དཀར་ཨུཏྤལ། །པུ་ཙེ་ཤེལ་དང་ཀ་རར་སྦྱར། །གློ་མཆིན་ཚད་པའི་ནད་ཀུན་སེལ། །གུར་གུམ་ཅུ་གང་བ་ལེ་ཀ །པྲི་ཤིང་སྣ་མའི་མེ་ཏོག་དང་། །མཚེ་དང་ཨུཏྤལ་སྔོན་པོ་དང་། །ཏིག་ཏ་ཀ་རར་སྦྱར་བ་ཡིས། །གློ་མཆིན་སྣད་པ་སེལ་བར་བྱེད། །གུར་གུམ་ལི་ཤི་སུག་སྨེལ་དང་། །ཙཎྜན་དཀར་དམར་ཤིང་ཚྭ་དང་། །ཟི་ར་དཀར་པོ་པི་པི་ལིང་། །བུ་རམ་དག་དང་སྦྱར་བས་ནི། །ཕོ་མཆིན་རྙིང་པ་འདྲིལ་བ་དང་། །མཆིན་སྐྲན་ལ་སོགས་མཆིན་ནད་སེལ། །
གུར་གུམ་ཅུ་གང་ཨ་རུ་ར། །ཤིང་ཚྭ་ཙཎྜན་བ་ལེ་ཀ །ནཱ་ག་གེ་སར་པད་གེ་སར། །ཨུཏྤལ་སྔོན་པོ་པུ་ཤེལ་ཙེ། །གློ་མཆིན་ཚད་པས་རྒྱས་པ་སེལ། །གུར་གུམ་ཅུ་གང་ཙཎྜན་དཀར། །ཙཎྜན་དཀར་དམར་བ་ལེ་ཀ །བ་ཤ་ཀ་དང་ཨུཏྤལ་སྔོ། །ཁྲག་འཁྲུགས་ཚད་པ་རྒྱས་པ་དང་། །གློ་མཆིན་ནད་དང་གཟེར་བ་དང་། །རྩ་ནད་ཚད་པ་རྙིང་པ་དང་། །མཆིན་པའི་ནད་ནི་དེས་སེལ་ལོ། །སེའུ་འབྲུ་ཤིང་ཚྭ་སུག་སྨེལ་དང་། །ནཱ་ག་གེ་སར་པ་ཏྲ་དང་། །ཟི་ར་འུ་སུ་ལ་ལ་ཕུད། །ཚ་གསུམ་ནི་ཞོ་བཞི་བཞི། །ཕོ་བ་གྲང་བས་འཁྲུ་བ་དང་། །ཕོ་བ་དྲོད་ཉམས་སྐེམ་པ་དང་། །སྐོམ་དང་ཝ་བ་ལྐོག་ནད་དང་། །ལུད་པ་ལུ་དང་དབུགས་མི་བདེ། །སེའུ་འབྲུ་སུག་སྨེལ་ཀ་ཀོ་ལ། །ཛཱ་ཏི་ལ་ལ་ཕུད་དང་ནི། །ཚ་བ་གསུམ་པོ་བུ་རམ་དང་། །སྦྱར་བས་ཕོ་རླུང་བད་རླུང་སེལ། །སེའུ་འབྲུ་སུག་སྨེལ་ཅུ་གང་དང་། །གནྔྷ་པ་ཏྲ་གོ་སྙོད་དང་། །འུ་སུ་ལ་ལ་ཕུད་དང་ནི། །ཤིང་ཚྭ་རྣམས་གཉིས་ཚ་བ་གསུམ། །ཀ་རར་སྦྱར་བས་འཁྲུ་བ་དང་། །མ་ཞུ་ལུད་པ་དབུགས་མི་བདེ། །ཆུ་སྐྱགས་གཞང་འབྲུམ་ཞི་བར་བྱེད། །
སེའུ་འབྲུ་སུག་སྨེལ་ཛཱ་ཏི་དང་། །ཀ་ཀོ་ལ་དང་ལི་ཤི་དང་། །ལ་ལ་ཕུད་དང་ཤིང་ཚྭ་དང་། །འུ་སུ་མཱུ་ལ་ཚ་བ་གསུམ། །བུ་རམ་སྦྱར་བས་འཁྲུ་ནད་དང་། །སྐེམ་ནད་སྐྲན་དང་གྲང་བ་སེལ། །སེའུ་འབྲུ་སུག་སྨེལ་པི་པི་ལིང་། །ཤིང་ཚྭ་རྒྱམ་ཚྭ་ལྕེ་མྱང་ཚྭ། །སེའུ་འབྲུ་དྲུག་པས་མཆིན་དྲིའི་སྐྲན། །འཁྲུ་དང་སྐྱུག་པ་སེལ་བར་བྱེད། །སེའུ་འབྲུ་ན་ལེ་ཤམ་དང་ནི། །པི་པི་ལིང་དང་ཁ་རུ་ཚྭ། །རྒྱམ་ཚྭ་ལྕེ་མྱང་ཚྭ་དག་དང་། །སྦྲང་རྩིར་སྦྱར་བས་མཆིན་དྲིའི་སྐྲན། །འཁྲུ་སྐྱུག་གཟེར་བ་སེལ་བར་བྱེད། །སེའུ་འབྲུ་ན་ལེ་ཤམ་དང་ནི། །ར་ཚྭ་ཤིང་ཚྭ་ཤིང་མངར་དང་། །གོ་སྙོད་ནཱ་ག་པུཥྤ་དང་། །ཚ་བ་གསུམ་དང་ཁ་རུ་ཚྭ། །ཀ་ར་དག་དང་སྦྱར་བ་ནི། །བད་ཀན་རྒྱས་དང་སྟོད་ལྕི་དང་། །མགོ་འཁོར་མིག་གཟེར་ཟས་མི་འདོད། །དེ་ཡི་ནད་སེལ་ཤ་ཡང་སྐྱེ། །སེའུ་འབྲུ་སུག་སྨེལ་བུ་རམ་གསུམ། །ཡང་ན་བུ་རམ་པི་པི་ལིང་། །བུ་རམ་ཆ་སྙོམས་ཁོང་དྲོད་བསྐྱེད། །ཧི་བ་ཡང་ཞེས་བྱ་བ་འོ། །འཇམ་འབྲས་སྲ་འབྲས་མོན་ཆ་ར། །ལ་ལ་ཕུད་དང་ཙི་ཏྲ་ཀ །བཙོད་དང་དོང་ཀ་པི་པི་ལིང་། །ཅུ་གང་ལི་ཤི་སུག་སྨེལ་དང་། །ཛཱ་ཏི་ད་ཏྲིག་ཀ་རར་སྦྱར། །སྟོད་ཚད་སྨད་གྲང་བད་རླུང་དང་། །ཁྲག་མཁྲིས་འཁྲུ་བ་ཀུན་ལ་ཕན། །ད་ལིས་ན་ལེ་ཤམ་དང་ནི། །བཅའ་ལྒ་ཤིང་ཚྭ་པི་པི་ལིང་། །དབུགས་མི་བདེ་དང་ལུད་པ་ལུ། །སྐྱིགས་བུའི་ནད་དང་ཡི་ག་འཆུས། །རིམས་དང་སྐྱ་རྦབ་ཁྲག་ཏུ་འཁྲུ། །སྐྲན་དང་ཕོ་བ་དྲོད་ཞན་དང་། །གྲང་བ་དག་གི་ནད་རྣམས་དང་། །གཞང་འབྲུམ་དག་ནི་ཞི་བར་བྱེད། །
ད་ལིས་ཤིང་ཚྭ་པུ་ཙེ་ཤེལ། །སུག་སྨེལ་དབྱི་མོང་དག་དང་ནི། །ནཱ་ག་པུཥྤ་གེ་སར་དང་། །བྱི་ཙེ་ལག་དང་ཚ་བ་གསུམ། །སྦྱར་བས་གཞང་ནད་སྙིང་འཕར་དང་། །དབུགས་མི་བདེ་དང་སྐྲན་དང་ནི། །བད་རླུང་སྲིན་ནད་ལྟོ་སྦོས་སེལ། །སུག་སྨེལ་ཤིང་ཚྭ་ནཱ་ག་པུཥྤ། །ཚ་བ་གསུམ་དང་སྦྱར་བ་ཡིས། །ལུད་པ་ལུ་དང་དབུགས་མི་བདེ། །ཡི་ག་འཆུས་དང་སྐོམ་དད་དང་། །སྙིང་ནད་གཞང་འབྲུམ་ནད་དང་ནི། །དེ་རྣམས་ལ་ནི་བདུད་རྩི་འོ། །ཡང་ན་སུག་སྨེལ་ལ་ལ་ཕུད། །དོང་དྲ་པི་པི་ལིང་དང་ནི། །སེའུ་འབྲུ་གླ་སྒང་དག་དང་ནི། །ཤིང་ཚྭ་ནཱ་ག་གེ་སར་དང་། །གནྔྷཔ་ཏྲ་དེ་རྣམས་ནི། །ཀ་ར་དག་དང་སྦྱར་བ་ནི། །ཕོ་བ་དྲོད་མེད་ཡི་ག་འཆུས། །དབུགས་མི་བདེ་དང་གློ་ནད་སེལ། །སེའུ་འབྲུ་སུག་སྨེལ་ལ་ལ་ཕུད། །པི་པི་ལིང་དང་དོང་དྲ་གསུམ། །བུ་རམ་དག་དང་སྦྱར་བ་ནི། །ཕོ་ནད་ཟས་ནི་མི་འཇུ་དང་། །བད་ཀན་སྐྲན་དང་སྙིང་རླུང་དང་། །མཁལ་ནད་སྐྱུགས་བྲོ་དང་ག་འབྱེད། ཁྱད་པར་ཕོ་བའི་ནད་དག་སེལ། །དུག་མོ་ཉུང་དང་དོང་དྲ་དང་། །ཨ་བི་ཤ་དང་གླ་སྒང་དང་། །ནཱ་ག་པུཥྤ་བིལ་བ་དང་། །སྐྱེར་པའི་རྩ་བ་པུ་ཙེ་ཤེལ། །ཕོ་ནད་མཁྲིས་པ་ལས་གྱུར་དང་། །མིག་སེར་ཁྲག་ཏུ་འཁྲུ་བ་དང་། །ཚ་ཞིང་ཟུག་གཟེར་ཆེ་བ་དང་། །ཁྲག་ཏུ་འཁྲུ་དང་མཁྲིས་ལ་ཕན། །དུག་མོ་ཉུང་དང་ཨ་བི་ཤ །ཨ་རུ་ར་དང་ཤིང་ཤུན་དང་། །ཁ་རུ་ཚྭ་དང་སྦྲང་རྩིར་སྦྱར། །ཕོ་བ་ཉམ་ཆུང་ཟས་མི་འཇུ། །བེ་སྣབས་དང་ནི་སློན་པ་དང་། །གཟེར་ཟུག་ཆེ་བའི་ནད་རྣམས་དང་། །ཚད་པས་འཁྲོག་པ་རྣམས་ལ་ཕན། །ཏིག་ཏ་འབྲས་བུ་གསུམ་དང་ནི། །ག་པུར་གུར་གུམ་ཅུ་གང་དང་། །ལི་ཤི་གླ་སྒང་པུ་ཙེ་ཤེལ། །དུག་མོ་ཉུང་གི་ཕྱེ་མས་ནི། །མཁྲིས་པ་ཤ་ཡ་རྙོང་བུ་དང་། །མཆིན་མཁྲིས་ཚང་པའི་ནད་རྣམས་སེལ། །
