པཎ་གྲུབ་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ཕྱོགས་བསྒྲིགས། (གཉིས་པ།)

ཀ༽ ཟབ་མོ་ལྟ་བརྒྱུད་ཀྱི་རིམ་པ།

༡༽ མགོན་པོ་ཀླུ་སྒྲུབ།

 

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །

ཞེས་སོགས་ཚིགས་སུ་བཅད་པས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་བ་སྟེ། སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ནས་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོར། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཞེས་སོགས་གསུངས་པ་ནས་བཟུང་སྟེ། སྟོན་པས་གནས་དུས་ངེས་མེད་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའམ་བླང་དོར་གྱི་གནད་མང་དུ་བསྟན་ཡོད།

དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་བོད་སྐད་ལ་ཆ་མཚོན་ན། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཡོད་ཅིང་། དེ་དག་གི་གཤམ་དུ་རྒྱུད་སྡེའི་སྐོར་ཡོད་ཀྱང་། གཙོ་བོ་ནི་ཤེར་ཕྱིན་གྱི་གཞུང་རྣམས་ཡིན། དེ་ནི་བོད་དང་། རྒྱ་ནག །ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ་བཅས་ང་ཚོ་ཚང་མ་གཅིག་གྱུར་ཡི། ཚང་མས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད། དེ་ལྟ་བུའི་གསུང་མང་དུ་ཡོད་པའི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི། ཤེར་ཕྱིན་གྱི་གཞུང་བཟང་འདི་ཉིད་ཡིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་བདག་མེད་ཀྱི་རྣམ་གཞག་གསུངས་ཡོད།

མདོར་ན་མཐར་ཐུག་ཐེག་པ་གཅིག་ཏུ་འདོད་ན། ཉན་ཐོས་དང་། རང་སངས་རྒྱས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པའི་ཐབས་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ལ། རྒྱ་ཆེ་བའི་ཆ་ནས་ཁྱད་པར་ཅུང་ཟད་རེ་ཡོད་པ་ལས། སྟོང་ཉིད་སོ་སོར་གསུངས་ནའང་མཐར་བདག་མེད་པའི་ལྟ་བར་ཐུག་ཡོད། སྟོང་ཉིད་གཅིག་གི་དབང་དུ་བྱས་ནས་གསུངས་ན། སྟོང་ཉིད་ཀྱི་ལྟ་བ་ནི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་གསུངས་པས། དེ་ལ་ཡུམ་ཞེས་མཚན་བཏགས་ནས་ཐབས་ཀྱི་ཆ་དེ་ཕ་དང་འདྲ་ལ། ཤེས་རབ་ཀྱི་ཆ་དེ་མ་དང་འདྲ་བ་ཞེས་གསུངས་པ་ལྟར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ཉིད་ཉན་ཐོས་དང་། རང་རྒྱལ། ཐེག་ཆེན་བཅས་ཀྱི་བྱང་ཆུབ་སྐྲུན་པར་མཛད་མཁན་ཡིན་པས་ན་ཡུམ་ཞེས་དང་། དེ་ལྟར་ཡུམ་བརྗོད་བྱར་བྱེད་པའི་གཞུང་དེ་དག་ལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད།

གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མདོ་སྔགས་ཀྱི་བསྟན་པ་གཉིས་ལས། མདོའི་བསྟན་པ་འདི་ཁོ་ནའི་སྟེང་ནས་ས་བཅུ་པའི་བར་དུ་བགྲོད་ཐུབ་ཀྱང༌། སྔགས་ཀྱི་བསྟན་པ་ནི་མདོ་དང་མ་འབྲེལ་བར་ཨུ་ཚུགས་བརྒྱབ་ནས་ཕྱིན་ནའང་ས་ལམ་བགྲོད་མི་ཐུབ། དེར་བརྟེན་མདོ་སྔགས་ཀྱི་བསྟན་པ་གཉིས་ཡོད་པ་དེ་ལ། མདོའི་ལམ་ཆ་ཚང་ཡོད་པའི་སྟེང་ནས་སྔགས་ལམ་ཁ་སྣོན་བརྒྱབ་སྟེ་ཕྱིན་ན། སྔགས་ཀྱི་ཟབ་ཁྱད་དང་མྱུར་ཁྱད་རྣམས་ཐོན་ཡོང་།

མདོ་ལམ་ལ་ཆ་བཞག་ནའང་ཐེག་པ་ཆེ་ཆུང་གཉིས་ཡོད་པས་ཐེག་དམན་མན་ཆད་ནས་གསུངས་པའི་བདེན་བཞི་དང༌། དེ་བཞིན་བྱང་ཕྱོགས་སོ་བདུན་གྱི་ལམ་གསུངས་པ་རྣམས་ཇི་ཙམ་རགས་ཀྱང་དེ་དག་གཞི་ལ་བཞག་པའི་སྟེང་དུ་ཐེག་ཆེན་གྱི་ལམ་རྣམས་ཁ་སྣོན་བརྒྱབ་ནས་འགྲོ་དགོས་པ་ལས། ཐེག་དམན་གྱི་གཞུང་ནས་གསུངས་པ་དེ་དག་ཐེག་ཆེན་ལ་བལྟོས་ཏེ་རགས་པའི་རྒྱུ་མཚན་གྱིས་དོར་བྱའམ་གོལ་ས་ཡིན་པ་ལྟ་བུར་བཞག་ནས་ཐེག་ཆེན་ཞེས་ཟུར་དུ་ཉམས་ལེན་བྱ་རྒྱུ་ཞིག་མེད། དེར་བརྟེན་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལ་ཐོག་མར་བདེན་བཞིའི་ཆོས་འཁོར་ནས་བཟུང་སྟེ་བསྟན་པ་ཡོངས་སུ་རྫོགས་པ་ཤེས་པར་བྱས་ཏེ། རྒྱས་བསྡུས་ལ་མ་བལྟོས་པའི་ལམ་གྱི་རྐང་གྲངས་ཚང་བ་ཞིག་གི་སྟེང་ནས་ཉམས་ལེན་བྱེད་དགོས།

དེས་ན་སྔགས་ལམ་གྱི་ཟབ་ཁྱད་དེ་དག་མདོ་ལམ་གྱིས་འདོན་དགོས་ལ། མདོ་ལམ་ལ་ཡང་མདོ་སྡེ་མང་དུ་ཡོད་པའི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་དེ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ཅིང༌། ཤེར་ཕྱིན་གྱི་མདོ་ལ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང༌། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཉིས་ཡོད་པ་ལས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་བཀའ་མགོན་པོ་ཀླུ་སྒྲུབ་ལ་བབས་པས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་གསལ་བར་མཛད་ལ། འཕགས་པ་ཐོགས་མེད་ཀྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་གསལ་བར་མཛད་པ་ཡིན།

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །

ཞེས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཟབ་མོ་རྟེན་འབྱུང་གི་ཚུལ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རིགས་ཚུལ་ཟབ་མོའི་སྒོ་ནས་གསལ་བར་མཛད་ཅིང་། བསྟན་པ་སྤྱི་བཙན་གྱི་གཞུང་གཙོ་བོ་ནི། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། བཅུ་ཕྲག་རིག་གནས་ཀུན་ལ་ནང་བྱན་ཆུད་ཅིང་། དེ་བཞིན་གསོ་བ་རིག་པ་དང་། རྫས་སྦྱོར་སོགས་ཀྱི་གཞུང་ལུགས་ཀྱང་ལྗགས་རྩོམ་མཛད་དེ་མཁས་པའི་དབང་པོ་རྣམ་དཔྱོད་ཀྱི་རྩལ་ཕུལ་དུ་བྱུང་ཞིང་། རྩོད་པའི་ཁྱུ་མཆོག་ཏུ་གྱུར་པ་ཧ་ལས་པ་ཞིག་ཡིན། ཁོང་གིས་མཛད་པའི་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་། ལྷག་པར་དཔལ་གསང་བ་འདུས་པའི་ཆོས་སྐོར། ཡང་སྒོས་དབུ་མ་རྩ་བ་ཤེས་རབ་དང་། རྩོད་བཟློག །སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག །དབུ་མ་རིན་ཆེན་ཕྲེང་བ་བཅས་རིགས་ཚོགས་དྲུག་དང་། དེ་དག་ལས་གཙོ་བོ་དབུ་མ་རྩ་བ་ཤེས་རབ་དང་། ཡང་སྒོས་དབུ་མ་རྩ་བ་ཤེས་རབ་ལ་རབ་བྱེད་ཉི་ཤུ་རྩ་བདུན་ཡོད་པ་ལས་རབ་བྱེད་ཉི་ཤུ་པ་དེ་རྩ་བར་གྱུར་ཡོད།

དེ་ལྟར་དབུ་མ་རིགས་ཚོགས་དྲུག་གིས་མཚོན་པའི་གཞུང་ལུགས་རྣམས་ཀྱིས། མཐའ་གཉིས་སེལ་བའི་རྟེན་འབྱུང་གི་གོ་དོན་དཔྱིས་ཕྱིན་པ་དང་། སྟོང་ཉིད་སྒྲུབ་བྱེད་ཀྱི་རིགས་པ་སོགས་མགོན་པོ་ཀླུ་སྒྲུབ་ཀྱིས་གསལ་བར་གསུངས་ཤིང་། དེ་ཡང་བསྟན་བྱའི་གཙོ་བོ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་རྣམ་གཞག་རྣམས་རྟེན་འབྱུང་གི་དོན་དུ་བཀྲལ་ནས། སྟོང་པ་ཞེས་བརྗོད་སྐབས། བརྟེན་ནས་བཏགས་པའི་ཡོད་པ་ཡིན་པ་ཞིག་ལ་ཚུར་ངེས་པ་འདྲེན་ཐུབ་པ་དེ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་འགྲེལ་བཤད་ཡོད་པ་ཞིག་ཡིན། དེ་ལྟར་བཅོམ་ལྡན་འདས་ཀྱི་དགོངས་པ་དཔྱིས་ཕྱིན་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསལ་བར་མཛད་པའི་བཀའ་དྲིན་རྣམས་དྲན་པའི་སྒོ་ནས་མགོན་པོ་ཀླུ་སྒྲུབ་ལ་ཕྱག་འཚལ་བ་ཡིན། གཞན་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས། མ་དྲོས་པས་ཞུས་པའི་མདོ་ལས[1]།

གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །

རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །

ཅེས་གསུངས་པ་ལྟར། སྟོང་པའི་དོན་རྐྱེན་ལ་རག་ལས་པ་ལ་གསུངས། སྟོང་པའི་དོན་ནི་ཚད་རྡུལ་དངོས་ཁམས་རིག་པ་ནས་བརྗོད་པ་ལྟར། གང་ཡང་རྙེད་རྒྱུ་མེད་ཅེས་བརྗོད་པ་གཅིག་པུ་མིན་པར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས[2]།

སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །

རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང༌། །

སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བ། །

དེ་བཞིན་ཁམས་ནི་རེ་རེ་ལའང༌། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །

ཞེས་གསུངས་པ་ལྟར། སྐྱེས་བུའམ་གང་ཟག་ཅེས་པ་དེ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཞིག་ཡིན་ཅིང་། དེ་ཉིད་འཚོལ་སྐབས་ཕུང་པོའི་གསེབ་ནས་གང་ཟག་གི་མཚན་གཞི་ཅུང་ཟད་ཙམ་ཡང་འཇོག་རྒྱུ་མེད་ལ། ཡང་ཕུང་པོ་ལས་དོན་གཞན་དུ་ཡང་གང་ཟག་ངོས་འཛིན་རྒྱུ་མེད། མདོར་ན། གང་ཟག་ཅེས་པ་དེ་ཁམས་དྲུག་འདུས་པ་ལ་བརྟེན་ནས་བཏགས་པ་དང་། དེ་བཞིན་ཕུང་པོ་ཡང་ཆ་ཤས་སོ་སོར་ཕྱེ་ཚེ། ཤེས་པ་ཡིན་ན་རྒྱུན་གྱི་ཆ་དང་། གཟུགས་ཅན་ཡིན་ན་ཕྱོགས་ཀྱི་ཆ་ཡོད་སྟབས། འདི་ལྟར་བཏགས་དོན་འཚོལ་སྐབས་གང་ཡང་རྙེད་རྒྱུ་མེད་ཅིང་། རྙེད་རྒྱུ་མེད་པས་སྟོང་ཉིད་ཡིན་པ་མི་བརྗོད་པར། གང་ཞིག་མེད་པ་རེད་ཅེ་ན། བརྟེན་ནས་གྲུབ་པ་ཞིག་ལས། ལྟོས་མེད་རང་དབང་གིས་གྲུབ་པ་ཞིག་མེད་ཅེས་བརྗོད་པ་དང་། རང་བཞིན་གྱིས་སྟོང་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་པའི་ཚིག་དེ་ཉིད་ཀྱིས་གང་ཡང་མེད་ཅེས་མི་བརྗོད་པར་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཡིན་པར་གསུངས་ཡོད། དེས་རང་ངོས་ནས་མ་གྲུབ་པར་རྐྱེན་གྱི་དབང་གིས་བཏགས་པའི་སྒོ་ནས་ཡོད་པ་སྟེ། བཏགས་ཡོད་མིང་རྐྱང་ཙམ་ཞེས་པ་དེའི་ཐོག་ཏུ་སླེབས་ཡོང་གིན་ཡོད།

འདི་ལྟར་གསུངས་དགོས་དོན་ནི། སྟོང་ཉིད་ཀྱི་ཁ་གཏད་གཅོག་ཡུལ་གཙོ་བོ་ནི་མ་རིག་པ་ཡིན་ལ། མ་རིག་པས་ཆོས་གང་ཞིག་ཡིན་ནའང་དོན་གྱི་ངོས་ནས་ཡོད་པར་སྣང་བཞིན་ཡོད་པར་ཞེན་ནས་ཞེན་པ་དེས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེས། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ནས་ཆགས་སྡང་སྐྱེ་བཞིན་ཡོད། དེང་རབས་ཚན་རིག་པས་ཀྱང་འདི་ལྟར་རྗོད་བཞིན་འདུག །ངོས་ཀྱི་ངོ་ཤེས་ཚན་རིག་པ་སྤོ་བོ་ཨེ་རོན་འབེག་[3] (Aaron Beck) ཞུ་བ་ཞིག་ཡོད། ཁོང་ད་ལྟ་དགུང་ལོ་ ༩༦-༩༧ ཙམ་ཞིག་ལ་སླེབས་ཡོད། ཁོང་ལོ་བཅུ་ཙམ་གོང་ནས་ཐེངས་གཅིག་ཐུག་འཕྲད་བྱུང་ཞིང་། ཁོང་གི་གསུང་ཚུལ་དེར་ངོས་རང་ཡིད་དབང་འཕྲོག་པ་ཞིག་བྱུང་། ཉེ་ཆར་ངོས་རང་ཨ་རིར་བསྐྱོད་སྐབས་ཆེད་མངགས་ཁོང་དང་ཐུག་འཕྲད་དུ་ཕྱིན་པ་ཡིན། ཁོང་གིས་གསུངས་པ་ལ། ཞེ་སྡང་སྐྱེ་སྐབས་ཞེ་སྡང་སྐྱེ་སའི་ཡུལ་དེ་ཆེས་མི་སྡུག་པ་ཞིག་ཏུ་སྣང་བཞིན་ཡོད་ལ། མི་སྡུག་པའི་ཆ་བརྒྱ་ཆ་དགུ་བཅུ་ཞེ་སྡང་སྐྱེ་མཁན་རང་ཉིད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་པ་ལས་དངོས་ཡོད་གནས་ཚུལ་མིན་ཞེས་རྗོད་ཀྱིན་འདུག །དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས[4]།

ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །

དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །

ཞེས་གསུངས་པ་དང་གཅིག་མཚུངས་སུ་གྱུར་ཡོད། དེ་བཞིན་ཉེ་ཆར་མཇལ་སྐབས་ངོས་ནས་ཁོང་ལ་འདོད་ཆགས་ཐད་ཇི་ལྟར་ཡིན་ཞེས་བཀའ་འདྲི་ཞུས་པར། འདོད་ཆགས་མེད་ན་འགྲོ་བ་མི་གྲུབ་ཐབས་མེད་ཚུལ་སོགས་སྤྱིར་བཏང་ཞིག་གསུང་གིན་འདུག །དེ་ལ་ཁྱད་པར་གང་ཡང་མི་འདུག །ངོས་ནས་རྩོད་པ་ལྟ་བུ་གང་ཡང་ཞུས་མེད། མདོར་ན་ཞེ་སྡང་གིས་སེམས་དཀྲུག་གིན་ཡོད་པ་ཡོངས་གྲགས་ངོས་འཛིན་བྱེད་པར་བརྟེན། ཞེ་སྡང་སྐྱེ་སྟངས་ལ་དཔྱད་པ་བྱེད་སྐབས་བརྒྱ་ཆ་དགུ་བཅུ་རྣམ་རྟོག་གིས་སྒྲོ་བཏགས་ནས་ཡོང་ཚུལ་གསུངས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་དེར་རྒྱབ་རྟེན་ཧ་ཅང་ཡག་པོ་ཞིག་རག་པ་རེད། དེས་ན་འདིར་རྒྱལ་བའི་ལུང་བཞིན་དུ་ཐེག་པ་མཆོག་ཏུ་གྱུར་པ་དབུ་མའི་ལམ་སྲོལ་འབྱེད་པར་མཛད་པ་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས་པ་སྟེ།

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །

ཞེས་པ་ལྟར་དབུ་མའི་ལྟ་བར་མཚོན་ན། དབུ་སེམས་ཀྱི་མཁས་པ་ཚང་མས་ཤེར་ཕྱིན་གྱི་གཞུང་རྩ་བར་རྩི་བཞིན་ཡོད། འོན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་མཚན་དུ་བྱས་ཏེ་ཆོས་རྣམས་རང་བཞིན་གྱིས་སྟོང་པར་སྒྲུབ་པ་དེ་གསལ་སྟོན་གནང་མཁན་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་གཙོ་བོ་ཡིན་ཏེ། དེ་ཡང་། རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་བཞི་པ་ལས[5]།

རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །

དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །

གང་ཕྱིར་བརྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །

དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །

ཞེས་པའི་ཚིགས་སུ་བཅད་པ་འདི་དག་ཁོ་ནར་བསམ་བློ་བཏང་ནའང་། ཤེར་ཕྱིན་གཞུང་གི་དབུ་ཞབས་ཚང་མར་གོ་བ་འདི་ཁྱེར་ནས་བལྟས་ན་གོ་བ་བདེ་བླག་ཏུ་རྙེད་ཐུབ་པ་ཞིག་ཡིན། འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྟེན་འབྱུང་གི་རིག་པ་རྩལ་དུ་བཏོན་ནས་བདེན་མེད་སྒྲུབ་ཀྱིན་ཡོད་པས།

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་བསྟོད་ཕྱག་བྱས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ལ། ཁོང་གི་དབུ་མ་རིགས་ཚོགས་དྲུག་དང་། བསྟན་འགྱུར་ནང་མཇལ་དུ་ཡོད་པའི་བསྟོད་ཚོགས་དེ་དག་ལ་ཐོས་བསམ་སྒོམ་གསུམ་བྱས་ན། དངོས་གནས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོང་གིན་འདུག །གཞན་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མདོ་སྔགས་ཀྱི་གཞུང་ལུགས་དུ་མ་དང་། གཙོ་བོ་གསང་བ་འདུས་པའི་སྐོར་མང་དུ་མཛད་ཡོད། ཁོང་ནི་གསོ་བ་རིག་པའི་ཐོག་ལ་ཧ་ཅང་མཁས་པ་ཞིག་ཡིན་པར་མ་ཟད། རྫས་སྦྱོར་རིག་པ་ལའང་མཆོག་ཏུ་མཁས་པ་སོགས་ཧ་ལས་པ་ཞིག་རེད་འདུག །འདི་ལྟར་ཡིན་ཀྱང་དགོས་ཏེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཕུལ་དུ་ཕྱིན་པར་མ་ཟད། རྩོད་པའི་ཁྱུ་མཆོག་ཅིག་ཡིན་ལ། གནས་ལྔ་རིག་པ་ཆེ་ཆུང་ཚང་མར་ཧ་ཅང་མཁས་པ་ཞིག་ཀྱང་རེད་འདུག །མདོར་བསྡུས་ན། རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་ལས[6]།

ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །

ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །

ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །

ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །

ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་སྟོན་པའི་ཤེར་ཕྱིན་གྱི་གཞུང་རྣམས་མིའི་རྟེན་ཅན་གྱི་མཁས་པའི་ཁྲོད་ནས་བཀའ་བབས་ཀྱི་གཙོ་བོ་གཉིས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་རྣམ་གཉིས་ཡིན་ཅིང་། དེ་ཡང་ཟབ་མོའི་ལམ་གྱི་རིམ་པ་དེ་ཉིད་མགོན་པོ་ཀླུ་སྒྲུབ་ལ་བཀའ་བབས་པ་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་འཕགས་པ་ཐོགས་མེད་ལ་བཀའ་བབས་པར་བརྟེན། མིའི་རྟེན་ཅན་གྱི་འགྲེལ་བྱེད་གཞན་ལ་ལྟོས་མི་དགོས་པར་རྒྱལ་བའི་དགོངས་པ་རང་དབང་དུ་འགྲེལ་མཁན་གྱི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཅེས་གསུངས་ཡོད།

ཡང་བསམ་གཞིག་ཅིག་བྱས་ན། གཙོ་བོ་ལྟ་གྲུབ་ཀྱི་ཐོག་ནས་ཁྱད་པར་ཞིག་འབྱེད་པ་མིན་ནམ་སྙམ། རྣམ་རིག་པའི་ལྟ་བ་གཙོ་བོར་གཏན་ལ་འབེབས་མཁན་དེ་འཕགས་པ་ཐོགས་མེད་ཡིན་ཅིང་། དེ་ཡང་རྣམ་རིག་པའི་ལྟ་བ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ་ཁོང་ཉིད་ཀྱི་ལས་སྐལ་གཙོ་བོ་ལྟ་བུ་ཞིག་ཏུ་གྱུར་ཡོད། འཕགས་པ་ཐོགས་མེད་རང་ཉིད་ཀྱི་བཞེད་པ་ནི་རྒྱུད་བླ་ཐོགས་འགྲེལ་ནང་གསལ་བ་ལྟར། དབུ་མ་པའི་ལྟ་བ་ཡིན་ཀྱང་ཁོང་གིས་བཀའ་བབས་ཀྱི་གཞུང་ལུགས་འཆད་སྤེལ་དང་། གཞུང་ལུགས་རྩོམ་པ་སོགས་ནི་རྣམ་རིག་པའི་ལྟ་བ་གཙོ་བོར་གནང་བ་ཞིག་ཡིན། དེས་ན་དབུ་སེམས་ཀྱི་ཤིང་རྟའི་སྲོལ་འབྱེད་གཉིས་ཞེས་བརྗོད་ཀྱང་ཕལ་ཆེར་བརྗོད་ཐུབ་པ་ཞིག་ཡིན། དེ་མིན་རྒྱ་ཆེ་བའི་ལམ་གྱི་རིམ་པར་མཚོན་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མ་གསུངས་པ་མིན་པར་དབུ་མ་རིན་ཆེན་ཕྲེང་བ་དང་། བྱང་ཆུབ་སེམས་འགྲེལ་སོགས་སུ་གསུངས་ཡོད། དེས་ན་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་གཉིས་ཀར་ཡོད་པ་ཞིག་ཡིན། དེས་ན།

ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །

ཞེས་གསུངས་པ་ལྟར། ཤིན་ཏུ་རྟོགས་དཀའ་བ་དེ་ཡང་ཕྱོགས་གཅིག་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དེ་ལམ་སང་ལས་སླ་པོའི་ཐོག་ནས་ཤེས་ཐུབ་ཐབས་མེད་པར་བསམ་བློ་མང་དུ་གཏོང་བ་དང་། དཔྱད་པ་མང་དུ་བྱེད་དགོས་པ་ཞིག་ཡིན། ལྷག་པར་ཕྱི་ནང་གི་གྲུབ་མཐའ་གཉིས་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་ལའང་གྲུབ་མཐའ་སྨྲ་བ་བཞིའི་ལྟ་གྲུབ་ཀྱི་འདོད་ཚུལ་རྣམས་ཕན་ཚུན་གཤིབ་བསྡུར་གྱི་ཐོག་ནས་དཔྱད་ཞིབ་གནང་ན། ཆོས་ཀྱི་བདག་མེད་བཞེད་མཁན་གྱི་དབུ་སེམས་ཀྱི་གྲུབ་མཐའ་གཉིས་དང་། དེའི་ནང་ནས་ཀྱང་དབུ་མ་པ་ལ་ནང་གསེས་ཀྱིས་རང་བཞིན་ཡོད་པར་སྨྲ་བའི་དབུ་མ་པ་གཅིག་དང་། རང་བཞིན་མེད་པར་སྨྲ་བའི་དབུ་མ་པ་གཅིག་བཅས་མི་འདྲ་བ་གཉིས་ཡོད། དེ་དག་གི་གཞུང་ལུགས་རྣམས་ལ་དཔྱད་བསྡུར་བྱས་ཏེ་བསམ་བློ་བཏང་ན། སེམས་ནང་གཞི་ནས་སྒྲོ་འདོགས་ཆོད་པ་ཞིག་ཡོང་རྒྱུ་ཡོད།

དེས་ན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ནི་ལས་སླ་པོའི་ཐོག་ནས་ཤེས་ཐུབ་པ་ཞིག་མིན་པས་ན་ཟབ་པ་དང་། གཉིས་ནས་ཤེར་ཕྱིན་གཞུང་གི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་གཉིས་གསུངས་ཡོད། དེས་ན་རྗེ་བཙུན་བྱམས་པ་མགོན་པོའི་མན་ངག་ལ་བརྟེན་ནས་མངོན་རྟོགས་རྒྱན་གྱི་དོན་བདུན་ཅུ་གསལ་པོ་ཞིག་ཤེས་ཐུབ་པ་ལ། ཤེར་ཕྱིན་གྱི་གཞུང་ཤ་སྟག་མཇལ་ནའང་དོན་བདུན་ཅུ་ལམ་སང་བློ་ངོར་རྟོགས་པ་ཞིག་ཡོང་དཀའ། དེར་བརྟེན་བཅོམ་ལྡན་འདས་ཀྱིས་འདུལ་བའི་གཞུང་ལུགས་སོགས་སུ་དངོས་བསྟན་དང་སྦས་དོན་གྱི་རིམ་པ་གཉིས་གསུངས་མེད་ཀྱང་། ཤེར་ཕྱིན་གྱི་གཞུང་ལ་དངོས་བསྟན་དང་སྦས་དོན་གྱི་རིམ་པ་གཉིས་གསུངས་ཡོད། དེ་ལྟ་བས་ན།

ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །

ཞེས་གསུངས་པ་ལྟར་ཡིན། ང་རང་ཚོས་བཀའ་འགྱུར་གྱི་གཞུང་ལ་སློབ་གཉེར་བྱེད་པའི་ལྡེ་མིག་ལྟ་བུ་ནི་བསྟན་འགྱུར་ཡིན་ཅིང་། བསྟན་འགྱུར་གྱི་ནང་ནས་ཀྱང་པཎ་གྲུབ་བཅུ་བདུན་ཞེས་པའི་སྡེ་ཚན་ཞིག་ངོས་ནས་གསར་གཏོད་བྱས་ཏེ་དེ་དག་གི་སྐུ་ཐང་འབྲི་བཞེངས་དང་། གསོལ་འདེབས་འབྲི་རྩོམ་བྱས་པ་ཡིན། པཎ་གྲུབ་བཅུ་བདུན་རྣམས་སྤྱིར་དཔལ་ནཱ་ལེནྡྲའི་མཁས་པ་ཤ་སྟག་ཡིན་ལ། བྱེ་བྲག་ཏུ་པཎ་གྲུབ་དེ་དག་གི་གཞུང་ལུགས་རྣམས་ཕལ་ཆེར་ང་ཚོས་ནམ་རྒྱུན་ནས་ཐོས་བསམ་སློབ་གཉེར་བྱས་དང་བྱེད་མུས་ཤ་སྟག་ཡིན།

དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟབ་པ་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པའི་དགོངས་དོན་དཔྱིས་ཕྱིན་པ་ཤེས་པ་ལ་ཚིག་ཉུང་ངུའི་ཐོག་ནས་དོན་གསལ་བར་བཀྲལ་བ་ནི་རྒྱལ་བ་བྱམས་པ་མགོན་པོས་འཕགས་པ་ཐོགས་མེད་ལ་གསུངས་པའི་བྱམས་ཆོས་སྡེ་ལྔ་དང་། དེ་དག་ལས་གཙོ་བོ་ནི་མངོན་རྟོགས་རྒྱན་ཡིན། དེས་ན་བཀའ་བསྟན་རྣམ་གཉིས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན་པས། བཀའ་བསྟན་རྣམ་གཉིས་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་སྟེ་ལྟ་ཀློག་བྱེད་དགོས། བཀའ་བསྟན་ཡོངས་རྫོགས་ལྟ་ཀློག་བྱེད་ཐུབ་ཐབས་མེད་ཀྱང་། པཎ་གྲུབ་བཅུ་བདུན་ཞེས་བསྒྲིགས་པ་འདི་དག་གི་གསུང་རྣམས་ལྟ་ཀློག་བྱེད་ཐུབ་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།།  །།

 

༢༽ རྒྱལ་སྲས་འཕགས་པ་ལྷ།

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །

ཞེས་པས། མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་འཕགས་པ་ལྷ་སྟེ་སློབ་དཔོན་ཨཱརྱ་དེ་ཝ་ལ་གསོལ་བ་འདེབས་ཤིང་། དེ་ཡང་མགོན་པོ་ཀླུ་སྒྲུབ་ལ་སློབ་མ་སློབ་དཔོན་འཕགས་པ་ལྷ་དང་། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ལེགས་ལྡན་འབྱེད་སོགས་མང་དུ་ཡོད་པའི་ནང་ནས་ཐུགས་ཀྱི་སྲས་མཆོག་རྒྱལ་སྲས་འཕགས་པ་ལྷ་ནི། སྲས་གཞན་ཐམས་ཅད་ཀྱིས་གཞུང་ཕྱི་མོའི་དབུ་མ་པ་ཞེས་མགོན་པོ་ཀླུ་སྒྲུབ་དང་འདྲ་བར་གཙུག་ཏུ་བཀུར་བས་ན་སྲས་ཀྱི་ཐུ་བོ་ཞེས་བྱ་ལ། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་ཅིག་ཀྱང་ཡིན་པ་ཁོང་གིས་མཛད་པའི་དབུ་མ་བཞི་བརྒྱ་པར་གཟིགས་ན་ཤེས་རྟོགས་ཐུབ་པ་ཞིག་ཡིན།

དེ་ལྟར་སློབ་དཔོན་འཕགས་པ་ལྷས་མཛད་པའི་གཞུང་ལུགས་ལ་ཆ་མཚོན་ན། སྔགས་ཀྱི་གཞུང་ལ་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་སྒྲོན་མེ་དང་། མདོ་ཕྱོགས་ལ་དབུ་མའི་གཞུང་མི་འདྲ་བ་འགའ་ཞིག་མཛད་ཡོད་པ་ལས། གཙོ་བོ་ནི་དབུ་མ་བཞི་བརྒྱ་པ་ཡིན་ཅིང་། དབུ་མ་བཞི་བརྒྱ་པ་ནི་དབུ་མ་རྩ་བ་ཤེས་རབ་ཀྱི་ཞལ་སྐོང་གི་ཚུལ་དུ་མཛད་པ་ཞིག་ཡིན་པས། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ཀྱིས་འཐུས་པ་གནང་སྟེ་དབུ་མ་བཞི་བརྒྱ་པར་མཆོད་བརྗོད་མཛད་མེད། རྩ་བ་ཤེས་རབ་ནི་རང་ལུགས་བཞག་པ་གཙོ་བོར་གནང་ནས་གསུངས་པ་ཞིག་དང་། དེའི་སྐབས་སོ་སོར་རྩོད་པ་སྤོང་བ་ཡོང་ངེས་ཡིན། གཞན་ལུགས་འགག་པ་གཙོར་འདོན་གནང་སྟེ་གསུངས་པ་ནི། དབུ་མ་བཞི་བརྒྱ་པ་ཡིན། དེས་ན་རྩ་བ་ཤེས་རབ་དང་དབུ་མ་བཞི་བརྒྱ་པ་རྣམ་གཉིས་སྦྲེལ་ནས་ལྟ་ཀློག་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ།

ནམ་རྒྱུན་གཞུང་ཆེན་བཅུ་གསུམ་གྱི་ནང་དུའང་རྩ་འཇུག་བཞི་གསུམ་ཞེས་དབུ་མ་རྩ་བ་ཤེས་རབ་དང༌། དབུ་མ་འཇུག་པ། དབུ་མ་བཞི་བརྒྱ་པ་བཅས་གསུམ་གཙོ་བོར་བརྩི་བར་མ་ཟད། དབུ་མ་རྩ་བ་ཤེས་རབ་དང་དབུ་མ་བཞི་བརྒྱ་པ་སྦྲགས་ནས་འཆད་ལུགས་ཤིག་ཡོད་ལ། རྣམ་རིག་པའི་ཐུན་མོང་མ་ཡིན་པའི་ལུགས་དགག་པར་མཛད་ཅིང་། དེ་ཡང་དགག་བཞག་སྤོང་གསུམ་གནང་བ་ནི་དབུ་མ་འཇུག་པ་རྩ་འགྲེལ་གཉིས་ཡིན། དེ་ལྟར་རྩ་འཇུག་བཞི་གསུམ་གྱི་གཞུང་རྣམས་ལ་ང་ཚོས་སློབ་གཉེར་བྱེད་བཞིན་ཡོད་ལ། དབུ་མ་བཞི་བརྒྱ་པ་དང་། དེའི་འགྲེལ་པ་གཙོ་བོར་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ་གཉིས་པོ་སྦྱར་ནས་བལྟས་ན་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་འཕགས་པའི་ཡུལ་དུ་ཡོད་པའི་གྲུབ་མཐའ་གཙོ་ཆེ་བ་ཚང་མར་དཔྱད་པ་ཞིབ་ཏུ་གནང་ནས་གསུངས་པ་ལྟ་བུ་ཞིག་ཡིན། དེ་ལྟར་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པར་བལྟས་ཚེ། དེའི་ཚེ་དེའི་དུས་ཀྱི་རྒྱ་གར་གྱི་གྲུབ་མཐའ་ཚང་མ་ཐུགས་སུ་ཆུད་པའི་ཐོག་ནས་དེ་དག་ལ་འགལ་འདུ་བསྒྲིགས་པ་ཞིག་ཡོང་གིན་འདུག །དེས་ན།