གཡུ་རྙིང་གསེར་གྱི་མེ་ཏོག་དང་། །རྒུན་འབྲུམ་ག་པུར་གུར་གུམ་དང་། །ལི་ཤི་ཙཎྜན་དཀར་པོ་དང་། །དོམ་མཁྲིས་གླ་སྒང་སྦྱར་བ་ནི། །མཆིན་པ་སྣད་འཁྲུགས་ཁྲག་སྐྱེས་དང་། །མཆིན་པའི་ནད་རྣམས་སེལ་བར་བྱེད། །མ་ནུ་ཤུ་དག་པི་པི་ལིང་། །དོང་དྲ་ན་ལེ་ཤམ་དང་ནི། །སུག་སྨེལ་ཤིང་ཚྭ་རྒྱམ་ཚྭ་དང་། །ཁ་རུ་ཚྭ་དང་བུ་རམ་སྦྱར། །བད་ཀན་སྐྱ་བོ་གྲང་བ་དང་། །བེ་སྣབས་རྒྱུ་ལོང་ཞུགས་པ་དང་། །སྐྱུག་བྲོ་ཟས་མི་ཞིམ་པ་དང་། །སྐྱ་རྦབ་སྐྲངས་པ་དག་ལ་ཕན། །བྱི་ཏང་ཀ་དང་ཨ་རུ་ར། །བྱི་ཙེ་ལག་དང་དབང་པོ་ལག །སྒོག་པ་ནས་ཚིག་སྦྱངས་པས་ནི། །སྲིན་ནད་སྐྱུག་པ་དག་ལ་ཕན། །གསེར་སྦྲུལ་ལི་ཤི་ག་པུར་དང་། །གུར་གུམ་ནེ་ག་ཆུང་དང་ནི། །ཀྱི་ལྕེ་ནག་པོ་པུ་ཙེ་ཤེལ། །བཙན་དུག་ཤ་དུག་དུག་རྣམས་སེལ། །དུག་ནད་ཐམས་ཅད་འཇོམས་པ་འོ། །སྲིན་བུ་སྡིག་པ་ཀ་ཀ་རུ། །སེའུ་འབྲུ་ཚ་བ་གསུམ་དང་ནི། །སུག་སྨེལ་ཤིང་ཚྭ་རྒྱམ་ཚྭ་དང་། །ཁ་རུ་ཚྭ་དང་འབྲས་བུ་གསུམ། །ཤིང་ཚྭ་བུ་རམ་སྦྱར་བའི་ཕྱེ། །མཁལ་ནད་ཆུ་སྲི་གྲང་ནད་སེལ། །དུང་དང་བྱི་རུ་གླ་རྩི་དང་། །ཙཎྜན་དཀར་པོ་ག་པུར་དང་། །གུར་གུམ་གླ་སྒང་ནས་སྔོན་མ། །གསེར་ནི་ཅུང་ཟད་སྦྱར་བ་ཡིས། །སྙིང་ནད་ཆེ་ཞིང་འཕཪ་བ་དང་། །སྙིང་རླུང་དངངས་ལ་ལྕེ་སྐམ་ཐུང་། །ཨ་རུ་ར་དང་དོང་དྲ་དང་། །བུ་རམ་དཀར་པོར་སྦྱར་བ་ནི། །བད་རླུང་ཆུ་སེར་དག་དང་ནི། །ཆུ་སྐེམ་འོར་དུ་ལྷུང་བ་དང་། །ཕོ་བའི་ཁ་ན་དམུ་ཡོད་དང་། །ལོང་སྐེམ་བ་ལ་འདིས་ཕན་ཏེ། །ཆུ་སྐོལ་ཁོལ་ཕུལ་ཏྲེ་སམ་མོ། །
བ་རམ་པི་པི་ལིང་དང་ནི། །དོང་དྲ་མཱུ་ལ་ཤིང་ཚྭ་དང་། །སུག་སྨེལ་དག་གི་ཕྱེ་མ་ནི། །ཚ་བ་ལྡང་དུབ་ནུབ་མོ་རྔུལ། །ལུད་པ་ལུ་དང་དབུགས་མི་བདེ། །ཆུ་སྐྱགས་འོང་ཞིང་སྙིང་མི་བདེ། །འོར་དང་སྐྲན་ལ་འདིས་ཕན་ཏེ། །ཆུ་སྐོལ་ཕུལ་བ་བུ་རམ་ཕྱེ། །ཀྱི་ལྕེ་སྨུག་པོ་བུ་རམ་དང་། །ལི་ག་དུར་དང་པུ་ཙེ་ཤེལ། །ཤིང་ཚྭ་འབོས་མོ་སྦྲོ་ལ་མ། །པི་པི་ལིང་དང་ནཱ་ག་པུཥྤ། །གུར་གུམ་དག་གི་ཕྱེ་མས་ནི། །བད་ཀན་མགུལ་པ་འགགས་པ་དང་། །ལྟོར་ནི་དུག་སོང་འཁྲུ་བ་དང་། ཕྱི་ས་སྲི་དང་སྐྱུགས་པ་སྟེ། །ཆུ་སེར་དག་དང་དུག་ནད་སེལ། །བ་བྷི་མི་དང་པུ་ཙ་ར། །ཤ་རི་ཤུ་དག་ཀྱི་ལྕེ་བ། །པུ་ཙེ་ཤེལ་དང་རྒྱམ་ཚྭ་དང་། །པི་པི་ལིང་དང་ན་ལེ་ཤམ། །དུར་བྱིད་དག་གི་ཕྱེ་མར་སྦྱར། །ཆུ་སྐོལ་དག་གིས་ཕུལ་བས་ནི། །སྐྲན་དང་དམུ་རྫིངས་འོར་ནད་ནི། །ཆུ་སྐྱགས་མཆིན་པ་སྐྲངས་པ་ལ། །ཁ་རཡ་ཚྭ་དང་བུ་རམ་སྦྱར། །ཆུ་སྐོལ་ཕུལ་བས་སྐྱུགས་པ་སེལ། །ལོ་མ་རཱ་ཛ་ལས་ཕྱེ་མའི་ལེའུ་སྟེ་དོན་དགུ་པའོ།། །།
དེ་ནས་ལྡེ་གུ་བསྟན་པ་ནི། །ག་པུར་ལི་ཤི་གུར་གུམ་དང་། །གླ་སྒང་ཙཎྜན་དཀར་པོ་དང་། །དམར་པོ་ཛཱ་ཏི་ཨ་རུ་ར། །སྦྲང་རྩི་དག་དང་སྦྱར་བ་ནི། །ཚད་པ་ཆེ་དང་རྒྱས་པ་དང་། །སྟོངས་པའི་ཚ་བ་ཞེན་པ་དང་། །ཆུ་སེར་མཆིན་པ་ཚ་བ་དང་། །དོན་གྱི་ཚད་པ་རྙིངས་པ་སེལ། །གུར་གུམ་ག་པུར་ཅུ་གང་དང་། །ཛཱ་ཏི་ལི་ཤི་ཀ་ཀོ་ལ། །འབྲས་དང་ཙཎྜན་དཀར་པོ་དང་། །སྦྲང་རྩི་དག་དང་སྦྱར་བ་ནི། །གློ་ནད་ཚད་པ་ཁྲག་རྒྱས་དང་། །གློ་ཁྲག་རྒྱས་དང་རྣག་དང་ནི། །གློ་མིག་ཚ་བ་ཆུ་སེར་འོང་། །གློ་རྡོལ་གློ་འགྲམས་མཆིན་ཚད་དང་། །ཁྲག་མཁྲིས་ནད་རྣམས་སེལ་བར་བྱེད། །ཅུ་གང་གུར་གུམ་མི་ཤི་དང་། །མཚལ་དང་ཙཎྜན་དཀར་པོ་དང་། །རྒུན་འབྲུམ་ཤིང་མངར་སུག་སྨེལ་དང་། །ཀ་ར་སྦྲང་རྩི་སྦྱང་བ་ཡིས། །གློ་ནད་རྨུགས་དང་ཚ་ཐོར་ཅན། །གློ་འགྲམས་གློ་སྐྲན་ཅན་ལ་འོ། །ཨུ་རུ་ར་ནི་མ་སྣད་པ། །བརྒྱ་ཐམ་པ་ནི་སྤང་བྱ། །འོ་མར་ཞག་གཅིག་སྦངས་པ་དང་། །དེ་ནས་བ་ཆུ་ཞག་གསུམ་བཞག །དེ་ནས་ཕུར་མོང་ཐལ་བའི་ཆུར། །དེ་ནས་གྲོ་ཆང་ནང་དུ་ནི། །ཞག་གསུམ་སྤངས་ལ་བཙག་པར་བྱ། །ཅུ་གང་གུར་གུམ་ལི་ཤི་དང་། །ཀ་ཀོ་ལ་དང་སུག་སྨེལ་དང་། །ནཱ་ག་གེ་སར་ཙནྡ་ན་དམར། །བ་ལེ་ཀ་དང་ཤིང་ཚྭ་དང་། །འདམ་བུ་ཨ་རུ་ར་ཡི་ཕྱེ། །སྦྲང་རྩི་ཕུལ་དོ་བཏབ་ལ་སྦྱིན། །གློ་ནད་འཁྲུ་དང་ནད་རྣམས་སེལ། །