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །

ཞེས་པ་ལྟར་སློབ་དཔོན་འཕགས་པ་ལྷ་ནི། ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མ་ཟད། ལྷག་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་དང་། གཞན་ཡང་མདོ་ཀུན་ལས་བཏུས་པ། ཡང་སྒོས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་མང་དུ་མཛད་ཡོད་པས། མདོ་སྔགས་གང་གི་སྐབས་སུའང་ཁུངས་གཏུག་ས་ཞིག་ཏུ་གྱུར་ཡོད། དེ་ཡང་གཙོ་བོ་དཔལ་གསང་བ་འདུས་པའི་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་རིམ་ལྔ་དང་། དེའི་དོན་འགྲེལ་སློབ་དཔོན་འཕགས་པ་ལྷས་མཛད་པ་སྤྱོད་བསྡུས་སྒྲོན་མ་གཉིས་ནི། ཧ་ལས་པའི་ལེགས་བཤད་རྨད་དུ་བྱུང་ཞིང་། བསམ་གྱིས་མི་ཁྱབ་པའི་གཞུང་ལུགས་ཤ་སྟག་ཡིན་ལ། དེ་དག་གི་བཤད་ལུང་གི་རྒྱུན་ཡང་ཡོད་མུས་ཡིན།

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །

ཞེས་པ་ནི། ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་གི་ནོར་བུའི་དཔལ་ལྟ་བུ་རྒྱལ་སྲས་འཕགས་པ་ལྷ་ནི། སློབ་དཔོན་འདི་ཉིད་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་ཡོད་ལ། སློབ་དཔོན་འཕགས་པ་ལྷས་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔའི་དོན་འགྲེལ་སྤྱོད་པ་བསྡུས་པའི་སྒྲོན་མའི་གཞུང་བཟང་མཛད་ནས་མགོན་པོ་ཀླུ་སྒྲུབ་ཀྱི་རྨད་དུ་བྱུང་བའི་རིམ་ལྔའི་གཞུང་གི་གནད་ཕྱིན་ཅི་མ་ལོག་པར་གསལ་བར་མཛད་པས་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད།

དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱི་སྔགས་ཀྱི་གཞུང་ལས། གསང་འདུས་ཀྱི་བསྐྱེད་རྫོགས་ཀྱི་ཐད་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་གཞུང་ལུགས་ཡོད་ལ། ཨཱརྱ་དེ་བའི་མདོ་ཕྱོགས་ཀྱི་གཞུང་གཙོ་བོ་དབུ་མ་བཞི་བརྒྱ་པ་དང་། སྔགས་ཕྱོགས་ལ་སྤྱོད་བསྡུས་སྒྲོན་མེ་བཅས་མདོ་སྔགས་ཀྱི་གཞུང་དེ་དག་ནི་བསམ་གྱིས་མི་ཁྱབ་པའི་གཞུང་བཟང་ཡིན་ཅིང་། གཞུང་ལུགས་དེ་དག་ང་ཚོས་རྒྱུན་དཔེ་ལྟར་དུ་ལྟ་ཀློག་བྱེད་དགོས་པ་ཡིན། དབུ་མ་བཞི་བརྒྱ་པའི་སྨད་ཆར་ལྟ་གྲུབ་སྐོར་གསུང་སྐབས་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ཕལ་མོ་ཆེའི་ལྟ་གྲུབ་སྐོར་གསུངས་ཏེ་རིགས་པའི་ཐོག་ནས་བརྡར་ཤ་བཅད་པ་གནང་ཡོད།།  །།

 

༣༽ སློབ་དཔོན་སངས་རྒྱས་བསྐྱངས།

 

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །

གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །

ཞེས་པས། སློབ་དཔོན་སངས་རྒྱས་བསྐྱངས་ལ་གསོལ་བ་འདེབས་པ་སྟེ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་དཔྱིས་ཕྱིན་པ་ཞིག་ཤེས་པ་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་གཞུང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་མ་བལྟས་ན་མི་ཤེས་ཤིང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་སློབ་དཔོན་རང་ཉིད་ཀྱི་མཚན་ཡོད་པ་བུདྡྷ་པཱ་ལི་ཏ་ཞེས་པ་འདི་ཉིད་གཞུང་ཧ་ཅང་རྒྱས་པོ་མེད་ཀྱང་། རྩ་བ་ཤེས་རབ་ཀྱི་དོན་འགྲེལ་གཙོ་བོར་གནང་ནས་གསུངས་པ་ཞིག་དང་། ལྷག་པར་དཀའ་གནད་གསལ་བར་སྟོན་པའི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་མ་ཟད། དཀའ་གནད་རྣམས་ཀྱང་གཞུང་གི་ཚིག་སྦྱོར་ཁོ་ནའི་ཐོག་ནས་གསལ་བར་བསྟན་ཅིང་། གཞུང་དོན་ཟབ་ལ་བརླིང་པོ་ཧ་ལས་པའི་གཞུང་སྤུས་དག་ལ། དོན་བསྡུས་པ། མཐའ་དཔྱོད་གཙོ་བོར་མ་གནང་བར་ཉམས་ལེན་རང་ལ་སྦྱར་ནས་གསུངས་པ་ཞིག་ཡིན།

གཞུང་འདི་ལའང་ང་ཚོས་ལྟ་ཀློག་འཆད་ཉན་བྱེད་བཞིན་ཡོད། མདོར་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་ཧ་ཅང་རྩ་ཆེན་པོ་རེད་འདུག །གཞུང་མང་པོ་མེད་པར་མདོར་བསྡུས་ཤིག་གི་ཐོག་ནས་རྟེན་འབྱུང་བཏགས་ཡོད་མིང་རྐྱང་ཙམ་གསལ་འདོན་གནང་ནས་གསུངས་ཡོད། དེ་ལྟ་བུའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏར་བལྟས་ན། སློབ་དཔོན་སངས་རྒྱས་བསྐྱངས་དངོས་གནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཇི་ལྟ་བུ་ཞིག་ཡིན་པ་ཤེས་ཐུབ་པ་ཡིན། དེ་བཞིན་དབུ་མ་རྩ་བ་ཤེས་རབ་ལས[7]།

བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །

དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །

ཞེས་དགག་ཕྱོགས་ཀྱི་རིགས་གཙོ་བོར་མཛད་ནས་གསུངས་ཡོད། མ་གཞི་རབ་བྱེད་ཉི་ཤུ་པའི་ནང་དུ་རྟེན་འབྱུང་གི་སྐོར་གསུང་གིན་ཡོད། འོན་ཀྱང་རབ་བྱེད་དང་པོ་དང་གཉིས་པ་སོགས་ཀྱིས་གཞན་ལུགས་དགག་པ་གཙོ་བོར་མཛད་ནས་གསུངས་ཡོད། བུདྡྷ་པཱ་ལི་ཏའི་རབ་བྱེད་དང་པོར[8]།

བདག་ལས་མ་ཡིནགཞན་ལས་མིན། །

ཞེས་སོགས་ཀྱི་ཚིག་འགྲེལ་བསྐྱོན་སྐབས་སྐྱེ་བ་སྒྲུབ་པ་ཐ་སྙད་ཙམ་དུ་བརྗོད་པ་དང་། མཐའ་བཞི་སྐྱེ་འགོག་གསུངས་ཟིན་མཚམས་ཀྱི་དོན་བསྡུར། སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་ཡིན་ནོ། །ཞེས་བསྡོམས་བསྐྱོན་ཡོད།

དེ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྟེན་འབྱུང་གི་དེ་ཁོ་ན་ཉིད་དམ། བཏགས་ཡོད་མིང་རྐྱང་ཙམ་ཞེས་པ་དེ་ཉིད་ཧ་ཅང་ཤུགས་ཆེར་གསུངས་ཡོད། བུདྡྷ་པཱ་ལི་ཏ་ལས[9]། འདི་ལྟར་ངོ་བོ་ཉིད་ལས་ཡོད་པ་ལ་ནི་ཡང་བརྟེན་ནས་གདགས་པས་ཅི་བྱ་སྟེ། དེའི་ངོ་བོ་ཉིད་གང་ཁོ་ན་ཡིན་པ་དེ་ཁོ་ནས་གདགས་པར་བྱ་བར་འགྱུར་རོ། །གང་གི་ཕྱིར་དེ་ངོ་བོ་ཉིད་མེད་པ་དེའི་ཕྱིར་ཉེ་བར་ལེན་པས་གང་གདགས་པར་བྱ་བ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ནི་སེམས་ལ་འགུལ་བསྐྱོད་གཏོང་ཐུབ་མཁན་གྱི་ཚིག་ཧ་ཅང་ནུས་པ་ཆེན་པོ་ཡོད་པ་ཞིག་རེད་འདུག །ང་རང་ཚོ་ཕལ་མོ་ཆེས་བརྟེན་ནས་འདོགས་རྒྱུ་ལས་བྱེད་ཐབས་གང་ཡང་མེད། བརྟེན་ནས་འདོགས་དགོས་དོན་ནི། ལྟོས་མེད་རང་དབང་གིས་མ་གྲུབ་པར་བརྟེན། བརྟེན་ནས་མ་བཏགས་ཐབས་མེད་དུ་གྱུར་ཡོད། ངོ་བོ་ཉིད་ཀྱིས་གྲུབ་ནས་ཡོད་ན། ཆོས་དེ་དང་དེའི་མཚན་གཞི་འདི་ཞེས་བཞག་ན་འགྲིག་སྟེ། ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་དགོས་སྟབས། བརྟེན་ནས་འདོགས་དགོས་དོན་མེད། བརྟེན་ནས་བཏགས་པར་བརྟེན་ཆོས་འདི་དང་འདི་ཞེས་དོན་ངོ་མར་མཛུབ་མོ་འཛུགས་ས་མེད་པས། གཞན་ལ་བརྟེན་ནས་འདོགས་དགོས་པ་ཞིག་དང་། བཏགས་ཙམ་གྱི་ཐོག་ནས་ཡོད་པ་ཞིག་གསུང་གིན་ཡོད། དེ་ནི་ནུས་པ་ཧ་ཅང་ཆེན་པོ་ཞིག་རེད་འདུག །

དེས་ན། འཕགས་པའི་དགོངས་པ་མཐར་ཐུག་རྟེན་འབྱུང་ཕྲ་མོའི་དོན་དེ་ཉིད་བཏགས་ཡོད་མིང་རྐྱང་ཙམ་སྟེ། རྐྱེན་ཉིད་འདི་པ་ཙམ་ཞེས་གསུངས་པ་དེ་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་གཞུང་བུདྡྷ་པཱ་ལི་ཏའི་ནང་ཤིན་ཏུ་གསལ་བས། བཏགས་ཡོད་མིང་རྐྱང་ཙམ་གྱི་སྟེང་ནས་ཐ་སྙད་ཕྲ་མོ་འཇོག་ཚུལ་དང༌། དེའི་སྟེང་ནས་རྟེན་འབྱུང་ཕྲ་མོའི་གོ་བ་སླེབས་ཡོང་གིན་ཡོད། དེ་ལྟ་བུའི་རྟེན་འབྱུང་ཕྲ་མོའི་གོ་བ་ལ་བརྟེན་ནས་སྟོང་ཉིད་ཀྱི་སྟེང་དུ་ཏག་ཏག་སླེབས་པ་ཞིག་དང༌། སྟོང་པ་རྟེན་འབྱུང་དུ་ཤར་བ་དང༌། རྟེན་འབྱུང་སྟོང་པར་ཤར་བ་ཞིག་ཡོང་རྒྱུ་ཡོད་སྟབས། དེ་ལྟ་བུའི་ཟབ་མོའི་གནད་མཐར་ཐུག་པ་གསལ་བར་མཛད་ཅིང་། གྲུབ་པ་མཆོག་གི་སར་གཤེགས་པ་སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས་པའམ་བསྟོད་ཕྱག་བྱས་པ་ཡིན།

དེ་ལྟར་བུདྡྷ་པཱ་ལི་ཏའི་གཞུང་འདི་ཉིད་ཧ་ཅང་གལ་གནད་ཆེ་བས། དེ་མཛད་པ་པོ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱང་ཧ་ཅང་གལ་ཆེན་པོ་ཞིག་ཡིན། དེས་ན་ནམ་རྒྱུན་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་སློབ་དཔོན་འདི་ཉིད་མེད་སྟབས། ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདི་ཉིད་ཆེད་དུ་བྲིས་པའི་དགོས་དོན་ཡང་འདི་དག་ལ་ཐུག་ཡོད།།  །།

 

༤༽ སློབ་དཔོན་ལེགས་ལྡན་འབྱེད།

 

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །

ཞེས་པ་ནི། བདེན་པར་གྲུབ་པའི་སྐྱེ་བ་དང་། གནས་པ་དང་། འགག་པ། རྒྱུ་དང་ངོ་བོ་འབྲས་བུ་སོགས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བཀག་ཅིང་། དེ་ལྟ་ན་ཡང་ཐ་སྙད་དུ་ཡུལ་སྟེང་ནས་རང་མཚན་ཞལ་གྱིས་བཞེས་པ་སྟེ། དཔེར་ན། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་བདེན་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས[10]།

ཇི་ལྟར་རང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །

ཞེས་ཇི་ལྟར་དོན་ལ་གནས་པ་ལྟར་ང་ཚོར་སྣང་བཞིན་ཡོད་པས་འདི་ལ་དཔྱད་པ་བྱ་རྒྱུ་མེད། དེས་ན་ཐ་སྙད་དུ་རང་མཚན་སྣང་བ་ལྟར་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་ཡོད། དེ་བཞིན། དེ་ཉིད་ལས[11]།

སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །

ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །

ཞེས་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བ་ནི། ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པའི་དབང་གིས་དགོངས་པ་འགྲེལ་ལུགས་འདི་ལྟར་གྱུར་ཡོད། དེ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱིས་མཛད་པའི་རྟོག་གེ་འབར་བ་ལས[12]། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ།

དཔེར་ན་ཡན་ལག་ཚོགས་པ་ལ། །ཤིང་རྟ་ཞེས་ནི་དྲན་པ་ལྟར། །

དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །

ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། མཚན་གཞི་ཡིད་ཀྱི་རྣམ་ཤེས་འཇོག་པར་བརྟེན། ཆོས་གང་ཞིག་ཡིན་ནའང་བཏགས་དོན་བཙལ་ན་དོན་གྱི་ངོས་ནས་ཡོད་དགོས་པ་གཞིར་བཞག་གནང་། རང་མཚན་ཞལ་གྱིས་བཞེས་པས་ན། རང་མཚན་སྣང་བ་ལ་བལྟོས་ཏེ་མི་བསླུ་བའི་ཚད་མའི་རྣམ་གཞག་ཀྱང་རྣམ་རིག་པ་དང་མཐུན་པ་ཞིག་གསུངས་པས། ཆོས་ཅན་མཐུན་སྣང་གི་རྣམ་གཞག་གསུང་གིན་ཡོད། དེས་ན་བདེན་པའི་སྐྱེ་བ་དང་འགག་པ། རྒྱུ་དང་ངོ་བོ་འབྲས་བུ་བཅས་མེད་ཅེས་བཀག་ཅིང་། ཐ་སྙད་དུ་དོན་གྱི་ངོས་ནས་རང་མཚན་ཞིག་ཡོད་པར་གསུངས་པས་ན་ཚད་མ་མཐུན་སྣང་བཞེད་ལ། སློབ་དཔོན་ཞི་འཚོ་དང་མི་འདྲ་བ་ནི། སྐབས་འདིར་ཕྱི་དོན་བཞེད་པ་ཡིན། དཔལ་ས་སྐྱ་པའི་མཁས་པ་རྣམས་ཀྱིས་རང་རྒྱུད་འོག་མ་ཞེས་གསུངས་པ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཕྱི་དོན་མདོ་སྡེ་པས་འདོད་པ་ལྟར་ཞལ་གྱིས་བཞེས་སྟབས། མདོ་སྡེ་པ་གྲུབ་མཐའ་འོག་མ་ཡིན་པར་བརྟེན་རང་རྒྱུད་འོག་མ་ཞེས་གསུངས་ཡོད། དེས་ན་མདོ་སྡེ་པས་ཕྱི་དོན་བཞེད་པ་ལྟར།

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །

ཞེས་སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས་ཤིང་། ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ཇི་ལྟར་ཡང་། ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རང་གཞུང་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་བཅས་དབུ་མ་སྙིང་པོ་རྩ་འགྲེལ་གཉིས་ནི། ཧ་ལས་པའི་གལ་གནད་ཆེ་བའི་གཞུང་ལུགས་ཤ་སྟག་ཡིན། དེ་ཡང་དེའི་ཚེ་དེའི་དུས་སུ་རྒྱ་གར་ལ་ཡོད་པའི་ཕྱི་ནང་གི་གྲུབ་མཐའ་ཆ་ལག་ཡོངས་སུ་ཚང་བ་གསུངས་པའི་ཐོག་ནས་བགྲོ་གླེང་དཔྱད་བསྡུར་གནང་བ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག།

རྟག་གེ་འབར་བ་ནི་གྲུབ་མཐའི་གཞུང་ལུགས་ཐོག་མའི་གྲས་ཡིན་འདུག་ཅིང་། ཇོ་བོ་རྗེས་ཀྱང་བོད་ལ་རྟོག་གེ་འབར་བའི་བཤད་ལུང་ལན་གྲངས་མང་དུ་གནང་མྱོང་བ་ཡོངས་གྲགས་རྣམ་ཐར་དུ་གསལ་བ་ལྟར་ཡིན། ལྷག་པར་མཁས་པའི་རྣམ་དཔྱོད་ལྡན་པས་མཐའ་དཔྱད་པ་གཙོ་བོར་མཛད་ནས་གསུངས་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད་དེ་རྣམ་རིག་པའི་འདོད་པ་རྣམས་བཀག་ནས། རང་ལུགས་མདོ་སྡེ་པས་ཕྱི་དོན་ཞལ་གྱིས་བཞེས་པ་ལྟར་ཕྱི་དོན་ཞལ་གྱིས་བཞེས་ཤིང་། བདེན་མེད་སྒྲུབ་པའི་རིགས་པ་རང་རྒྱུད་ཀྱི་གཏན་ཚིགས་མང་དུ་བཀོད་ནས་གསུངས་པ་སོགས་ཧ་ལས་པ་ཞིག་ཡོད།

གཞན་ཡང་སློན་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏའི་ནང་དོན་འགའ་ཞིག་ལ་དོགས་སློང་དང་བཅས་ཏེ་དགག་པ་ཅུང་ཟད་མཛད་ཡོད། དེ་དག་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ཐུན་མོང་མ་ཡིན་པའི་དགོངས་པ་རྣམས་རང་ཅག་རྣམས་ཀྱིས་ཐུགས་སྣང་ཡོང་ཐབས་སུ་ཁོང་གིས་དགག་པ་མཛད་པ་ཞིག་ཡིན་པས། ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དགག་པ་དེ་ལྟར་མཛད་མེད་ན། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་དུ་དེའི་གསལ་བཤད་ཞལ་གསལ་ཞིབ་ཕྲ་ཐོན་ཐབས་མེད། ཁོང་གིས་དོགས་སློང་མཛད་པ་ལ་བརྟེན་ནས་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དགོངས་པ་རྣམས་ཞིབ་ཏུ་བཀྲལ་བའི་ཐོག་ནས་གསལ་བཤད་གནང་རྒྱུའི་གོ་སྐབས་བྱུང་ཡོད་པས། བགྲོ་གླེང་འདི་རིགས་ཧ་ཅང་གལ་གནད་དང་བཀའ་དྲིན་ཆེན་པོ་རེད་འདུག །དེ་བཞིན་དབུ་མ་ཐལ་རང་གི་ཁྱད་པར་ཏེ། ང་ཚོས་ཐལ་བཟློག་ཅེས་རྟགས་གསལ་མང་དུ་གཏོང་རྒྱུ་ཡོད་པ་དེ་དག་འདི་ལྟར་བྱུང་ཡོད།

དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་དང་རང་འགྲེལ་རྟོག་གེ་འབར་བ་གཉིས་ཀ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །སང་ཉིན་གནངས་ཉིན་དབུ་མ་སྙིང་པོ་མཆན་འགྲེལ་གྱི་ཐོག་ནས་ཞུ་འཆར་ཡོད། དེ་ཡང་ཕྱོགས་གཅིག་ནས་སློབ་དཔོན་ལེགས་ལྡན་འབྱེད་ཧ་ཅང་གལ་གནད་ཆེན་པོ་རེད་འདུག་ཅིང་། ངོས་རང་ཆུང་ངུའི་སྐབས་སུ་སྐྱབས་རྗེ་གླིང་རིན་པོ་ཆེས་སློབ་དཔོན་ལེགས་ལྡན་འབྱེད་ལ་དམིགས་བསལ་ཐུགས་ཀྱི་ཚོར་བ་ཞིག་ཡོང་གིན་འདུག་ཅེས་བཀའ་གནང་མྱོང་ཡོད། དེ་ལྟ་བུའི་ཐོག་ནས་ཤུགས་རྐྱེན་བྱུང་ཡོད་ལ། སློབ་དཔོན་ལེགས་ལྡན་འབྱེད་ལ་ཞེ་ས་མ་ཞུས་ན་སེམས་ཐག་ཉེ་པོ་ཞིག་ཡོང་གིན་འདུག །

སྐབས་རེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཞལ་རྒྱགས་པ་གནང་སྟེ། རྟོག་གེ་འབར་བའི་ནང་དུ་སེམས་ཙམ་པའི་གྲུབ་མཐའི་རྣམ་གཞག་གསུང་སྐབས། བཅོམ་ལྡན་འདས་ཀྱི་ལུང་གིས་ཟིན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དང་མི་མཐུན་པར་འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་རྣམ་གཉིས་ཀྱིས་རྣམ་རིག་པའི་ལྟ་གྲུབ་འཆད་པ་ནི་ངོ་ཚ་ཁྲེལ་མེད་རེད་ཅེས་གསུངས་ཡོད། སློབ་དཔོན་ལེགས་ལྡན་འབྱེད་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །ཁོང་གིས་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་མཛད་ཡོད་ཅིང་། དེ་རྩ་ཆེན་པོ་རེད་ཅེས་བརྗོད་པ་གཅིག་པུ་མིན་པར་ང་ཚོས་མཇལ་རྒྱུ་ཡོད། དེ་དག་ལ་བལྟས་ན་མཛད་པ་པོ་དེ་ཉིད་རྣམ་དཔྱོད་ཇི་ལྟ་བུ་ཞིག་ཡོད་པ་དང་། ཐོས་པ་རྒྱ་ཆེ་བ། གྲུབ་མཐའ་རིས་མེད་ལ་མཁས་པ་སོགས་ཀྱང་ཤེས་ཐུབ་པ་ཞིག་ཡིན།

ང་ཚོ་བོད་གངས་ཅན་གྱི་ལྗོངས་ལའང་སྔོན་གྱི་མཁས་པ་རྣམས་ཀྱིས་དགག་བཞག་གནང་བར་མཚོན་ན། སྟག་ཚང་ལོ་ཙཱ་བའམ་སྒྲ་པ་ཤེས་རབ་རིན་ཆེན་གྱིས་རྗེ་བདག་ཉིད་ཆེན་པོར་འགལ་བའི་ཁུར་ཆེན་བཅོ་བརྒྱད་ཀྱི་ཐོག་ནས་དགག་པ་མཛད་ཡོད། འོན་ཀྱང་སྐུ་ཚེ་སྨད་ལ་རྗེ་བདག་ཉིད་ཆེན་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་གཟིགས་ནས་དད་པ་ཐུན་མོང་མ་ཡིན་པ་འཁྲུངས་ཏེ་བསྟོད་པ་མཛད་པའི་ལོ་རྒྱུས་ཡོད་པ་དེ་དག་མཁས་པའི་རྣམ་དཔྱོད་རེད་འདུག །

དེ་བཞིན་ཀུན་མཁྱེན་གོ་རམས་པ་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ས་སྐྱའི་མཁས་པ་མང་པོ་ཞིག་ཡོད་པ་དེ་དག་གིས་རྗེ་རིན་པོ་ཆེར་དགག་པ་བསྐྱོན་ཡོད། ཕྱག་དཔེ་གཅིག་གི་ནང་དུ་རྗེ་བདག་ཉིད་ཆེན་པོར་ཨ་མདོའི་ཕྲུ་གུ་དེས་རང་བཟོ་མང་དུ་བྱས་ཡོད་ཅེས་འཁོད་འདུག །དེ་ལྟར་དགག་པ་དང་དགག་ལན་ཡོད་པ་རྣམས་ཡག་པོ་འདུག །དེ་དག་ལ་ཞིབ་ཏུ་མཇལ་ན་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་གསུངས་པ་དང་། རྗེ་བདག་ཉིད་ཆེན་པོས་ཞིབ་ཚགས་པོའི་ཐོག་ཏུ་རྣམ་དབྱེ་ཕྱེ་ནས་གསུངས་པ་རྣམས་མཐོང་སྐབས་དམིགས་བསལ་གྱི་ཁྱད་ཆོས་རྣམས་ཀྱང་མཐོང་ཐུབ་པ་ཞིག་ཡོང་གིན་ཡོད། དེ་མིན་རྗེ་བདག་ཉིད་ཆེན་པོའི་གསུང་ཁོ་ན་ལྟ་ཀློག་བྱེད་མཁན་ཞིག་ཡིན་ན། སྐྱབས་སུ་མཆིའོ། །དེ་ལྟར་ཡིན་ངེས་སྙམ་པ་ལྟ་བུ་ཞིག་དང་། དེའི་དགག་པ་རྣམས་མཐོང་ཚེ་རྗེ་རིན་པོ་ཆེས་གསུངས་པ་རྣམས་ལ་དགོངས་པ་འདི་ལྟར་བཞེས་ཡོད་པ་དང་། ལྷག་པར་གཞུང་གོང་འོག་བསྒྲིགས་ནས་བསམ་བློ་གཏོང་སྐབས་རྗེ་བདག་ཉིད་ཆེན་པོས་ཕྱོགས་གཅིག་ནས་རྟོག་བཟོ་ལྟ་བུ་ཞིག་ཡིན་ནའང་། དོན་དངོས་ཐོག་ཏུ་རྟོག་བཟོ་མིན་པར་སྔོན་གྱི་མཁས་པ་གཞན་གྱིས་ལེགས་བཤད་མ་ཐོན་པ་ཞིག་གཞུང་ལུགས་མང་པོ་གོང་འོག་བསྒྲིགས་ནས་དཔྱད་པའི་ཚེ། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས[13]།

དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །

གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །

ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །

ཞེས་གསུངས་པ་ལྟར། དངོས་གནས་ཧ་ལས་པ་ཞིག་དང་། ཡིག་འབྲུ་རེ་རེའི་གོ་བ་ལེན་སྟངས་ལ་རྗེ་བདག་ཉིན་ཆེན་པོ་གཞན་དང་མི་འདྲ་བ་ཞིག་རེད་འདུག །དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། རང་རྐང་དུ་ལྗགས་རྩོམ་མཛད་པའི་དབུ་མ་སྙིང་པོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ་བཅས་ཡོད། ཁོང་ནི་དངོས་གནས་དྲང་གནས་མཁས་པ་རེད་འདུག་ལ། རྗེ་རིན་པོ་ཆེས་ཀྱང་[14]། ཡོངས་སུ་རྫོགས་པའི་པཎྜི་ཏ། ཞེས་བསྔགས་བརྗོད་གནང་ཡོད།

དེ་མིན་སློབ་དཔོན་ལེགས་ལྡན་འབྱེད་རང་རྒྱུད་པ་ཡིན་ཚུལ་བརྗོད་ཅིང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་ཐལ་བཟློག་གི་སྐབས་སུ་མདོར་བསྟན་དང་རྒྱས་བཤད་མ་མཁྱེན་པ་རེད་ཅེས་ང་ཚོས་སྣང་ཆུང་བྱ་རྒྱུ་གཏན་ནས་ལྷག་མེད། དེ་དག་ནི་བསམ་གྱིས་མི་ཁྱབ་པའི་མཁས་པ་རེད་འདུག །དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མའི་ནང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གསུངས་པ་དེའི་ཐོག་སྐྱོན་ཅུང་ཟད་རེ་འཕེན་པར་མཛད་པ་དེ་དག་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །

དེ་བཞིན་གོང་ཞུས་ལྟར། གསེར་ཀོང་རྡོ་རྗེ་འཆང་ལ་གསང་ཡུམ་ཡོད་ཅིང་། དེ་ཡང་བླ་མ་རང་གི་ལུང་བསྟན་ཡོད་པ་དམིགས་བསལ་ཞིག་དང་། ཁོང་མཁས་པ་ཆེན་པོ་ཞིག་ཀྱང་རེད་འདུག །གསེར་ཀོང་རྡོ་རྗེ་འཆང་གིས་གསུང་ཆོས་གནང་བའི་སྐབས་སུ། ཁྱེད་རང་ཚོས་ཆོས་རའི་ནང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བུདྡྷ་པཱ་ལི་ཏའི་དོན་དག་རྣམས་མ་དགོངས་པ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད། སློབ་དཔོན་ལེགས་ལྡན་འབྱེད་སྐུ་དངོས་ཕེབས་ཏེ་འགྲེལ་བཤད་བསྐྱོན་ན། ཁྱེད་རང་ཚོ་ཚང་མས་བཀའ་གནང་རང་རེད་ཅེས་བརྗོད་དགོས་པར་འགྱུར་ངེས་རེད་ཅེས་བཀའ་གནང་མྱོང་ཡོད།

དེ་དག་གི་གནད་འགག་གཅིག་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་གནང་བའི་བཀའ་དྲིན་ལ་བརྟེན་ནས་ཐ་སྙད་ཕྲ་མོའི་རྣམ་གཞག་གསལ་པོར་གྱུར་ཡོད་པར་བརྟེན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དེ་བཞིན་ཁོང་གི་རང་གཞུང་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་བཅས་དེ་དག་གི་ནང་ལ་སེམས་ཙམ་པའི་འདོད་པ་བཀག་པ་དང༌། ལྷག་པར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏའི་བདག་སྐྱེ་འགོག་པའི་འགྲེལ་ངག་ལ་སྐྱོན་བརྗོད་གནང་བ་དེའི་སྟེང་ནས། ཀླུ་སྒྲུབ་ཀྱི་སློབ་མ་ཐ་སྙད་དུ་ཆོས་ཐམས་ཅད་བདེན་སྟོང་ཞལ་གྱིས་བཞེས་པའི་དབུ་མ་པའི་ནང་ལའང་ཐ་སྙད་དུ་རང་མཚན་འདོད་མི་འདོད་གཉིས་ཡོད་པ་དེ་ལེགས་ལྡན་འབྱེད་ཀྱི་གཞུང་ལུགས་ནས་ཧ་ཅང་གསལ་པོར་གྱུར་ཡོད། དེར་བརྟེན་ལེགས་ལྡན་འབྱེད་ཀྱི་གཞུང་ལ་གཟིགས་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན།

དེ་བས་ཆོས་ཐམས་ཅད་བདེན་པས་སྟོང་པར་གསུངས་ཤིང༌། དེ་ཡང་དོན་དམ་པར་མཐའ་བཞིའི་སྐྱེ་བ་བཀག་ཡོད། མདོར་ན། ཚད་མ་འཇོག་ཚུལ་གྱི་སྟེང་ནས་ཐ་སྙད་དུ་རང་མཚན་ཞལ་གྱིས་མི་བཞེས་པའི་དབུ་མ་པས་རང་མཚན་སྣང་བ་ལ་ལྟོས་ཏེ་འཁྲུལ་པའི་ཤེས་པ་གསུང་གིན་ཡོད་སྟབས། ཆོས་ཅན་ལ་སོགས་པ་འཇོག་བྱེད་ཀྱི་ཚད་མ་དེ་དག་ཀྱང་རང་མཚན་སྣང་བའི་ཆ་ནས་འཁྲུལ་བར་གསུང་གིན་ཡོད། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་མཚན་ཐ་སྙད་དུ་ཞལ་གྱིས་བཞེས་པས་རང་མཚན་སྣང་བ་དེར་མ་འཁྲུལ་བར་གསུངས། དེ་ལྟ་བུའི་མ་འཁྲུལ་བའི་ཚད་མ་བཞག་པ་ལ་བརྟེན་ནས་ཚད་མ་མཐུན་སྣང་བ་ཡོད་པར་གསུངས།