སྐྱ་རྦབ་དམུ་དང་ལྒང་ནད་སེལ། །ཨ་རུ་ར་དང་ཅུ་གང་དང་། །གུར་གུམ་མཚལ་དང་ཙཎྜན་དཀར། །རྒུན་འབྲུམ་ཤིང་མངར་སུག་སྨེལ་དང་། །ཀ་ར་སྦྲང་རྩིའི་ལྡེ་གུ་བྱ། །གློ་ནད་སྨུག་པོ་ཚ་ཐོར་ཅན། །གློ་འགྲམས་སྐྲན་ཅན་རྣམས་ལ་ཕན། །གློ་མཆིན་ནད་ལ་ལུག་ཤ་དང་། །སྔ་སྔོ་འབགས་སུ་མི་རུང་ངོ་། །ཤིང་མངར་རྒུན་འབྲུམ་སྟར་བུ་དང་། །ཀ་ར་སྦྲང་རྩིའི་ལྡེ་གུ་བྱ། །བད་ཀན་ལས་གྱུར་གློ་ནད་དང་། །གློ་ཆམ་རྒྱུན་དུ་འོང་པ་དང་། །གློ་ཡི་ནད་རྣམས་སེལས་བར་བྱེད། །སྤེན་མ་དག་དང་ཕུར་མོང་ཐལ། །སྦྲང་རྩི་ལྡེ་གུ་ཆུ་གདུས་ཁུས། །སྦྲང་རྩིའི་ལྡེ་གུས་གློ་ནད་སེལ། །
ད་ནི་སྟོན་ཏེ་སྦྱོར་བ་ནི། །ཕྲད་ནི་ཕུལ་དུ་སྦྲང་རྩི་འོ། །ག་ཕུར་ལི་ཤི་གུར་གུམ་དང་། །མཚལ་དང་ཙཎྜན་དཀར་པོ་དང་། །གླ་སྒང་ཛཱ་ཏི་མཱུ་ལ་དང་། །སྦྲང་རྩི་ཀ་རར་སྦྱར་བ་ནི། །ཚད་པ་དག་གིས་གདངས་པ་ཡི། །སྟོངས་པའི་ཚ་བ་དག་དང་ནི། །ཆུ་སེར་མཆིན་པའི་ཚ་བ་དང་། །གློ་སྙིང་ཚད་པ་སེལ་བར་བྱེད། །ག་པུར་གུར་གུམ་ཅུ་གང་དང་། །ཛཱ་ཏི་ལི་ཤི་ཀ་ཀོ་ལ། །ཙཎྜན་འབྲས་རྔོས་ཀ་ར་དང་། །སྦྲང་རྩི་དག་གིས་ལྡེ་གུ་བྱ། །གློ་ཡི་ཚད་པ་ཐམས་ཅད་དང་། །གློ་ཁྲག་རྒྱས་དང་རྣག་དང་ནི། །ཆུ་སེར་ཚ་བ་གློ་མིག་སོང་། །གློ་རྡོལ་གློ་འགྲམས་མཆིན་ཚད་དང་། །ཁྲག་མཁྲིས་ནད་རྣམས་སེལས་བར་བྱེད། །ཅུ་གང་གུར་གུམ་ལི་ཤི་དང་། །མཚལ་དང་ཙཎྜན་དཀར་པོ་དང་། །རྒུན་འབྲུམ་ཤིང་མངར་སུག་སྨེལ་དང་། །སྦྲང་རྩི་ཀ་རར་སྦྱར་བ་ཡིས། །གློ་ནད་རྨུགས་དང་ཚ་ཐོར་ཅན། །གློ་འགྲམས་གློ་སྐྲན་ཅན་ལ་འོ། །ཨ་རུ་ར་དང་ཅུ་གང་དང་། །གུར་གུམ་མཚལ་དང་ཙཎྜན་དཀར། །རྒུན་འབྲུམ་ཤིང་མངར་སུག་སླེལ་དང་། །སྦྲང་རྩི་ཀ་ར་ལྡེ་གུ་བྱ། །གློ་ནད་རྨུགས་དང་ཚ་ཐོར་ཅན། །གློ་འགྲམས་གློ་སྐྲན་ཅན་ལ་འོ། །ཤིང་མངར་རྒུན་འབྲུམ་སྟར་བུ་དང་། །ཀ་ར་སྦྲང་རྩིའི་ལྡེ་གུ་བྱ། །བད་ཀན་ལས་གྱུར་གློ་ནད་ཅན། །ཆམ་པ་རྒྱུན་དུ་འོང་བ་དང་། །གློ་ནད་སེལ་བར་ཐེ་ཚོམ་མེད། །
པི་པི་ལིང་དང་ཅུ་གང་དང་། །ཤིང་མངར་སྦྲང་རྩི་སྦྱར་བ་ནི། གློ་ཟད་སྐྱེ་ཞིང་ཤ་ཡང་སྐྱེ། །གློ་ནད་ཀུན་ལ་མཆོག་ཏུ་འོ། །འབྲི་མོག་ཀ་ར་སྟར་བུ་དང་། །ཤིང་མངར་པི་པི་ལིང་དང་མཚེ། །ཁཎྜ་མར་དང་སྦྲང་རྩི་སྦྱར། །གློ་རྡོལ་ཁྲག་འཛག་དག་དང་ནི། །ཁྲག་རྨུགས་རྣག་རྨུགས་སེལ་བར་བྱེད། །འཇམ་འབྲས་སེའུ་འབྲུ་ག་ཏ་དང་། །མོན་ཆ་ར་དང་ཨ་འབྲས་དང་། །ཅུ་གང་དང་ནི་སྲ་འབྲས་དང་། །བིལ་བ་སུག་སྨེལ་ཤིང་ཚྭ་དང་། །ཀ་ཀོ་ལ་དང་པུཥྤ་གེ་སར་དང་། །ག་ཏི་ལྦུ་བ་ཚ་བ་གསུམ། །བཙོད་དང་སྦྲ་རྩིར་སྦྱར་བ་ནི། །ཚ་འཁྲུ་དང་ནི་ཁྲག་འཁྲུ་དང་། །བེ་སྣབས་མ་ཞུ་འཁྲུ་ལ་ཕན། །འཇམ་འབྲས་སེའུ་འབྲུ་མོ་ཚ་ར། །སྲ་འབྲས་བིལ་བ་སུག་སྨེལ་དང་། །ཤིང་ཚྭ་ཛཱ་ཏི་ཀ་ཀོ་ལ། །པུཥྤ་ནཱ་ག་གེ་སར་དང་། །ཚ་བ་གསུམ་པོ་སྦྱར་བ་ཡིས། །ཚད་འཁྲུ་དག་ནི་སེལ་བར་བྱེད། །འཕྲལ་དུ་འཁྲུབ་གཅོད་པར་བྱེད། །
རྒུན་འབྲུམ་ཨ་རུ་ར་དང་ནི། །སྐྱུ་རུ་ར་དང་ཙཎྜན་དཀར། །ལི་ཤི་སྟར་བུ་ཅུ་གང་དང་། །ཀ་ར་སྦྲང་རྩི་སྦྱར་བ་ཡིས། །གློ་སྙིང་བསྡོངས་དང་མཆིན་ནད་དང་། །གློ་ལ་བད་རླུང་ཞུགས་པ་དང་། །མཆིན་པ་ཚ་བས་རྒྱས་པ་དང་། །སྟོད་ཀྱི་གཟེར་དང་ཁྲག་ནད་སེལ། །ལྕགས་ཕྱེ་འབྲས་བུ་གསུམ་དང་ནི། །ཚ་བ་གསུམ་དང་བྱི་ཏང་ཀ །སྟར་བུ་ཙི་ཏྲ་ཀ་སྦྱར་ཏེ། །ཀ་ར་སྦྲང་རྩིའི་ལྡེ་གུས་ནི། །སྐྲངས་དང་མཆིན་ནད་མིག་སེར་དང་། །ལུད་མང་དབུགས་མི་བདེ་བ་དང་། །དར་རྒན་མཛེས་ནད་མིག་ནད་དང་། །བྱད་སྐྲངས་སྨྱོ་བ་རྗེད་ངས་སེལ། །བྱི་ཏང་ཀ་དང་གླ་རྩི་དང་། །འབྲས་བུ་གསུམ་དང་པི་པི་ལིང་། །སྦྲང་རྩི་དག་དང་སྦྱར་བ་ནི། །སྲིན་ནད་སྒལ་བར་རྨ་འཁྱམས་དང་། །མཚན་མ་རྡོལ་དང་གཅིན་མང་སེལ། །འབྲས་བུ་གསུམ་དང་ཚ་བ་གསུམ། །གྲོ་ཕྱེ་ཀ་ར་སྦྲང་རྩིས་བརྫིས། །སྐེ་ནད་དབུགས་མི་བདེ་བ་དང་། །ཚིགས་ནད་ཤུ་བ་གཡན་པ་དང་། །དབང་པོ་གསལ་ཞིང་ལུས་ཟུངས་སྐྱེད། །རྒས་སྲ་ཚེ་ཚད་རིང་བ་འོ། །
ཚ་བ་གསུམ་དང་ཚྭ་སྣ་རྣམས། །སྦྲང་རྩི་དག་དང་སྦྱར་བ་ནི། །མ་ཞུ་གྲང་ནད་སེལ་བར་བྱེད། །བད་ཀན་ལྷེན་དང་སྐྲན་ནད་སེལ། །གཟེ་མ་ལོ་འདབ་བཅས་པ་དང་། །དོང་དྲ་སྐྱུ་རུ་སྦྲང་རྩི་དང་། །སྦྱར་བས་སྒེམས་ནད་དབུགས་མི་བདེ། །རྗེད་ངས་འདར་དང་རྒས་པ་དང་། །ཉམས་སྟོབས་རྒས་དཀའ་སྲ་བ་དང་། །དབང་པོ་གསལ་ཞིང་ཚེ་རིང་འགྱུར། །ཤིང་ཚྭ་སུག་སྨེལ་པི་པི་ལིང་། །ཀ་ར་སྤྲང་རྩིར་སྦྱར་བ་ཡིས། །ལུད་པ་མང་དང་དབུགས་ཐུང་དང་། །དང་ག་མི་བདེ་རོ་མི་ཚོར། །ནུ་མཆིན་རྩིབ་ལོགས་གཟེར་བ་དང་། །དྲོད་ཉམས་པ་ལས་སྟོབས་སྐྱེ་འོ། །ཝ་ཤ་ལི་ཤི་ཤིང་མངར་དང་། །པི་པི་ལིང་དང་ན་ལེ་ཤམ། །སུག་སྨེལ་ཨ་རུ་ར་དང་ནི། །ཀ་ར་སྦྲང་རྩི་སྦྱར་བ་ནི། །སྙིང་རླུང་ལུད་པ་སྐྱ་བོ་དང་། །བྲང་རྒྱབ་གཟེར་དང་གདོང་པ་སྦོ། །ཕོ་བ་ན་བ་དག་ལ་ཕན། །བྲག་ཞུན་པི་པི་ལིང་དང་ནི། །ཁ་རུ་ཚྭ་དང་སྦྲང་རྩིར་སྦྱར། །དམུ་ཆུའི་ནད་དང་སྐྱ་རྦབ་སེལ། །སོ་མ་རཱ་ཛ་ལས་ལྡེ་གུའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།