དེས་ན། ཚད་མ་མཐུན་སྣང་། ཞེས་པ་ནི། རང་མཚན་སྣང་བ་ལ་ལྟོས་ཏེ་མི་བསླུ་བའི་ཚད་མ་ཞིག་ཞལ་གྱིས་བཞེས་པ་སྟེ། མདོར་ན་ཐ་སྙད་དུ་རང་མཚན་ནམ། ཆོས་ཅན་མཐུན་སྣང་བ་ཞལ་གྱིས་བཞེས་པར་མཛད་ཡོད། དེ་ལྟ་བུའི་སྟེང་ནས་ཕྱི་དོན་ཞལ་གྱིས་བཞེས་པ་འདིས་སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་རང་རྐང་ལྟ་བུ་མི་འདྲ་བ་ཞིག་ཡོད་པ་གསུང་གིན་འདུག་ལ། དཔལ་ལྡན་ས་སྐྱ་པའི་མཁས་པ་དག་གིས་རང་རྒྱུད་གོང་མ་དང་། རང་རྒྱུད་འོག་མའི་ཐ་སྙད་མཛད་ཅིང་། དེ་ཡང་སྤྱིར་རྣམ་རིག་པའམ་སེམས་ཙམ་པ་གྲུབ་མཐའ་གོང་མ་ཡིན་སྟབས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དེ་རང་རྒྱུད་གོང་འོག་གཉིས་ལས་གྲུབ་མཐའ་གོང་མ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་མདོ་སྡེ་པ་གྲུབ་མཐའ་འོག་མ་ཡིན་སྟབས། མདོ་སྡེ་པས་ཕྱི་དོན་ཞལ་གྱིས་བཞེས་པ་དང་མཐུན་པར་གསུངས་པས་ན། རང་རྒྱུད་འོག་མ་ཞེས་རང་རྒྱུད་གོང་འོག་གཉིས་ཀྱི་ཐ་སྙད་སྦྱར་ཡོད། ནམ་རྒྱུན་ཡོངས་གྲགས་སུ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་གསུངས་པ་དེ་གཉིས་ཡིན། དེ་ལྟ་བུའི་གྲུབ་མཐའ་སྲོལ་གཏོད་མཛད་པའི་ཡོངས་སུ་རྫོགས་པའི་པཎྜི་ཏ་སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་འདེབས་བསྟོད་ཕྱག་བྱས་པ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ཀྱང་ཧ་ཅང་གལ་ཆེན་པོ་ཡིན་པས་འདི་ཡང་པཎ་གྲུབ་བཅུ་བདུན་གྱི་ཁོངས་སུ་གསར་དུ་བསྣན་པ་ཡིན།

གཞན་ཡང་དབུ་མའི་གཞུང་ཕལ་མོ་ཆེར་བཤད་ལུང་ཡོད་ཀྱང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོར་བཤད་ལུང་མི་འདུག་པས། བཤད་ལུང་ཞིག་བྱུང་ན་སྙམ་ནས་ས་སྐྱའི་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་ལ་དབུ་མ་སྙིང་པོར་མཆན་འགྲེལ་ཞིག་བརྩམ་རོགས་གནང་ཞེས་གསོལ་འདེབས་སྙན་སེང་ཞུས་ཤིང་། མཆན་འགྲེལ་དེའི་ཐོག་ནས་བཤད་ལུང་གི་རྒྱུན་ཞིག་སྤེལ་ཐུབ་ན་ཡག་པོ་འདུག་ཅེས་རིན་པོ་ཆེས་མཆན་འགྲེལ་མཛད་པའི་ཐོག་ནས་ངོས་ཀྱིས་དབུ་མ་སྙིང་པོའི་བཤད་ལུང་ཞིག་ཞུས་ཏེ་བཤད་ལུང་གི་རྒྱུན་ཚུགས་ཐུབ་པ་བྱུང་ཡོད། དེ་དག་ནི་སློབ་དཔོན་ཐུགས་རྗེ་ཅན་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བཀའ་དྲིན་གསབ་པའི་སླད་དུ་ཡིན་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོར་ཞབས་འདེགས་ཕྲན་བུ་བསྒྲུབས་ཡོད་སྙམ་པ་ཞིག་དྲན་གྱིན་འདུག །འདི་དག་གལ་གནད་ཆེན་པོ་རེད་འདུག།  །།

 

༥༽ དཔལ་ལྡན་ཟླ་བ་གྲགས་པ།

 

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །

ཞེས་སོགས་ཀྱིས་དཔལ་ལྡན་ཟླ་བ་གྲགས་པར་གསོལ་འདེབས་བྱས་པ་སྟེ། རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ། ཞེས་པ་ནི། དཔལ་ལྡན་ཟླ་བ་གྲགས་པའི་གསུང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དེ་ནི་མིང་རྐྱང་བཏགས་ཡོད་ཙམ་ཡིན་པ་ཞིག་གསུང་གིན་ཡོད། དེ་ཡང་བཏགས་དོན་བཙལ་ན་གཏན་ནས་རྙེད་དུ་རྒྱུ་མེད་ཅིང་། མ་བརྟགས་མ་དཔྱད་པའི་ངང་ནས་ལྟོས་གྲུབ་དང་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཙམ་ཞིག་གསུང་གིན་ཡོད།

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །

ཞེས་པས།      དཔལ་ལྡན་ཟླ་བ་གྲགས་པས་རང་རྐང་དུ་ལྗགས་རྩོམ་མཛད་པའི་རང་གཞུང་དབུ་མ་འཇུག་པ་རྩ་འགྲེལ་ཏེ། དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་ལ་འཇུག་པ་དང་། དེའི་རང་འགྲེལ་དང་བཅས་པ་མཛད་པ་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་དུ་དབུ་མ་ཚིག་གསལ་མཛད་པ་རྣམས་ཧ་ལས་པ་ཞིག་དང་། ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །དེ་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མའི་ནང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏའི་གསུང་འགའ་ཞིག་ལ་དོགས་སློང་གནང་ནས་མི་འཐད་པར་བསྒྲུབས་པ་ལ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་ནང་གསལ་བཤད་གནང་བས་ན། ཀླུ་སྒྲུབ་ཀྱི་རྗེས་འབྲང་དབུ་མ་པ་ལ་ནང་གསེས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པ། ཚད་མ་མཐུན་སྣང་དུ་བཞེད་མིན་སོགས་ཀྱི་རྣམ་དབྱེ་རྣམས་ཞིབ་མོར་ཐོན་ཡོང་བ་ཞིག་ཡིན། ང་ཚོས་ཆོས་ཅན་མཐུན་སྣང་བ་ཞེས་བརྗོད་པའང་འདི་ནས་ཡོང་གིན་ཡོད། དབུ་མ་ཚིག་གསལ་དུ་འགྲེལ་བཤད་འདི་ལྟར་བསྐྱོན་པའི་གོ་སྐབས་དེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཟོས་པ་གནང་འདུག །དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཀའ་དྲིན་ཆེན་པོ་བསྐྱངས་འདུག་སྙམ་པ་ཞིག་དྲན་ཡོང་གིན་འདུག

གཞན་ཡང་སློབ་དཔོན་འཕགས་པ་ལྷའི་གསུང་དབུ་མ་བཞི་བརྒྱ་པའི་འགྲེལ་པ་བཅས་གཞུང་འདི་དག་ནི། རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་འདོམས་པའི་གཞུང་ལུགས་འགྲན་གྱི་དོ་ཟླ་བྲལ་བ་ཞིག་དང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་གཞུང་དོན་གཏན་ལ་འབེབས་པའི་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་གཞུང་ཤ་སྟག་ཡིན། དེ་དག་བསྟན་འགྱུར་ནང་དུ་བཞུགས་ཡོད་སྟབས་དཔེ་སྒྲོམ་ནང་བསྒྲིགས་ནས་མི་འཇོག་པར་གལ་གནད་ཆེ་བའི་གཞུང་ལུགས་དེ་དག་ང་ཚོས་རྒྱུན་དཔེ་ལྟར་ལྟ་ཀློག་སློབ་གཉེར་བྱེད་དགོས་ལ། གཞུང་དེ་དག་ང་ཚོས་ནམ་རྒྱུན་ནས་སློབ་གཉེར་བྱེད་བཞིན་པ་ཤ་སྟག་ཀྱང་ཡིན།

དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། རྟོག་གེ་འབར་བ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་གསུམ་པོ་སྦྲགས་ནས་བལྟ་རྒྱུ་གལ་གནད་ཆེ་ཞིང་། དེ་དག་གི་ཐོག་ཏུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའིབུདྡྷ་པཱ་ལི་ཏ་བཅས་ནི་མི་ལྟ་ཐབས་མེད་ཀྱི་གཞུང་ཤ་སྟག་ཏུ་གྱུར་ཡོད། གཞུང་དེ་དག་སྦྲགས་ནས་བལྟས་ཚེ་དབུ་མ་པའི་ནང་གསེས་ལ་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པའི་ཁྱད་པར་དང་། ཆོས་ཅན་མཐུན་སྣང་བ་ཡོད་མེད། དགག་བྱ་དབང་ཤེས་ལ་སྣང་མིན་སོགས་ཀྱི་ཁྱད་པར་རྣམས་གསལ་རྗེན་དུ་ཐོན་པ་ཞིག་ཡོད། གཞུང་ལུགས་དེ་རྣམས་མ་བལྟས་ན་ཁྱད་པར་དེ་དག་ཤེས་ཐབས་མེད་ལ། དབུ་མ་འཇུག་པ་རྐྱང་པར་བལྟས་ནའང་ཁྱད་པར་དེ་དག་ཤེས་དཀའ་བ་ཞིག་ཡིན།

དཔལ་ལྡན་ཟླ་བ་གྲགས་པའི་ཁྱད་ཆོས་སམ་བསྟོད་པ་ལ། གང་ལྟར་མཐའ་གཉིས་སེལ་བའི་སྒྲུབ་བྱེད་མཐར་ཐུག་ཐ་སྙད་དུའང་རང་མཚན་བཀག་ནས་རྐྱེན་ཉིད་འདི་པ་ཙམ་ཞིག་གི་སྟེང་ནས་གསུང་གིན་ཡོད། དེ་ལྟ་བུའི་སྣང་སྟོང་ཟུང་དུ་འཇུག་པའི་དབུ་མའི་ཚུལ་ཏེ། གཙོ་བོ་ཁོང་གི་འགྲེལ་པ་ཚིག་གསལ་དང༌། དེ་བཞིན་དབུ་མ་འཇུག་པ། དེའི་རང་འགྲེལ། འཕགས་པ་ལྷའི་བཞི་བརྒྱ་པའི་འགྲེལ་པ་སོགས་མཛད་པའི་སྟེང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་སངས་རྒྱས་བསྐྱངས་ཀྱིས་དཔྱིས་ཕྱིན་པ་བཀྲལ་ཡོད་པར་གཟིགས་ནས་སངས་རྒྱས་བསྐྱངས་ཀྱིས་ཐ་སྙད་ཕྲ་མོ་གསུངས་པ་བཞིན་དུ་དཔལ་ལྡན་ཟླ་བས་གསལ་བར་མཛད་ཅིང་། སངས་རྒྱས་བསྐྱངས་ཀྱི་གཞུང་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་པ་དེ་ལ་སྐྱོན་བརྗོད་དེ་དག་མི་འཇུག་པའི་ཚུལ་གསལ་བར་མཛད་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མའི་ནང་ལ་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པ་གཉིས་ཡོད་པའི་ཁྱད་པར་དེ་དག་གསལ་པོ་ཞིག་ཐོན་ཡོང་གིན་ཡོད། བོད་སྔ་རབས་པས་དབུ་མ་ཐལ་རང་ཞེས་གསུངས་པ་དེ་ཡང་འདིའི་སྟེང་ནས་ཐོན་ཡོང་གིན་ཡོད།

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །

ཞེས་པ་ནི། དབུ་མ་འཇུག་པའི་སྐབས་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་ཀྱང་ཆ་ཚང་བ་ཞིག་གསུངས་པར་བརྟེན། ནམ་རྒྱུན་དབུ་མ་རྩ་བ་ཤེས་རབ་ལ་དབུ་མ་འཇུག་པས་འཇུག་ལུགས་ཟབ་པའི་སྒོ་ནས་འཇུག་པ་དང༌། རྒྱ་ཆེ་བའི་སྒོ་ནས་འཇུག་པ་ཞེས་གསུངས་པ་འདི་ཡིན། ངོས་ནས་རྒྱ་རིགས་ཆོས་གྲོགས་རྣམས་དང་། དེ་བཞིན་ཉི་ཧོང་གི་ཆོས་གྲོགས་རྣམ་པར་དབུ་མ་ཚིག་གསལ་སྔར་བསྒྱུར་མི་འདུག་པས། དབུ་མ་ཚིག་གསལ་རང་རང་གི་སྐད་ཡིག་ཐོག་བསྒྱུར་དགོས་ཞེས་རྗོད་ཀྱིན་ཡོད། འཇུག་པ་རྩ་འགྲེལ་རྒྱ་ཡིག་ཐོག་ཡོད་ཀྱང་། དབུ་མ་ཚིག་གསལ་རྒྱ་ཡིག་སོགས་སུ་བསྒྱུར་མི་འདུག་པས། བསྒྱུར་དགོས་ཞེས་བརྗོད་པ་ལྟར་འགའ་ཞིག་བསྒྱུར་ཟིན་ནས་སྐད་ཡིག་གཞན་གྱི་ཐོག་ཏུའང་ཡོད། དེས་ན་དབུ་མའི་ལྟ་བ་ཞིབ་ཚགས་ཤེས་པ་ལ་དབུ་མ་ཚིག་གསལ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །གཞན་ཡང་།

གནམ་ལ་ཉི་ཟླ་རྣམ་གཉིས། །ས་ལ་གསལ་བ་རྣམ་གཉིས། །

ཞེས་གསུང་རྒྱུན་དུ་ཡོད་པ་ལྟར། མདོ་ཕྱོགས་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་སྟོན་པའི་ཚིག་གསལ་དང་། སྔགས་ཕྱོགས་ནས་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་བཅས་མཛད་པས་ན། མདོ་སྔགས་ཡོངས་སུ་རྫོགས་པ་རྒྱས་པར་མཛད་པའི་ཕྱིར། མདོ་སྔགས་ཀྱི་གཞུང་དེ་དག་ལ་བསམས་ནས། མདོ་སྔགས་ཡོངས་རྫོགས་ལམ། །ཞེས་སྨོས་པ་ཡིན། དེ་ལྟར་ཡིན་ཚུལ་ཡང་བསྟན་བཅོས་མཛད་པའི་སྒོ་ནས།

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །

ཞེས་བསྟོད་ཕྱག་བྱས་པ་ཡིན། མདོར་ན། ཚིག་གསལ་དང་སྒྲོན་གསལ་རྣམ་གཉིས་ལ། ས་ལ་གསལ་བ་རྣམ་གཉིས། ཞེས་གསུངས་ཏེ་གཞུང་དེ་དག་ཉི་ཟླ་ལྟར་ཧ་ལས་པའི་གཞུང་བརླིང་པོ་དང་། རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །གཞུང་དེ་དག་ལ་ང་ཚོས་ནམ་རྒྱུན་ནས་འཆད་ཉན་བྱས་དང་བྱེད་མུས་ཡིན། དེ་ཡང་རྩ་བ་བློར་འཛིན་ཅིང་། རྩ་འགྲེལ་གྱི་འབྲུ་རེ་རེ་བཞིན་དུ་གཉེར་ནས་ཚིག་འགྲེལ་ཉན། བཤད་གྲྭ་ཁག་ཏུ་རྩོད་པའི་ལམ་ནས་བརྡར་ཤ་བཅད་ཅིང་། དགག་བཞག་སྤོང་གསུམ་གྱི་ཐོག་ནས་གཏན་ལ་འབེབས་བཞིན་པ་འདི་དག་ཤིན་ཏུ་གལ་གནད་ཆེ། དེ་ཡང་རེད་སྙམ་པའི་ཐོག་ཏུ་མི་འཇོག་པ་དང་། དབུ་རྒྱ་གར་སྐད་དུ་ནས་མཇུག་རྫོགས་སོ་ཞེས་པའི་བར་ཚིག་འགྲེལ་ཐེབས་ཙམ་མིན་པར་གནད་འགག་ཡོད་དོ་ཅོག་ལ་དགག་བཞག་སྤོང་གསུམ་གྱི་ཐོག་ནས་བརྡར་ཤ་བཅད་ནས་གཏན་ལ་འབེབས་རྒྱུ་ཤིན་ཏུ་གལ་གནད་ཆེ།

མགོན་པོ་ཀླུ་སྒྲུབ་ཀྱི་མདོར་བྱས་དང་། མདོ་བསྲེ། གཙོ་བོ་རིམ་ལྔ་བཅས་གསུངས་པ་རྣམས་ལ་སློབ་དཔོན་ཨཱརྱ་དེ་ཝའི་རིམ་ལྔའི་འགྲེལ་པ་སྤྱོད་བསྡུས་མཛད་ཡོད་ལ། དཔལ་ལྡན་ཟླ་བ་གྲགས་པས་གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་མཛད་པ་སོགས་བསམ་གྱིས་མི་ཁྱབ་པ་རེད་འདུག་ལ། གཞན་ཡང་རྗེ་བདག་ཉིད་ཆེན་པོའི་གསུང་གསང་བ་འདུས་པ་གཙོ་བོར་གྱུར་པའི་རྒྱུད་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་མཁན་གཙོ་བོ་དབུས་ཀྱི་རྒྱུད་གྲྭ་སྨད་སྟོད་གཉིས་ཡིན་ཅིང་། དཔལ་ལྡན་ཟླ་བ་གྲགས་པའི་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་དང་། དེ་ལ་རྗེ་བདག་ཉིད་ཆེན་པོས་ས་བཅད་བསྡུས་དོན་དང་། མཐའ་དཔྱོད་མྱུ་གུ་ལ་སོགས་པ་འགྲེལ་པ་བཞི་སྦྲགས་འདི་ཉིད་བླ་མ་རྒྱུད་པས་འཆད་ཉན་མི་ཐུབ་ཀྱང་བྱེད་དགོས་པ་དང་། མི་འདོད་ནའང་ཉན་དགོས་པ་འདི་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད་འདུག།  །།

 

༦༽ རྒྱལ་སྲས་ཞི་བ་ལྷ།

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །

ཞེས་རྒྱལ་སྲས་ཞི་བ་ལྷ་ལ་བསྟོད་ཕྱག་བྱས། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་སྤྱོད་གཉིས་ཏེ། བསླབ་པ་ཀུན་ལས་བཏུས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གཉིས་མཛད་ཡོད་པ་ལས། བསླབ་བཏུས་ནང་མདོའི་ཁུངས་མང་དུ་དྲངས་པ་སོགས་གཞུང་གི་གོ་རིམ་སྒྲིག་སྟངས་ཤིན་ཏུ་ལེགས་ལ། བསླབ་བཏུས་སུ་མི་གསལ་ཞིང་མདོར་བསྡུས་སུ་གསུངས་པ་རྣམས་ཀྱི་ཞལ་སྐོང་གི་ཚུལ་དུ་སྤྱོད་འཇུག་མཛད་ཡོད།

དེ་ཡང་བསླབ་བཏུས་ཀྱིས་ལུང་གི་ཁུངས་རྣམས་གསུངས་ཤིང་། སྤྱོད་འཇུག་གིས་རིགས་པའི་ལམ་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་གཏན་ལ་ཕབ་སྟེ། གཙོ་བོར་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ་གསུངས་པའི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། དེ་ལྟར་བསླབ་སྤྱོད་གཉིས་ལས་སྤྱོད་འཇུག་རྐྱང་པའི་ཐོག་ནས་བལྟས་ནའང་ཧ་ལས་པ་ཞིག་ཡོད་ལ། ལྷག་པར་བསླབ་སྤྱོད་གཉིས་སྦྲགས་ནས་ཕྱིན་ན་དེ་བས་ཧ་ལས་པ་ཞིག་ཡོད། བསླབ་སྤྱོད་གཉིས་སྦྲགས་ནས་འཆད་ཉན་བྱེད་པའི་ལམ་སྲོལ་སྔར་ནས་ཡོད་ལ། བཀའ་གདམས་གཞུང་དྲུག་གི་ནང་དུ་བསླབ་སྤྱོད་གཉིས་ཡོད་པ་ལྟར་ཧ་ཅང་གལ་གནད་ཆེ་བས། བསམ་གྱིས་མི་ཁྱབ་པའི་གཞུང་དེ་དག་ཀྱང་ང་ཚོས་ལྟ་བཞིན་ཡོད་པར་མ་ཟད། བསླབ་སྤྱོད་གཉིས་ཀྱི་བཤད་ལུང་གི་རྒྱུན་ཡང་ཡོད་པས། ད་དུང་ཡང་ལྟ་ཀློག་བྱ་རྒྱུ་གལ་གནད་ཤིན་ཏུ་ཆེ།

བཀའ་གདམས་གསར་རྙིང་གཉིས་ཀས་ལམ་རིམ་གཙོ་བོར་གནང་སྟེ་གསུང་གིན་ཡོད། བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་ཞེས་གསུང་སྲོལ་ཡོད་པ་ལས། དུས་ཕྱིས་ལམ་རིམ་མང་ཆེ་བ་བཀའ་གདམས་མན་ངག་པའི་ལུགས་ལྟར་གསུངས་པ་གཙོ་ཆེ་བས། དེས་གཞུང་གི་གོ་བ་མཐའ་རྒྱ་ཆོད་པ་ཤིན་ཏུ་དཀའ་བ་ཡིན། ཇོ་བོ་རྗེས་མངའ་རིས་མཐོ་ལྡིང་གཙུག་ལག་ཁང་དུ་ཕེབས་ཏེ་མངའ་རིས་ཆོས་རྒྱལ་གྱིས་བྱང་ཆུབ་ལམ་སྒྲོན་ལྗགས་རྩོམ་གྱི་ཞུ་སྐུལ་གནང་སྐབས། གདམས་པ་ཟབ་ཟབ་པོ་རྒྱ་ཆེ་བ་མི་དགོས་པར་མདོར་བསྡུས་པ་ཞིག་གནང་རོགས་ཞེས་ཞུ་སྐུལ་མཛད་པ་ལྟར། མཛད་པ་པོས་ཀྱང་བོད་གངས་ཅན་གྱི་ལྗོངས་ལ་སློབ་དཔོན་ཞི་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་ཆོས་གཞིར་བཞག་གིས་མདོར་བསྡུས་སུ་གསུངས་པ་ཞིག་ཡིན། དེས་ན་བཀའ་གདམས་གོང་མའི་གཞུང་ལུགས་ཕལ་མོ་ཆེ་མདོར་བསྡུས་ནས་གསུངས་པ་ཞིག་ཡིན། ཤ་ར་བའི་ལམ་རིམ་གྱི་ནང་དུ་ཐོག་མར་རིགས་ཀྱི་རྣམ་གཞག་གསུངས་པ་དང་། དེ་བཞིན་དྭགས་པོའི་ཐར་རྒྱན་དུའང་ཐོག་མར་རིགས་ཀྱི་རྣམ་གཞག་གསུངས་ཡོད། དེ་ལས་སྤྲོས་ཏེ་རྒྱུད་བླ་མ་དང་། མངོན་རྟོགས་རྒྱན། མདོ་སྡེ་རྒྱན་སོགས་ལས་གསུངས་པའི་རིགས་ཀྱི་རྣམ་གཞག་དང་འབྲེལ་ནས་འཆད་པ་གནང་ཡོད། དེ་ལྟར་བཀའ་གདམས་གཞུང་པ་བའི་འགྲོ་སྟངས་ཅུང་ཟད་སླེབས་པ་ལྟ་བུ་ལས། དེ་མིན་ཕལ་མོ་ཆེ་མདོར་བསྡུས་སུ་གསུངས་པ་ཤ་སྟག་ཡིན།

ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་རའི་སྲས་ཀྱི་ཐུ་བོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནས་བཟུང་སྟེ་བཀའ་གདམས་སྐུ་མཆེད་གསུམ་ལ་སོགས་པ་ནས་བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་བཅས་གསུམ་དུ་ཕྱེ་སྲོལ་ཡོད་པ་ལས། དེང་གི་དུས་སུ་བཀའ་གདམས་གཞུང་པ་བའི་འཁྲིད་ལུགས་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན། དྭགས་པོའི་ཐར་རྒྱན་ལ་ཆ་མཚོན་ན། ཐོག་མར་རིགས་ཀྱི་རྣམ་གཞག་དང་། དེ་ནས་གཞུང་སྤྲོས་ཏེ་གསུངས་པ་དང་། དེ་མིན་བློ་ལྡོག་རྣམ་བཞི་སོགས་ཐད་ཀ་ཐད་ཀའི་བློ་སྦྱོང་ཚུལ་ཞིག་གསུངས་པ་ལས། བསྟན་པ་སྤྱིའི་རྣམ་གཞག་སྤྲོས་ཏེ་གསུངས་པ་ཞིག་མིན་པས། ངེས་པར་དུ་བཀའ་གདམས་གཞུང་པ་བའི་འཁྲིད་ལུགས་ལྟར་འགྲོ་དགོས་པ་ཞིག་རེད་འདུག །

རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་རིམ་ཆེ་ཆུང་གཉིས་ལ་ཆ་མཚོན་ན། བཀའ་གདམས་ལམ་རིམ་པའི་གཞུང་ལུགས་ལྟ་བུ་ཡིན་ཀྱང་། ལྷག་མཐོང་ཆེ་ཆུང་གི་ཐོག་ཏུ་སླེབས་སྐབས་གཞུང་གོང་འོག་བསྒྲིགས་ནས་གསུངས་པ་ཞིག་ཡིན་པས། དེ་དག་ཅུང་ཟད་རྒྱ་ཆེན་པོ་ཞིག་རེད་འདུག །དེས་ན་བཀའ་གདམས་ལམ་རིམ་པའི་འཁྲིད་ལུགས་དང་། བཀའ་གདམས་མན་ངག་པའི་འཁྲིད་ལུགས་གཉིས་མདོར་བསྡུས་ནས་གསུངས་པ་ཞིག་ཡིན།

དེང་སྐབས་ཆོས་ལ་དོགས་པ་ཡོད་པའི་གནས་དུས་ཤིག་ཡིན་ལ། ལྷག་པར་བར་ལམ་བོད་ནས་ཆོས་ལ་དགག་པ་བརྒྱབ་པའི་ཡིག་རིགས་འགའ་ཞིག་མཐོང་བྱུང་། ངོས་ནས་དེ་དག་ཡག་པོ་རེད་ཅེས་རྗོད་ཀྱིན་ཡོད། ཚང་མས་ཅི་མཛད་ལེགས་མཐོང་བྱས་ནས་མ་བསྡད་པར་སྐྱོན་མཐོང་བ་རྣམས་བརྗོད་ཡོད། དཔེར་ན། ཕྱིས་སུ་ཚ་བ་མདའ་སྨྱུག་གིས་བྲིས་པའི་དེབ་ལྟ་བུ་ཡག་པོ་འདུག །ང་རང་ཚོ་ཆོས་པ་རྣམས་ལ་འགུལ་བསྐྱོད་གཏོང་མཁན་ཞིག་མ་བྱུང་ན། ཡིན་ཤག་བྱས་ནས་སྡོད་བཞིན་ཡོད། འགུལ་བསྐྱོད་གཏོང་མཁན་ཞིག་བྱུང་ན་དེ་ལ་བསམ་བློ་གང་འདྲ་ཞིག་གཏོང་དགོས་མིན་དང་། ཇི་ལྟར་བྱེད་དགོས་མིན་སོགས་ལ་བསམ་བློ་ཞིག་སླེབས་ངེས་ཡིན། དེ་ཧ་ཅང་ཡག་པོ་རེད།

དེ་བཞིན་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དགག་པ་རྒྱག་མཁན་ཡོང་གིན་འདུག་པ་ཡག་པོ་རེད། འོན་ཀྱང་ཆོས་ལ་དགག་པ་རྒྱག་པ་ལ་ནང་པ་སངས་རྒྱས་པའི་ཆོས་དངོས་དེ་གང་འདྲ་ཞིག་ཡོད་པ་དང་། བདེན་གཉིས་ཀྱིས་རྨང་གཞི་བསླངས་ཏེ་དེའི་ཐོག་ཏུ་རྒྱུ་འབྲས་རྟེན་འབྱུང་དང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རྣམ་གཞག་གི་སྟེང་ནས་བདེན་བཞིའི་རྣམ་གཞག་གསུངས་པའི་འགྲོ་ལུགས་རྣམས་ལེགས་པར་ཤེས་ན་སྐྱོན་འདོགས་བྱ་རྒྱུ་གང་ཡང་ལྷག་མེད། ང་ཚོའི་ཆོས་པ་ཤེས་ལ་མ་ཤེས་པ་དག་གིས་ཀུ་རེ་བརྩེས་ནས་དགོན་པ་གྲྭ་ཚང་དང་། བླ་མ་རྣམས་བཤུ་གཞོག་གཏོང་མཁན་དང་། མི་ལ་མགོ་སྐོར་གཏོང་མཁན་ལྟ་བུ་ཞིག་ཏུ་མཐོང་ཉེན་ཡོད། སངས་རྒྱས་པའི་ཆོས་ལ་དགག་པ་བརྒྱབ་ན། དགག་པ་རྒྱག་ཡུལ་གྱི་ཕྱོགས་སྔའི་འདོད་པ་རྣམས་ལེགས་པར་ཤེས་དགོས་པ་ལས། དེ་མིན་ཕྱོགས་སྔའི་ནམ་མ་ལངས་གོང་ནས། དགག་པའི་ཉི་མ་ཤར་ཞེས་བརྗོད་སྲོལ་ཡོད་པ་ལྟ་བུར་ལྗིད་ཁོག་དང་། རིན་ཐང་གང་ཡང་མེད།

མདོར་ན། བསླབ་སྤྱོད་གཉིས་སྦྲགས་ནས་གསུངས་པ་དེ་བཀའ་གདམས་གཞུང་པ་བ་དག་གིས་བཀའ་གདམས་གཞུང་དྲུག་ཅེས་གསུངས་པ་དོན་ལ་གནས་ཤིང་། དེ་ལྟ་བུའི་ལེགས་བཤད་དེ་དག་གི་ཐོག་ནས་དངོས་གནས་རང་གཅེས་པར་འཛིན་པའི་གཅེས་འཛིན་དེ་ལ་ཁ་གྲག་རྒྱུ་མེད་པ་ཞིག་རིགས་ཚུལ་བརྒྱ་ཕྲག་དུ་མའམ་རིགས་ཚུལ་རྣམ་པ་མང་པོའི་ཐོག་ནས་གསུངས་ཡོད། རྗེ་རིན་པོ་ཆེའི་ལམ་རིམ་ནང་གི་གོ་རིམ་དེ་དག་ངེས་དགོས་པ་དེ་གལ་གནད་ཆེ་ལ། མདོར་ན་སྣང་གསུམ་གྱི་སྐབས་སུ་ཚེ་འདིའི་སྣང་ཞེན་ལྡོག་པ་དང་། ཕྱི་མའི་སྣང་ཞེན་ལྡོག་པ་ཞེས་སྡོམ་བསྐྱོན་སྟངས་དང་། གོ་རིམ་དེ་དག་བློ་ངོར་ཤར་བའི་ཐོག་ནས་སྤྱོད་འཇུག་གི་གཞུང་ལ་བསམ་བློ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

བྱང་ཆུབ་སེམས་སྦྱོང་གི་སྐོར་ལ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་བྱང་ཆུབ་སེམས་སྦྱོང་གི་རྣམ་གཞག་གསུངས་ཡོད། དེ་བཞིན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་ནང་དུའང་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་ཤུགས་ཆེར་གསུངས་ཡོད། འོན་ཀྱང་དམིགས་ཕུག་ནས་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཡོན་ཏན་བསྟན་པའི་སྒོ་ནས་འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད་པ་སོགས་བྱང་ཆུབ་སེམས་ཀྱི་གདམས་པ་རྨད་དུ་བྱུང་བའི་གཞུང་ནི་སྤྱོད་འཇུག་ཡིན།

རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ནི། ལ་ལས་དུས་རབས་བདུན་པར་མཛད་པ་དང་། འགའ་ཞིག་གིས་དུས་རབས་བརྒྱད་པར་མཛད་ཚུལ་གསུང་གིན་འདུག །འོན་ཀྱང་ངོས་ནས་དམིགས་བསལ་ཞིབ་འཇུག་ལྟ་བུ་གང་ཡང་བྱ་རྒྱུ་མ་བྱུང་། མདོར་ན་དུས་རབས་བརྒྱད་པ་ཡས་མས་ཙམ་ནས་ཧ་ལམ་ལོ་ངོ་སྟོང་ཕྲག་གཅིག་ཙམ་ཕྱིན་ཡོད་ལ། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་མཛད་ནས་དུས་ད་ལྟ་བར་དུ་བྱང་ཆུབ་སེམས་སྦྱོང་གི་གདམས་པའི་གཞུང་ངམ། བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་གཞག་སྟོན་པའི་ལེགས་བཤད་ཀྱི་གཞུང་འདི་ལས་ལྷག་པ་ཞིག་མ་བྱུང་བ་ཤིན་ཏུ་གསལ་ལ། ངོས་རང་སྒེར་ལ་ཆ་མཚོན་ནའང་། རང་ལོ་བཅུ་གཉིས་བཅུ་གསུམ་ཙམ་གྱི་སྐབས་ནས་བྱང་ཆུབ་ཀྱི་སེམས་ལ་མོས་པ་ཤུགས་ཆེ་ཡོད། འོན་ཀྱང་དེ་ནི་ཧ་ཅང་སྐྱེ་དཀའ་བ་ཞིག་རེད་སྙམ་གྱིན་ཡོད། ཉིན་ཞིག་སྟག་བྲག་རིན་པོ་ཆེར། ངོས་ནས་བྱང་ཆུབ་ཀྱི་སེམས་ཞེས་པ་འདི་ཧ་ཅང་རྩ་ཆེན་པོ་ཡིན་ནའང་ཤིན་ཏུ་སྐྱེ་ཁག་པོ་རེད་འདུག་ཅེས་ཞུས་པར། སྟག་བྲག་རིན་པོ་ཆེས་དེ་ལྟར་བརྗོད་རྒྱུ་མེད། སྟག་བྲག་རིན་པོ་ཆེ་སྐུ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་ཡོད། བྱང་ཆུབ་ཀྱི་སེམས་བསྒོམས་ན་སྐྱེ་ཡི་རེད་ཅེས་གསུངས་མྱོང་། སྐབས་དེར་ངོས་རང་ཆུང་ཆུང་རེད།