དེ་ནས་ཐང་གི་ལེའུ་ནི། །འབྲས་བུ་གསུམ་པ་དག་དང་ནི། །ཨ་རུ་ར་ནི་བཅུ་དག་དང་། །བ་རུ་ར་ནི་ལྔ་ལ་སོགས། །སྐྱུ་རུ་ར་ཡང་དེ་དང་མཉམ། །ཁྲམ་ཁྲུམ་བརྡུངས་པ་བཏབ་པས་ནི། །རིམས་དང་མཁྲིས་པ་རྒྱས་པ་དང་། །སྟོད་ཚ་སྨད་ནི་གྲང་བ་སེལ། །ཡང་ན་དེ་ཡི་ཁུ་བ་དང་། །མཉམ་པའི་མར་ཁུ་བསྲེས་འཐུངས་ན། །དྲོད་ཆུང་ཁ་ཟས་མི་འཇུ་དང་། །ལྟོ་སྦོས་ཁོང་ན་སྲིན་ཡོད་དང་། །ཁྲག་རྒྱས་གྲང་ནད་མིག་སེར་དང་། །མཁལ་མཆེར་ནད་དང་མཆིན་ནད་དང་། །མིག་ནད་ཀླད་པ་འཁོར་བ་དང་། །གློ་ནད་དབུགས་མི་བདེ་བ་དང་། །ཆམ་པ་སྙིང་རླུང་རིམས་ནད་དང་། །རྒས་པ་མི་འོང་ཤ་མདངས་སྡུག །ཐང་ཤིང་ཤུ་དག་གླ་སྒང་དང་། །བཅའ་ལྒ་བོང་ང་ཨ་རུ་ར། །ཐང་གིས་གཟེང་དང་ལྟོ་སྦོས་དང་། །རིམས་དང་བེ་སྣབས་ཚ་འཁྲུ་སེལ། །དོང་དྲ་གླ་སྒང་པི་པི་ལིང་། །ཨ་རུ་ར་དང་པུ་ཤེལ་ཙེ། །ཐང་གིས་མ་ཞུ་གཟེར་བ་དང་། །བད་ཀན་རིམས་ལ་མཆོགས་ཏུ་འོ། །ཀཎྜ་ཀཱ་རི་སླེ་ཏྲེས་དང་། །སྒ་དང་མ་ནུ་བསྐོལ་བ་ཡིས། །བད་ཀན་ལུད་པ་དབུགས་མི་བདེ། །ཡི་ག་འཆུས་དང་རྩིབ་ལོགས་ཟུག །འདུས་པའི་རིམས་ནད་སེལ་བར་བྱེད། །
སླེ་ཏྲེས་གླ་སྒང་ཨ་བི་ཤ །དོང་དྲ་དག་གི་ཐང་གིས་ནི། །བད་ཀན་བེ་སྣབས་དྲོད་ཆུང་དང་། །ཕོ་བའི་ནད་དང་རིམས་ལ་ཕན། ཀཎྡ་ཀཱ་རི་སླེ་ཏྲེས་དང་། །དོང་དྲ་པི་པི་ལིང་གི་ཐང་། །དང་ག་མི་བདེ་དབུགས་རྒོད་དང་། །སྟོད་གཟེར་ཚད་པ་ཆེ་བ་དང་། །རིམས་དང་ལུད་པ་མནམ་པ་སེལ། །ཏིག་ཏ་ཀནྜ་ཀཱ་རི་དང་། །སླེ་ཏྲེས་མ་ནུ་བཅའ་ལྒ་ཡི། །ཐང་གིས་རིམས་ནད་ཀུན་ལ་ཕན། །བད་རླུང་དག་ཀྱང་སེལ་བར་བྱེད། །ཏིག་ཏ་སླེ་ཏྲེས་གླ་སྒང་དང་། །དོང་དྲ་རྣམས་ཀྱི་ཐང་གིས་ནི། །མཁྲིས་པའི་རིམས་ནི་ཐམས་ཅད་དང་། །མཁྲིས་ནད་མ་ལུས་ཐམས་ཅད་སེལ། །ཏིག་ཏ་སླེ་ཏྲེས་གླ་སྒང་དང་། །བཅའ་ལྒ་དག་གི་ཐང་གིས་ནི། །འདུས་པའི་རིམས་ནི་སེལ་བ་སྟེ། །བད་མཁྲིས་ནད་ནི་ཞི་བར་བྱེད། །པུ་ཙེ་ཤེལ་དང་ཨ་རུ་ར། །མཱུ་ལ་གླ་སྒང་དག་གི་ཐང་། །བད་རླུང་མཁྲིས་པའི་རིམས་དང་ནི། །བད་ཀན་བེ་སྣབས་སེལ་བར་བྱེད། །མ་ནུ་ཀཎྜ་ཀཱ་རི་དང་། །པི་པི་ལིང་དང་སླེ་ཏྲེས་དང་། །གླ་སྒང་དོང་དྲ་ཐང་གིས་ནི། །བད་རླུང་རིམས་དང་ཆམ་པ་དང་། །དབུགས་ཐུང་རྩིབ་ལོགས་གཟེར་བ་དང་། །དང་ག་མི་བདེ་གཟེར་ཟུག་དང་། །དབུགས་ཐུང་རྨ་ཞིག་སེལ་བར་བྱེད། །
མཱུ་ལ་བྱི་ཙེ་ལག་དང་ནི། །ཨ་རུ་ར་དང་གླ་སྒང་དང་། །ཐང་གིས་ཚ་བའི་རིམས་དང་ནི། །མིག་སེར་མཁྲིས་ནད་རིམས་ནད་སེལ། །དུག་མོ་ཉུང་དང་ཨ་བི་ཤ །བིལ་བ་བ་ལེ་ཀ་དང་ནི། །གླ་སྒང་དག་གི་ཐང་གིས་ནི། །རིམས་དང་ཁོང་འཁྲོག་འཁྲུ་བ་དང་། །མཁྲིས་པའི་རིམས་ནི་སེལ་བར་བྱེད། །བ་ཤ་ཀ་དང་གླ་སྒང་དང་། །བྱི་ཚེར་བ་དང་དོང་དྲའི་ཐང་། །ཆུ་སེར་མིག་སེར་ནད་དང་ནི། །ཚ་གྲང་འདྲེས་པའི་རིམས་ལ་ཕན། །རྒུན་འབྲུམ་ཏིག་ཏ་ཨ་རུ་ར། །པར་པ་ཏ་ཡི་ཐང་དག་གིས། །རྨོང་བུ་བླ་ཅོལ་བྱིང་བ་དང་། །ལུས་ཚ་སྐྱུགས་དང་མགོ་འཁོར་དང་། །ཁ་ལྕེ་སྐམ་དད་སྐོམ་དད་ཆེ། །ཀྱི་ལྕེ་བ་ཡི་ལོ་འདབ་བཅས། །པུ་ཙེ་ཤེལ་དང་རྒུན་འབྲུམ་ནི། །རྨོང་བུ་བླ་ཅོལ་མང་བ་དང་། །མིག་སེར་སྐྱ་རྦབ་འོར་ལ་ཕན། །
ཨ་པི་ཤ་དང་པར་པ་ཏ། །སྒྲོན་ཤིང་དག་གི་ཐང་གིས་ནི། །རིམས་ནད་རྣམས་དང་མ་སྨིན་དང་། །ལུད་མང་དབུགས་མི་བདེ་བ་སེལ། །ཨ་བི་ཤ་དང་པར་པ་ཏ། །སྒྲོན་ཤིང་གླ་སྒང་དོང་དྲ་རྣམས། །མཆེར་མཆིན་ནད་དང་བད་ཀན་དང་། །རིམས་ནད་ཚ་བ་ཐམས་ཅད་དང་། །ཆུ་སེར་རྒྱས་དང་སྐྲངས་པ་དང་། །སྟོད་གཟེར་ནད་ཀུན་སེལ་བར་བྱེད། །སྒྲོན་ཤིང་གླ་སྒང་ཨ་རུ་ར། །པར་པ་ཏ་དང་ཤིང་ཀུན་ཐང་། །བད་རླུང་རིམས་དང་སྐད་འགགས་སེལ། །སྦྲང་རྩི་ཁ་རུ་ཚྭ་དག་ནི། །སྦྱར་བས་མ་ཞུའི་རིམས་སེལ་ཏེ། །སྲ་འབྲས་བྱེ་མ་བཏབ་པ་ཡིས། །སྐྱིགས་བུ་དག་ནི་ཞི་བར་འགྱུར། །རྔ་ཚེར་བ་དང་ཟངས་རྩི་བ། །ཀྱི་ལྕེ་བ་དང་སླེ་ཏྲེས་དང་། །གླ་སྒང་པུ་ཙེ་ཤེལ་དང་ནི། །མཱུ་ལ་ཀྱི་ལྕེ་བ་ཡི་ཐང་། །འདར་བུ་དག་དང་མ་ཞུའི་རིམས། །མཆིན་མཁྲིས་ཁྲག་ནི་རྒྱས་པ་དང་། །མིག་སེར་རིམས་སེལ་བར་བྱེད། །སོ་མ་རཱ་ཛ་ལས་སྨིན་བྱེད་ཐང་གི་ལེའུ་སྟེ་གྱ་གཅིག་པའོ།། །།
དེ་ནས་ཡང་གསུངས་པ། །དྲོད་ཆུང་དང་ག་མི་བདེ་དང་། །སྦོས་དང་ཚད་པ་ཆེ་བ་དང་། །རྒས་དང་ཁོང་ན་བུ་ཡོད་དང་། །འཆགས་སའི་ལམ་དུ་ཁྲག་འབབ་དང་། །མདེའུ་ཁོང་ན་ཡོད་པ་ལ། །བཤལ་འདི་གཏང་བར་མི་བྱའོ། །སྣོད་མི་བདེ་དང་ཚད་རྙིངས་དང་། །ཁྲག་དང་མཁྲིས་པ་ཁ་སྣར་འོང་། །སྐྲན་དང་མཆེད་ནད་གཞང་འབྲུམ་དང་། །གཞང་ཁ་ཤུ་བྱུང་བད་ཀན་དང་། །ལྟོ་ན་སྲིན་ཡོད་དམུ་རྫིངས་དང་། །ས་བོན་ནད་གྱུར་ཆུ་འགགས་དང་། །བུད་མེད་མངལ་ནད་གྲང་ནད་དང་། །མིག་འགྲིབ་ཀླད་པ་ན་བ་དང་། །ལྟེ་འཁོར་ན་དང་རྟག་སྐམ་དང་། །ཡར་སྐྱུག་འབྲས་བུ་བྱང་བ་དང་། །དབུགས་ཐུང་གློ་དང་སྐྱ་རྦབ་དང་། །མཛེ་དང་སྙིང་ནད་ཟ་གུ་དང་། །རླིག་པ་སྐྲངས་དང་འོར་ནད་དང་། །དུག་དང་ཕོ་མཆིན་གློ་གཅོང་དང་། །ཆུ་སེར་གྲུམ་བུ་དག་དང་ནི། །དེ་རྣམས་འཁྲུ་སྨན་མཆོག་ཏུ་བསྔགས། །གུ་གུལ་འབྲས་བུ་གསུམ་དང་ནི། །སྒྲོན་ཤིང་སླེ་ཏྲེས་ཏིག་ཏ་དང་། །རྒུན་འབྲུམ་མཱུ་ལ་གླ་སྒང་དང་། །ཁ་རུ་ཚྭ་དང་དོང་ཀ་དང་། །དུར་བྱིན་མཱུ་ལ་དག་ཡིན་ཏེ། །དོང་ཀ་ཉེ་ཤིང་དུར་བྱིད་ཕྱེ། །ཆུ་སེར་ཆང་མ་ཞུ་བ་དང་། །སྐྲངས་དང་རུས་པའི་ཚ་བ་སེལ། །གུ་གུལ་འབྲས་བུ་གསུམ་དང་ནི། །སླེ་ཏྲེས་གླ་སྒང་རྒུན་འབྲམ་དང་། །དུར་བྱིན་གུ་གུལ་ཕྱེ་མ་གཏང་། །ཆུ་སེར་ཤ་མཐངས་བར་ཞུགས་དང་། །མ་ཞུ་ལྡིངས་པ་སེལ་བར་བྱེད། །གློ་མཆིན་རྩ་གཏར་བྱ་རོག་མིག །སྣོད་བཞིན་ཕོ་བའི་དཀྱིལ་དུ་བསྲེག །བསིལ་དྲོད་སྙོམས་པའི་ཟས་བཏང་སྟེ། །དེས་ནི་མཛེ་ནད་ཞི་བར་བྱེད། །འབྲས་བུ་གསུམ་དང་སླེ་ཏྲེས་དང་། །ཁ་རུ་ཚྭ་དང་མཱུ་ལ་དང་། །དོང་ཀ་གླ་སྒང་རྒུན་འབྲུམ་དང་། །ཀནྡ་ཀཱ་རི་ལྕིམ་རྩ་དང་། །མ་ཞུ་མར་དང་ཆང་དང་ནི། །བད་ཀན་མཆིན་རྩར་ཞུགས་པ་དང་། །བད་ཀན་སྐྱ་བོ་བེ་སྣབས་དང་། །དམུ་རྫིངས་སྐྲངས་ལ་འདི་དག་བསྔགས། །འབྲི་ཤ་ལུག་ཤ་དགོ་ཤ་བསྔགས། །ཚ་ན་རུ་ཐུང་ཅུང་ཙམ་གཏར། །རྩིབ་ཐུང་གཡས་གཡོན་མཛུབ་གང་ནི། །བཅུ་གསུམ་པ་ནས་བཅལ་བར་བསྲེག །གཏར་བ་མང་ན་གནོད་པ་འོ། །འབྲས་བུ་གསུམ་དང་སླེ་ཏྲེས་དང་། །ཏིག་ཏ་བོང་ང་པུ་ཙེ་ཤེལ། །གླ་སྒང་རྒུན་འབྲམ་ཀྱི་ལྕེ་བ། །ལྕེམ་རྩ་དོང་ཀ་དར་བྱིན་ཕྱེ། །མ་ཞུ་ཆང་དང་མར་མ་ཞུ། །ཚ་གྲང་འཐབ་པ་མཆིན་ནད་ལ། །རྔ་བྲན་དགོ་བའི་ཤ་དག་གཏང་། །རྩེའུ་ཆུང་རུ་ཐུང་ཨ་སོ་གདབ། །གྲང་ན་བརྒྱད་པ་དགུ་པ་དང་། །བཅུ་གཉིས་བཅུ་གསུམ་ཕོ་དཀྱིལ་བསྲེག །འབྲས་བུ་གསུམ་དང་དུར་བྱིན་དང་། །དན་ད་དོང་ཀའི་ཐང་གིས་ནི། །མ་ཞུ་ཚད་ནད་ཚ་གྲང་ལས། །གཏང་ན་མཆོག་ཏུ་བསྔགས་པའོ། །
མ་ནུ་འབྲས་བུ་གསུམ་དང་ནི། །བ་བླ་གླ་སྒང་རྒུན་འབྲུམ་དང་། །སླེ་ཏྲེས་པུ་ཙེ་ཤེལ་ཁུ་རུ། །ཚྭ་དང་དུར་བྱིན་དོང་ཀ་ཡིས། །བད་ཀན་ཆུ་སྐྱེགས་བེ་སྣབས་དང་། །སྨུག་པོ་ལོང་དུ་ལྷུང་བ་ལའོ། །གནག་དང་ལུག་གི་ཤ་དང་ནི། །ཕོ་བའི་ཟུར་དང་བརྒྱད་པ་དང་། །རུ་ཐུང་གློ་རྩ་གདབ་པར་བྱ། །སླེ་ཏྲེས་མ་ནུ་འབྲས་བུ་གསུམ། །ཀནྡ་ཀཱ་རི་དོང་དྲ་དང་། །གླ་སྒང་ཁ་རུ་ཚྭ་ནི། །དོང་ཀ་དུར་བྱིན་ཐང་བཤལ་ནི། །བད་ཀན་རྣམས་སེལ་བར་བྱེད། །དགུ་པ་བཅུ་གཉིས་ཕོ་བ་བསྲེག །མཁྲིས་པའི་རྩ་ནི་གཏར་བར་བྱ། །མ་ནུ་གུ་གུལ་འབྲས་བུ་གསུམ། །སླེ་ཏྲེས་ཀནྡ་ཀཱ་རི་དང་། །དོང་དྲ་གླ་སྒང་རྒུན་འབྲུམ་དང་། །དོང་ཀ་དུར་བྱིན་ཁ་རུ་ཚྭ། །བད་ཀན་ཆུ་སེར་བསྡོངས་པ་དང་། །ཤ་ཚིལ་མ་ཞུ་ལྕེ་ཆུ་འབབ། །བསིལ་བའི་ཟས་དག་གཏང་བར་བྱ། །བྱ་རོག་མིག་དང་དགུ་པ་དང་། །བཅུ་གཉིས་པ་ནི་བསྲེག་པར་བྱ། །བ་ལེ་ཀ་དང་སླེ་ཏྲེས་དང་། །ཨ་རུ་ར་དང་རྒུན་འབྲུམ་དང་། །གླ་སྒང་བོང་ང་དཀར་པོ་དང་། །པུ་ཙེ་ཤེལ་དང་ཏིག་ཏ་དང་། །དུག་མོ་ཉུང་དང་ཀྱི་ལྕེ་བ། །དོང་ཀ་དག་དང་དུར་བྱིད་དོ། །སླེ་ཏྲེས་ཏིག་ཏ་བོང་ང་དང་། །པུ་ཙེ་ཤེལ་དང་ཀྱི་ལྕེ་བ། །རྒུན་འབྲུམ་གླ་སྒང་ལྕིམ་རྩ་དང་། །ཨ་རུ་ར་དང་དུར་བྱིན་དང་། །དོང་ཀ་དག་གི་ཐང་བཤལ་གྱིས། །མ་ཞུ་ཚ་གྲང་འདྲེས་པ་དང་། །བད་ཀན་ཚ་བ་དག་ལ་འོ། །བསིལ་བའི་ཟས་དག་གཏང་བར་བྱ། །གློ་མཆིན་འདོམས་རྩ་རུ་ཐུང་གདབ། །པི་པི་ལིང་ན་ལེ་ཤམ། །ལྕ་རྒོད་འབྲུམ་བུ་དོང་དྲ་རྣམས། །བཏགས་པའི་ཕྱེ་མ་ཆུང་གིས་ཕུལ། །ཆུ་སེར་ཚིགས་པ་ན་བ་དང་། །མ་ཞུ་རྐེད་པ་བཤལ་བ་དང་། །གྲུམ་བུ་འོར་དུ་སྐྲངས་པ་དང་། །བཅུད་གཏང་ཤ་སྲུབས་མེ་བཙའ་གདབ། །ཕོ་བའི་ཚིགས་བསྲེག་ལོང་ཕྱི་གཏར། །གབ་རྩ་གང་དག་གདབ་པའོ། ཨ་རུ་ར་དང་པི་པི་ལིང་། །ན་ལེ་ཤམ་དང་སེའུ་འབྲུ་དང་། །དོང་ཀ་དུར་བྱིད་ཕྱེ་མ་དག །ཆང་དང་སྦྱར་ནས་གཏང་ན་ནི། །སྙིགས་མ་མ་ཞུ་དག་དང་ནི། །བད་ཀན་དག་ནི་སེལ་བར་བྱེད། །ཡང་བའི་ཟས་དང་བཅུད་ཅན་གཏང་། །དགུ་པ་བུ་གཉིས་ཕོ་བ་བསྲེག །ཨ་རུ་ར་དང་པུ་ཙེ་ཤེལ། །དོང་ཀ་དུར་བྱིད་ཕྱེ་མ་དང་། །པུ་ཙེ་ཤེལ་གྱི་ཐང་དག་གཏང་། །དྲེག་དང་མ་ཞུ་ཕོ་ལོག་དང་། །གློ་ནད་ཚ་བ་འཇིལ་བར་བྱེད། །སྔོན་འགྲོ་ཐུག་ནག་སྤང་མཁར་གཏང་། །བསྐུ་མཉེ་བྱུགས་པས་རླུང་སྒོ་བགག །