དེ་ནས་རྒྱ་གར་དུ་སླེབས་རྗེས་ངོས་ནས་ཕྱི་ལོ་ ༡༩༦༧ ལོར་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་སྤྱོད་འཇུག་གི་བཤད་ལུང་ཞུས་པ་ཡིན། དེ་ནས་བཟུང་བདག་གཞན་མཉམ་བརྗེའི་བློ་དེར་སེམས་ཐག་ཧ་ཅང་ཉེ་པོ་ཞིག་ཏུ་གྱུར་ཏེ། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེས་ཡོད་ཅེས་བརྗོད་མི་ཐུབ་ཀྱང་། རྩོལ་བཅས་ཀྱི་མྱོང་བ་ཐོན་པ་ཞིག་ཏུ་གྱུར་ཡོད། དེ་ནི་སྤྱོད་འཇུག་གི་བཀའ་དྲིན་རེད། བསམ་གྱིས་མི་ཁྱབ་པའི་གཞུང་ཞིག་རེད། སྤྱོད་འཇུག་གི་བཤད་ལུང་ཞུས་པ་ནས་བཟུང་སྟེ། ངོས་རང་ནས་སྤྱོད་འཇུག་ཡང་ཡང་བལྟས་པ་དང་། གཞན་ལའང་འཆད་ཁྲིད་ཅུང་ཟད་རེ་བྱས་པར་དངོས་གནས་རང་གཅེས་འཛིན་གྱི་མགོ་ལ། མི་ལ་ཆ་མཚོན་ན། མགོ་ལ་དབྱུག་པ་ཞུས་ཏེ་རང་གཅེས་འཛིན་འཁུམས་འགྲོ་བ་ལྟ་བུ་ཞིག་དང་། དངོས་གནས་མི་ཚེར་འགྱུར་བ་ཐེབས་པ་ཞིག་བྱུང་། བར་སྐབས་དབུས་གཙང་གི་ཁུལ་དུ་སྤྱོད་འཇུག་གི་བཤད་པ་དར་སྲོལ་དེ་ཙམ་མེད་པར་གྱུར་འདུག་པས། སྤྱོད་འཇུག་གི་བཤད་ལུང་འདི་ཉིད་ངོས་ཀྱིས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་དོན་གཉེར་ཆེན་པོ་བྱས་ཏེ་ཞུས་ཤིང་། ལྷག་པར་ཁུ་ནུ་བླ་མ་རིན་པོ་ཆེས་ཀྱང་། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་མཛད་ནས་དུས་ད་ལྟ་བར་དུ་བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་སྦྱོང་གི་གཞུང་འདི་ལས་ལྷག་པ་ཞིག་སྔར་བྱུང་མྱོང་མེད་ལ། མ་འོངས་པར་ཡང་ཡོང་གི་མ་རེད་ཅེས་གསུངས་བྱུང་བ་དངོས་བདེན་རེད་འདུག །

ང་རང་ཚོ་བདེན་འཛིན་མ་སྤངས་པའི་གང་ཟག་གི་རྒྱུད་ཀྱི་རང་གཅེས་འཛིན་དེ་ནི་བདེན་འཛིན་དང་ལག་གདང་སྦྲེལ་ནས་བསྡད་ཡོད་པས། ཤེས་རབ་ཀྱི་ཕྱོགས་ནས་བདག་མེད་རྟོགས་པའི་ཤེས་རབ་བམ། རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་སྟེ། ཐོས་བྱུང་གི་གོ་བ་དང་། བསམ་བྱུང་གི་གོ་བ་བཅས་བྱུང་ན་ཨང་ཀི་དང་པོ་ཡིན། དེ་ལྟ་བུའི་ཐོག་ནས་བདེན་འཛིན་ལ་ཁ་གཏད་གཅོག་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བདག་གཞན་མཉམ་བརྗེའི་བློ་སྦྱངས་ནས་རང་གཅེས་འཛིན་ལ་སྒོ་དུ་མ་ནས་བརྩད་དེ་རང་གཅེས་འཛིན་ཁ་གྲག་རྒྱུ་མེད་པ་ཞིག་བྱ་དགོས་ལ། རང་གཅེས་འཛིན་དང་བདེན་འཛིན་གཉིས་ལ་ཁ་གཏད་གདོང་ལེན་ཤུགས་ཆེ་ཞིག་ལངས་སྐབས་རང་གཅེས་འཛིན་དང་བདེན་འཛིན་གཉིས་པོ་རང་ཤུགས་ཀྱིས་ངོ་གནོང་ནས་སྡོད་དགོས་པ་ཞིག་ཡོད། སེམས་ལ་འགྱུར་བ་འདི་ལྟར་དུ་ཐེབས་དགོས་པ་ཡིན། དེས་ན་མགོན་པོ་ཞི་བ་ལྷ་ནི་བསམ་གྱིས་མི་ཁྱབ་ཅིང་། ཧ་ལས་པ། དངོས་གནས་བཀའ་དྲིན་ཅན་ཞིག་རེད་འདུག །

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །

ཞེས་པའི་དོན་ནི། སྤྱོད་འཇུག་གི་ཤེས་རབ་ལེའུའི་ནང་ཕྱི་ནང་གི་གྲུབ་མཐའ་མང་པོ་ཞིག་གི་འདོད་པ་བཀོད་ནས་དེ་དག་འགོག་ཚུལ་རྣམས་ལ་ཞིབ་ཚགས་ཀྱིས་བལྟས་ན། དབུ་མ་འཇུག་པའི་དོན་རྣམས་ཆ་ལག་ཚང་ཞིང༌། ཧ་ཅང་གཏིང་ཟབ་པོ་རེད་འདུག །གཞན་ཡང་བསླབ་བཏུས་དང༌། སྤྱོད་འཇུག་གཉིས་ལ་གཟིགས་ན་ཀུན་གྱིས་མཁྱེན་གསལ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་གྱི་སྐོར་ཕུལ་དུ་ཕྱིན་པ་ཡོད་ལ། དེ་བཞིན་བཟོད་པའི་ཉམས་ལེན་གྱི་སྐོར་དང༌། བསམ་གཏན་གྱི་ལེའུའི་སྐབས་བདག་གཞན་མཉམ་བརྗེ་བྱ་རྒྱུའི་སྐོར་རྣམས་རིགས་པའི་ཚུལ་མཐའ་ཡས་པའི་སྒོ་ནས་རང་གཅེས་འཛིན་ཁ་གྲག་རྒྱུ་མེད་པའི་རིགས་པ་བཀོད་ནས་ཡོད་པས་ན། གོང་གི་ཚིགས་རྐང་དེ་བཀོད་པ་ཡིན།

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །

རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

དེ་ལྟར་སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་པར་མཁས་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་གསོལ་བ་འདེབས་སོ། །ཞེས་པའོ། །

རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་དེ་སྔ་བོད་ལ་ཡོད་ཀྱང་། དེ་དག་ནང་པཎ་གྲུབ་གྲགས་ཅན་མང་པོ་ཞིག་ཚུད་མེད་སྟབས། ངོས་ནས་པཎ་གྲུབ་བཅུ་བདུན་གསར་གཏོད་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། རྒྱལ་སྲས་ཞི་བ་ལྷ་ཡིན། དེ་བཞིན་སློབ་དཔོན་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། ཞི་འཚོ་ཡབ་སྲས། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ་སོགས་ང་ཚོས་དཔེ་ཆ་བལྟ་རྒྱུའི་གཞུང་གཙོ་བོ་འདི་དག་གིས་མཛད་པ་ཡིན་པས། ངོས་ནས་པཎ་གྲུབ་བཅུ་བདུན་བྱེད་དགོས་པའི་རྒྱུ་མཚན་འདི་ལྟར་ཡིན།།  །།

 

༧༽ མཁན་ཆེན་ཞི་བ་འཚོ།

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །

ཞེས་པ་ལྟར། གདུལ་བྱའི་ཁམས་མོས་བཞིན་དུ་གཟུང་འཛིན་གཉིས་སྟོང་སྟེ། སེམས་ཙམ་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད་གསུངས་པ་ནི། ཤེར་ཕྱིན་གཞུང་གི་ཚིག་དོན་སྒྲ་ཇི་བཞིན་པར་ཁས་བླངས་ན། ཆད་ལྟའམ་སྐུར་འདེབས་སུ་འགྲོ་ཉེན་ཡོད་པའི་གདུལ་བྱའི་ཁམས་མོས་སྣ་ཚོགས་དང་བསྟུན་ནས་ཤེར་ཕྱིན་གྱི་གཞུང་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དེ་དག་ངོ་བོ་ཉིད་མེད་ཚུལ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་ཞེས་རྣམ་རིག་པའི་འགྲེལ་ལུགས་ཤིག་ཡོད་པ་དེ་ཡང་གནད་འགག་ཧ་ཅང་ཆེན་པོ་ཡོད།

རང་རྒྱུད་གོང་མ་ཞེས་གསུངས་པ་ནི་མཁན་ཆེན་ཞི་བ་འཚོའི་ལུགས་ཡིན་ལ། མཁན་ཆེན་ཞི་འཚོས་རྣམ་རིག་པའི་ལྟ་བ་སྟེ་ཆོས་ཀྱི་བདག་མེད་རགས་པ་ཞལ་གྱིས་བཞེས་ཤིང་། རང་ལུགས་ལ་ཆོས་ཐམས་ཅད་བདེན་པས་སྟོང་པའི་དབུ་མའི་ལྟ་གྲུབ་བཞེད། མདོར་ན། སེམས་ཙམ་པའི་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཀྱང་ཞལ་གྱིས་བཞེས་པའི་ཐོག་ཆོས་ཐམས་ཅད་བདེན་གྲུབ་ཏུ་བཀག་ཅིང་། ནང་གི་ཤེས་པ་ཡང་བདེན་པར་གྲུབ་པ་བཀག་ནས། དེ་ལྟ་བུའི་རང་རྒྱུད་གོང་མ་ཞེས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པའི་དབུ་མའི་སྲོལ་བཏོད་ནས་རང་ཉིད་ཀྱི་གྲུབ་མཐའ་རང་རྐང་ཚུགས་པ་མཛད་མཁན་ཞིག་ཡིན། དེས་ན་ཁོང་ཉིད་མཁས་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཀྱང་ཡིན།

དེ་ལྟར་མཁན་ཆེན་ཞི་བ་འཚོའི་དབུ་མའི་ལྟ་བ་དེ་གདུལ་བྱའི་ཁམས་དང་བསྟུན་ནས་སེམས་ཙམ་པའི་ལྟ་བ་དང་མཐུན་པ་ཞིག་གསུངས་ཤིང་། དེ་ཡང་སེམས་ཙམ་པའི་ལྟ་བ་ཕྱོགས་གཅིག་ལ་བཞེད་ཅིང་། དེའི་ཐོག་ཏུ་དབུ་མའི་ལྟ་བ་ཡང་བསྣན་ནས་གཉིས་སྟོང་དབུ་མའི་ལམ་ཞལ་གྱིས་བཞེས། མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱི་བཞེད་པ་ཇི་ལྟར་ཡིན་རུང་། གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས། དེ་དག་གི་ཆེད་དུ་གཟུང་འཛིན་གཉིས་སྟོང་ཞལ་གྱིས་བཞེས་ཤིང་། ཕྱི་དོན་ཞལ་གྱིས་མི་བཞེས་མོད། སེམས་ཙམ་པ་དང་མི་འདྲ་བར་སེམས་བདེན་སྟོང་ཞལ་གྱིས་བཞེས་པ་དེ་ལྟ་བུའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་དབུ་མའི་ལམ་སྲོལ་གཏོད་པ་པོ་ཡིན་ལ། མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་དང༌། དེ་བཞིན་ཚད་མའི་དེ་ཁོ་ན་ཉིད་བཅས་ཀྱི་སྐབས་སུ་དངོས་གནས་དབུ་ཚད་ཟུང་འབྲེལ་གྱི་སྟེང་ནས་འགྲོ་རྒྱུའི་རྨད་དུ་བྱུང་བའི་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་ཡོད་པ་ཞིག་ཡིན་པས་སྲོལ་གཏོད་ཅེས་གཉིས་སྟོང་གི་དབུ་མའི་ལམ་སྲོལ་གཏོད་པར་མཛད་པ་དང་། དབུ་མ་དང་ཚད་མའི་རིགས་པའི་ཚུལ་འབྱེད་པ་ལ་མཁས་པའི་དབང་པོ་ཞིག་ཀྱང་རེད།

ལྷག་པར་མཁན་ཆེན་ཞི་བ་འཚོ་ནི། དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཞིག་ཡིན་པར་མ་ཟད། པཎ་གྲུབ་གཞན་དང་མི་འདྲ་བར་རང་ཉིད་ཀྱི་གྲུབ་མཐའ་རང་རྐང་ཚུགས་པ་ཞིག་གནང་ཡོད་སྟབས། ནམ་རྒྱུན་ང་ཚོའི་གཞུང་ལུགས་ཁག་ཏུ་གསལ་བ་ལྟར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་གནང་མཁན་ཡིན།

སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །

མཁན་ཆེན་ཞི་བ་འཚོའི་གསུང་ལ་མཚོན་ན། དབུ་མ་རྒྱན་རྩ་འགྲེལ་དང་བཅས་པ་ལྗགས་རྩོམ་མཛད་ཅིང་། གཞན་ཡང་ཁོང་གི་གཞུང་ཐུན་མོང་མ་ཡིན་པ། གལ་གནད་ཤིན་ཏུ་ཆེ་བ་གཙོ་བོ་གཅིག་ནི། གོང་དུ་བཤད་པ་ལྟར་ཚད་མའི་དེ་ཁོ་ཉིད་བསྡུས་པ་སྟེ་ཚད་ཆེན་དུ་གྲགས་པ་དེ་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཞིག་དང་། གཞུང་དེ་ཧ་ཅང་མཁྲེགས་པོ་ཞིག་འདུག །འོན་ཀྱང་གནད་འགག་གཅིག་ནི། དཔལ་ལྡན་ཆོས་གྲགས་བྱོན་པ་ཡན་ཆད་ལ་མུ་སྟེགས་པའི་ཚད་མའི་རྣམ་གཞག་སོགས་ལྟ་གྲུབ་རྣམས་ལ་ཕྱོགས་གླང་ཆོས་གྲགས་སོགས་ཀྱིས་དགག་བཞག་སྤོང་གསུམ་གྱི་ཐོག་ནས་བགྲོ་གླེང་ཤུགས་ཆེ་མཛད་ཡོད་ལ། ཕྱོགས་གླང་ཆོས་གྲགས་རྣམ་གཉིས་མྱ་ངན་ལས་འདས་པའི་རྗེས་སུ་ཕྱི་རོལ་མུ་སྟེགས་པའི་མཁས་པའི་དབང་པོའི་རིགས་ཀྱིས་ཚད་མའི་རྣམ་གཞག་མཛད་པ་དང་། ལྟ་གྲུབ་སོགས་དཀའ་གནད་ཀྱི་རིགས་ལ་མཁན་ཆེན་ཞི་འཚོས་ཚད་ཆེན་གྱི་ནང་དུ་ལན་བསྐྱོན་ཡོད། དེ་དག་གལ་གནད་ཤིན་ཏུ་ཆེ་ཞིང་། རྒྱ་གར་འཕགས་པའི་ཡུལ་གྱི་ཕྱི་རོལ་མུ་སྟེགས་པའི་མཁས་པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་ཚད་མའི་རྣམ་གཞག་གསུངས་པའི་རིགས་ལ་དུས་ཕྱིས་དུས་རབས་བརྒྱད་པའི་ནང་དུ་བྱུང་བའི་མཁན་ཆེན་ཞི་འཚོའི་ཚད་ཆེན་དེ་ཧ་ལས་པ་ཞིག་རེད་འདུག །

བོད་གངས་ཅན་གྱི་ལྗོངས་སུ་དུས་ད་བར་དབུ་ཚད་ཀྱི་གཞུང་ལུགས་སོགས་ལ་སློབ་གཉེར་བྱས་ཏེ་རང་ཉིད་ཀྱི་སེམས་ལ་ངེས་པ་འདྲེན་པ་ཞིག་དང་། གཞན་ལའང་འགྲེལ་བཤད་བྱེད་ཐུབ་པ་འདི་དག་ནི། མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་རེད། མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་ལ་ཆ་མཚོན་ན། ནམ་རྒྱུན་རི་བོ་དགེ་ལྡན་པའི་གདན་ས་སེ་འབྲས་དགའ་གསུམ་གྱིས་མཚོན་བཤད་གྲྭ་ཁག་ཏུ་བློ་རིག་རྣོ་བ་འགའ་ཞིག་གིས་ཚད་ཆེན་བློ་འཛིན་བྱེད་པ་ལས། དེ་མིན་ཕལ་མོ་ཆེར་གོམས་འདྲིས་ཆེ་བ་མི་འདུག་ཅིང་། སྔ་འགྱུར་རྙིང་མར་ཆ་མཚོན་ནའང་། མཁན་ཆེན་ཞི་འཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ཀྱང་། ཚད་ཆེན་ལ་སློབ་གཉེར་བྱེད་མཁན་དེ་ཙམ་མི་འདུག །དེར་བརྟེན་རྙིང་མའི་བཤད་གྲྭ་ཆེ་ཤོས་པད་ནོར་རིན་པོ་ཆེའི་གདན་ས་རྣམ་གྲོལ་གླིང་དུ་ནམ་རྒྱུན་དབུ་ཕར་སོགས་གཞུང་ཆེན་མོར་ལོ་དགུ་རིང་སློབ་གཉེར་བྱེད་སྲོལ་འདུག་སྟབས། ངོས་ནས་ལོ་དགུ་ཉུང་དྲགས་པས་ཁྱེད་རང་ཚོས་གོ་བསྡུར་ཐོག་མོས་མཐུན་ཡོད་ཚེ། ལོ་དགུའི་ཐོག་ཚད་ཆེན་ལ་ལོ་གསུམ་རིང་སློབ་གཉེར་བྱེད་ཐུབ་ན་ཡག་པོ་འདུག །ཅེས་འབོད་སྐུལ་ཞུས་པ་ཡིན། འབོད་སྐུལ་ཞུས་དོན་ལྟར་ཁོང་རྣམས་ནས་ཀྱང་དེ་རང་ཞུ་ཡི་ཡིན་ཞེས་གསུངས་ཏེ་དེང་སྐབས་ལོ་དགུའི་སློབ་གཉེར་གྱི་ཐོག་ཏུ་ཚད་ཆེན་ལ་ལོ་གསུམ་སློབ་གཉེར་བྱ་རྒྱུ་བསྣན་ནས་ལོ་ངོ་བཅུ་གཉིས་རིང་སློབ་གཉེར་བྱ་རྒྱུའི་ལམ་སྲོལ་བཟོས་ཡོད་པ་ཧ་ཅང་ཡག་པོ་འདུག །ཚད་ཆེན་གྱི་གཞུང་འདི་ཉིད་ཧ་ལས་པ་ཞིག་རེད་འདུག །ངོས་ནས་འགའ་ཞིག་ལ་ཚད་ཆེན་སློབ་ཁྲིད་བྱེད་དགོས་ཞེས་བརྗོད་པར། ལ་ལས་ཧ་ཅང་མཁྲེགས་པོ་འདུག་ཅེས་རྗོད་ཀྱིན་འདུག །མཁྲེགས་པོ་ཡོད་ན་ཨུ་ཚུགས་ཀྱིས་ལྟ་དགོས།

དེ་བཞིན་སྔ་འགྱུར་རྙིང་མའི་ཁམས་དང་དབུས་ཕྱོགས་ཀྱི་དགོན་ཆེན་དེ་དག་གིས་གཞུང་ཆེན་དག་ལ་འཆད་ཉན་གནང་བཞིན་ཡོད་ཀྱང་། དཔལ་ས་སྐྱ་པ་དང་། རི་བོ་དགེ་ལྡན་པ་ལྟ་བུའི་རྩོད་པ་ཤུགས་ཆེར་གནང་སྲོལ་དེ་ཙམ་མི་འདུག་པར་མ་ཟད། སྔ་འགྱུར་རྙིང་མའི་བླ་མ་འགའ་ཞིག་གི་ཐུགས་གཤིས་ལ་མོས་གུས་དང་སྒྲུབ་པ་གཙོ་བོར་གསུངས་པ་ལས། རྩོད་པས་མཐའ་དཔྱད་པའི་ཐོག་ནས་འགྲོ་སྲོལ་དེ་ཙམ་མེད་པ་ལྟ་བུ་ཡོང་གིན་ཡོད། སྔ་འགྱུར་རྙིང་མ་ནི་མཁན་སློབ་ཆོས་གསུམ་ནས་མར་བརྒྱུད་པའི་བརྒྱུད་འཛིན་གཙོ་བོ་ཞིག་སྟེ། སྦྱིན་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། སློབ་དཔོན་ཐུགས་རྗེ་ཅན་དང་། མཁན་ཆེན་ཞི་འཚོ་རྣམ་པ་གཉིས་ནས་ཆོས་རྒྱུན་ཡོད་པ་དེ་དག་མར་བརྒྱུད་ནས་ཡོང་བ་ཞིག་ཡིན། དེ་ཡང་སློབ་དཔོན་རིན་པོ་ཆེས་ཐུགས་འགན་རྐང་བཞེས་ཀྱི་ཐོག་ནས་གསང་སྔགས་ཀྱི་བསྟན་པ་སྤེལ་བར་མཛད་ཅིང་། དབུ་མའི་ལྟ་བ་དང་། འདུལ་བའི་བསྟན་པ་སྟེ། མདོར་ན། ཐེག་པ་ཐུན་མོང་བའི་ལམ་དེ་དག་མཁན་ཆེན་ཞི་འཚོ་ནས་བརྒྱུད་པ་ཞིག་ཡིན་པས། མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན་ལས[15]།

བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང༌། །

དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །

ཞེས་སོགས་གསུངས་ཏེ། དབུ་མ་རྒྱན་གྱི་དབུ་ནས་ཞབས་བར་རྟགས་གསལ་ཁོ་ནའི་ཐོག་ནས་ལྗགས་རྩོམ་མཛད་ཡོད་པར་མ་ཟད། མཁན་ཆེན་ཞི་བ་འཚོ་རང་ཉིད་རྩོད་པའི་ཁྱུ་མཆོག་ཅིག་ཡིན་སྟབས། ཁོང་གི་རྗེས་འབྲང་པ་དག་གིས་ཀྱང་མཚན་ཉིད་རིག་པའི་གཞུང་ལ་ངེས་པར་དུ་གཟིགས་གལ་ཆེ་ཞིང་། རྟགས་གསལ་ཡང་ངེས་པར་དུ་གཏོང་དགོས་ཞེས་ངོས་ནས་སྔ་འགྱུར་རྙིང་མ་བ་རྣམས་ལ་ཀུ་རེ་དང་བཅས་ཏེ་རྗོད་ཀྱིན་ཡོད། དེས་ན་སློབ་དཔོན་ཐུགས་རྗེ་ཅན་དང་། མཁན་ཆེན་ཞི་འཚོ་རྣམ་གཉིས་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད་འདུག །

མདོར་ན། མཁན་ཆེན་ཞི་བ་འཚོ་རང་ཉིད་གཞུང་ལུགས་ཚང་མ་མཐར་ཕྱིན་པ་ཞིག་གིས་སློབ་མ་རྣམས་ལ་སློབ་ཁྲིད་གནང་བས་ན། སྐབས་དེའི་བོད་རིགས་རྣམས་བསོད་ནམས་ཆེན་པོ་ཡིན་པར་མ་ཟད། སེམས་ཤུགས་ཆེན་པོས་མཁན་ཆེན་ཞི་བ་འཚོས་ལམ་སྟོན་གནང་བ་གཞིར་བཟུང་ཤར་བསྐྱོད་ཕྱིན་ཡོད། རིམ་བཞིན་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་ལྗགས་རྩོམ་མཛད་པ་ནི། བོད་པས་བརྩམས་པའི་ཚད་མའི་གཞུང་ཐོག་མ་དེ་ཡིན། དེ་རྗེས་རིམ་བཞིན་ཕྱྭ་པ་ཆོས་སེང་སོགས་ཀྱིས་ཚད་མའི་གཞུང་ལ་ཐུགས་སྣང་ཆེན་པོ་གནང་ཡོད། དེང་སྐབས་ང་ཚོས་གཟན་སྐེད་པར་དཀྲིས་ནས་རྐང་ལག་གི་ཕྱག་རྒྱ་དང་བཅས་ཏེ་ཐལ་དང་ཕྱིར་ཞེས་པའི་བརྗོད་པ་འདི་རིགས་ཀྱང་སྐབས་དེ་ནས་བྱུང་བ་ཞིག་ཡིན་འདུག །དེ་ལྟར་བོད་ལ་ཚད་མ་རིག་པ་དར་སོ་ཧ་ཅང་ཆེན་པོ་བྱུང་ཡོད། དེ་དག་ནི་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ཡིན་ལ། དེའི་ཐོག་ང་ཚོ་བོད་པས་ཀྱང་བསམ་པ་རྣམ་དག་བྱས་ཤིང་། དགེ་རྒན་དབུ་ཚད་སེངྒེ་མཇིང་བསྣོལ་གནང་མཁན་ཞིག་ཡིན་སྟབས། ཁོང་གི་དགོངས་པ་ལ་གང་ཞིག་ཡོད་པ་དེ་རང་བོད་པས་བསྒྲུབས་ཡོད།

དེང་སྐབས་འཛམ་གླིང་འདིའི་ཐོག་གི་ནང་པའི་ཡུལ་ལུང་ཡོངས་རྫོགས་ཀྱི་ནང་ནས་ཚད་མ་རིག་པའི་ཐོག་ལ་རྟགས་གསལ་བཏང་སྟེ་བཤད་རྒྱུ་ཡོད་པ་ནི། བོད་གཅིག་པུ་ཡིན་པ་ལས་གཞན་སུ་ཞིག་ཀྱང་མེད། རྒྱ་ནག་གི་ནང་པ་རྣམས་ཀྱིས་དབུ་མའི་གཞུང་ལ་སྦྱང་བ་བྱེད་ཀྱིན་ཡོད་ལ། ཤེར་ཕྱིན་གཞུང་གི་རྗེས་འབྲང་ཡང་ཡིན། འོན་ཀྱང་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་སོགས་རྒྱ་ནག་གི་སྐད་དུ་བསྒྱུར་མེད་པ་ལྟ་བུ་རེད་འདུག །དེ་མིན་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་རིགས་སྒོ་ཚིགས་བཅད་དང་། ཚིག་ལྷུག་གཉིས་ཡོད་པ་ལས་ཚིག་ལྷུག་དེ་ཉིད་རྒྱ་ཡིག་ལ་བསྒྱུར་ཡོད་འདུག །དེ་མིན་ཚད་མའི་གཞུང་རྒྱ་སྐད་དུ་རྩ་བ་ནས་བསྒྱུར་མི་འདུག །ཚད་མའི་གཞུང་ནི་སློབ་དཔོན་ཕྱོགས་གླང་ཆོས་གྲགས་ནས་བཟུང་སྟེ་དར་འཕེལ་བྱུང་བ་དང་། དེའི་ཐོག་སློབ་གཉེར་མཐར་ཕྱིན་པ་བྱེད་མཁན་ནི་བོད་གཅིག་པུ་ཡིན་པས། འཛམ་གླིང་འདིའི་ཐོག་ནང་པ་དུང་ཕྱུར་བདུན་བརྒྱད་ཉུང་མཐར་ཡོད་པའི་ཁྲོད་ནས་ཚད་མའི་གཞུང་གི་སློབ་གཉེར་ཡོད་པ་ནི་བོད་པ་གཅིག་པུ་རེད་འདུག །

ལྷག་པར་ཚད་མའི་གཞུང་གཙོ་ཆེ་བ་ཚང་མ་བོད་ཡིག་ཐོག་ཏུ་བསྒྱུར་ནས་ཡོད་པར་མ་ཟད། སློབ་དཔོན་ཕྱོགས་གླང་ཆོས་གྲགས་དང་། མཁན་ཆེན་ཞི་བ་འཚོ་ཡབ་སྲས་སོགས་ཀྱིས་མཛད་པའི་གཞུང་ལུགས་རྣམས་སྐད་ཡིག་གཞན་དག་བརྒྱུད་མི་དགོས་པར། རང་ཉིད་ཀྱི་སྐད་ཡིག་ཐོག་ཏུ་ཡོད་པའང་ང་ཚོ་བོད་པ་གཅིག་པུ་ཡིན། འདི་དག་བདག་པོ་མ་བརྒྱབ་པར་བཞག་ན་ངོ་ཚ་དགོས་པ་ཞིག་ཡིན། སློབ་དཔོན་ཕྱོགས་གླང་ཆོས་གྲགས་དང་། ཞི་འཚོ་ཡབ་སྲས་སོགས་ཀྱིས་མ་འོངས་པར་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་ལེགས་བཤད་ཀྱི་བསྟན་བཅོས་དེ་དག་མཛད་པ་ཞིག་ཡིན་པས། དེ་དག་བདག་པོ་མ་བརྒྱབ་ན་ཧ་ཅང་ཐབས་སྐྱོ་པོ་རེད།

དེ་ཡང་ང་ཚོ་བོད་པས་དེང་གི་དུས་རབས་ཉེར་གཅིག་པའི་ནང་དུ་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་གཏན་ལ་ཕབ་པའི་གཞུང་ལུགས་རྣམས་རྩ་བ་བློར་འཛིན་པ་དང་། འགྲེལ་པ་ཚིག་འབྲུ་རེ་རེ་བཞིན་རྒྱ་འགྲེལ་དང་བོད་འགྲེལ་གྱི་ཐོག་ནས་བལྟས། དེ་དག་གི་ནང་དུ་ཚད་མའི་རིག་པའི་གཞུང་དང་འབྲེལ་ནས་རྩོད་པ་བརྩད་ནས་གཏན་ལ་འབེབས་རྒྱུ་ཡོད་པ་འདི་ལྟ་བུ་བོད་གངས་ཅན་གྱི་ལྗོངས་སུ་མ་གཏོགས་གཞན་ལ་མེད། དེས་ན་མཁན་ཆེན་ཞི་བ་འཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག་པས།

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

ཞེས་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་ཆོས་དང་། ལྷག་པར་སངས་རྒྱས་པའི་ལྟ་གྲུབ་ནི། སྔར་རྒྱ་གར་འཕགས་ཡུལ་དུ་ཐོག་མར་ཏག་ཤི་ཤཱི་ལ་དང་། དཔལ་ནཱ་ལེནྡྲ། བི་ཀྲ་མ་ཤཱི་ལ་བཅས། དུས་རབས་སོ་སོར་གཙུག་ལག་ཁང་དེ་དག་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ཡུལ་གྱི་གནས་གཞི་ཆེན་པོར་གྱུར་པའི་ནང་ནས་ཤུགས་ཆེ་ཤོས་ནི། དཔལ་ནཱ་ལེནྡྲ་ཡིན་ཅིང་། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་། ཐོགས་མེད་སྐུ་མཆེད་ལ་སོགས་པ་དེ་དག་ནཱ་ལེནྡྲ་ནས་ཕེབས་པ་ཤ་སྟག་རེད་འདུག །

དེ་ལྟར་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ། མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་ཆོས་བརྒྱུད་ངོ་སྤྲོད་གནང་བ་ཞིག་ཡིན་ལ། ནཱ་ལེནྡྲའི་ཆོས་བརྒྱུད་དེ་གཙོ་བོ་ཚད་མ་རིག་པ་དང་སྦྲེལ་ནས་ཡོང་བ་དེ་ཧ་ལས་པ་ཞིག་རེད། དེ་ལྟ་བུའི་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་གདན་ཞུ་གནང་སྐབས། དགུང་ལོ་བདུན་ཅུ་དོན་གྲངས་སུ་ཕེབས་པའི་བགྲེས་སོང་ཞིག་ཡིན་ནའང་། བོད་ཀྱི་བཙན་པོས་གདན་ཞུ་གནང་བར་བརྟེན། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་བོད་གངས་ཅན་གྱི་ཡུལ་དུ་དར་བར་དགོངས་ནས་བོད་ཀྱི་སྐྱེ་འགྲོའི་ཆེད་དུ་བོད་གངས་ཅན་གྱི་ལྗོངས་སུ་དངོས་སུ་ཞབས་ཀྱིས་བཅགས་པར་མ་ཟད། མཐའ་མ་ཁོང་ཉིད་ཀྱི་སྐུ་ཚེའི་འདུ་བྱེད་ཀྱང་བོད་རང་དུ་བཏང་གནང་བ་དང་། དེ་ཡང་བོད་དང་བོད་མི་རིགས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་བཅས་ཀྱི་དོན་དུ་སྐུ་སྲོག་བློས་གཏོང་གནང་བ་ལྟ་བུར་གྱུར་ཡོད།

དེ་ལྟར་བོད་གངས་ཅན་ལྗོངས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སངས་རྒྱས་པའི་བསྟན་པ་ཐོག་མར་སྲོལ་བཏོད་ཅིང་། དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་ཐང་རྒྱལ་པོའི་སྲས་མོ་རྒྱ་བཟའ་ཀོང་ཇོ་དང་འཁྲུངས་ས་བསྐྱོན་ནས་གཉེན་གྱི་འབྲེལ་བ་ཚུགས་ཤིང་། སྐབས་དེར་བོད་ལ་སངས་རྒྱས་པའི་ཆོས་ལ་དོ་སྣང་ཤུགས་ཆེ་བྱུང་བ་ནི། དེ་ལྟ་བུའི་ཐོག་ནས་ཤུགས་རྐྱེན་ཐེབས་ཡོད། དེ་ཡང་ལྷ་སའི་ཇོ་ཤཱཀ་རྣམ་གཉིས་ལས་ཇོ་བོ་མི་བསྐྱོད་རྡོ་རྗེ་བལ་ཡུལ་ནས་བལ་བཟས་གདན་ཞུ་གནང་བ་དང་། ཇོ་བོ་ཤཱཀྱ་མུ་ནེ་རྒྱ་བཟས་རྒྱ་ནག་ནས་གདན་ཞུ་གནང་སྟེ། དེ་གཉིས་བཞུགས་ཡུལ་སླད་གཙུག་ལག་ཁང་རྣམ་གཉིས་བཞེངས་པ་སྟེ། རྒྱ་བཟས་རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་དང་། བལ་བཟས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ནས་རྟེན་གཙོར་བཞུགས་སུ་གསོལ་བ་སོགས་འབྲེལ་བ་ཤུགས་ཆེ་ཡོད།

དེ་ལྟར་ལྷ་ས་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་བརྙན་དེ་ཉིད་ཀྱང་། རྒྱ་ནག་ཞིས་ཨན་ནས་གདན་ཞུ་གནང་བ་ཞིག་ཡིན། ངོས་རང་ཕྱི་ལོ་ ༡༩༥༥ ལོར་ཞིས་ཨན་དུ་སླེབས་ཤིང་། སྐབས་དེར་ལྷ་ས་གཙུག་ལག་ཁང་གི་རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་གདན་ཞུ་གནང་སའི་ལྷ་ཁང་དེ་ཉིད་ཞིས་ཨན་དུ་འདུག་ཅིང་། ལྷ་ཁང་དེར་བཞུགས་ཁྲི་སྟོང་པ་ཞིག་འདུག་པ་སྔར་ཇོ་བོའི་བཞུགས་ཁྲི་ཡིན་པ་དང་། ཇོ་བོ་འདི་ནས་གདན་ཞུ་གནང་བ་རེད་ཅེས་རྗོད་ཀྱིན་འདུག །སྐབས་དེར་ཞིས་ཨན་ནི་རྒྱ་ནག་ཐང་རྒྱལ་པོའི་རྒྱལ་ས་ཡིན། དེ་ལྟར་བྱས་ཏེ་བོད་དུ་དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ནང་ཆོས་ལ་ཐུགས་སྣང་དམིགས་བསལ་ཞིག་བྱུང་ཡོད།

སྐབས་དེར་རྒྱ་གར་ལའང་ཧ་ཅང་ཐུགས་སྣང་ཆེན་པོ་གནང་འདུག་ལ། བོད་ཡིག་འདི་ཉིད་ཀྱང་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ཏེ་བཟོས་པ་ཞིག་ཡིན་ཅིང་། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཟོས་པ་དང་། བོད་ཡིག་ཡར་རྒྱས་བཏང་བའི་བཤད་སྲོལ་གཉིས་ཡོད་པ་ལས། སྔར་སྲོང་བཙན་སྒམ་པོའི་གོང་རོལ་ནས་བོན་གྱི་ཞང་ཞུང་སྨར་ཡིག་ཅེས་པ་དེ་ཉིད་ཡར་རྒྱས་བཏང་ཚུལ་གསུང་མཁན་གཅིག་དང་། ཡང་ལ་ལས་བོད་ཡིག་གི་སྲོལ་གསར་བཏོད་མཛད་ཅེས་གསུང་མཁན་བཅས་གཉིས་ཡོད། དེ་ལྟར་གང་ཞིག་ཡིན་ནའང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཡིག་གཏན་འབེབས་གནང་བ་དང་། ལྷག་པར་ཐོན་མི་སམ་བྷོ་ཊས་ལུང་སྟོན་པ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་སོགས་མཛད་ནས་གཏན་འབེབས་གནང་ཡོད།

སྐབས་དེར་རྒྱ་ནག་དང་གཉེན་འབྲེལ་གྱི་འབྲེལ་བ་ཤུགས་ཆེ་བྱུང་ཡོད། འོན་ཀྱང་བོད་ཡིག་དེ་ཉིད་རྒྱ་ཡིག་ལ་དཔེ་མ་བལྟས་པར་རྒྱ་གར་གྱི་ཡི་གེར་དཔེ་བླངས་པ་དང་། ལྷག་པར་དེ་ཝ་ན་ག་རི་ཞེས་པའི་ཡི་གེར་དཔེར་བལྟས་ནས། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཞེས་སོགས་གསལ་བྱེད་དེ་དག་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵཿ བཅས་རྒྱ་གར་གྱི་གསལ་བྱེད་སོ་བཞི་ལས་སྔགས་སྐད་ལ་གཙོ་བོར་ཡོད་པའི་ཚིག་འགའ་ཞིག་དོར་བར་བྱས་པ་ལས། གཞན་དེ་དག་ལ་དཔེ་བླངས་ནས་གསལ་བྱེད་སུམ་ཅུར་མཛད། དེ་ལྟར་མདོར་ན་བོད་ཡིག་དེ་ཉིད་རྒྱ་གར་གྱི་ཡི་གེར་དཔེ་བླངས་ཡོད།

དེ་རྗེས་དུས་རབས་བརྒྱད་པར་བྱོན་པའི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། མཁས་པ་རྣམ་དཔྱོད་ལྡན་པ་ཞིག་སྟེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རང་ཉིད་ཀྱི་མ་ཡུམ་རྒྱ་བཟའ་ཡིན་པའི་བརྗོད་ཚུལ་ཞིག་ཡོད། འོན་ཀྱང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་པའི་ཆོས་དེ་ཉིད་ཁུངས་བཙན་ཞིག་དགོས་པས་ན། རྒྱ་གར་རང་ལ་ཁུངས་གཏུགས་པ་གནང་ཡོད། དེ་ལྟར་རྒྱ་གར་ལ་ཁུངས་གཏུག་སྐབས། དེའི་ཚེ་དེའི་དུས་སུ་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ལྟ་བུ་གཅིག་ནི། མཁན་ཆེན་ཞི་བ་འཚོ་ཡིན་པས་ཁོང་ཉིད་བོད་དུ་གདན་ཞུ་གནང་བ་བཅས་ནང་ཆོས་དར་ཁྱབ་ཤུགས་ཆེར་གཏོང་རྒྱུ་དང་། དེ་ཡང་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བརྟན་པོ་ཞིག་སྤེལ་ཐུབ་ཐབས་ལ་དགོངས་ནས་སྐབས་དེར་རྒྱ་ནག་གི་ཧྭ་ཤང་རིགས་ལས་རྒྱ་ནག་བརྒྱུད་ནས་ནང་ཆོས་བཞེས་ན་ལས་སླ་བ་ཡོད་ཀྱང་། གཙོ་བོ་རྒྱ་གར་རང་ལ་དགོངས་པ་བཞེས་ཤིང་། རྒྱ་གར་དུ་དེའི་ཚེ་དེའི་དུས་སུ་ནཱ་ལེནྡྲ་ཡར་རྒྱས་ཀྱི་རྩེ་སོར་སོན་པའི་སྐབས་ཡིན་འདུག །མ་གཞི་ནཱ་ལེནྡྲར་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ནས་སློབ་གཉེར་ཁང་ཞིག་དང་། མཁས་པའི་བསྟི་གནས་ཆུང་ངུ་ཞིག་ཡོད་ཅེས་རྗོད་མཁན་ཡང་འདུག །མདོར་ན། དེའི་ཚེ་དེའི་དུས་སུ་རྒྱ་གར་གྱི་རིག་གནས་གཙོ་བོ་ཚང་མར་སློབ་སྦྱོང་བྱེད་སའི་བསྟི་གནས་ཆུང་ཆུང་ཡོད་པ་དེ་ཉིད་རིམ་བཞིན་ནང་པའི་མཁས་དབང་དུ་མ་ཐོན་ནས་ནང་པའི་བསྟི་གནས་དང་། ནང་པའི་བཤད་གྲྭ་གཙོ་བོར་གྱུར་པ་ཞིག་ཡིན་ཚུལ་གསུང་གིན་འདུག །དེ་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་དབུས་པཎ་གྲུབ་བཅུ་བདུན་རྣམས་དཔལ་ནཱ་ལེནྡྲ་ནས་ཐོན་པ་ཤ་སྟག་ཡིན། བ་སུ་བནྡྷུ་སྟེ་སློབ་དཔོན་དབྱིག་གཉེན་ཏག་ཤི་ཤི་ལར་འབྲེལ་བ་ཡོད་པའི་གསུང་རྒྱུན་ཞིག་ཀྱང་ཡོད།

མདོར་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་བཀའ་བསྡུ་རྣམས་མཛད་ཅིང་། དེ་རྗེས་ཏག་ཤི་ཤཱི་ལར་བཤད་གྲྭ་ཆེན་པོ་ཞིག་ཚུགས་པ་ཡིན་འདུག །དེ་ནི་དེང་སྐབས་པ་ཀི་སི་ཐན་ནང་དུ་ཡོད། བཤད་གྲྭ་དེ་རྗེས་སུ་རིམ་བཞིན་ཉམས་ནས་བྷི་ཧར་མངའ་སྡེའི་ནང་ནཱ་ལེནྡྲ་ཚུགས་པ་དང་། ཡང་ནཱ་ལེནྡྲ་རིམ་བཞིན་ཉམས་འགོ་ཚུགས་སྐབས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཚུགས་པ་བཅས་འདི་ལྟར་བྱས་ཏེ་ཕྱིན་ཡོད། མདོར་ན། དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཀྱི་རྒྱལ་སྲིད་སྐྱོང་སྐབས་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲ་རང་ནས་མཁས་པ་གདན་ཞུ་གནང་དགོས་དགོངས་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་།

མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་པ་ནས་བཟུང་སྟེ། ང་ཚོའི་ཆོས་དེ་རྒྱ་གར་ལ་དཔེ་བལྟས་ཡོད་ལ། སྐད་ཡིག་ནི་མཁན་ཆེན་ཞི་བ་འཚོ་མ་བྱུང་གོང་གི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས། དབྱངས་གསལ་གཉིས་ལྡན་གྱི་ཡི་གེ་ཞིག་བཟོས་པ་གནང་ཡོད། དུས་རབས་བརྒྱད་པར་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་འཕགས་ཡུལ་ནས་མཁན་ཆེན་ཞི་འཚོ་གདན་ཞུ་གནང་ནས་ནང་ཆོས་སྤྱི་དང་། ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་བཙུགས་གནང་བར་བརྟེན། མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་སྟེ། རྒྱ་གར་མཁས་པའི་རིང་ལུགས་སམ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དར་སྤེལ་གནང་ཡོད། ངོས་ཀྱིས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་ཞེས་བརྗོད་བཞིན་པ་དེ་ང་ཚོའི་དགེ་རྒན་རང་རེད། པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་དག་ང་ཚོའི་སློབ་དེབ་ཏུ་གྱུར་ནས་ལྟ་བཞིན་ཡོད་ལ། དེང་སྐབས་ནང་པ་སངས་རྒྱས་པའི་ལྟ་གྲུབ་སློབ་སྦྱོང་ཤུགས་ཆེར་བྱེད་པ་དེ་འཛམ་གླིང་འདིའི་སྟེང་ནང་པ་ཧ་ལམ་དུང་ཕྱུར་ཁ་ཤས་ཡོད་པའི་ནང་ཕལ་ཆེར་བོད་པ་གཅིག་པུ་ཡིན་པར་མ་ཟད། དེ་ཡང་གཞུང་དེ་དག་ལོ་ཉི་ཤུ་སུམ་ཅུའི་རིང་སློབ་གཉེར་བྱས་པའི་གྲུབ་དོན་རང་ཉིད་ཀྱིས་ཉམས་ལེན་བྱས་ནས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་འགྲོ་རྒྱུ་ཡོད་པ་ནི། ཕལ་ཆེར་བོད་པ་གཅིག་པུ་རེད་འདུག

མ་གཞི་ནང་པའི་ཡུལ་ལུང་མང་དུ་ཡོད་ལ། དེ་དག་ཏུ་ཉམས་ལེན་གྱི་རིགས་གནང་གིན་ཡོད་ཀྱང་། ལོ་ངོ་ཉི་ཤུ་སུམ་ཅུའི་རིང་སློབ་གཉེར་ཐོག་ཤུགས་རྒྱག་མཁན་ཕལ་ཆེར་དཀོན་པོ་རེད་འདུག །དེར་བརྟེན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་ཅིང་། དེང་སྐབས་འཛམ་གླིང་འདིའི་སྟེང་བོད་གངས་ཅན་གྱི་ལྗོངས་སུ་ནཱ་ལེནྡྲའི་མཁས་པའི་དབང་པོ་དག་གི་བཞེད་གཞུང་སློབ་གཉེར་བྱས་ཏེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་བདག་པོ་བརྒྱབ་པ་འདིས་འཛམ་གླིང་སྤྱི་ལ་གང་འཚམ་ཕན་ཐོགས་དང་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཏུ་ངོས་ཀྱིས་མཐོང་གིན་འདུག

སྔ་མོ་ང་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ང་རང་ཚོའི་ཆོས་དང་རིག་གཞུང་ཡོད་པ་དེ་དག་མི་ཉམས་པར་བདག་པོ་རྒྱག་རྒྱུའི་བསམ་བློ་དེ་ཙམ་ལས་མེད། ང་ཚོའི་སློབ་གྲྭ་ཁག་འཛུགས་རྒྱུ་དང་། དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་ང་རང་ཚོའི་ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུའི་བསམ་བློ་བཏང་སྟེ། ཐོག་མར་སློབ་གྲྭ་དེ་དག་འཛུགས་རྒྱུ་གལ་གནད་ཆེན་པོར་བརྩིས་པ་དང་། དེ་བཞིན་སྦག་ས་ཆོས་སྒར་འཛུགས་རྒྱུ་གལ་འགངས་ཆེན་པོར་བརྩིས། དེ་ནས་རིམ་བཞིན་གཞིས་ཆགས་ཁག་དེ་དག་སྤུས་དག་པོ་དང་བརྟན་པོ་ཆགས་སྐབས་ཆོས་སྒར་གཙོ་ཆེ་བ་དེ་དག་གཞིས་ཆགས་ཁག་གི་ནང་ཚུགས་པ་བཅས། མདོར་ན། ང་རང་ཚོའི་ཆོས་རིག་རྣམས་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་ན་བསམ་པའི་བསམ་ཚུལ་དེ་རང་རེད། དེ་ནས་ཕྱི་ལོ་ ༡༩༧༠།༡༩༨༠ སྐབས་ཀྱི་དུས་ཚོད་ལ་སླེབས་སྐབས་ང་ཚོས་བདག་པོ་བརྒྱབ་པ་འདི་བོད་པ་རང་གི་གཅེས་ནོར་བྱས་ནས་བདག་པོ་བརྒྱབ་པ་གཅིག་པུ་མིན་པར་འཛམ་གླིང་གི་ཁྲོམ་རའི་སྟེང་འདོན་ཆོག་པ་ཞིག་ཏུ་མཐོང་།

དེ་ལྟར་བྱས་ཏེ་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ཚན་རིག་པ་དང་འབྲེལ་བ་བྱེད་འགོ་ཚུགས་ཤིང་། ཐོག་མར་ཚན་རིག་པ་དང་འབྲེལ་བ་བྱེད་སྐབས་ང་རང་ཚོའི་གདན་སའི་ནང་གི་མཁན་པོ་སོགས་འགའ་ཞིག་གི་དགོངས་པར་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ན། སངས་རྒྱས་ཀྱི་བསྟན་པར་གནོད་སྐྱོན་ཡོང་སྲིད་སྙམ་པའི་ཐུགས་གཡེང་གནང་གིན་འདུག །དེ་ལྟར་དངོས་ཡོད་གནས་ཚུལ་ལ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱེད་སྐབས་གཞི་ནས་ང་ཚོའི་སྤོབས་པ་ཆེ་རུ་འགྲོ་བ་ལྟ་བུ་དང་། ལྷག་པར་སེམས་ཁམས་རིག་པའི་རྣམ་གཞག་དང་། ཚད་མ་རིག་པའི་སྐོར་བརྗོད་སྐབས་ང་ཚོ་བོད་པ་རྣམས་ཁ་བྱང་ལག་བྱང་ཡོད་པ་ཞིག་ཏུ་གྱུར་ཡོད་ཅིང་། ནུབ་ཕྱོགས་རིག་གསར་གྱི་ཚན་རིག་པ་རྣམས་ཀྱིས་དེ་དག་ཐོག་དེ་ཙམ་མཁྱེན་གྱི་མི་འདུག་ཅིང་། དེ་ལྟ་བུའི་མིག་ལྟོས་གཏན་ནས་མེད། རྒྱ་གར་འཕགས་ཡུལ་ལ་ཕྱི་ནང་གི་ཆོས་ལུགས་ཚང་མས་ཞི་གནས་དང་ལྷག་མཐོང་བསྒོམ་རྒྱུ་གསུང་གིན་ཡོད། དེས་ན་ཞི་གནས་དང་ལྷག་མཐོང་སྒོམ་མཁན་དེ་དག་གིས་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་བྱ་རྒྱུ་མེད་ན་ཡོང་ཐབས་མེད། དེར་བརྟེན་རྒྱ་གར་གྱི་མུ་སྟེགས་པའི་གཞུང་ལུགས་ནང་ཞི་ལྷག་སྐོར་གསུངས་ཡོད་ཀྱང་། བདག་མེད་ཀྱི་ལྟ་བ་མེད་པས་ན། འཇིག་རྟེན་པའི་ལྷག་མཐོང་གསུང་གིན་ཡོད། མདོར་ན། ཞི་ལྷག་གི་ཉམས་ལེན་བྱ་རྒྱུའི་རིགས་ཡོད་པས་ན། སེམས་ཁམས་རིག་པའི་སྐོར་རང་ཤུགས་ཀྱིས་ཐོན་ཡོང་གིན་ཡོད།

རྒྱ་གར་ལ་ཆ་མཚོན་ན། ང་ཚོའི་ཐོག་མའི་ཤེས་ཡོན་ཕལ་མོ་ཆེ་འབྱུང་ས་རྒྱ་གར་འཕགས་ཡུལ་ནས་བྱུང་བ་ཞིག་ཡིན་ནའང་། དེང་སྐབས་རྒྱ་གར་ནང་མཁས་དབང་རེ་ཟུང་ཙམ་ཡོད་ན་ལས། དེ་མིན་ཕལ་མོ་ཆེ་ཆོ་ག་ཕྱག་ལེན་ལྟ་བུ་ཞིག་ལས། ལྟ་གྲུབ་ཀྱི་རྣམ་གཞག་སོགས་མཁྱེན་མཁན་ཉུང་ཤས་ལས་མེད། དེས་ན་མཁས་དབང་དུ་མས་དཔལ་ནཱ་ལེནྡྲ་ཞེས་བརྗོད་ན། སློབ་གཉེར་ཁང་ཆེ་ཤོས་ཤིག་ཡིན་པ་ཚང་མས་ངོས་འཛིན་གནང་གིན་ཡོད། ལྷག་པར་ནཱ་ལེནྡྲའི་ཤེས་ཡོན་རྣམས་བོད་པས་བདག་པོ་བརྒྱབ་པ་དེ་ཧ་ཅང་གསལ་པོར་འགྱུར་བཞིན་འདུག །དེས་ན་བོད་ལ་ཡོད་པའི་སངས་རྒྱས་པའི་བསྟན་པ་ནི། མཁན་སློབ་ཆོས་གསུམ་ལས། གཙོ་བོ་མཁན་ཆེན་ཞི་བ་འཚོས་འཆད་ཉན་གནང་ཞིང་། རྒྱ་གར་འཕགས་ཡུལ་གྱི་བཀའ་བསྟན་གསུང་རབ་ཀྱི་གཞུང་ལུགས་བསྒྱུར་འགོ་བཙུགས་ཤིང་། སྐབས་དེར་ཁྱེད་རང་ཚོར་བོད་ཡིག་ཡོད་སྟབས། བོད་ཡིག་ཐོག་བསྒྱུར་དགོས་ཞེས་བཀའ་སློབ་ལམ་སྟོན་གནང་།

ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོས་བཀའ་བསྟན་གསུང་རབ་ཀྱིས་མཚོན་རྒྱ་གར་མཁས་པའི་གཞུང་རྣམས་བོད་མི་རང་ཉིད་ལ་ཡོད་པའི་སྐད་ཡིག་གི་ནང་དུ་བསྒྱུར་དགོས་པ་དང་། བཤད་སྒྲུབ་ལས་གསུམ་གནང་རྒྱུའི་རིགས་མཐའ་དག་ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་མི་དགོས་པར་བོད་མི་རང་ཉིད་ཀྱི་སྐད་ཡིག་གི་ཐོག་བསྒྱུར་ནས་རང་མགོ་ཐོན་པ་བྱས་ན་ལེགས་ཚུལ་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པར་མ་ཟད། མཁན་ཆེན་ཞི་འཚོ་རང་ཉིད་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་མཛད་དེ་སློབ་སྦྱོང་གནང་བ་རེད་ཅེས་རྗོད་ཀྱིན་འདུག །དངོས་གནས་དྲང་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཁོང་གིས་དེ་ལྟར་བསླབས་པ་གནང་ཡོད། བདེན་པ་ཡིན་མིན་མི་ཤེས་ཀྱང་། རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་དག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་དགུང་ལོ་དོན་ལྔ་ཙམ་ཞིག་ཡིན་པ་དང་། དགུང་ལོ་བརྒྱ་ཕྲག་འགའ་ཞིག་བཞུགས་མིན་ཇི་ལྟར་ཡང་། ཉུང་མཐར་དགུང་ལོ་དོན་ཅུ་དོན་གྲངས་ལ་ཕེབས་ཡོད། དེ་ལྟ་བུའི་བགྲེས་སོང་ཞིག་གིས་བོད་ཀྱི་སྐད་ཡིག་སྦྱངས་པ་གནང་མིན་ཇི་ལྟར་ཡང་། ཐུགས་སྣང་ཆེན་པོ་གནང་བ་དངོས་ཡོད་གནས་ཚུལ་ཡིན།

སློབ་དཔོན་རིན་པོ་ཆེ་ནི། ཆོས་རྒྱལ་གྱི་ཐུགས་རེ་ལྟར་དུ་མཁན་ཆེན་ཞི་བ་འཚོས་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཇི་བཞིན་བོད་དུ་འཆད་ཉན་དར་སྤེལ་མཛད་སྐབས་ཕྱི་ནང་གི་འགལ་རྐྱེན་མང་དུ་བྱུང་བས་ན། སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་འབྲེལ་བའི་སློབ་དཔོན་ཐུགས་རྗེ་ཅན་གྱིས་འགལ་རྐྱེན་དེ་དག་སེལ་བར་མཛད། དུས་དེ་ནས་བཟུང་སྟེ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་སྤུས་དག་ཅིག་ད་བར་གནས་པ་འདི་ལྟར་རེད།

མཁན་ཆེན་ཞི་བ་འཚོ་རང་ཉིད་དཔལ་ནཱ་ལེནྡྲར་སློབ་གཉེར་གནང་ནས་མཁས་པར་གྱུར་པ་ཞིག་ཡིན་སྟབས། ཁོང་གིས་བོད་དུ་སངས་རྒྱས་པའི་ཆོས་སྤེལ་སྟངས་དེ་ཡང་། ནཱ་ལེནྡྲའི་ཕྱག་སྲོལ་ནང་བཞིན་འཛུགས་པར་མཛད། དེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དུས་ད་ལྟ་བར་འཛམ་གླིང་འདིའི་ཐོག་ནང་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་སྟེ། མགྲིན་པ་གཟེངས་སུ་བཏེགས་ནས་འགྲོ་རྒྱུ་ཡོད་པ་འདི་ཡང་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ཡིན།

ནམ་རྒྱུན་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཁག་ཏུ་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་སྐབས་དགུང་ལོ་ ༩༠༠ ཐོག་བོད་དུ་ཕེབས་ཤིང་། དགུང་ལོ་ ༡༠༠༠ བཞུགས་ཚུལ་རྗོད་བཞིན་ཡོད། ཐག་བཅད་ནས་བརྗོད་རྒྱུ་དཀའ་ཡང་། གོང་དུ་བརྗོད་པ་ལྟར་ཡོངས་གྲགས་ལྟར་ན་དགུང་ལོ་བདུན་ཅུ་དོན་ལྔར་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་མཁས་པ་བགྲེས་སོང་ཁོང་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་སྐབས། དེང་གི་འགྲིམ་འགྲུལ་ལྟར་སྐབས་དེར་གནམ་གྲུ་དང་འཕྲུལ་འཁོར་གྱི་རིགས་མེད་ཅིང་། རྒྱ་གར་ནང་ཡོད་པའི་དབང་དུ་བཏང་ཡང་ཤིང་རྟ་འཁོར་ལོ་ཡོད་ཤས་ཆེ། དེར་བརྟེན་ཧི་མ་ལ་ཡའི་རི་མཚམས་བར་ཤིང་རྟ་འཁོར་ལོར་ཕེབས་ཤིང་། དེ་རྗེས་རིམ་བཞིན་ཕྱག་འཁར་འཛུགས་བཞིན་བོད་དུ་ཕེབས་པའམ་ཡང་ན་རྟ་བོང་དང་། སྐབས་རེ་མཛོ་གཡག་ལྟ་བུར་ཆིབས་ཏེ་སྐུ་ངལ་མང་པོ་ཞིག་བསྐྱོན་ནས་བོད་དུ་ཕེབས་ཤིང་། ལྷག་པར་རྒྱ་གར་ཚ་བའི་ཡུལ་གྱི་ས་བབ་དམའ་ས་ནས་བོད་ས་བབ་མཐོ་ལ་གནམ་གཤིས་གྲང་སར་ཕེབས་པར་བརྟེན། ནམ་རྒྱུན་རྒྱ་གར་འཕགས་ཡུལ་དུ་སྐུ་བཞུགས་གནང་སྐབས་བཞེས་རྒྱུའི་འབྲས་དང་ལྡ་ལི་དང་། གསོལ་ཇ་པ་ཏི་སོགས་བཞེས་ནས་བཞུགས་ཀྱང་། བོད་དུ་དེ་དག་མཆོད་རྒྱུ་མེད་སྟབས་རྩམ་པ་དང་བོད་ཇ་བཞེས་ནས་བཞུགས་དགོས་བྱུང་ཡོད། དེ་ལྟར་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཞིག་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོར་དགོངས་ཏེ་སྐུ་ལས་བསྐྱོན་ནས་བོད་དུ་ཕེབས་པ་དེ་ཧ་ཅང་རྩ་ཆེན་པོ་རེད་འདུག

གོང་ཞུས་ལྟར་སྔར་མཁན་ཆེན་ཞི་འཚོའི་རྗེས་དྲན་ཚོགས་འདུའི་སྐབས་རྒྱ་གར་ཧིན་དྷུའི་མཁས་པ་དང་། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་ཡོངས་གྲགས་དགུང་ལོ་ ༧༥ ཐོག་ལ་ཕེབས་ཚུལ་གསུངས་ཤིང་། བོད་ལ་ལོ་ཤས་བཞུགས། མཐར་དགུང་ལོ་དགུ་བཅུ་གོ་གྲངས་ཤིག་ལ་མྱ་ངན་ལས་འདས་པ་ཡིན་འདུག །ནམ་རྒྱུན་ང་ཚོ་བོད་པས་མཁན་ཆེན་ཞི་འཚོ་བོད་དུ་ཕེབས་སྐབས་དགུང་ལོ་ ༩༠༠ ཙམ་ལ་ཕེབས་པ་དང་། ཁྱོན་དགུང་ལོ་ ༡༠༠༠ བར་དུ་བཞུགས་ཚུལ་རྗོད་ཀྱིན་ཡོད་ཀྱང་། ཝཱ་རཱ་ཎ་སཱིར་ཡོད་པའི་ངོས་ཀྱི་ངོ་ཤེས་རྒྱ་གར་གྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཨུ་པ་དེ་ཝ་ཞུ་བ་ཞིག་ཡོད་པ་ཁོང་གིས་མཁན་ཆེན་ཞི་བ་འཚོ་དགུང་ལོ་ ༩༠༠ བོད་དུ་ཕེབས་པ་མིན་པར། དགུང་ལོ་ ༩༠ བོད་དུ་ཕེབས་པ་དང་། ཁྱེད་རང་ཚོ་བོད་པས་མཁན་ཆེན་ཞི་འཚོ་སྐུ་ཚེ་ཧ་ཅང་རིང་པོ་བཞུགས་པ་རེད་ཅེས་བརྗོད་ན་ངོ་མཚར་ཆེན་པོ་དང་དགའ་པོ་ཡོད་སྟབས། ཀླད་ཀོར་ཞིག་བསྣན་ནས་ ༩༠༠ བཟོས་པ་རེད་ཅེས་བརྗོད་བྱུང་།

ཚན་རིག་གི་ཐོག་ནས་དགུང་གྲངས་ཇི་ཙམ་བཞུགས་མིན་ནི། མིའི་རུས་པར་བརྟག་དཔྱད་བྱས་ན་གསལ་པོར་རྟོགས་ཐུབ་ཚུལ་རྗོད་ཀྱིན་འདུག་པས། རྩོད་པ་ཆོས་ཕྱོགས་སུ་ཞི་བའི་ཐབས་ཤེས་ལེགས་ཤོས་ནི། མཁན་ཆེན་ཞི་བ་འཚོའི་དབུ་ཐོད་དེ་བཞིན་བསམ་ཡས་གཙུག་ལག་ཁང་གི་ནང་རྟེན་དུ་བཞུགས་ཡོད། བར་སྐབས་རིག་གནས་གསར་བརྗེའི་སྐབས་མི་ཚང་ཞིག་གིས་སྦས་བསྐུངས་ཉར་ཚགས་བྱས་ཏེ། དེང་སྐབས་བསམ་ཡས་སུ་བཞུགས་ཡོད་པར་སྣང་། དོན་དངོས་ཐོག་མཁན་ཆེན་ཞི་འཚོ་དགུང་གྲངས་ཇི་ཙམ་བཞུགས་མིན་ལྷ་རབ་བྱུང་ན། བསམ་ཡས་གཙུག་ལག་ཁང་གི་ནང་རྟེན་དུ་བཞུགས་པའི་མཁན་ཆེན་ཞི་འཚོའི་དབུ་ཐོད་ཀྱི་སྐུ་རུས་དེ་ཉིད་ལ་མ་འོངས་པར་ཚན་རིག་པས་གུས་ཞབས་ཆེན་པོའི་ཐོག་ནས་ལོ་ན་ཇི་ཙམ་ལ་ཕེབས་པའི་སྐུ་དུས་ཡིན་མིན་བརྟག་ཞིབ་བྱ་རྒྱུའི་གོ་སྐབས་ཡོང་ངེས་ཡིན་ལ། དེ་ལྟའི་བརྟག་དཔྱད་ཞིབ་འཇུག་བྱེད་ཐུབ་ན་ཤེས་ངེས་མ་ཟད། རྩོད་པ་ཆོས་ཕྱོགས་སུ་ཞི་བ་ཞིག་ཀྱང་ཡོང་ངེས་ཡིན། དེ་མིན་གསུང་སྟངས་འདྲ་མིན་ཡོད།

དེ་བཞིན་བོད་ཀྱི་མཁས་པ་འགའ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་དུས་ནམ་ཞིག་བྱོན་མིན་ཐད་ལོ་ངོ་ ༣༠༠༠ ཕྱིན་པ་དང་། མཁས་གྲུབ་རིན་པོ་ཆེའི་གསུང་ནང་ལོ་ངོ་ ༢༩༠༠ ཙམ་ཕྱིན་པར་གསུངས་ཡོད་ལ། ལ་ལས་ལོ་ངོ་ ༢༨༠༠ ཕྱིན་པ་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་འདོད་པ་ལྟར་དེང་སྐབས་ཡོངས་གྲགས་ལོ་ངོ་ ༢༥༠༠ ལྷག་ཙམ་ཕྱིན་པ་སོགས་འདོད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད། དེ་ཡང་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་རུས་འཁྲུལ་མེད་དང་། སྐུ་གདུང་གི་རིང་སྲེལ་དེ་དག་ལ་གུས་ཞབས་ཆེ་ཞིང་། གཙང་སྦྲ་དོད་པོའི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཐུབ་ན། སྐུ་རུས་དེ་ལོ་ངོ་ཇི་ཙམ་ཕྱིན་པའི་སྐུ་རུས་ཡིན་མིན་བརྟག་དཔྱད་བྱེད་ཐུབ་པ་ན་ཤེས་རྟོགས་ཐུབ་པ་ཞིག་ཡོང་ངེས་ཡིན།

ང་ཚོ་ནང་པ་ཡིན་པས་རང་ཉིད་ཀྱི་སྟོན་པ་བྱོན་པའི་ལོ་དུས་དོན་དངོས་གང་ཞིག་ཡིན་མིན་གསལ་པོར་བརྗོད་རྒྱུ་མེད་སྟབས་ཐབས་སྐྱོ་པོ་ཞིག་དང་། འཚམ་རེ་ང་ཚོ་ངོ་ཚ་དགོས་པ་ལྟ་བུ་ཞིག་ཀྱང་ཡོང་གིན་འདུག །དེས་ན་ངོས་ནས་འཚམ་རེ་འདི་ལྟར་རྗོད་ཀྱིན་ཡོད། ང་ཚོ་ནང་པ་རྣམས་ངོ་ཚ་དགོས་པ་ཞིག་རེད། རང་ཉིད་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་བྱོན་ནས་ལོ་ངོ་ཇི་ཙམ་ཕྱིན་པ་ད་དུང་ཡང་ཡག་པོ་ཞིག་བརྗོད་རྒྱུ་མེད་ཅེས་རྗོད་ཀྱིན་ཡོད། སངས་རྒྱས་བཅོམ་ལྡན་འདས་དུས་ནམ་ཞིག་འཁྲུངས་མིན་ནི། བཅོམ་ལྡན་འདས་ཀྱི་རིང་བསྲེལ་འཁྲུལ་མེད་ཚད་ལྡན་ཞིག་བྱུང་ན། དེར་བརྟག་དཔྱད་ཞིབ་འཇུག་ཞུས་ན་བྱོན་ནས་ལོ་ངོ་ཇི་ཙམ་ཕྱིན་པ་ཚོད་དཔག་ཐུབ་པ་ཞིག་ཡོང་ངེས་ཡིན།