དོང་ཀ་ཆག་གང་ཚད་དང་ནི། །གུ་གུལ་དུར་བྱིན་གམ་ཕྱེར་གཏང་། །ཐོ་རངས་ཁྱེའུ་སུས་དག་ལ་ནི། །སྔས་བསྟོད་མི་བསྒུལ་དྲོན་པོར་བྱིབས། །སྐྱུགས་ན་ཐལ་གོང་གནན་པར་བྱ། །ཆུ་སྐོལ་དག་ནི་གཏང་བར་བྱ། །ཡན་ལག་ཆུར་གཞུག་གསེང་བར་བྱ། །སྐྲ་འཐེན་ཆུ་རྡོ་བྲང་དུ་གཞག །འཁྲུ་བ་མ་ཆོད་ཟས་མི་གཏང་། །མ་ཕིག་སྦོ་ན་དུགས་བྱ་སྟེ། །ལྟོར་ནི་ནས་ཐུག་གཏང་བར་བྱ། །དེ་ལ་ནི་རུ་ཧ་ནི་གཏང་། །ཡང་ན་ཤིང་མངར་ཁ་རུ་ཚྭ། །ཆང་དང་སྦྱར་ལ་གཏང་བར་བྱ། །སོ་མ་རཱ་ཛ་ལས་ཐང་བཤལ་གྱི་ལེའུ་སྟེ་གྱ་གཉིས་པའོ།། །།
དེ་ནས་བཤལ་དག་བསྟན་པ་ནི། །ནད་རྣམས་འཁྲུ་བ་བཤལ་ཡིན་ཏེ། །རྣམ་རྟོག་འཁྲུ་བ་སྟོང་པ་འོ། །དེ་ནི་ལས་ནི་རྣམ་ལྔ་སྟོན། །སྐམ་པོ་འགུགས་པའི་ཤིང་བཞིན་དུ། །ལས་བྱེད་པས་ནི་དཔྱད་ལ་བྱ། །གློ་བུར་སྐམ་པ་ཆག་པར་འགྱུར། །སྤངས་པའི་འདོད་བྱའི་འབྲས་བུ་འབྱུང་། །དེ་བས་སྔོན་འགྲོ་ཤིན་ཏུ་བསྔགས། །བད་རླུང་ཅན་ལ་བསྐུ་མཉེ་བྱ། །ཁྲག་མཁྲིས་ཅན་ལ་བྱ་མི་དགོས། །ལྟོ་བཤལ་དག་དང་སྐྱུགས་དང་ནི། །འཇམ་རྩི་དག་དང་རྩ་བཤལ་དང་། །སྣ་ཡི་བཤལ་ལ་སྔོན་འགྲོ་བྱ། །དང་པོར་ལྟོ་བཤལ་བྱ་བ་ནི། །སྟོར་བ་བཙལ་དང་གདངས་པ་བཤིག །བརྒལ་བ་མནན་དང་འབྱངས་པ་བཅད། །སྨན་རླངས་བསལ་དང་དྲི་འདོན་བྱ། །སྟོར་བ་བཙལ་བ་རླུང་ལ་ནི། །རུས་ཐང་མར་ཁུ་བསྒུ་མཉེ་བྱ། །རེང་བུ་དག་ཀྱང་གཏང་བར་བྱ། །ནག་པོ་གཅིག་ཐུབ་ཚྭ་དང་ནི། །དུད་པ་ཆང་དང་སྦྱར་བའམ། །ཡང་ན་དྲག་པོ་གཅིག་ཐུབ་གཏང་། །ཤ་པད་མས་ཀྱིས་གཏང་བར་བྱ། །མཁར་པོ་ཚིག་གུ་མ་དུ་བ། །ཚྭ་དང་སྦྱར་བའི་ཤ་པད་གཏང་། །
ཡང་ན་ལྕིམ་རྩ་བུལ་ཏོག་དང་། །ཚྭ་དང་དུད་པ་སྦྱར་ལ་གཏབ། །གདེངས་པ་བཤིག་པ་བསྟན་པ་ནི། །སྟོད་གདེངས་ཁ་རུ་ཚྭ་དག་གཏང་། །བར་དུ་གདེངས་ན་པི་པི་ལིང་། །སྨད་དུ་གདེངས་ན་བཙོད་ཐང་གཏང་། །བརྒལ་པ་དག་ལ་ཁ་ཕྲུས་བཏབ། །སྤྱི་བོར་སྐྲ་ནི་སྤར་གང་འཐེན། །རྣ་མཆོག་འཐེན་ཞིང་སེན་མོ་བྲེག །ཙོག་འདུག་དབྲལ་བར་ཆུ་བྲང་གདབ། །ཁ་ཕྲུ་སྣ་ལ་དྲི་ཞིམ་བདུག །འབྱངས་བཅད་ཚ་གྲང་གཉིས་ཤེས་བྱ། །མཁར་པོ་ཞོ་བཙོས་གཏང་བ་དང་། །ཐ་རམས་ན་རམས་བྲ་རམས་དང་། །ད་ཏྲིག་གཏང་བར་བྱ་བ་འོ། །ཁྲག་ཏུ་འབྱངས་ན་ག་པུར་གཏང་། །གྲང་ཐང་ཆུ་གྲང་གཏང་བར་བྱ། །ཆུ་མདའ་བརྡེག་དང་ཆུར་ཞུགས་བྱ། །ལྟེ་བར་ཁམ་ཕོར་ཆུས་བཀང་བཞག །གཏར་ཀ་དག་ཀྱང་བྱ་བ་འོ། །བག་ཕྱེ་མར་བཙོས་དྲི་མ་ཡང་། །མེད་པ་དག་ནི་གཏང་བར་བྱ། །འབྲས་བཙོས་པ་ནི་མཆོག་ཏུ་འོ། །
སྒོག་པའི་ཐལ་བ་གཏང་བར་བྱ། །རྒྱུ་མའི་ཚོད་མ་གཏང་བར་བྱ། །པ་རི་ཀོན་དང་རྐང་ཆག་གཏང་། །ད་ཏྲིག་མོན་ཆ་ར་དང་ནི། །མཁར་པོ་སྤྲིན་འདྲ་གཏང་བར་བྱ། །སེའུ་འབྲུ་བཞི་པ་གཏང་བར་བྱ། །ཕོ་བ་ལྟེ་བ་ཁ་གསུམ་བསྲེག །སྤུ་ཅན་སྦྱར་ལ་རུས་ཁུ་གཏང་། །མཁར་པོ་བུ་རམ་བཏབ་པ་དང་། །ཏོང་རུས་བདུད་སྒོ་བསྲེག་བར་བྱ། །རླུང་ལ་བསྐུ་མཉེ་བྱ་བ་དང་། །བཅག་པ་ཀུན་ལ་བསྔགས་པ་འོ། །དྲི་འདོན་སྨན་རླངས་ཁ་ནས་འོང་། །ཐང་བཤལ་དག་ནི་གཏང་བར་བྱ། །སྨན་ལྷག་ཁོང་དུ་ལུས་པ་འོ། །སྣོད་བཞི་དག་ཀྱང་གཏར་བར་བྱ། །དན་ད་དུང་བྱིད་ཤུ་དག་དང་། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། །དབྱི་མོང་སྟག་ཤ་བུ་རམ་དང་། །སྐྲན་དང་ཕོ་ཤ་མཐུག་པ་དང་། །ཞམ་སྐྲན་དག་དང་པོ་རླངས་དང་། །མི་སྐྱུགས་དྲི་མ་ཐར་མི་འོང་། །བད་ཀན་ལྷེན་དག་ཞི་བར་བྱ། །སེ་རྒོད་སྣང་མའི་སྒྲོན་ཤིང་དང་། །གུ་གུལ་དཀར་པོ་བ་སྤྲུ་བ། །ཨ་རུ་ར་གཅིག་བག་ཟན་དྲིལ། །ཨ་རུ་ར་གཅིག་མར་ཁུར་བཙོ། །གཅིག་ནི་བ་ཆུར་སྦངས་བར་བྱ། །
གཅིག་དག་སྐམ་པོར་གཏང་བར་བྱ། །ཆང་ལ་རྟ་བྱས་སྔོན་དུ་གཏང་། །མ་ཞུ་ཆུ་ཤོར་ལྤགས་མཐུག་དང་། །མཆིན་པ་རླན་གྲང་སྐྱི་མཐུག་དང་། །ཟ་ཕྲུག་ཆུ་སེར་དྲག་དང་ནི། །སྐྲངས་དང་ཆུ་སེར་དམུ་ཆུ་སེལ། །དུར་བྱིད་རྒྱམ་ཚྭ་ཧོང་ལེན་དང་། །བུ་རམ་དག་དང་གཏང་བར་བྱ། །མ་ཞུ་བད་ཀན་གསར་ལངས་དང་། །སྐྲངས་དང་བད་ཀན་གློ་རྣག་ཤོར། །ཨ་རུ་ར་དང་སྔོན་བུ་དང་། །ཟངས་རྩི་བ་དང་འབྲུ་གུ་རྣམས། །ཆང་དང་སྦྱར་ལ་གཏང་བར་བྱ། །འཁྲུགས་ཁྲག་སྟོད་དུ་གཟེར་བ་དང་། །ཆུ་སེར་རྐང་བོལ་སྐྲངས་པ་སེལ། །སྔོན་བུ་ལྕུམ་རྩ་པི་པི་ལིང་། །ཆང་དང་སྦྱར་ལ་གཏང་བ་ཡིས། །ཤེད་ཆུང་བ་ཡི་ནད་ཀུན་སེལ། །དུར་བྱིད་ནས་དང་སྲན་ཙམ་བརྔོས། །ཆང་དུ་བགྲུངས་པའི་དྭངས་མ་ནི། །བཞུར་ལ་ལྟོ་སྟོང་གཏང་བར་བྱ། །འདིས་ནི་ལུས་ཟུངས་ཟད་པ་དང་། །ཁ་ཟས་རྗེས་དག་མེད་པ་དང་། །ཚ་གྲང་མ་སྙོམས་དུག་རོ་ལྡང་། །རིམས་དང་འབྱངས་པས་ན་བ་དང་། །བད་ཀན་མ་ཞུ་དམུ་ལ་ཕན། །ཚ་ན་བསིལ་དང་གྲང་ན་དྲོད། །ཤ་མ་ཅི་བཞིན་བལ་ལ་ཡང་། །ཡང་ན་ཤི་རི་ཁཎྚ་ནི། །ཆང་དང་སྦྱར་ནས་གཏང་བ་ན། །ཆུ་སེར་ལས་གྱུར་མཛེ་དང་ནི། །དྲག་ནད་གྱུར་པ་སེལ་བར་བྱེད། །སྤང་རྩི་དོ་བོའི་ལོ་མདའ་དང་། །རྩ་བར་བཅས་པ་ཀ་རར་སྦྱར། །ཆང་གིས་ཕུལ་ལ་གཏང་བར་བྱ། །