སྔར་ཞང་འདབས་གློག་ཁང་གི་ཆེད་གཙང་པོ་ཁྲིད་དུས་ཡུར་པོའི་ས་རྡོ་སྔོག་སྐབས་རྡོ་གཡམ་གྱིས་ཁ་བཀབ་པའི་པུར་སྒམ་ཞིག་ཐོན་པ་ནས། མི་རུས་དང་དེ་ཉིད་ཀྱིས་བེད་སྤྱོད་བྱས་པའི་སྔོ་སྣེ་གང་འཚམ་བཅས་ཐོན་པ་དང་། ཡུར་པོ་བཟོ་མཁན་ཧན་རི་ཧ་རའི་རོགས་པ་ཨབ་ཤ་ན་དྷ་ཞུ་བ་ཁོང་གིས་རྐང་འགན་གནང་ཡོད། ཨབ་ཤ་ན་དྷས་རུས་པ་དེའི་ནང་ནས་ཆ་ཤས་ཤིག་ལ་བརྟག་དཔྱད་བྱེད་ཆེད་ཨོ་སི་ཀྲོ་ལི་ཡར་བཏང་བ་ལྟར། བརྟག་དཔྱད་བྱས་པར་ལོ་ངོ་ ༣༠༠༠ ལྷག་ཕྱིན་ཚུལ་བརྗོད། དེ་ཡང་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཡིན། ནམ་རྒྱུན་ང་ཚོའི་ཤོད་སྲོལ་ལ། འཇམ་དཔལ་རྩ་རྒྱུད་ལས[16]།

ང་ནི་འདས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །

སཱ་ལའི་ནགས་ནི་འབྱུང་བར་འགྱུར། །

ཞེས་ཁ་བ་ཅན་དུ་མཚོ་བྲི་ནས་ཞེས་གསུངས་པ་ལྟར། སྐབས་དེར་ཁ་བ་ཅན་དུ་མིའི་འགྲོ་བ་མེད་ཅེས་བརྗོད་ན་ཚན་རིག་དང་འགལ་བར་མ་ཟད། མཐོང་བ་མངོན་གྱུར་ལའང་གནོད། འོ་ན་བཅོམ་ལྡན་འདས་ཀྱི་ལུང་དེ་ཉིད་གང་ལ་གོ་དགོས་ཤེ་ན། ལྷ་ས་འོ་ཐང་གི་མཚོ་ཞེས་པ་དེར་དགོངས་པ་ཞིག་སྟེ། དེ་ཡང་ལྷ་སའི་ཡུལ་ལྗོངས་རྣམས་སྔར་མཚོ་ཡིན་པ་ངོས་ལ་ཁུངས་སྐྱེལ་བྱ་རྒྱུ་ཡོད། ཕྱི་ལོ་ ༡༩༥༢-༡༩༥༣ ཙམ་ལ་རྒྱ་ནག་གི་ཚན་རིག་པ་བོད་ལ་གཏེར་ཁའི་རིགས་གང་དག་ཡོད་མེད་ས་གཤིས་ཞིབ་འཇུག་བྱེད་མཁན་ཚོགས་པ་ཞིག་ལ། ལྷ་སའི་ཉང་བྲན་ཕུའི་རི་མཚམས་ཤིག་ནས་ཤིང་ལོ་རྡོ་ལ་གྱུར་པའི་འགྱུར་རྡོ་ཞིག་རྙེད་སོན་བྱུང་ཡོད། དེ་ཡང་ཤིང་ལོ་ཆུ་ནང་ལྷུང་ཞིང་འདམ་པ་སོགས་ཀྱིས་བཀབ་སྟེ་མཁའ་རླུང་འགྲོ་འོང་བྱེད་ས་མེད་པར་ལོ་ངོ་ས་ཡ་འགའ་ཞིག་འདས་ན་འགྱུར་རྡོ་ཆགས་ཀྱི་ཡོད། དེས་ན་སྐབས་དེར་རྒྱ་ནག་གི་ས་གཤིས་ཞིབ་འཇུག་པ་རྣམས་ཀྱིས་འགྱུར་རྡོར་བརྟག་དཔྱད་བྱས་པར། སྔར་ལྷ་སའི་གཡས་གཡོན་གྱི་རི་མཚམས་བར་མཚོ་ཡིན་པ་དང་། རི་མཚམས་སུ་ཤིང་ནགས་སྐྱེས་པའི་ལོ་མ་འགྱུར་རྡོ་ཆགས་པ་ཞིག་ཡིན་པ་སོགས་ར་འཕྲོད་བྱུང་ཡོད། ལྷ་སའི་ས་ཁྱོན་གཞི་རྒྱ་ཆེན་པོ་ཡོད་པ་དེ་དག་སྔར་མཚོ་ཡིན་པ་ཧ་ཅང་གསལ་པོ་ཡིན།

དེ་བཞིན་ལྷ་སའི་བྱང་རྒྱུད་དགེ་འཕེལ་རི་རྒྱུད་དང་། ལྷོའི་སྨིན་དྲུག་རྫ་རི་སོགས་གངས་རི་ཡིན་ཅིང་། ལྷ་སའི་དཀྱིལ་ངོས་མཚོ་ཡིན་པ་བཅས་ལས་མཚོ་རིམ་བཞིན་བྲི་སྟེ། དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་སྐབས་ལྷ་སའི་དབུས་སུ་འོ་ཐང་ཞེས་པའི་མཚོ་ཆུང་ངུ་ཞིག་ཡོད་པ་ལས། གཙུག་ལག་ཁང་དུ་དུང་མཚོའི་ར་མ་རྒྱལ་མོ་ཞེས་རའི་གཟུགས་བརྙན་ཞིག་ཡོད། སྐབས་དེར་ར་ལ་ས་དོ་པོ་བཀལ་ནས་ཟམ་པ་བཙུགས་ཏེ་མཚོ་བསུབས་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྩིག་རྨང་འདི་ལྟར་དུ་བཏིང་ཚུལ་ཤོད་སྲོལ་ཡོད་པ་དེ་ཡང་བདེན་པ་ཡིན་འདུག །དེས་ན་ཚན་རིག་པས་བརྟག་དཔྱད་བྱས་པའི་དངོས་ཡོད་གནས་ཚུལ་དང་མི་འགལ་ཞིང་། བཅོམ་ལྡན་འདས་ཀྱིས།

ང་ནི་འདས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །

ཞེས་གསུངས་པ་ལྟར། མྱ་ངན་ལས་འདས་ནས་ལོ་བརྒྱ་འདས་པའི་མཚམས་སུ་ཁ་བ་ཅན་གྱི་མཚོ་བྲི་ནས་ཞེས་པ་དེ་ཡང་ཁུངས་ལྡན་ཡིན་པར་བཤད་ཐུབ་པ་ཞིག་ཡིན།

སྐབས་རེ་ང་ཚོ་བོད་པས་བསྟོད་བསྔགས་ཡིན་ཁུལ་གྱིས་གླེན་རྟགས་བྱས་ཏེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ལྟ་བུ་ཡོད་ལ། ཡང་དད་པ་དང་དག་སྣང་གི་ཐོག་ནས་ཡོང་བ་ཞིག་སྟེ། དཔེར་ན། ཐའེ་ལན་ཌིའི་དགེ་སློང་ཞིག་ཡོད་ཅིང་། པཱ་ལིའི་གཞུང་ནས་གསུངས་པ་ལྟར་ན། འདོད་པའི་ཉོན་མོངས་མངོན་གྱུར་པ་སྤངས་ཤིང་། ང་རང་ཚོའི་གཞུང་ནས་གསུངས་པ་ལྟར་གྱི་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པས་དྲངས་པའི་དམིགས་རྣམ་ཅན་གྱི་ཆགས་སྡང་རགས་པ་མགོ་མནན་ཏེ། མངོན་པ་ནས་བཤད་པའི་ཐུན་མོང་མ་ཡིན་པའི་དགྲ་བཅོམ་པ་ཞིག་ཡོད་ཅིང་། ཡོངས་གྲགས་དེ་ལྟ་བུའི་དགྲ་བཅོམ་པར་ངོས་འཛིན་བྱེད་བཞིན་པ་ཞིག་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་དངོས་སུ་གཟིགས་པ་ཞིག་བྱུང་ཡོད། དེ་ཡང་སྟོན་པ་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོ་ལ་སོགས་པ་དགྲ་བཅོམ་པའི་འཁོར་གྱིས་བསྐོར་བ་ཞིག་ཁོང་གིས་དངོས་སུ་གཟིགས་པས། ཁོང་གིས་བཅོམ་ལྡན་འདས་ད་ལྟ་སྐུ་འཚོ་ཞིང་བཞུགས་འདུག་ཅེས་གསུངས་ཡོད། དེས་ན་ཁོང་ལ་དག་སྣང་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་བཅོམ་ལྡན་འདས་དགུང་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་བཞུགས་པ་རེད་ཅེས་བརྗོད་ན་བདེ་པོ་གང་ཡང་མེད།

དེས་ན་ང་ཚོའི་དག་སྣང་ལ་མཁན་ཆེན་ཞི་བ་འཚོ་དགུང་ལོ་དགུ་བརྒྱ་དང་ཆིག་སྟོང་ལྟ་བུར་བཞུགས་པ་ཡོད་ཤས་ཆེ། འོན་ཀྱང་ང་ཚོའི་དག་སྣང་དང་དོན་དངོས་ཐུན་མོང་གདུལ་བྱའི་སྣང་ངོ་གཉིས་མཉམ་བསྲེས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒོམ་པོ་འཕགས་པ་རང་བྱུང་ལྔ་ལྡན་གྱི་ཐུགས་ཁར་ཐིམ་པ་དང་། ལ་ལས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་ད་ལྟའང་ཡོད་ཚུལ་སོགས་དང་། ཡང་དགུང་ལོ་སོ་ལྔ་བཞུགས་པ་ཞིག་དང་། དགུང་ལོ་གྱ་གཉིས་ཙམ་བཞུགས་པའི་གསུང་སྲོལ་གཉིས་ཡོད། དེས་ན་ང་ཚོ་བོད་རིགས་རྣམས་དད་པ་དང་དག་སྣང་ཆེ་དྲགས་པའི་དབང་གིས་དག་སྣང་དུ་བྱུང་བ་རྣམས་ཐུན་མོང་གདུལ་བྱའི་སྣང་ངོར་ཡོངས་གྲགས་སུ་བྱུང་བའི་གྲས་སུ་བཞག་སྟེ་མཉམ་བསྲེས་ཀྱིས་ཤོད་ཀྱིན་འདུག །

མདོར་ན། དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་རྒྱ་གར་དུ་ནཱ་ལེནྡྲ་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་སྐབས་ཡིན་པས། དགེ་འདུན་ཞལ་གྲངས་ཁྲི་ཚོ་ཡོད་པར་གསུངས་པ་ལས། སྐབས་དེར་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་ཝ་སོགས་ནི་ནཱ་ལེནྡྲའི་གཙུག་ལག་ཁང་ནས་ཐོན་པའི་མཁས་པ་ཤ་སྟག་ཡིན། མཁས་པ་དེ་དག་གི་ཁྲོད་ནས་སྐབས་དེར་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་ཡོད། ངོས་རང་གི་བསམ་བློར་འདི་ལྟར་འཁོར་གྱིན་འདུག །སྐབས་དེར་དགུང་ལོ་ ༩༠༠ ཡིན་མིན་ཇི་ལྟར་ཡང་། དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་པ་ཞིག་ཡིན་ལ། ནཱ་ལེནྡྲར་མཁས་པའི་གཙུག་རྒྱན་དུ་གྱུར་ཏེ་བཞུགས་སྐབས་སློབ་མ་མང་དུ་ཡོད་པར་མ་ཟད། ཞེ་ས་མ་ཞུས་ན་ནཱ་ལེནྡྲར་སྤྲོ་པོ་གནང་ནས་བཞུགས་ཆོག་པ་ཞིག་ཡིན། འོན་ཀྱང་བགྲེས་སོང་དེ་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་གདན་ཞུ་གནང་སྐབས་མ་འོངས་པའི་གནས་ཚུལ་མང་པོ་ཞིག་ཐུགས་ལ་དགོངས་ཤིང་། ལྷག་པའི་ལྷའི་ལུང་བསྟན་ཡང་ཡོད་ལས་ཆེ། དཔེར་ན། ཇོ་བོ་རྗེར་བླ་མ་གསེར་གླིང་པའི་ལུང་བསྟན་གནང་ཡོད། དེ་ཡང་མ་འོངས་པར་བོད་དུ་གདན་ཞུ་གནང་མཁན་ཡོང་གི་རེད། སྐབས་དེར་བོད་དུ་ཕེབས་དགོས་ཞེས་ལུང་བསྟན་གནང་ཡོད་པ་ལྟར། མཁན་ཆེན་ཞི་འཚོར་ཡང་དག་སྣང་དང་། དངོས་སུ་དེ་ལྟར་བྱུང་ཡོད་ངེས། འདི་ལྟར་གནང་སྟེ་བོད་དུ་ཕེབས་པ་རེད།

མདོར་ན། མཁན་ཆེན་ཞི་བ་འཚོ་དགུང་ལོ་ཇི་ཙམ་བཞུགས་མིན་ལ་རྩོད་པ་དེ་ཙམ་བྱེད་དགོས་དོན་མེད། གང་ལྟར་མཁན་ཆེན་ཞི་བ་འཚོ་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཞིག་ཡིན། ཞེ་ས་མ་ཞུས་ན་གནས་བརྟན་བགྲེས་སོང་དེ་ལྟ་བུ་ཞིག་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་གནང་རྒྱུར་འབད་བརྩོན་གནང་བ་དང་། ལྷག་པར་བཀའ་བསྟན་གསུང་རབ་བསྒྱུར་རྒྱུའི་ཐོག་ཐུགས་འཁུར་ཆེན་པོ་བཞེས་པར་མ་ཟད། རྒྱལ་རབས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་གྱིས་ནང་ཆོས་སློབ་སྦྱོང་བྱ་རྒྱུའི་རིགས་ལེགས་སྦྱར་དང་པཱ་ལའི་སྐད་ཡིག་སོགས་ཀྱི་ཐོག་ནས་བྱེད་མི་དགོས་པར། བོད་མི་རང་ཉིད་ཀྱི་སྐད་ཡིག་གི་ཐོག་ཏུ་བསྒྱུར་ནས་སློབ་གཉེར་བྱེད་དགོས་ཞེས་ལམ་སྟོན་གནང་བ་དང་། བཀའ་བསྟན་སྒྲ་སྒྱུར་གནང་རྒྱུ་ཡང་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཐུགས་ཁུར་གཙོ་བོར་བསྐྱེད་པའི་ཐོག་ནས་སྐབས་དེ་ནས་བཀའ་བསྟན་སྒྲ་སྒྱུར་གཙོ་བོར་གནང་བ་སོགས་སྐུ་ལས་ཆེན་པོ་བསྐྱོན། དེས་ན་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག །

དེ་ལྟར་དུས་རབས་བརྒྱད་པར་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། མཁན་སློབ་རྣམ་གཉིས་བོད་གངས་ཅན་གྱི་ལྗོངས་སུ་སྤྱན་དྲངས་པ་ལྟར། སྐུ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱིས་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ནས་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཤིང་། མཁན་ཆེན་ཞི་བ་འཚོས་བསམ་ཡས་གཙུག་ལག་ཁང་ལ་གླིང་བཞི་གླིང་ཕྲན་བརྒྱད་དང་། ཉི་ཟླ་དང་བཅས་པའི་ཞལ་བཀོད་མཛད་དེ་རྒྱ་གར་འཕགས་ཡུལ་གྱི་ཨུ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས། དབུ་རྩེ་ཡང་ཐོག་རྒྱ་གར་གྱི་ལུགས་སུ་ཤིང་ལས་བྱས་པ་དང་། བར་ཐོག་རྒྱ་ནག་གི་ལུགས་སུ་ས་ཕག་ལས་བྱས་པ། འོག་རིམ་བོད་ཀྱི་ལུགས་སུ་རྡོ་ལས་བྱས་པ་བཅས་ལུགས་གསུམ་བཀོད་ལེགས་རྨད་དུ་བྱུང་བ་གསར་བཞེངས་གནང་།

དེ་ལྟར་བཞེངས་པའི་ལྷ་ཁང་གི་རྣམ་གྲངས་ཀྱང་། དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུལ་དུ་བྱས། གླིང་བཞི་གླིང་ཕྲན་བརྒྱད་དུ་བྱས་ཏེ། ཤར་དུ་རྣམ་དག་ཁྲིམས་ཁང་གླིང་དང་། མཁྱེན་རབ་འཇམ་དཔལ་གླིང་། ཚང་མང་ཀེ་རུ་གླིང་། ལྷོ་རུ་བདུད་འདུལ་སྔགས་པ་གླིང་། ཨརྱ་པ་ལོའི་གླིང་། སྒྲ་སྒྱུར་རྒྱ་གར་གླིང་། ནུབ་ཏུ་མི་གཡོ་བསམ་གཏན་གླིང་དང་། བྱང་དུ་ཕུན་ཚོགས་རིན་ཆེན་གླིང་སོགས་དང་། ཕྱོགས་བཞིའི་མཆོད་རྟེན་ལ་སོགས་པ་གཙུག་ལག་ཁང་གི་ཕྱི་ནང་གི་བཀོད་པ་ངོ་མཚར་བསམ་བརྗོད་ལས་འདས་པ་གསར་བཞེངས་གནང་། དེའི་ནང་དུ་སྒྲ་སྒྱུར་རྒྱ་གར་གླིང་ངམ་ལོ་པཎ་གླིང་། ཞེས་གསུང་རབ་ཡིག་སྒྱུར་གནང་མཁན་གྱི་ལོ་པཎ་གྱི་སྡེ་ཚན་བཙུགས་ནས་ལེགས་སྦྱར་དང་། པཱ་ལིའི་སྐད་ཡིག་ཐོག་ཏུ་བཞུགས་པའི་བཀའ་བསྟན་གསུང་རབ་རྣམས་བོད་ཡིག་ཏུ་བསྒྱུར་བ་གནང་སྟེ། འདས་པའི་ལོ་སྟོང་ཕྲག་ལྷག་གི་རིང་ལ་ནང་པ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དྲི་མ་མེད་པ་ཡོངས་སུ་རྫོགས་པའི་རྩ་བ་བཙུགས་ཤིང་། དར་འཕེལ་བྱུང་བ་དང་། དེ་དག་ཀྱང་བོད་སྐད་ཀྱི་ཐོག་ནས་ཆ་ཚང་སློབ་ཁྲིད་འཆད་ཉན་བྱེད་ཐུབ་པ་འདི་མཁན་ཆེན་ཞི་བ་འཚོའི་བཀའ་དྲིན་རེད་འདུག །

གཞི་རྩ་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སློབ་དཔོན་ཐོན་མི་སཾ་བྷོ་ཊ་སོགས་ཀྱིས་བཀའ་བསྟན་གསུང་རབ་འགའ་ཞིག་བོད་བསྒྱུར་བར་མཛད་ཡོད་ཀྱང་། གཙོ་བོ་མཁན་སློབ་ཆོས་གསུམ་གདན་འཛོམས་རྗེས་མཁན་ཆེན་ཞི་འཚོས་ཐུགས་ཁུར་བསྐྱེད་ནས་བཀའ་བསྟན་གྱི་གཞུང་ལུགས་ཕལ་མོ་ཆེ་བསྒྱུར་འགོ་ཚུགས་ཏེ། བོད་དུ་བཀའ་འགྱུར་པོ་ཏི་བརྒྱ་དང་བཅུ་ལྷག་ཙམ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཡོད་པ་རྣམས་ཚུལ་འདི་ལྟར་བོད་ཡིག་ཏུ་བསྒྱུར་ཏེ་མདོ་རྒྱུད་གཉིས་དང་། སྒྲ་ལ་སོགས་པ་ཐུན་མོང་རིག་གནས་ཀྱི་སྐོར་སོགས་གཞུང་ལུགས་ཧ་ཅང་མང་པོ་ཞིག་བཀའ་བསྟན་གྱི་ནང་དུ་ཡོད་པ་དེ་དག་སྔོན་གྱི་ཆོས་རྒྱལ་དམ་པ་རྣམས་ཀྱིས་དབུ་འཛུགས་གནང་སྟེ། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་། འཕགས་བོད་ཀྱི་པཎྜི་ཏ་དང་། ཞུས་ཆེན་པ་ཟུང་འབྲེལ་ཐོག་རྩོམ་སྒྱུར་ཞུས་གསུམ་གནང་ནས་བྱུང་བ་ཞིག་ཡིན།

མདོར་ན། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་སྟེ། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དུས་ད་ལྟའི་བར་དུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་འདི་ལྟ་བུ་ཞིག་འཛུགས་པ་གནང་མཁན་གཙོ་བོ་དེ་མཁན་ཆེན་ཞི་བ་འཚོ་ཡིན་ལ། སློབ་དཔོན་ཐུགས་རྗེ་ཅན་གྱིས་མི་དང་མི་མིན་གྱི་ནག་པོའི་ཕྱོགས་དེ་དག་ཞི་བར་མཛད་ཅིང༌། རྒྱལ་བློན་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཚོན་ཐུན་མོང་མ་ཡིན་པའི་གདུལ་བྱ་ཉུང་ཤས་ལ་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་སྐོར་བར་མཛད་པ་ལས། ཡོངས་གྲགས་ལ་དགེ་ཚུལ་སློང་གི་བསླབ་སྡོམ་སྩལ་རྒྱུས་མཚོན་དམ་ཆོས་འདུལ་བའི་བསྟན་པ་སྤེལ་བ་དང༌། ཡོངས་སུ་རྫོགས་པའི་བསྟན་པ་དབུ་བཙུགས་ཤིང་། བཀའ་བསྟན་གྱི་གཞུང་ལུགས་བསྒྱུར་བ་དང་། དེ་དང་འབྲེལ་བའི་ཐེག་ཆེན་གྱི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལུགས་དེ་དག་མཁན་ཆེན་ཞི་བ་འཚོས་ཐུགས་འཁུར་གཙོ་བཞེས་གནང་ཡོད། དེར་བརྟེན་བོད་ཁ་བ་ཅན་གྱི་ལྗོངས་དང་། ལྷག་པར་དུ་རྒྱལ་བསྟན་གསལ་བར་མཛད་པའི་བཀའ་དྲིན་ཆེན་པོ་ཡིན་པས། མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །ཞེས་པའོ།།

གཞན་ཡང་མཁན་སློབ་ཆོས་གསུམ་ཞེས་ཡོངས་གྲགས་གོ་རིམ་སྒྲིག་སྐབས། ང་ཚོས་ནམ་རྒྱུན་ཐ་སྙད་འབོད་པའི་ཚེ། མཁན་སློབ་ཆོས་གསུམ་སྟེ། མཁན་ཆེན་དང་། སློབ་དཔོན། ཆོས་རྒྱལ་ཞེས་མཁན་ཆེན་ཞི་འཚོ་གཙོ་བོ་ཡིན་སྟབས་ཐོག་མར་འཇོག་སྲོལ་ཡོད། དེ་ཡང་མཁས་པའི་དབང་པོ་སྨིན་གླིང་ལོ་ཆེན་གྱིས་མཛད་པའི་མཁན་སློབ་ཆོས་གསུམ་གྱི་བསྟོད་པའི་ནང་དུའང་ཐོག་མར་མཁན་ཆེན་ཞི་འཚོ་དང་། གཉིས་པར་སློབ་དཔོན་པདྨ་འབྱུང་གནས། གསུམ་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་གོ་རིམ་འདི་ལྟར་འཇོག་པར་མཛད་པ་ལྟར། མཁན་ཆེན་གཙོ་བོར་ཕེབས་དགོས་པ་ལྟ་བུ་ཞིག་ཡོད། ང་ཚོ་བོད་པས་སློབ་དཔོན་རིན་པོ་ཆེ་གཙོ་བོར་བྱས་ཤིང་། གཡས་སུ་མཁན་ཆེན་དང་། གཡོན་དུ་ཆོས་རྒྱལ་བཅས་ཀྱི་གོ་རིམ་བསྒྲིགས་པ་ཞིག་ཡོང་གིན་འདུག །

ཕྱི་ལོ་ ༡༩༣༠-༡༩༤༠ ནང་གི་རྒྱ་གར་བའི་མཁས་པ་ར་ཧུལ་སངྒིར་མཆོག་གིས་རང་ཉིད་ཀྱི་ལོ་རྒྱུས་ཤིག་བྲིས་པའི་ནང་དུ། བོད་དུ་རྒྱ་གར་ནས་སངས་རྒྱས་པའི་ཆོས་གདན་ཞུ་གནང་སྟེ། དར་སྤེལ་གནང་མཁན་མཁན་ཆེན་ཞི་བ་འཚོ་ཡིན་ནའང་། བོད་ཀྱི་དགོན་སྡེ་ཁག་ཏུ་མཁན་ཆེན་ཞི་འཚོའི་སྐུ་བརྙན་གཅིག་ཀྱང་མི་འདུག་ལ། དགོན་སྡེ་ཕལ་མོ་ཆེའི་ནང་དུ་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་འདུག་པ་གང་ཞིག་ཡིན་ནམ། ཞེས་གསལ་འདུག་པ་བདེན་པ་ལྟ་བུ་ཞིག་ཡིན།

སྔ་འགྱུར་རྙིང་མའི་བླ་ཆེན་འགའ་ཞིག་དང་ངོས་རང་དེའི་སྐོར་བཀའ་མོལ་བྱུང་བར། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་ཐོག་མར་བོད་དུ་ཚུགས་པ་དང་། དེ་ཡང་ཐོག་མར་མཁན་ཆེན་ཞི་འཚོས་བསམ་ཡས་གཙུག་ལག་ཁང་གི་གླིང་བཞི་གླིང་ཕྲན་དང་བཅས་པའི་བཟོ་བཀོད་གནང་སྐབས་བདུད་འདུལ་སྔགས་པ་གླིང་དང་། སྒྲ་སྒྱུར་ལོ་པཎ་གླིང་། རྣམ་དག་ཚུལ་ཁྲིམས་གླིང་། མི་གཡོ་བསམ་གཏན་གླིང་སོགས་ཡོད་པ་ལས། བདུད་འདུལ་སྔགས་པ་གླིང་དུ་གོས་དཀར་ལྕང་ལོ་ཅན་གྱི་སྡེའི་སྡོད་གནས་ཟུར་དུ་ཡོད་སྟབས། རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་བཅས་བླ་མཆོད་སྡེ་གཉིས་ཞེས་བྱུང་བར་བརྟེན། གོས་དཀར་ལྕང་ལོའི་སྡེ་རྣམས་ཀྱིས་སློབ་དཔོན་གཙོ་བོར་བརྩི་བ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་རྣམས་ནས་མཁན་ཆེན་གཙོ་བོར་མཛད་ཚུལ་གསུང་གིན་འདུག་པ་དེ་ལྟར་ཡིན་འདུག །

སོག་པོའི་ཡུལ་ཁག་ལ་ཆ་མཚོན་ན། སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཤུགས་ཆེ་བྱུང་ཡོད་ལ། སོག་པོའི་ཁྲོད་དུ་ཧ་ལས་པའི་མཁས་པའི་རིགས་ཀྱང་བྱུང་ཡོད། སྐབས་རེ་ངོས་ནས་རྩེད་མོ་དང་བཅས་ཏེ་སྔར་ངོས་རང་བོད་ལ་ཡོད་སྐབས་སོག་པོ་མང་པོ་ཡོད། འོན་ཀྱང་སོག་པོའི་རྡོབ་རྡོབ་ཅེས་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག །བསམ་བློ་ཁང་ཚན་ནང་དུ་ཨ་མདོ་མང་པོ་ཞིག་ཡོད་ལ། ཨ་མདོ་མང་ཆེ་བ་རྡོབ་རྡོབ་ཡིན་པས་ཨ་མདོའི་དཔེ་ཆ་བ་ཉུང་ཉུང་རེད། ངོས་རང་བསམ་བློ་ཁང་ཚན་དུ་གྲྭ་པ་གྲྭ་རྐྱང་བྱས་ནས་འཛུལ་ཞུགས་བྱས་ཡོད་ཚེ་ཕལ་ཆེར་ངོས་ནས་ཀྱང་རྡོབ་རྡོབ་བྱེད་ཉེན་ཡོད་ཅེས་རྗོད་ཀྱིན་ཡོད།

མདོར་ན། སོག་པོའི་མཁས་པ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད། མཁས་དབང་དེ་དག་གིས་སོག་པོའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གཉིས་ཀ་མཁྱེན་སྟབས། དེ་དག་གིས་སོག་སྐད་དུ་བསྒྱུར་ན་བསྒྱུར་ཐུབ་ངེས་ཡིན་ནའང་། ད་ལྟའང་སོག་སྐད་ཀྱི་ཐོག་ནས་རྟགས་གསལ་གཏོང་ཐུབ་ཀྱི་མེད་ཚུལ་རྗོད་ཀྱིན་འདུག །དེ་ནི་ཡ་མཚན་ལྟ་བུ་རེད། དེང་སྐབས་སོག་པོ་དག་གིས་བརྗོད་པར། བོད་སྐད་རང་གི་ཐོག་ནས་བསླབས་ན་དེ་ལ་བྱིན་རླབས་ཤིག་ཡོད་ཅེས་རྗོད་ཀྱིན་འདུག །ང་ཚོ་བོད་པས་ལེགས་སྦྱར་གྱི་སྐད་ཡིག་རྩ་ཆེར་རྩི་བཞིན་ཡོད་ཀྱང་། དབུར་རྒྱ་གར་སྐད་དུ་ཞེས་པའི་ཕྱག་དཔེའི་མཚན་ཐུང་ངུ་ཞིག་ལས། དེ་མིན་གཞུང་ཡོངས་རྫོགས་བོད་སྐད་རང་གི་ཐོག་ཏུ་བསྒྱུར་ནས་འགྲོ་བཞིན་ཡོད་པ་ལས། ལེགས་སྦྱར་གྱི་སྐད་ཡིག་ལ་བྱིན་རླབས་འདུག་ཅེས་ལེགས་སྦྱར་གྱི་སྐད་ལ་ཨུ་ཚུགས་བྱས་ནས་འགྲོ་སྲོལ་མེད། སྒྲ་སྒྱུར་གནང་མཁན་དེ་རིགས་ཀྱིས་ལེགས་སྦྱར་གྱི་འགྲོ་སྟངས་ཐོག་སློབ་སྦྱོང་གནང་སྲོལ་ཡོད་པ་ལས། དེ་མིན་སྤྱི་ཡོངས་ཀྱིས་བོད་སྐད་རང་གི་ཐོག་ནས་འཆད་རྩོད་རྩོམ་གསུམ་སོགས་ཀྱི་རང་དབང་གཙང་མ་ཆགས་ཡོད། དེ་ནི་ཕྱོགས་གཅིག་ནས་ཆོས་རྒྱལ་བཀའ་དྲིན་ཅན་དེ་དག་གིས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཐུབ་པ་ལ་བརྟེན་ནས་བྱུང་བས་ཧ་ལས་པ་ཞིག་རེད་འདུག །

དེ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་ཡོད་ཀྱང་། སངས་རྒྱས་པའི་ཆོས་འདི་ཉིད་ནཱ་ལེནྡྲ་རང་ནས་ཐད་ཀར་བཞེས་ཡོད། མཁན་ཆེན་ཞི་བ་འཚོ་སྐུ་འཚོ་གཞེས་སྐབས་བསམ་ཡས་གཙུག་ལག་ཁང་མཁན་ཆེན་ཞི་འཚོའི་བཀའ་བཀོད་ཀྱི་འོག་ཏུ་འཆར་གཞི་བཏིང་སྟེ་གསར་བཞེངས་གནང་། དེ་ལྟ་བུའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་སྐབས་གླིང་བཞི་གླིང་ཕྲན་དང་བཅས་པའི་བཟོ་བཀོད་གནང་བ་ལྟར། སད་མི་བདུན་རབ་ཏུ་བྱུང་བས་མཚོན་རིམ་བཞིན་དགེ་ཚུལ་སློང་གི་སྡོམ་པ་གནང་ཡུལ་རྣམ་དག་ཚུལ་ཁྲིམས་གླིང་དང་། སློབ་དཔོན་རིན་པོ་ཆེས་གཙོ་བོར་སྔགས་ཀྱི་ཆོ་གའམ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་སའི་བདུད་འདུལ་སྔགས་པ་གླིང་སོགས་བཞེངས།

གོས་དཀར་ལྕང་ལོའི་སྡེ་ཞེས་པ་ནི། རྒྱ་གར་འཕགས་ཡུལ་དུ་མེད་ཅིང་། སྐབས་དེར་སློབ་དཔོན་རིན་པོ་ཆེ་སྔགས་འཆང་ཡིན་སྟབས། ཁོང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྗེས་འབྲང་སྔགས་འཆང་བྱུང་བ་ནས་བཟུང་སྟེ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་ཞེས་སྡེ་གཉིས་བྱུང་བ་ལས། བདུད་འདུལ་སྔགས་པ་གླིང་དུ་གོས་དཀར་ལྕང་ལོའི་སྡེ་ཚུགས་པ་བྱུང་ཡོད། མཁན་ཆེན་ཞི་བ་འཚོའི་ཐུགས་བསྐྱེད་སྨོན་ལམ་དང་། བོད་མི་རང་ལ་གདེང་སྤོབས་སློབ་པ་གནང་སྟེ། ཁྱེད་རང་ཚོ་རང་མགོ་ཐོན་པ་བྱེད་དགོས་ཞེས་ལམ་སྟོན་གནང་བ་ལ་བརྟེན་ནས། སྒྲ་སྒྱུར་ལོ་པཎ་གླིང་དུ་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་གསུང་རབ་རྣམས་བོད་ཡིག་ཏུ་སྒྲ་སྒྱུར་གནང་། ངོས་ལ་ལོ་རྒྱུས་སྨྲ་བ་པོ་ཞིག་གིས་བརྗོད་པ་ལྟར་ན། སྒྲ་སྒྱུར་གྱི་སླད་དུ་མཁན་ཆེན་ཞི་བ་འཚོ་དགུང་ལོ་བགྲེས་སོང་དེ་ཉིད་ཀྱིས་བོད་ཡིག་སློབ་སྦྱོང་གནང་རྒྱུའི་འབད་བརྩོན་གནང་བ་རེད་ཅེས་བརྗོད་བྱུང་། འདི་ལྟར་གོ་ཐོས་བྱུང་སྐབས་སེམས་སྐྱོ་པོ་ཞིག་ཡོང་གིན་འདུག །