ཁྲག་མཁྲིས་དུག་དང་མཆིན་ཚད་དང་། །ཚ་བའི་ནད་རྣམས་འཁྲུ་བར་བྱེད། །ཡང་ན་གུ་གུལ་དཀར་པོ་དང་། །འོ་མར་སྦྱར་ལ་གཏང་བར་བྱ། །པགས་པ་མཐུག་དང་ཆུ་སེར་དམུ། །སྐྲངས་པ་དག་ལ་ཕན་པར་འགྱུར། །དྲི་མ་ཆུ་ཡིས་འཁྲུ་བ་དང་། །ནད་ཀུན་བཤལ་གྱིས་འཁྲུ་བ་དང་། །རྩི་སྦུར་མེ་ཡིས་འཁྲུ་བ་བཞིན། །རྣམ་རྟོག་ནད་ནི་སྟོང་པས་འཁྲུ། །མི་ཚུགས་མེད་དང་ཚུགས་པ་ནད། །མ་ལུས་པ་དང་ལྟོར་ལུས་ཀྱང་། །སྐྱོན་དུ་མི་འགྲོ་འཁྲུ་གཟེར་ཆུང་། །བཅད་པར་སླ་དང་རྗེས་བསྲུང་སླ། །ཚ་བ་མི་སྐྱེ་གྲང་མི་ལྡང་། །རླུང་མི་ལྡང་དང་མཁྲིས་མི་སྐྱེ། །ནད་གསུམ་དག་གིས་མི་གནོད་དང་། །ནམ་སླ་དུས་མེད་གཏང་བ་ལ། །ཤེད་ཆུང་རན་པས་ཐུབ་པ་དང་། །སྣུམ་གྱིས་ཁ་མི་སྐོམ་པ་དང་། །ལྟོ་མི་བཀྲས་དང་ཤེད་ཆུང་དང་། །གཉིད་མི་བྲོ་དང་ཤེད་མཐོ་དང་། །ཁམ་བདེ་འབྱུང་བ་ཤེས་པ་གསལ། །དཔེ་བཞིན་སྔོན་ལ་སོགས་ལྡན། །སྨན་ནི་སྡེ་ལྔ་ལག་ལེན་ཏེ། །ཡོན་ཏན་ཤེས་དང་སྨན་ངོ་ཤེས། །ལེགས་ཉེས་འབྲས་བུ་ཤེས་པ་དང་། །ཐུན་ཚོད་སྦྱོར་བ་ཤེས་པའོ། །
སྐམ་པོ་བཀུག་པའི་ཤིང་བཞིན་དུ། །རྣམ་ལྔ་སྔོན་འགྲོ་བྱ་དགོས་ཏེ། །དར་གྱི་སྒྱེའུའི་རྡོ་བཞིན་དུ། །ཁ་ཟས་རིམ་གྱིས་ཆེ་ཆུང་དང་། །རྣ་བ་ནང་གི་ཆུ་བཞིན་དུ། །སྨན་ནི་ཆེ་ཆུང་ཚད་བྱས་ལ། །ཐལ་བས་གཡོགས་པའི་མེ་བཞིན་དུ། །ཕོ་བའི་མེ་དྲོད་མི་ཉམས་བྱ། །སྨན་སྡེ་ལྔ་ཡི་དཔྱད་དང་ནི། །འཇམ་རྩི་དག་དང་སྐྱུགས་དང་ནི། །སྣ་བཤལ་རྩ་ཡི་སྦྱོངས་དག་གོ །ཡོན་ཏན་སྨན་གྱི་ངོ་བོ་ནི། །དཀར་མོ(འབྲས)འཇུ་སླ་དུས་སུ་གཅོད། །ནག་པོ་གཅིག་ཐུབ་ཟུག་རྔུ་སེལ། །ཉི་དགས་སྐམ་པའི་གདུངས་པ་སེལ། །བད་ཀན་དུག་གི་འབྲལ་འཕྱང་གཅོད། །སྐྲ་བཟང་ཟས་དང་ཡི་ག་འབྱེད། །ཤེ་འུས་ནས་བཙོས་ཆང་དུ་བྱེད། །དབང་ཕྱུག་ས་བོན་འཇུག་བ་སྐྱེན། །ཙ་བུས་བསིལ་ཡང་དྲོད་དུ་འབྱེད། །བཅུད་ཀྱི་དྭངས་མས་རླུང་ལོག་སེལ། །རིགས་མཐུན་གཅིག་གིས་དྭངས་སྙིགས་འབྱེད། །དྲོད་ཆེས་ཕོ་བའི་གདེངས་པ་སེལ། །དྲི་ཆུས་ནད་རྣམས་མ་ལུས་འཁྲུ། །སག་དར་རིག་ཀྱིས་ཆུ་ལམ་སྦྱོང་། །རུ་རུའི་ཁྲག་གིས(གུར་གུམ)གླང་ཐབས་སེལ། །ཏྲི་བྱིད་ནད་དང་ཟས་འབྱེད་བྱེད། །དན་ད་རླུང་དང་བད་ཀན་འབྱེད། །ཏྲེ་མུ་ལ་ཡིས་བད་ཀན་འཇུ། །བུ་རམ་དག་གིས་རླུང་འཇིལ་ཏེ། །བུལ་ཏོག་དག་གིས་དྲི་མ་འཁྲུ། །ཆུ་མནན་དག་ཀྱང་དྭངས་སྙིགས་འབྱེད། །ནད་གཞི་གསུམ་པོ་སྙོམས་པ་སྟེ། །ཚད་ནི་དཀར་པོ་ཚད་དེ་དང་། །སྐྲ་བཟང་དག་ནི་ཐུན་སྙོམས་ཏེ། །དབང་ཕྱུག་ས་བོན་གང་གི་ནི། །ཞོ་གཅིག་དེ་ནི་བཞི་ནམ་མོ། །བུལ་ཏོག་སག་དར་རིས་དང་ནི། །རུ་རུའི་ཁྲག་ནི་སུམ་ཞོ་བྱེད། །
དོང་ཀ་ཞོ་གཅིག་དན་ད་བདུན། །དེ་རྣམས་བུངས་དང་ཏྲི་ཏྲི་ཏ(སུམ་ཆ)། །དུར་བྱིད་དག་ནི་སུམ་གཉིས་དང་། །བུ་རམ་ཆུ་སྐོལ་རིལ་བུ་གཏང་། །རླུང་ལ་བུ་རམ་རི་བུ་གཏང་། །མཁྲིས་ལ་ཀ་རའི་གམ་ཕྱེ་གཏང་། །བད་ཀན་སྐྲན་ལ་ཚྭ་དག་གཏང་། །ཁྲག(ཞུན་ཆེན)ལ་འབྲི་རྟ་དག་གཏང་ངོ་། །སྔོན་འགྲོ་ལྟོགས་ན་དགུག་པ་མིན། །ཅུང་ཟད་ཟས་ནི་དབྲི་བར་བྱ། །མར་ཁུ་དག་ཀྱང་གཏང་བར་བྱ། །དབུགས་མེད་དྲི་མ་འཇམ་པ་ནི། །མར་གྱིས་འགྲིལ་བ་ལྟ་བུ་འོ། །གཏང་ཐབས་སྔོན་ལ་དན་ད་གཏང་། །ཡ་བཀྵ་ར་མར་དང་ནི། །དན་ད་བརྔོས་ལ་སྐོགས་པ་བོར། །དེ་གཉིས་མར་དུ་གྲིལ་ལ་གཏང་། །དེས་ནི་འཁྲོག་ཅིང་འཁྲུ་བ་ན། །ཕྱེ་མ་དག་ནི་གཏང་བར་བྱ། །ཡང་ན་རིལ་བུ་གཏང་བའོ། །
སྟོད་གདིངས་སྨད་གདིངས་དྲི་ཆེན་གཏང་། །གླང་ཐབས་དག་ལ་དྲི་ཆུ་དང་། །རྒྱ་ཚྭ་ལྕམ་པའི་འབྲུ་གུ་གཏང་། །སུག་སྨེལ་པི་པི་ལིང་གི་ཐང་། །ཁྲག་གི་གླང་ཐབས་དག་ལ་ནི། །ཆུ་གྲང་གཏང་ཞིང་ཟས་ཀྱང་བསྐྱེད། །རུ་ཐུང་དག་ཀྱང་གཏར་བར་བྱ། །གོང་མ་ཤེད་ཆེ་དག་ལ་སྟེ། །འོག་མའི་ལོག་ནི་ཤེད་ཆུང་ན། །སྨད་དུ་འཁྱིམས་ན་རིལ་བུ་ནི། །སོ་ཆ་ཚ་བ་གསུམ་དང་ནི། །ལན་ཚྭ་ཤུ་མོ་ཟྭ་དང་ནི། །བུ་རམ་མར་དུ་བརྫིས་པ་ཡི། །རིལ་བུ་དག་ནི་མས་ཀྱིས་གཏང་། །ཡང་ན་པི་པི་ལིང་དང་ནི། །དུ་བ་ཚྭ་དང་མར་དུ་སྦྱར། །རེང་བུས་མས་དག་བསུ་བར་བྱ། ཁྱི་ནི་སྒོར་ཕྱུང་སྒོ་ནང་ཕྱག །ལྷྭམ་ནི་མདུན་དུ་གདབ་པར་བྱ། །ནི་རུ་ཧ་ཡང་གཏང་བ་འོ། །
ལུས་རྔུལ་ལངས་སྙིང་འདོད་པ་དང་། །སྐྱུགས་པ་མི་ཐུབ་འདྲ་བ་ན། །ཕོ་བས་བཤལ་ནི་མི་ཐེག་པས། །སྐྱུག་ཏུ་བཅུག་ལ་གནན་ལ་གཏང་། །ཐུན་བསྐྱུང་ཟས་ཀྱང་ཅུང་ཟད་ཙམ། །ཉུང་ངུ་ཡང་ཡང་གཏང་བར་བྱ། །ཕོ་བ་དག་ལ་དུགས་བྱ་འོ། །ཁོང་སྤོས་བྱ་རྨྱང་བྱེད་པ་དང་། །ཟུག་ཅིང་གཟེར་ལ་མིག་རྒོད་རླུང་། །དབུགས་བསྡམས་ཁ་སྣ་བསྡམ་པ་འོ། །ཡང་ན་ཚ་དང་པི་པི་ལིང་། །སྒ་དང་སུག་སྨེལ་བུ་རམ་དང་། །ཆང་དང་སྦྱར་ལ་ཅུང་ཟད་གཏང་། །ཚ་བ་སྐྱེས་ནས་བྱིང་བ་དང་། །ལྟོ་དང་རྒྱུ་མ་ཉོལ་ཉོལ་གཅོད། །དབུགས་རྒོད་ཁ་སྣ་མིག་རྩ་དམར། །རྩ་དྲག་ལུས་པོ་ཟུག་མི་ཚུགས། །འཁྲུ་བ་མ་ཆོད་སོ་དྲགས་ཆགས། །བྲང་དུ་ཆུ་མདལ་ལུས་ཆུར་བཅུག །བསིལ་ཐང་གཏང་ཞིང་འབྲས་ཐུག་གཏང་། །མཁྲིས་པས་དང་ག་མི་བདེ་ཞིང་། །ཁ་ཁ་མིག་སེར་མཁྲིས་རྩ་གཏར། །བསིལ་ཐང་ཕོ་བར་རྡོ་དུགས་བྱ། །གཙོ་བོ་དུར་བྱིད་དག་ཡིན་ཏེ། །རོ་སྨད་ན་ལ་ཤིས་པ་འོ། །རླུང་མཁྲིས་བད་ཀན་ནད་རྣམས་འཁྲུ། །ཁ་དོག་དམར་ལ་རོ་ནི་བསྐ། །ཞུ་རྗེས་ཚ་བར་འགྱུར་བ་ཡིན། །
བད་མཁྲིས་འཇུ་བར་བྱེད་པ་སྟེ། །རྩུབ་པས་རླུང་གི་དྭངས་སྙིགས་འཁྲུ། །སྨན་གྱི་སྦྱོར་བ་དག་དང་ནི། །ཆོ་གའི་ཁྱད་པར་ལ་བསྟེན་ནས། །ནད་རྣམས་ཐམས་ཅད་འཇོམས་པར་བྱེད། །དེ་ཡང་རྣམ་པ་གཉིས་སུ་བཤད། །རྩ་བ་དཀར་པོར་འཕྲོ་བས་འཇམ། །རྩ་བ་དམར་ནག་གཏིང་དུ་ཟུག །མ་འཕྲོས་སྡོང་བུ་ཤིན་ཏུ་རྣོ། །ནད་གཞི་ཆེ་ན་ལྡོག་པར་བསྔགས། །ཁྲག་ཏུ་འཁྲུ་བ་དག་ལ་ནི། །ཁྱི་ལ་བྱིན་པས་མི་འདོད་པ། །འདོད་པ་ལུས་ཀྱི་ཟུངས་ཡིན་ནོ། །ལུས་ལ་ཆུ་དྲོན་བཀྲུས་པས་འདག །མ་དག་ལུས་ལ་ཆགས་པས་མཁྲིས། །ཁྲག་མཁྲིས་སྐོམ་དད་སྙག་པ་དང་། །བརྒྱལ་དང་མྱོས་དང་བྱིང་བ་ལ། །ཀ་ར་སྦྲང་རྩི་རྒུན་ཆུ་དང་། །ལུས་པོ་གྲང་དུ་བཅུག་པར་བྱ། །གསོན་ཁྲག་དྲོད་མོ་གཏང་བར་བྱ། །སོ་མ་རཱ་ཛ་ལས་བཤལ་གྱི་ལེའུ་སྟེ་གྱ་གསུམ་པའོ།། །།
དེ་ནས་འཇམ་རྩིའི་གཙོ་བོ་ནི། །སྨད་ཀྱི་སྨད་ནད་ཀུན་ལ་ནི། །ནག་པོ་ཚད་དེ་གཅིག་ཐུབ་སྟེ། །ཏིལ་མར་ཆང་དང་སྦྱར་བས་ནི། །བསྐོལ་ནས་ལྒང་ཕུགས་དག་ཏུ་ནི། །གཅེའུ་སོར་ནི་བཅུ་གཉིས་ཚད། །བཏང་བས་སྨད་ཀྱི་ནད་རྣམས་འཁྲུ། །ཁྱད་པར་དམུ་དང་སྐྱ་རྦབ་དང་། །རླིག་པར་ཆུ་རླུགས་སེལ་བ་འོ། །ཤི་རི་གཉིས་དང་སྒྲོན་ཤིང་གཉིས། །བཙོང་དང་རྒྱ་སྐྱེགས་དག་དང་ནི། །ཤུ་ཏི་དག་དང་བསེ་ཡབ་དང་། །རྒྱམ་ཚྭ་པི་པི་ལིང་དང་སྒ། །ཕོ་བ་རིས་དང་ཤིང་མངར་དང་། །རྒྱ་སྤོས་དག་དང་སྟར་བུ་དང་། །ར་མཉེ་བ་དང་ཉེ་ཤིང་བ། །རུ་རྟ་ཡུང་བ་གླ་སྒང་དང་། །ཤུག་པ་བ་ལེ་ཀ་དང་ནི། །མར་དང་བུ་རམ་འཇམ་རྩི་ཡིས། །སྨད་ཀྱི་ནད་རྣམས་སེལ་པ་སྟེ། ཁྱད་པར་སྐྱ་རྦབ་དག་ལ་འོ། །
ཡང་ན་ཨ་རུ་ར་དང་ནི། །བ་རུ་དང་སྐྱུ་རུ་ར། །སྒ་དང་བཅའ་ལྒ་བསྐོལ་བ་ནི། །མར་དང་བུ་རམ་སྦྱར་བ་ཡིས། །འཇམ་རྩིས་རླུང་ནད་རྟུག་སྐམ་སེལ། །ཡང་ན་ནག་པོ་ཚན་དེ་དང་། །རུས་རྙིང་གདུས་པའི་ཁུ་བ་དང་། །ཏིལ་མར་ཆང་དང་སྦྱར་བ་ཡིས། །སྨད་ཀྱི་ནད་ལ་མཆོག་ཏུ་འོ། །ཡང་ན་འབྲས་བུ་གསུམ་གྱི་མར། །ནག་པོ་ཚན་དེ་ཆང་དང་སྦྱར། །རླུང་འཇིལ་རྒས་པ་སྲ་བ་དང་། །སྨད་ཀྱི་ནད་ལ་མཆོག་ཏུ་འོ། །
ཡང་ན་རྩ་བ་ལྔ་ཡི་མར། །ནག་པོ་ཚན་དེ་དག་དང་ཆང་། །སྦྱར་བས་སྨད་ཀྱི་གྲང་བ་འཇོམས། །ཡང་ན་ཏིག་ཏའི་སྨན་མར་དང་། །ནག་པོ་ཚན་དེ་ཆང་དང་སྦྱར། །མས་བཏང་འཇམ་རྩི་འདི་ཡིས་ཐུབ། །མཁྲིས་པའི་རྟུག་སྐམ་སེལ་བར་བྱེད། །ཤ་རོ་སྐྱེས་དང་དང་ག་བདེ། །བཙོད་དང་རྒྱ་སྐྱེགས་སྒྲོན་ཤིང་གིས། །རྩ་ཡི་ལམ་རྣམས་འབྱེད་པར་བྱེད། །རྒྱ་སྤོས་དེ་བ་སྟར་བུ་དང་། །ཤིང་མངར་གླ་སྒང་རྩ་ནད་སེལ། །ཤུ་ཏི་བསེ་ཡབ་རྒྱ་ཚྭ་ཡིས། །རྒྱུ་ལོང་མདུད་པ་གྲོལ་བར་བྱེད། །སྒ་དང་ཕོ་བ་རིས་ཀྱིས་འཇུ། །ནག་པོ་ཚན་དེ་ནད་རྣམས་འཁྲུ། །སྨན་མར་ཚན་དེ་དང་བཅས་པས། །བཀྲུ་སྨན་དག་ཏུའགྱུར་བ་འོ། །ཚན་དེ་མེད་ན་ལེགས་འཇམ་སྟེ། །ལེགས་འཇམ་རླུང་ནི་ཆེ་བ་དང་། །ལུས་ཟུངས་ཟད་པ་དག་ལ་འོ། །འཁྲུ་འཇམ་སྨད་དང་དམུ་དག་ལོའུ། །དུར་བྱིད་དག་དང་སྒྲོན་ཤིང་དང་། །ཤིང་མངར་རྩ་ནི་དཱུར་བ་དང་། །པུ་ཙེ་ཤེལ་དང་འོ་མ་དང་། །སྨན་མར་སྦྱར་བའི་འཇམ་རྩིས་ནི། །འཁྲུ་བ་ཆོད་དེ་གཞང་འབྲུམ་ལ། །རྡོ་དུག་སྣུམ་བསྐུ་འཇམ་རྩི་གཏང་། །སོ་མ་རཱ་ལས་འཇམ་རྩིའི་ལེའུ་སྟེ་གྱ་བཞི་པའོ།། །།
འཕྲོས་བཞི་པར་གཟིགས་པར་ཞུ།
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་དང་པོ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༥ ནས་ ༢༨༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།