རྣམ་དག་ཚུལ་ཁྲིམས་གླིང་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་ཚུལ་སློང་གི་འདུལ་བའི་སྡོམ་པ་འབོགས་པ་གནང་བ་དང་། མི་གཡོ་བསམ་གཏན་གླིང་དུ་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་རྒྱ་ནག་གི་ནང་པ་རྣམས་དང་ཐུགས་འདྲིས་བྱུང་ཞིང་། ལྷག་པར་བོད་ལ་ནང་ཆོས་མ་དར་བའི་ལོ་སུམ་བརྒྱ་བཞི་བརྒྱའི་སྔོན་ནས་རྒྱ་ནག་ལ་ནང་ཆོས་དར་ཟིན་པ་སོགས་ཀྱི་ཐོག་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུའང་གཙོ་བོ་ཏིང་ངེ་འཛིན་ཏེ་བསམ་གཏན་སྒོམ་སྒྲུབ་གནང་མཁན་རྒྱ་ནག་གི་སྒོམ་ཆེན་པའི་རིགས་བསམ་ཡས་སོགས་སུ་ཡོང་བཞིན་པ་དེ་དག་གི་བཞུགས་གནས་རྟེན་གཞིར་སྒོམ་གྲྭ་བཙུགས་ཤིང་། དེ་དག་གིས་གཙོ་བོར་བསམ་གཏན་སྒོམ་པ་གནང་བས། མཚན་ལའང་མི་གཡོ་བསམ་གཏན་གླིང་ཞེས་འདོགས་གནང་མཛད་པ་སོགས་ནི་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །དེ་ལྟར་ན་རྒྱའི་ཧྭ་ཤང་ཚང་མ་སྡུག་པ་ལ་ངོས་འཛིན་བྱ་མི་རུང་། མཁན་ཆེན་ཞི་བ་འཚོ་རང་ཉིད་སྐུ་འཚོ་གཞེས་སྐབས་ཀྱི་རྒྱའི་ཧྭ་ཤང་རྣམས་སྒོམ་སྒྲུབ་གནང་ཡུལ་མི་གཡོ་བསམ་གཏན་གླིང་ཟུར་བཙུགས་གནང་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ནམ། ཏིང་འཛིན་མི་གཡོ་བ་གཙོ་འདོན་བྱས་ཏེ་སྒྲུབ་མཁན་གྱི་གླིང་གཅིག་ཟུར་དུ་བཙུགས་པ་གནང་ཡོད།

བདུད་འདུལ་སྔགས་པ་གླིང་ཞེས་པ་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་རོགས་མེད་ན། མི་དང་མི་མིན་གྱི་འགལ་རྐྱེན་གྱི་རིགས་མང་དུ་ཡོད་པས་ན། མཁན་ཆེན་ཞི་བ་འཚོ་སྐུ་རྐྱང་གིས་བོད་དུ་བསྟན་པ་གསར་དུ་བཙུགས་ཏེ་རིམ་བཞིན་དར་འཕེལ་གནང་རྒྱུར་སྐུ་མཉེལ་པོ་ཡོད་སྟབས། དེ་དག་སློབ་དཔོན་ཐུགས་རྗེ་ཅན་གྱིས་བཟློག་པར་མཛད་པ་དང་ཆབས་ཅིག །ཆོས་རྒྱལ་ཡབ་སྲས་ཀྱིས་མཚོན་བོད་ཀྱི་སྔགས་འཆང་སྣོད་ལྡན་ཉུང་ཤས་ལ་བཀའ་བརྒྱད་སོགས་དམིགས་བསལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་གསུངས་ཏེ། རབ་བྱུང་ངུར་སྨྲིག་གི་སྡེའི་ཐོག་ཏུ་གོས་དཀར་ལྕང་ལོའི་སྡེའི་གནས་གཞིར་བདུད་འདུལ་སྔགས་པ་གླིང་གསར་བཙུགས་གནང་ཡོད། དེ་དག་ཚང་མ་མཁན་ཆེན་ཞི་བ་འཚོས་བཀའ་བཀོད་བཞིན་གནང་བར་མ་ཟད། སློབ་དཔོན་ཐུགས་རྗེ་ཅན་གྱིས་ཕྱག་རོགས་མཛད་དེ་མཁན་སློབ་ཆོས་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་དུ་བཙུགས་པ་གནང་ཡོད།

ལྷག་པར་གོས་དཀར་ལྕང་ལོའི་སྡེ་ལ་མཚོན་ན། སྐབས་དེར་རྒྱ་གར་འཕགས་ཡུལ་དུ་གྲུབ་ཆེན་རྣམས་སོ་སོར་གནས་པ་ལས། གོས་དཀར་ལྕང་ལོའི་སྡེ་ཞེས་གཙུག་ལག་ཁང་སོགས་ཡོངས་གྲགས་ཟུར་དུ་ཡོད་མེད་ཐེ་ཚོམ་ཡིན། འོན་ཀྱང་བོད་གངས་ཅན་གྱི་ལྗོངས་སུ་སློབ་དཔོན་ཐུགས་རྗེ་ཅན་གྱི་རྗེས་འབྲང་རིག་འཛིན་བརྟུལ་ཞུགས་ཀྱི་ཉམས་བཞེས་གནང་མཁན་ཡོད་པ་དེ་དག་གི་དགོས་པ་རྒྱུ་མཚན་ལ་གཟིགས་ནས་བདུད་འདུལ་སྔགས་པ་གླིང་། ཞེས་དེ་ལྟའི་སྒྲིག་འཛུགས་དང་། གནས་གཞི་ལོགས་སུ་བཙུགས་པ་གནང་ཡོད། དེས་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ནས་བཟུང་སྟེ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་ཞེས་སྡེ་གཉིས་གསུངས་ཡོད།

དེ་ལྟར་སློབ་དཔོན་ཐུགས་རྗེ་ཅན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ལ། སློབ་དཔོན་ཐུགས་རྗེ་ཅན་གྱིས་མཛད་པའི་མན་ངག་ལྟ་ཕྲེང་གི་བཤད་ལུང་ཡང་ཡོད། གཞུང་དེའི་ནང་ཉན་ཐོས་དང་། རང་རྒྱལ། བྱང་སེམས་བཅས་ཀྱི་ལམ་གྱི་འགྲོ་སྟངས་མདོར་བསྡུས་སུ་གསུངས་ཤིང་། གསང་བ་སྙིང་པོའི་བརྗོད་བྱ་གཙོ་བོར་གསུངས་པ་ཞིག་ཡོད། དེ་མིན་གསང་སྔགས་ཀྱི་ཆོས་སྐོར་ཤ་སྟག་ལྟ་བུ་ཡིན་པ་ལས། མདོ་ཕྱོགས་ཀྱི་གཞུང་ཆེན་དེ་ཙམ་ཡོད་བཟོ་མི་འདུག །དེས་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་ལྟར་དུས་ད་ལྟའང་རྩ་བ་བློར་འཛིན་ཅིང་། འགྲེལ་པ་ཚིག་འབྲུ་རེ་རེ་བཞིན་དུ་བཤད་པ་བརྒྱབ། ཆོས་རར་རྟགས་གསལ་བཏང་སྟེ་བརྡར་ཤ་བཅད་ནས་སློབ་གཉེར་བྱ་རྒྱུའི་གཞུང་མི་འདུག །དེས་ན་སློབ་དཔོན་ཐུགས་རྗེ་ཅན་པཎ་གྲུབ་བཅུ་བདུན་གྱི་ཁོངས་སུ་བཀོད་མེད་པ་དེ་ལྟར་ཡིན།

དེང་སྐབས་འཛམ་གླིང་འདིའི་ཐོག་ཏུ་ནང་པའི་ཡུལ་གྲུ་མང་དུ་ཡོད་ལ། དེ་བཞིན་རྒྱ་ཧོར་བོད་གསུམ་ནི། ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཡིན། འོན་ཀྱང་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་རྩ་བ་བློ་ངོར་འཛིན་པ་དང་། འགྲེལ་པ་ཚིག་འབྲུ་རེ་རེ་བཞིན་འགྲེལ་བཤད་འཆད་ཉན་བྱས། རྒྱ་བོད་ཀྱི་འགྲེལ་པ་མང་དུ་ཡོད་རྣམས་ཀྱང་གུང་བསྒྲིགས་ཤིང་། ཚད་མའི་གཞུང་ལ་བརྟེན་ནས་རྟགས་གསལ་བཏང་སྟེ་སྒྲོ་འདོགས་བཅད་ནས་འགྲོ་སྲོལ་ཡོད་པ་ནི། བོད་གཅིག་པུ་ཡིན་པ་ལས་གཞན་སུའང་མེད།

དེང་སྐབས་འཛམ་གླིང་འདིའི་ཐོག་དངོས་ཡོད་གནས་ཚུལ་ལ་ནཱ་ལེནྡྲའི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་སྐོར་ལ་འགྲེལ་བཤད་རྒྱག་དགོས་བྱུང་ཚེ་བོད་ཀྱི་སྐད་ཡིག་འདི་ཉིད་ཡག་ཤོས་སུ་གྱུར་ཡོད། འདི་ངོས་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ཐུབ་པ་ཞིག་ཡིན། བོད་ཀྱི་སྐད་ཡིག་གི་ཐོག་ཏུ་ཕྱུག་པོ་ཡོད་པ་དེ་དག་ནི། ལེགས་སྦྱར་ནས་བོད་སྐད་དུ་སྒྲ་སྒྱུར་གནང་སྐབས་བོད་སྐད་ཀྱི་ཐོག་ནས་མིང་ཚིག་མ་འདང་བའི་རིགས་རྣམས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་མིང་ཚིག་གསར་བཟོ་གནང་གིན་སྒྲ་སྒྱུར་གནང་བ་ཞིག་ཡིན། དེས་ན་བོད་ཀྱི་སྐད་ཡིག་ནི་ལེགས་སྦྱར་གྱི་སྐད་དང་ཏག་ཏག་འགྲོ་ཐུབ་པའི་སྐད་ཡིག་ཅིག་ཀྱང་ཡིན། ལེགས་སྦྱར་གྱི་སྐད་ཡིག་ནི། དེང་སྐབས་མཁས་དབང་འགའ་ཞིག་གིས་གསུངས་པ་ཙམ་ལས་བེད་སྤྱོད་རྒྱ་ཆེ་བ་མེད།

ད་ལྟ་འཛམ་གླིང་འདིའི་ཐོག་ཏུ་བེད་སྤྱོད་ཡོད་བཞིན་པའི་སྐད་ཡིག་གི་ནང་དུ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱི་གཞུང་ལུགས་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་མཁན་ནི། ཕལ་ཆེར་བོད་ཀྱི་སྐད་ཡིག་ཁོ་ན་ཆགས་ཡོད། དེ་ལ་བསམ་བློ་གཏོང་སྐབས་དངོས་གནས་སྔོན་བྱོན་བོད་ཀྱི་ཆོས་རྒྱལ་ལོ་པཎ་དང་། མཁས་གྲུབ་སྐྱེས་བུ་དམ་པ་རྣམས་ཀྱིས་རླབས་ཆེན་གྱི་དགོངས་པ་བཞེས་ཤིང་། སྐུ་ལས་ཤུགས་ཆེ་བསྐྱོན་འདུག་སྙམ་པ་ཞིག་ཡོང་གིན་འདུག །དེང་སྐབས་བོད་ཀྱི་རིག་གཞུང་ཞེས་བརྗོད་སྐབས། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་ཐོག་མགྲིན་པ་གཟེངས་སུ་བཏེགས་ནས་བྱ་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཡོད། སྤྱིར་ཆོས་ཁས་ལེན་མཁན་དག་གི་ཁྲོད་དུ་ཚན་རིག་ཅེས་བརྗོད་སྐབས་བག་ཡོད་བསྟེན་དགོས་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་རྒྱུས་མངའ་དང་གོམས་འདྲིས་ཡོད་པ་དག་གིས་ཚན་རིག་པ་དང་ཐུག་འཕྲད་བྱ་རྒྱུར་སྤོབས་པ་དང་སྤྲོ་སྣང་ཡོད་པ་ཞིག་ཡོང་གིན་ཡོད།

སྔར་སྤྱི་ཁྱབ་མཁན་པོ་དགའ་བྲང་བློ་བཟང་རིག་འཛིན་གྱིས། དེ་རིང་མཇིང་པར་ཞག་ཚི་ཞིག་བྱུགས་ནས་མཇིང་པ་འགྲེང་དགོས་པ་མིན་ནམ། ཞེས་བརྗོད་བཤད་པ་ལྟར། དངོས་གནས་ནཱ་ལེནྡྲའི་གཞུང་ལུགས་རྣམས་རྒྱུས་མངའ་ཡོད་པ་ཞིག་ཡིན་ན། ཕྱི་ནང་གི་མཁས་པ་སུ་ཞིག་དང་ཐུག་ཀྱང་སྤོབས་པ་དང་བཅས་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་དང་། གོ་བསྡུར་བྱེད་ཐུབ་པ་ཞིག་ཡོང་གིན་འདུག །དེ་ནི་སྔོན་གྱི་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་མཁན་ཆེན་ཞི་འཚོ་ཡབ་སྲས་དེ་དག་གི་ཐུགས་རྗེ་བཀའ་དྲིན་དང་། བོད་གངས་ཅན་ལྗོངས་ཀྱི་རྒྱལ་བློན་བྱང་སེམས་དང་། མཁས་གྲུབ་ལོ་པཎ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་རེད་འདུག །དེས་ན་ང་ཚོ་བོད་ཀྱི་རིག་གཞུང་ཞེས་བརྗོད་སྐབས་མགྲིན་པ་གཟེངས་སུ་བཏེགས་ཤིང་སྤོབས་པ་བྱ་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཡོད།

དེ་སྔ་ང་ཚོ་བོད་ལ་ཡོད་སྐབས། བོད་མི་ཤ་སྟག་གི་ནང་དུ་གནས་ཤིང་། ང་ཚོ་བཙན་བྱོལ་བར་གྱུར་པའི་རྐྱེན་གྱིས་མི་མང་པོ་དང་རྒྱ་ཆེན་པོའི་འབྲེལ་བ་བྱ་རྒྱུའི་གོ་སྐབས་བྱུང་བ་དང་། རིམ་བཞིན་འབྲེལ་བ་བྱེད་སྐབས་དངོས་གནས་བོད་ཀྱི་གཞུང་ཆེན་གྱི་སློབ་གཉེར་དང་། ལྟ་གྲུབ་ཀྱི་སློབ་སྦྱོང་ཡོད་པ་དེ་དག་གཞན་དང་མི་འདྲ་བའི་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་དང་། རྒྱུ་མཚན་འགྲེལ་བཤད་བྱ་རྒྱུ་ཡོད་པ་ཞིག་མཐོང་སྐབས་གཞན་གྱིས་ཆ་འཇོག་བྱེད་ཀྱིན་འདུག །འདི་ལྟར་བསམ་བློ་གཏོང་སྐབས། ང་ཚོ་བོད་ཤོར་ནས་བཙན་བྱོལ་བར་གྱུར་ཏེ་གནས་པ་ནི། རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུ་ཞིག་ཏུ་མཐོང་གིན་འདུག །མདོར་ན། ང་ཚོ་བཙན་བྱོལ་བར་གྱུར་ཟིན་པས། ད་ནི་བཙན་བྱོལ་བར་གྱུར་པའི་དོན་གོ་ཆོད་པ་ཞིག་བྱས་ན་ཡག་པོ་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱི་བློ་གཏད་བཅོལ་ས་ཞིག་དང་། བཙན་བྱོལ་དུ་བོད་རིགས་རྣམས་སྲ་ཐག་ཐག་ཡོད་ལ། བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་འདིའི་ཐོག་ཏུ་སྟོན་རྒྱུ་ཡོད་པ་ཞིག་ཏུ་གྱུར་ནས་ཡོད་བསམ་པ་བཅས་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱི་སེམས་ནང་སྤྲོ་སྣང་སླེབས་པ་ཞིག་དང་། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་། དེ་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་དེ་དག་ནམ་ཡང་ནུབ་ས་མ་རེད་སྙམ་པའི་སྙིང་སྟོབས་སླེབས་ས་དང་། རེ་བ་བཅོལ་ས་ཞིག་ཏུ་འགྱུར་གྱིན་འདུག །

ང་ཚོ་འདིར་བཙན་བྱོལ་ལ་ཡོད་པ་རྣམས་ལ་ཆ་མཚོན་ནའང་། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་སྲོག་དང་བསྡོས་ཏེ་བཟུང་བ་མཐོང་སྐབས། ཨ་ཙི་ང་རང་ཚོ་རང་དབང་ལུང་པའི་ནང་དུ་སླེབས་ཡོད། ང་ཚོས་ཧུར་ཐག་འབད་ཐག་མ་བྱས་ན་མི་འགྲིག་སྙམ་པའི་སྙིང་སྟོབས་སླེབས་པ་ཞིག་ཡོད། ཡང་སྙིང་བོད་མི་ས་ཡ་དྲུག་ལྷག་ཙམ་ཡོད་པ་རྣམས་དུས་ཚོད་ཁག་པོའི་སྐབས་སུ་ང་ཚོ་ཚང་མ་རྡོག་ལ་བསྒྲིལ་བ་ཞིག་ཆགས་ཡོད། དེ་སྔ་ངོས་རང་སྐྱེས་སའི་ཟི་ལིང་གི་གྲོང་གསེབ་ལ་ཆ་མཚོན་ན། དགའ་ལྡན་ཕོ་བྲང་ལ་དེ་ཙམ་རྒྱུས་མངའ་མེད་ཅིང་། ང་ཚོ་རྐྱེན་ངན་གྲོགས་སུ་ཤཪ་ནས་ཆོལ་གསུམ་བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་ལ་བསྒྲིལ་བ་ཞིག་ཆགས་ཡོད། དེ་ནི་རྐྱེན་ངན་གྲོགས་ལ་ཤར་བ་རེད། མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་ཀྱི་སྙིང་སྟོབས་ཧ་ལས་པ་ཞིག་རེད་འདུག །

ང་ཚོ་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་དེ་ཡང་། རང་རྒྱལ་གཞན་ཕམ་མིན་པར་རྒྱ་ཆེ་བའི་འགྲོ་བ་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་ཐུབ་ཐབས་ལ་བསམ་བློ་གཏོང་བཞིན་ཡོད། ཁ་ཡོད་ལག་ཡོད་ཀྱིས་རྒྱ་མི་རིགས་རྣམས་ནི། ང་ཚོར་བཙན་དབང་ཤོད་མཁན་ལྟ་བུར་གྱུར་ཡོད་ཀྱང་། སྤྱི་ཡོངས་ཀྱི་རྒྱ་མི་རིགས་དེ་བཞིན་དེ་སྔ་ཆོས་རྒྱལ་དག་གི་སྐུ་དུས་ནས་གྲོགས་པོ་གྱུར་ནས་ཡོད་ལ། དེང་སྐབས་ལ་ཆ་མཚོན་ནའང་། རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་མ་ཟིན་ཙམ་ཡོད་པ་ཧ་ཅང་ཕོན་ཆེ་ཆགས་ཡོད། དེ་དག་གིས་དོ་སྣང་ཤུགས་ཆེ་བྱེད་བཞིན་འདུག །དེ་དག་ལ་ང་ཚོས་གཅིག་ཕན་གཅིག་གྲོགས་བྱེད་ཐུབ་པ་ཞིག་ཏན་ཏན་ཡོད།

དེ་ཡང་ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་ང་ཚོས་བོད་རང་བཙན་མི་རྩོད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཚིག་འདིའི་འོག་ནས་ང་ཚོར་ཐོབ་ཐང་འདྲ་མཉམ་ཡོད་པ་ཞིག་བྱུང་ན་རྒྱལ་ཁབ་གཅིག་གྱུར་དེའི་ནང་བསྡད་ན་དགེ་མཚན་འདུག །ཅེས་བརྗོད་པའི་རྒྱུ་མཚན་འདི་ལྟར་རེད། ང་ཚོས་ཁ་ནས་སེམས་ཅན་ཐམས་ཅད་ཅེས་རྗོད་བཞིན་ཡོད་ལ། ང་ཚོས་ཚད་མེད་བཞི་འདོན་སྐབས་སུའང་། སེམས་ཅན་ཐམས་ཅད་ཅེས་རྗོད་ཀྱིན་ཡོད་པ་ལས། བོད་པ་གཅིག་པུ་ཞེས་རྗོད་ཀྱི་མེད། བོད་པའི་ནང་ནས་ཀྱང་ཁམས་གཅིག་པུ་དང་། ཨ་མདོ་གཅིག་པུ། དབུས་གཙང་གཅིག་པུ། དེའི་ནང་ནས་ཀྱང་སྟོད་པ་གཅིག་པུ་བརྗོད་པ་ལྟ་བུ་གཏན་ནས་མིན། ང་ཚོས་ཁ་ནས་སེམས་ཅན་ཐམས་ཅད། ཅེས་བརྗོད་པ་ནི་རྫུན་མིན་པར་ཁ་ཞེ་གཉིས་མེད་ཡིན། སེམས་ཅན་ཐམས་ཅད་ཅེས་བརྗོད་ན། སྐར་ཚོགས་མཐའ་ཡས་པ་ཞིག་ཡོད་ཅིང་། ཆོས་སྐད་ལྟར་ན། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཞེས་བརྗོད་པ་རྣམས་ཀྱང་བདེན་པ་ཡིན། དེ་དག་ནས་ར་འཕྲོད་ཡོང་གིན་ཡོད། དེ་ལྟར་སེམས་ཅན་ཐམས་ཅད་ཅེས་རྗོད་ཀྱིན་ཡོད་ཀྱང་། དེ་དག་ལ་ང་ཚོས་སྨོན་ལམ་འདེབས་པ་ཙམ་ལས་ཕན་གནོད་བྱ་རྒྱུ་གང་ཡང་མེད། ཕན་གནོད་བྱ་རྒྱུར་འབྲེལ་བ་ཡོད་པ་ནི། འཛམ་གླིང་འདིའི་ཐོག་གི་སེམས་ཅན་རྣམས་ཡིན། དེ་དག་ལས་དུད་འགྲོ་དང་སྲོག་ཆགས་འབུ་སྲིན་རྣམས་ལ་ང་ཚོས་སྨོན་འདེབས་རྒྱུ་ལས་གང་ཡང་བྱ་རྒྱུ་མེད། སྙིང་རྗེ། བྱ་རིགས་དྭགས་རྣམས་མཐོང་སྐབས་གང་དྲག་སྙམ་སྟེ་སྨོན་ལམ་འདེབས་པ་ལས་བྱ་རྒྱུ་གང་ཡང་མི་འདུག །ཐབས་ཤེས་བྱ་རྒྱུ་ཡོད་པ་ནི། འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་རྣམས་སྐད་རིགས་མི་འདྲ་བ་ཡོད་ཀྱང་། སྐད་རིགས་ཡོད་པ་དང་། མིའི་ཀླད་པ་གཅིག་མཚུངས་ཡིན་པར་བརྟེན་ཕན་ཚུན་འབྲེལ་བ་བྱེད་ཐུབ་པ་ཞིག་དང་། ཕན་ཐོགས་བྱེད་ཐུབ་པ་ཞིག་ཀྱང་ཡོད། དེས་ན་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་གཞན་ཕན་ཇི་ཙམ་སྒྲུབ་ཐུབ་པ་ཞིག་བྱུང་ཡང་། དེའི་ཐོག་ཏུ་བསམ་བློ་གཏོང་དགོས་པ་ཡིན། དེར་བརྟེན་རྒྱ་མི་རིགས་རྣམས་ལོ་རྒྱུས་ཀྱི་ཐོག་ནས་ནང་པ་ཡིན་ལ། བོད་དང་དམིགས་བསལ་འབྲེལ་བ་ཡོད་སྟབས། ཆབ་སྲིད་ཀྱི་རྒྱུ་མཚན་གྱི་ཐོག་ནས་ང་ཚོས་རང་ཕྱོགས་དང་གཞན་ཕྱོགས། ཞེས་ཤུགས་ཆེར་འཛིན་ཀྱང་རྒྱ་ཆེ་བའི་དགོས་པ་གང་ཡང་མེད། ང་ཚོ་གྲོགས་པོ་གྲོགས་མཆེད་ཀྱི་ཐོག་ནས་ང་ཚོའི་སྡུག་བསྔལ་རྣམས་སེལ་ཐུབ་པ་ཞིག་དང་། བདེ་བ་སྒྲུབ་ཐུབ་པ་ཞིག་དང་། དེ་ཡང་གཉིས་ཕན་གྱི་ཐོག་ནས་སྒྲུབ་ཐུབ་པ་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་ལ་ང་ཚོར་རྒྱུ་མཚན་ཡོད།

དེང་སྐབས་རྒྱ་མི་རིགས་མང་པོ་ཞིག་ལ་དོ་སྣང་གསར་པ་ཞིག་སླེབས་བཞིན་ཡོད། ང་ཚོས་མཐའ་གཅིག་ཏུ་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་ཤོད་ཀྱི་མེད། དེ་དག་ལ་བསམ་བློ་གཏོང་སྐབས། ང་ཚོ་བོད་མི་རིགས་འདི་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཞེས་རྗོད་ཀྱིན་ཡོད་ལ། དེ་ལྟར་བརྗོད་པ་ལྟར་སྔོན་གྱི་བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས་བོད་མི་རིགས་འདི་ཉིད་འབུར་ཐོན་ཞིག་བཟོས་པ་གནང་འདུག །ད་ལྟ་ང་ཚོའི་མི་རབས་འདི་དག་གིས་དཀའ་སྡུག་མང་པོ་ཞིག་མྱངས་ན་ཡང་། ང་ཚོ་བོད་ཀྱི་གཏམ་དཔེར།

མཆོད་རྟེན་མགོ་མཇུག་ལོག་ཀྱང་། །བང་རིམ་སྐེད་པར་གནས་ཡོད། །

ཅེས་བརྗོད་སྲོལ་ཡོད་པ་ལྟར། ང་ཚོ་འཛམ་གླིང་ཐོག་མགྲིན་པ་གཟེངས་སུ་བཏེགས་ནས་བསྡད་ཡོད་པས། རྒྱ་མི་རིགས་ཤིག་ཡིན་ནའང་། བློ་གཟུ་བོར་གནས་པ་རྣམས་ཡིད་སྨོན་སྐྱེ་དགོས་པ་ཞིག་ཆགས་ཡོད། དེས་ན་ད་ལྟ་ཕན་ཆད་ང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་བཤད་ནའང་། ཚང་མས་ཧུར་ཐག་འབད་ཐག་གནང་ནས་མི་རབས་འགའ་ཞིག་ཕྱིན་པ་རེད། སྔོན་མ་ཀུན་བདེ་གླིང་ཛ་སག་དང་། དབང་རྡོར་ལགས། བྱེ་གཤོངས་ཚེ་དབང་རྟ་མགྲིན་ལགས་ཁོང་རྣམ་པས་ཧུར་ཐག་འབད་ཐག་བྱས་སོང་། དེ་ནས་མི་རབས་འགའ་ཞིག་ཕྱིན་ནའང་ཚང་མས་ཧུར་ཐག་བྱས་པའི་གྲུབ་འབྲས་ལ་བཙན་བྱོལ་བའི་སྒྲིག་འཛུགས་དང་བཅས་པ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་གོང་བུའི་ནུས་པ་ཞིག་དང་། དེ་ཡང་ཆབ་སྲིད་གཅིག་པུའི་ཐོག་ནས་མིན་པར་ཆོས་དང་རིག་གཞུང་། རྒྱ་ཆེ་སའི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་གང་འཚམ་བྱེད་ཐུབ་པ་ཞིག་གི་མཚམས་སུ་སླེབས་ཡོད།

ངོས་ནས་རྟག་ཏུ་རྗོད་བཞིན་པ་ཞིག་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དང་བཅས་ཏེ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ད་ལྟའི་ང་ཚོའི་མི་རབས་འདིས་མི་གོ་བཅད་ཡོད་ཅེས་རྗོད་ཀྱིན་ཡོད་ལ། རྟག་ཏུ་འདི་ལྟར་དྲན་གྱིན་འདུག །དེ་རིང་འདི་གར་བཀའ་བློན་རྣམས་དང་། གྲོས་ཚོགས་ཀྱི་འཐུས་མི་བཅས་འཛོམས་ནས་ཡོད། ང་ཚོས་མི་རབས་ནས་མི་རབས་བར་དཀའ་ལས་བརྒྱབ་ནས་རང་ཉིད་ཀྱི་བདེན་དོན་དེ་ཉིད་མཐའ་འཁྱོངས་པ་ཞིག་ད་བར་བྱས་པ་རེད་ལ། མ་འོངས་པར་བདེན་པའི་མཐའ་ཏན་ཏན་གསལ་ངེས་རེད། ཐུགས་རྗེ་ཆེ་ཞེས་བརྗོད་ཀྱི་ཡིན། ད་དུང་ཡང་ཚང་མས་སེམས་ཤུགས་བསྐྱེད་ནས་ཧུར་ཐག་གནང་ཤོག །བློ་རྒྱ་བསྐྱེད་ནས་བྱ་རྒྱུ་དེ་གལ་གནད་ཆེན་པོ་རེད་འདུག །གཅིག་ཁོ་ནར་བསམས་ནས་བསམ་བློ་གུ་དོག་མི་གཏོང་བར་བློ་རྒྱ་བསྐྱེད་ནས་བསམ་བློ་བཏང་ན། ཏན་ཏན་བདེན་མཐའ་གསལ་ལ་ཉེ་བ་ཞིག་གི་མཚམས་སུ་འགྲོ་བཞིན་ཡོད།

གཙོ་ཆེ་ཤོས་དཔལ་ལྡན་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ནི། གཞུང་ཆེན་སློབ་གཉེར་བྱེད་མཁན་རྣམས་ཡིན་ཅིང་། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ཆེན་བཅུ་གསུམ་གྱི་རིགས་ལྟ་མཁན་དེ་རྣམས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཡིན། ཚིག་གི་འདོན་པ་ཁོ་ན་བཏོན་པ་དེས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་གྱི་མེད། དཔེར་ན། བསམ་བློ་ཞིག་ཐོངས་དང་། ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ལས་མགོན་པོ་ཀླུ་སྒྲུབ་ཡར་ཙམ་དེར་བཞུགས་ཤིང་། སློབ་དཔོན་ཨཱརྱ་དེ་བས་ཉེ་འཁྲིས་སུ་མཛོ་སྐད་བརྒྱབ་ནས་བཞུགས་པ་ལྟ་བུ་ཞིག་ཕལ་ཆེར་མེད། དེ་དག་གིས་གཞུང་ཆེན་སློབ་སྦྱོང་གནང་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས་འགྲེལ་བཤད་བསྐྱོན་ནས་འཁྲིད་པ་དང་། པཎ་གྲུབ་གཞན་རྣམས་ཀྱིས་གསན་བཞིན་དུ་ཟིན་བྲིས་བསྐྱོན་པ་དང་། ཁོང་རྣམས་ནས་ཀྱང་སློབ་བརྒྱུད་སྤེལ་བ་སོགས་ཀྱི་ཐོག་ནས་ཕྱིན་འདུག །དེས་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་ཆ་ཚང་ལྟ་མཁན་སྔ་མོ་ས་སྐྱར་ཧ་ཅང་ཡག་པོ་ཡོད་ཅིང་། བར་སྐབས་དེ་དག་ཉམས་དམས་སུ་ཕྱིན་པ་དང་། ས་སྐྱར་མཚོན་ན། ཆོས་རྗེ་ས་པཎ་རང་ཉིད་ཀྱིས་ཀྱང་ཚད་མ་རིགས་གཏེར་ལྗགས་རྩོམ་མཛད་ཡོད། དེ་ལྟར་ཚད་མའི་གཞུང་ལ་ཐུགས་སྣང་ཆེན་པོ་གནང་ཡོད། ཕྱིས་སུ་རི་བོ་དགེ་ལྡན་པ་རྣམས་ཡག་ཤོས་སུ་གྱུར་ཡོད། ང་ཚོ་བཙན་བྱོལ་བར་གྱུར་རྗེས་ཀྱང་གདན་ས་གསུམ་གཙོ་བོར་གྱུར་པའི་གཞུང་ཆེན་སློབ་གཉེར་བྱེད་མཁན་གྱི་དགོན་སྡེ་རྣམས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་བཏགས་དོན་བཙལ་དགོས་བྱུང་ན། གདན་ས་ཁག་དེ་དག་རེད། ད་བར་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཚང་མས་ཧུར་ཐག་བྱེད་དགོས། གཞུང་ལུགས་དེ་དག་སྦྱངས་ནས་རང་ཉིད་ལ་མཚོན་ནའང་འདི་ཕྱི་གཉིས་ཡོད་ཅིག་ཏུ་གྱུར་ཡོད་ལ། གཞན་དང་ཐུག་འཕྲད་བྱུང་ཡང་སྤོབས་པ་ཆེན་པོའི་ཐོག་ནས་བཤད་རྒྱུ་ཡོད་པ་བཅས་བསྟན་པའི་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཏུ་འགྱུར།

དེ་བཞིན་མགོན་པོ་གང་གིས་ལམ་སྟོན་བཀའ་སློབ་ལས་[17]ཀྱང་། ངོས་ནས་ཁ་བདེ་པོ་བྱས་ནས་བཤད་རྒྱུ་ཡོད་པ་རྣམས་ངོས་རང་ཉམས་ལེན་བྱེད་བཞིན་ཡོད་ཅིང་། མཁན་ཆེན་ཞི་བ་འཚོས་བོད་དུ་གདན་ཞུ་གནང་བའི་ནཱ་ལེནྡྲའི་ཆོས་བརྒྱུད་འདི་རྒྱུ་མཚན་ལྡན་པ་ཞིག་དང་། བློ་སྦྱོང་བའི་ཐབས་མཆོག་ཏུ་གྱུར་པ་ཡིན། དེས་ན་ངོས་ནས་ནམ་རྒྱུན་བོད་རིགས་རྣམས་ལ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་པ་གཅིག་པུ་མིན་པར་བཅོམ་ལྡན་འདས་ནི་རང་ཉིད་ཀྱི་དགེ་རྒན་དང་། ང་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་ཡིན་བསམས་པའི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན།

སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་སློབ་སྦྱོང་བྱས་ནས་བསམ་བློར་འགྱུར་བ་གཏོང་རྒྱུ་ཞིག་ཡིན། ཕྱི་དངོས་པོའི་གནས་ཚུལ་རྣམས་ཀྱང་སངས་རྒྱས་པའི་ཆོས་ནས་ཆོས་ཐམས་ཅད་མིང་ཙམ་བརྡ་ཙམ་གསུང་གིན་ཡོད། ཤེས་རབ་སྙིང་པོ་ལས[18]། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་ཡིན་ནོ། །ཞེས་གསུངས་པ་དེ་ནང་པའི་ཤེར་ཕྱིན་གྱི་གཞུང་གི་སྙིང་པོར་གྱུར་ཡོད། དེ་དག་ལམ་སེང་ལས་སླ་པོར་ཤེས་ཐུབ་པ་ཞིག་མིན་པས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་འདི་རིགས་བལྟ་དགོས་ལ། བལྟས་པ་ཙམ་མིན་པར་རང་ཉིད་ཀྱིས་བསམ་བློ་ཡང་ཡང་བཏང་ན། ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས། དེ་ནས་བསམ་བྱུང་གི་ཤེས་རབ་སྐྱེས། དེ་ནས་རིམ་བཞིན་སེམས་ལ་འགྱུར་བ་ཐེབས་པ་ཞིག་ཡོང་གིན་ཡོད། ང་ཚོ་བོད་ལ་ཡོད་པའི་ནང་པའི་ཆོས་དེ་མཁན་ཆེན་ཞི་བ་འཚོས་ང་ཚོར་རྩིས་སྤྲོད་གནང་བ་ཞིག་དང་། དེ་ལྟའི་ནཱ་ལེནྡྲའི་འགྲོ་སྟངས་ནི་བསམ་བློ་བཏང་ནས་བྱེད་པ་ལས། སྐྱབས་སུ་མཆིའོ་ཞེས་པ་དེ་ཉིད་གཅིག་པུ་མིན། དེས་ན་སློབ་སྦྱོང་བྱེད་དགོས་པ་ཡིན།།  །།

 

༨༽ སློབ་དཔོན་ཀ་མ་ལ་ཤཱི་ལ།

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །

པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

པདྨའི་ངང་ཚུལ་ལམ་སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། མཁན་ཆེན་ཞི་བ་འཚོའི་སློབ་མའི་གཙོ་བོ་ཞིག་ཡིན་ལ། སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱ་གར་འཕགས་ཡུལ་དུ་སྐུ་བཞུགས་གནང་སྐབས་ནས་དབུ་མ་སྣང་བ་ལྗགས་རྩོམ་མཛད། དེ་ནི་དབུ་མའི་གཞུང་ལུགས་བསམ་གྱིས་མི་ཁྱབ་པ་ཞིག་དང་། གལ་གནད་ཧ་ཅང་ཆེ་བའི་གཞུང་ཞིག་ཀྱང་རེད་འདུག །རྩ་བ་སློབ་དཔོན་ལེགས་ལྡན་འབྱེད་དང༌། མཁན་ཆེན་ཞི་བ་འཚོའི་ལྟ་བ་ཡིན་པས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་ཀྱིན་ཡོད་ཀྱང་། དབུ་མའི་གནད་འགག་ལྟ་བུ་མང་པོ་ཞིག་དང་། དབུ་སེམས་ཀྱི་ཁྱད་པར་སོགས་དབུ་མ་སྣང་བའི་ནང་ཤུགས་ཆེར་གསུངས་ཡོད།

དེ་བཞིན་མཁན་ཆེན་ཞི་འཚོའི་གསུང་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པར་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། ཞེས་བསྟན་འགྱུར་ཁྲོད་པོད་གཉིས་བཞུགས་པ་ཡང་ཧ་ལས་པའི་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །གཞུང་དེ་ཉིད་ཧ་ཅང་མཁྲེགས་པོ་ཞིག་འདུག་པས། དཀའ་བ་སྤྱད་ནས་སློབ་གཉེར་མ་བྱས་ན་ལས་སླ་པོའི་ཐོག་ནས་ཤེས་ཐུབ་པ་ཞིག་མིན། སློབ་དཔོན་ཀ་མ་ལ་ཤཱི་ལའི་ཚད་ཆེན་གྱི་འགྲེལ་པ་དབུ་ནས་གང་འཚམ་བཀླགས་པས་དེ་དག་གི་ཐོག་ནས་ངེས་པ་ཧ་ཅང་གསལ་པོ་ཞིག་རྙེད་བྱུང་། ཕྱག་དཔེ་སྤམ་ཤིན་ཏུ་མཐོ་ལ། ངོས་རང་ཞིབ་མཇལ་ཞུ་རྒྱུའི་དུས་ཁོམ་མེད་པ་བཅས་དཀའ་ལས་ཧ་ཅང་ཁག་པོ་འདུག་པས། དེ་གས་འགྲིགས་སོང་སྙམ་སྟེ་ཕྱག་དཔེ་དེ་ཕར་བཞུགས་སུ་གསོལ་བ་ཡིན།

དེ་ཡང་ཁོང་གིས་མཛད་པའི་ཚད་ཆེན་གྱི་འགྲེལ་པའི་ནང་ནས་ངོས་ལ་བློ་སྐྱེད་བྱུང་བ་གཙོ་བོ་གཅིག་ནི། རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་སྟེ། འཇིག་རྟེན་པའི་ཡང་དག་པའི་ལྟ་བའི་སྒོ་ནས་ལས་འབྲས་ལ་རྨོངས་པའི་མ་རིག་པའི་གཉེན་པོ་བྱས་ཏེ་མངོན་མཐོ་སྒྲུབ་པ་དང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཤེས་པའི་སྒོ་ནས་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའི་གཉེན་པོ་བྱས་ཏེ་མ་རིག་པ་བསལ་ནས། ངེས་ལེགས་སྒྲུབ་པ་བཅས་རྟེན་འབྱུང་ཞེས་པ་དེར་རིམ་པ་གཉིས་སུ་ཕྱེ་སྟེ། རྒྱུ་འབྲས་རྟེན་འབྱུང་གི་རིམ་པ་གཅིག་དང་། དེས་མངོན་མཐོ་སྒྲུབ་པ་དང་། གཉིས་པ་ནི་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རིམ་པ་གཅིག་སྟེ། དེ་ལ་བརྟེན་ནས་བཏགས་ཙམ་ལས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་བཅས། མཐའ་གཉིས་སེལ་བའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པའི་ཐོག་ནས་ངེས་ལེགས་ཐར་པའི་གོ་འཕང་སྒྲུབ་ཚུལ་སྐོར་ཧ་ཅང་གསལ་པོར་གསུངས་འདུག །དེས་ངོས་རང་གི་སེམས་ལ་ཕན་ཐོགས་ཆེན་པོ་བྱུང་ལ། སྡོམ་ཆེན་པོ་ཞིག་བསྐྱོན་འདུག་སྙམ་པ་ཞིག་ཀྱང་བྱུང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས[19]།

སྐྱེ་དགུའི་དོན་གཉིས་སྟེར་བྱེད་པ། །

ཞེས་གསུངས་པ་ལྟར་ཏག་ཏག་འགྲོ་བཞིན་ཡོད། ངོས་ཀྱི་ངོ་ཤེས་འགའ་ཞིག་གིས། སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་པ་སོགས་བསྟན་པར་དག་ཐེར་རྨད་དུ་བྱུང་བ་གནང་བའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། ད་བར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་པ་འདི་ལྟར་བྱུང་ཞིང་། ཀ་མ་ལ་ཤཱི་ལ་བོད་དུ་གདན་ཞུ་མ་གནང་བར་བོད་དུ་རྒྱའི་ཧྭ་ཤང་བློ་སྦུག་དོག་པོའི་རིགས་གཅིག་བྱུང་བ་དེ་དག་གི་འདོད་པ་གཙོ་བོར་བྱས་ཏེ་ཕྱིན་ན། དུས་ད་ལྟ་བར་བོད་པས་སྒོམ་རྐྱང་པ་བརྒྱབ་ནས་བསྡད་དེ། ཐོས་བྱུང་གི་ཤེས་རབ་དང་། བསམ་བྱུང་གི་ཤེས་རབ་སོགས་མེད་པར་གྱུར་པ་ཞིག་ཏན་ཏན་བྱུང་ཡོད། དེར་བརྟེན་སློབ་དཔོན་ཀ་མ་ལ་ཤཱི་ལ་དངོས་གནས་བཀའ་དྲིན་ཆེན་པོ་རེད་འདུག །ཅེས་བརྗོད་པ་དེ་ནི་དངོས་གནས་བདེན་པ་རེད།

ང་ཚོའི་རྣམ་དཔྱོད་ཀྱི་བློ་མིག་འབྱེད་པའི་ལྡེ་མིག་དངོས་གནས་དེ་མཁས་དབང་དེ་དག་གིས་སྩལ་འདུག་ལ། པཎ་གྲུབ་དེ་དག་ནི་ཧ་ལས་པའི་མཁས་པའི་དབང་པོ་ཤ་སྟག་རེད་འདུག །དེ་ཡང་ཚིག་སྐམ་པོའི་མཁས་པ་ཙམ་མིན་པར་པཎ་གྲུབ་བཅུ་བདུན་ལས་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་མང་པོ་ཞིག་གྲུབ་ཆེན་བརྒྱད་ཅུའི་ནང་དུའང་ཡོད། མདོར་ན། པཎ་གྲུབ་མང་པོ་ཞིག་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པ་དང་། རྟོགས་པ་མཐོན་པོར་ཕེབས་པ་ཤ་སྟག་ཡིན། དེ་དག་ཉམས་བཞེས་གནང་ནས་བྱུང་བ་ལས། བསྟན་བཅོས་བརྩམས་པ་གཅིག་པུས་ཡོང་ཐབས་མེད། དེས་ན་པཎ་གྲུབ་དེ་དག་ཧ་ལས་པ་ཞིག་རེད་འདུག །

གཞན་ཡང་བོད་དུ་ཕེབས་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་པའི་ལོ་རྒྱུས་གསུང་སྲོལ་ཡོད་ལ། དོན་ལའང་དེ་རང་ཡིན་འདུག །བོད་པ་རང་གི་ཆེད་དུ་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ནས་བསྟན་བཅོས་བརྩམས་པ་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་གཞུང་འདིའི་ནང་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནམ། སྒོམ་གྱི་སྐོར་དེ་དག་རྒྱུད་ཀྱི་ཁུངས་སོགས་དྲངས་ནས་གསལ་བར་གསུངས་ཡོད་སྟབས།

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །

ཞེས་པའི་བསམ་བློ་གཏོང་ས་དེ་རེད། ལྷག་པར་མཁན་ཆེན་ཞི་བ་འཚོས་ཞལ་གདམས་གནང་བ་ལྟར། མ་འོངས་པར་མཁན་ཆེན་ཞི་འཚོ་རང་ཉིད་སྐུ་མྱ་ངན་ལས་འདས་རྗེས། བསམ་ཡས་གཙུག་ལག་ཁང་གི་མི་གཡོ་བསམ་གཏན་གླིང་འདིར་གསེར་ལ་ལྷད་འདྲེས་པ་ལྟར། ད་ལྟའི་རྒྱའི་སྒོམ་ཆེན་པ་ཚད་ལྡན་དེ་དག་གི་ཁྲོད་ནས་བསྟན་པ་བཤིག་མཁན་གྱི་རྒྱའི་ཧྭ་ཤང་རེ་ཟུང་ཡོང་སྲིད་པས། སྐབས་དེར་རྒྱ་གར་ནས་ངའི་སློབ་མ་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ཤིག །ཅེས་པའི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཆོས་རྒྱལ་གྱིས་གདན་ཞུ་གནང་བ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཕེབས།

འདི་ལ་ལོ་རྒྱུས་བཤད་ཚུལ་གཉིས་ཡོད་པ་ལས། སློབ་དཔོན་ཀ་མ་ལ་ཤཱི་ལ་ཕ་དམ་པ་རེད་ཅེས་གསུང་མཁན་གཅིག་དང༌། གཞན་ནི་སློབ་དཔོན་ཀ་མ་ལ་ཤཱི་ལ་ནཱ་ལེནྡྲའི་མཁས་པ་དངོས་གནས་དབུ་ཚད་ཀྱི་མཧཱ་པཎྜི་ཏ་ཆེན་པོ་ཞིག་ཡིན་ཚུལ་གཉིས་ཡོད་ཅིང་། སློབ་དཔོན་པདྨའི་ངང་ཚུལ་ཞབས་ནི། བོད་གངས་ཅན་གྱི་ལྗོངས་ལའང་ཧ་ཅང་བཀའ་དྲིན་ཆེན་པོ་ཞིག་ཡིན། མཇུག་མཐར་བོད་དུ་བཀྲོངས་པ་རེད་ཅེས་པའི་ལོ་རྒྱུས་ཤིག་ཀྱང་བཤད་སྲོལ་ཡོད།

མདོར་ན། སློབ་དཔོན་ཀ་མ་ལ་ཤཱི་ལའམ་སློབ་དཔོན་པངྨའི་ངང་ཚུལ་ནི། མཁན་ཆེན་ཞི་བ་འཚོའི་ཞལ་གདམས་བཞིན་བོད་ལ་ཕེབས་ཏེ། རྒྱའི་དགེ་སློང་བསམ་གཏན་པའི་ཁྲོད་ནས་འགའ་ཞིག་གིས་རིམ་བཞིན་མི་རྟོག་པ་སྒོམ་པ་ཙམ་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱ་རྒྱུ་དེ་རྣམ་རྟོག་འཕེལ་བའི་རྒྱུ་ཡིན་པས་མི་དགོས། ཞེས་གསུང་མཁན་བྱུང་ཡོད། མ་གཞི་རྒྱའི་དགེ་སློང་ཚད་ལྡན་ཡིན་སྟབས། མཁན་ཆེན་ཞི་བ་འཚོ་རང་ཉིད་འཚོ་ཞིང་གཞེས་པའི་སྐབས་སུ་མི་གཡོ་བསམ་གཏན་གླིང་། ཞེས་སྡེ་ཚན་ཟུར་འཛུགས་གནང་ཞིང་། དེའི་ནང་དུ་རྒྱའི་དགེ་སློང་རྣམས་ཀྱིས་རྩེ་གཅིག་པའི་བསམ་གཏན་སྒོམ་པར་མཛད། རིམ་བཞིན་དེའི་ནང་བསམ་གཏན་འབའ་ཞིག་ལས། ཤེས་རབ་མི་དགོས་ཚུལ་གསུང་མཁན་བྱུང་བས། ཁོང་བོད་དུ་ཕེབས་ཏེ་རྒྱའི་ཧྭ་ཤང་དང་རྩོད་པ་མཛད། རྒྱའི་ཧྭ་ཤང་ཚང་མར་ནོར་འཁྲུལ་ཡོད་པ་རེད་མི་འདུག་ཅིང་། མཁན་ཆེན་ཞི་བ་འཚོ་རང་ཉིད་བཞུགས་སྐབས་བསམ་ཡས་སུ་རྒྱའི་ཧྭ་ཤང་བཞུགས་ཡུལ་མི་གཡོ་བསམ་གཏན་གླིང་ཞེས་བསྟི་གནས་ཟུར་འཛུགས་གནང་སྟེ། ཏིང་ངེ་འཛིན་གྱི་ཉམས་ལེན་གཙོ་བོར་གནང་བས་ན། མི་གཡོ་བསམ་གཏན་གླིང་ཞེས་མིང་བཏགས་འདུག །དེ་བཞིན་སྒྲ་སྒྱུར་ལོ་པཎ་གླིང་དང་། རྣམ་དག་ཚུལ་ཁྲིམས་གླིང་། བདུད་འདུལ་སྔགས་པ་གླིང་སོགས་ཡོད་པ་ལས། མི་གཡོ་བསམ་གཏན་གླིང་གི་རྒྱའི་ཧྭ་ཤང་ཡོངས་རྫོགས་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་ཉམས་སུ་ལེན་མཁན་ཡིན་བཟོ་མི་སྣང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་དང་། མཁན་ཆེན་ཞི་བ་འཚོ་མྱ་ངན་ལས་འདས་རྗེས་རྒྱའི་ཧྭ་ཤང་རིགས་གཅིག་གིས་རྟོག་པ་ཡིན་ཕྱིན་སྐྱོན་ཡོད་པར་བརྗོད་པའི་སྐད་ཆ་དེ་སླེབས་ཡོད། དེར་བརྟེན་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྩོད་པ་མཛད་དེ་ལུང་དང་རིགས་པ་གཉིས་ཀྱི་ཐོག་ནས་རྒྱའི་ཧྭ་ཤང་སྒོམ་འབའ་ཞིག་གིས་འགྲིག་ཅེས་གསུང་མཁན་རྣམས་རྩོད་པས་ཕམ་པར་མཛད་པ་བྱུང་ཡོད། སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐུལ་མ་གནང་སྟེ་སྒོམ་རིམ་ཐོག་མཐའ་བར་གསུམ་རྣམས་བོད་དུ་ལྗགས་རྩོམ་མཛད་ཅིང་། སྐབས་དེར་ཕྱོགས་སྔ་ཡོད་པའི་ཐོག་ནས་དགག་བཞག་སྤོང་གསུམ་གནང་བར་བརྟེན། སྒོམ་རིམ་ཐོག་མཐའ་བར་གསུམ་རྣམས་གཞུང་ཉུང་ངུ་ལས་མེད་ཀྱང་ཧ་ཅང་ཆ་ལག་ཚང་པོ་ཞིག་ཡོད། ཇོ་བོས་མཛད་པའི་བྱང་ཆུབ་ལམ་སྒྲོན་ལྟ་བུ་ནི། དེ་ལྟའི་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་མེད་པར་བརྟེན་སྟབས་བདེ་ཡིན།

སྐབས་དེའི་ཆོས་རྒྱལ་ནི་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་པའི་ཆོས་རྒྱལ་ཞིག་ཡིན་ནའང་། ཇོ་བོ་རྗེ་གདན་ཞུ་གནང་མཁན་གྱི་མངའ་རིས་ཆོས་རྒྱལ་ནི། སྐབས་དེར་བོད་སིལ་བུར་གྱུར་ཟིན་པ་སྟེ། ཞེ་ས་མ་ཞུས་ན་ཉམ་ཐག་པོར་གྱུར་ཟིན་པའི་རྗེས་ཀྱི་ཆོས་རྒྱལ་ཆུང་ཆུང་ཞིག་ཡིན། རྒྱ་གར་དུའང་ཀུ་ལུ་རྒྱལ་པོ་དང་། གར་ཞྭའི་རྒྱལ་པོ། ལ་དྭགས་རྒྱལ་པོ་དང་། ཟངས་དཀར་རྒྱལ་པོ་སོགས་རྒྱལ་པོ་ཆུང་ངུ་མང་དུ་ཡོད་པ་ལྟར་ཡིན། བོད་སིལ་བུར་གྱུར་རྗེས་ལུང་ཚན་སོ་སོར་བླ་ཆེན་དཔོན་ཆེན་སོ་སོས་དབང་བསྒྱུར་བྱས་པ་ལྟ་བུར་གྱུར་ཡོད། སྐབས་དེ་དུས་བཟོ་ལྟ་ཤོར་ཟིན་པ་རེད།

ངོས་ནས་ནམ་རྒྱུན་རྗོད་བཞིན་པ་ནི། བོད་ཀྱི་ཆབ་སྲིད་ཀྱི་འཐུས་ཤོར་དང་པོ་ནི། བོད་སིལ་བུར་གྱུར་པ་ནས་འཐུས་ཤོར་ཕྱིན་པ་རེད་ཅེས་རྗོད་ཀྱིན་ཡོད། བོད་སིལ་བུར་གྱུར་ནས་ད་བར་མདོ་སྟོད་སྨད་དང་། དབུས་གཙང་སྟོད་དང་བཅས་པ་གོང་བུ་གཅིག་སྒྲིལ་བྱུང་བ་ནི། བོད་ཀྱི་སྐད་ཡིག་དང་ནང་པ་སངས་རྒྱས་པའི་ཆོས་གཉིས་ཀྱི་བཀའ་དྲིན་ཡིན། ཆབ་སྲིད་ཀྱི་འཕོ་འགྱུར་གང་ཞིག་ཕྱིན་ཀྱང་། བོད་ཅེས་ད་བར་གནས་པ་ནི། སངས་རྒྱས་པའི་ཆོས་དང་། བོད་ལ་སྐད་ཡིག་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་འདི་དག་གིས་བཟུང་བ་ཞིག་ཡིན། བོད་དང་ས་འབྲེལ་དུ་གྱུར་པའི་ཧི་མ་ལ་ཡའི་རི་རྒྱུད་རྣམས་ལའང་ཁྱབ་ཡོད།

རྗེ་རིན་པོ་ཆེས་ཀྱང་རྟག་ཏུ་རྒྱའི་ཧྭ་ཤང་གི་ལུགས་ཞེས་དགག་པ་ཤུགས་ཆེར་གནང་སའི་ཧྭ་ཤང་དེ་དག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་དང་། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ཀྱི་མི་གཡོ་བསམ་གཏན་གླིང་དུ་ཡོད་པའི་རྒྱའི་མཁན་པོ་དེ་དག་ཡིན་བཟོ་མི་སྣང་ཞིང་། སྐབས་དེའི་རྒྱའི་སྒོམ་ཆེན་དེ་དག་གལ་སྲིད་ཆད་མཐར་ལྷུང་བ་ཞིག་ཡིན་ན། མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་འགོག་པར་ངེས་པ་ལས། མཁན་ཆེན་ཞི་འཚོས་འགོག་མ་ཐུབ་པ་ཞིག་ཁོང་གི་སློབ་མ་སློབ་དཔོན་ཀ་མ་ལ་ཤཱི་ལར་ཁྱེད་རང་གིས་འགོག་དགོས་ཞེས་གསུངས་པར་རྒྱུ་མཚན་མེད་སྙམ། ཕྱིས་སུ་ཡོང་བའི་རྒྱའི་མཁན་པོའི་ཁྲོད་དུ་བསམ་གཏན་པ་རྣམས་མཐར་ཐུག་གི་གོ་བ་ལེན་ཕྱོགས་ཀྱི་ཐོག་ནས་ཅི་ཡང་མེད་པའི་ལྟ་གྲུབ་སྨྲ་མཁན་བྱུང་སྟེ་རྗེ་རིན་པོ་ཆེས་མཚོན་མཁས་པ་མང་པོས་དགག་པ་གནང་དགོས་བྱུང་ཡོད། དེ་ལྟར་མི་རྟོག་པ་བསྒོམས་པ་ཁོ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པར་བརྟེན། སློབ་གཉེར་མི་དགོས་ཚུལ་གསུང་མཁན་སྔར་ཡང་བྱུང་ཡོད་ལ། དེང་གི་གནས་སྐབས་སུའང་རྒྱ་ནག་དང་། ཉི་ཧོང་སོགས་སུ་དེ་ལྟར་ཡོད་མུས་ཡིན།

ངོས་རང་ཉེ་ཆར་ཉི་ཧོང་དུ་བསྐྱོད་སྐབས་ཉི་ཧོང་གི་དགོན་པའི་མཁན་པོ་དང་། དགེ་འདུན་བགྲེས་པ། མཁས་དབང་བཅས་ལྷན་འཛོམས་ཐོག་གོ་བསྡུར་བགྲོ་གླེང་ཞིག་གི་སྐབས་སུ། ཉི་ཧོང་གི་དགེ་འདུན་པ་བགྲེས་སོང་ཞིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སློབ་གཉེར་བྱེད་དགོས་སམ་མི་དགོས། མི་རྟོག་པ་སྒོམ་པ་གཅིག་པུས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་བམ་ཞེས་སྐད་ཆ་དྲིས་བྱུང་བར། ངོས་ནས་དེ་ལྟར་ཧ་ཅང་ཁག་པོ་ཡིན་པས། སློབ་གཉེར་ངེས་པར་དུ་བྱེད་དགོས་ཞེས་བརྗོད་པར་མ་ཟད། ང་ཚོ་ཚང་མས་ཤེས་རབ་སྙིང་པོ་གསུང་མུས་ལྟར། པྲཛྙཱ་པ་ར་མི་ཏ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་མེད་ཅེས་ཞུ་དགོས་བྱུང་།

དེ་ཡང་ཐོས་བསམ་སྒོམ་གསུམ་ལས། ཐོག་མར་སློབ་གཉེར་བྱས་ཏེ་ཐོས་བྱུང་གི་ཤེས་རབ་ཀྱི་ཐོག་ནས་གོ་བ་ཆགས་པ་ཞིག་བྱས། ཐོས་བྱུང་གི་ཤེས་རབ་ནི་ཡིད་དཔྱོད་ཙམ་གྱི་གོ་བ་ཡིན་ཅིང་། ཐོས་དོན་ལ་ཡིད་དཔྱོད་ཙམ་གྱི་གོ་བ་ཆགས་པ་དེར་རིགས་པ་བཞི་སྟེ། ཆོས་ཉིད་ཀྱི་རིགས་པ་དང་། ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་བཅས་ཀྱི་ཐོག་ནས་ཡང་ཡང་དཔྱད་དགོས། རིགས་པ་བཞི་ནི་དེང་སྐབས་ཚན་རིག་པས་དཔྱོད་ཚུལ་དང་མཐུན་པ་ཞིག་རེད་འདུག །དེ་དག་གི་ཐོག་ནས་བསྡོམས་བརྒྱབ་ཡོང་གིན་ཡོད།

དེས་ན་ཚན་རིག་པ་མཁས་དབང་རྣམས་དང་མཉམ་དུ་དཔྱད་ནས་ཆོས་ཉིད་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། ལྟོས་གྲུབ་ཀྱི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་སོགས་ལ་ཚན་རིག་པ་རྣམས་ཀྱིས་འགྲེལ་བཤད་མང་དུ་བྱེད་ཐུབ་ཀྱི་འདུག །དེ་ཡང་ཕྱི་གཟུགས་ཅན་གྱི་དངོས་པོ་ཁོ་ནའི་ཐོག་ཡིན་པ་ལས། ནང་སེམས་ཀྱི་རྣམ་གཞག་ཐོག་དེ་ཙམ་མེད། ཚན་རིག་པ་དེ་རིགས་དང་མཉམ་དུ་གོ་བསྡུར་བྱས་ནས། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་ (Quantum Physics) ཞེས་པ་དེ་དབུ་མའི་ལྟ་བ་འགྲེལ་བཤད་བྱ་རྒྱུར་ཧ་ཅང་ཡག་པོ་ཞིག་དང་། འདོད་ཚུལ་ཡང་གཅིག་མཚུངས་ལྟ་བུ་རེད་འདུག །ལོ་མང་གོང་ནས་རྒྱ་གར་གྱི་རྡུལ་ཕྲན་རིག་པའི་ཚན་རིག་པ་ར་ཛ་ར་མ་ན་ཞུ་བ་ཁོང་གིས། ཚད་རྡུལ་དངོས་ཁམས་རིག་པ་ (Quantum Physics) ཞེས་པ་དེ་འཛམ་གླིང་འདིའི་ཐོག་དུས་ཕྱིས་དར་བ་ཞིག་ཡིན་ལ། རྒྱ་གར་དུ་ལོ་ངོ་ཉིས་སྟོང་ལྷག་གི་གོང་ནས་དར་འཕེལ་བྱུང་ཞིང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ཞིག་ཏུ་ཚད་རྡུལ་དངོས་ཁམས་རིག་པའི་ (Quantum Physics) འདོད་ཚུལ་སྐོར་གསུངས་འདུག་ཅེས་བརྗོད་བྱུང་། དེ་ལྟར་ཚན་རིག་པ་དང་མཉམ་དུ་ལྟོས་གྲུབ་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་སོགས་ཀྱི་ཐོག་ནས་གོ་བསྡུར་བྱ་རྒྱུ་མང་པོ་ཞིག་འདུག་ལ། དེ་ལྟར་བྱས་པས་ཕན་ཐོགས་ཀྱང་རླབས་ཆེན་ཞིག་འདུག །

སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་གདན་ཞུ་གནང་ནས། གཙོ་བོ་ཁོང་གི་ལས་འགན་གཅིག་ནི། རྒྱ་ཡི་མཁན་པོ་མི་རྟོག་པ་སྒོམ་པ་ཁོ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཅེས་གསུངས་པ་དེ་ལ། ཆོས་རྒྱལ་རང་ཉིད་དཔང་པོའི་ཚུལ་དུ་དབུས་སུ་བཞུགས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། ཁོང་གི་རྗེས་འབྲང་ལོ་པཎ་འགའ་ཞིག་དང་། རྒྱའི་མཁན་པོ་དང་རྗེས་འབྲང་འགའ་ཞིག་བཅས་ཕན་ཚུན་བགྲོ་གླེང་མཛད་ཅིང་། སྐབས་དེར་བགྲོ་གླེང་གནང་བའི་གཞུང་རྩ་བར་བཞག་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུ་སྐུལ་གསོལ་འདེབས་གནང་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་ལྗགས་རྩོམ་མཛད་པ་ཞིག་ཡིན། དེ་ཡང་སྒོམ་རིམ་དང་པོའི་མཛད་བྱང་ནང་།[20] སའི་མངའ་བདག་དཔལ་ལྷ་བཙན་པོས་བཀའ་སྩལ་ནས་ཀ་མ་ལ་ཤཱི་ལས་བསྒོམ་པའི་རིམ་པ་མདོར་བསྡུས་པ་བགྱིས་སོ། །ཞེས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐུལ་མ་གནང་སྟེ་མཛད་པ་ཧ་ཅང་གསལ་པོར་བཀོད་པ་གནང་ཡོད།

སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་ཡོད་ལ། བཤད་ལུང་དེ་ཡང་ས་སྐྱའི་མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱི་སྐུ་མདུན་ནས་ངོས་ཀྱིས་ཞུས་པ་ཡིན། མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱིས་གསན་ཡུལ་གྱི་མཚན་ཐུགས་དྲན་སོས་པ་མི་འདུག་ཀྱང་། ཁོང་བསམ་ཡས་གཙུག་ལག་ཁང་དུ་གནས་གཟིགས་ལ་ཕེབས་སྐབས་ཤིག་ལ་བསམ་ཡས་སུ་མཁན་ཆེན་ཞི་འཚོའི་བཞུགས་ཁྲི་རེད་ཅེས་པའི་སྟེང་ནས་ཁམས་ཕྱོགས་ནས་ཕེབས་པའི་རྫོགས་ཆེན་གྱི་བླ་མ་ཞིག་གིས་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་གནང་སོང་བས། སྐབས་དེར་ཞུས་པ་ཡིན་ཞེས་གསུངས། མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་ཚད་ལྡན་ཡིན་པར་མ་ཟད། ཁོང་ལ་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་ཡོད་པ་དེ་དག་མ་ཞུས་ཐབས་མེད་རེད་འདུག་སྙམ་པའི་ཐོག་ནས་ངོས་ཀྱིས་ཞུས་པ་ཡིན། དེ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །འདི་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །བོད་ལ་ད་བར་དཔལ་ནཱ་ལེནྡྲའི་ཟབ་པ་དང་རྒྱ་ཆེ་བའི་གཞུང་ལུགས་རྣམས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་དང་། རྒྱུས་མངའ་ཡོད་པ་ནི་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལའི་བཀའ་དྲིན་རེད། འདི་ཡན་ཆད་རྣམས་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད་གཉིས་ཡོད་པ་ལས། ཟབ་མོ་ལྟ་བརྒྱུད་ཀྱི་རིམ་པའི་ཁ་སྐོང་དང་བཅས་པ་རྣམས་ཡིན། གཤམ་གྱི་ཐོགས་མེད་ནས་བཟུང་སྟེ་ཇོ་བོ་རྗེའི་བར་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་རིམ་པ་ནི།

 

འཕྲོས་རྣམས་གསུམ་པར་གཟིགས་པར་འཚལ།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༧༧༡

[2] བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ༢༠༠༨ ལོ། ཤོག་གྲངས་ ༢༩༥

[3] སེམས་ནད་གསོ་བཅོས་སྨན་པ་ Aaron Beck ནི་སེམས་ནད་གསོ་བཅོས་ཚན་རིག་གི་སྡེ་ཚན་ Cognitive Therapy ཞེས་པའི་ཤིང་རྟའི་སྲོལ་འབྱེད་དུ་ངོས་འཛིན་བྱེད་ཅིང་། ༢༠༠༥ ཟླ་བ་ ༧ ཚེས་ ༡༣ ཉིན་སུད་ཌན་དུ་༸གོང་ས་མཆོག་དང་ཐོག་མར་མཇལ་འཕྲད་བྱུང་ཞིང་། སྐབས་དེར་ཁོང་གིས་རང་ཉིད་ཀྱིས་བརྩམས་པའི་ཕྱག་དེབ་ Prisoners of Hate ཞེས་པ་དེ་༸གོང་ས་མཆོག་ལ་ཕུལ་བ་དང་། ༸གོང་ས་ཆེན་པོས་དཔེ་དེབ་དེ་ནི་སངས་རྒྱས་པའི་གསུང་རབ་དང་མཚུངས་པ་ལྟ་བུ་ཞིག་ཏུ་བཀའ་སྩལ་ཡོད། ཕྱི་ལོ་ ༢༠༡༤ ལོར་༸གོང་ས་ཆེན་པོ་ཨ་རིར་ཕེབས་བཞུགས་དང་བསྟུན་ཟླ་བ་ ༡༠ ཚེས་ ༢༨ ཉིན་ཆེད་གཉེར་ཁོང་གི་སར་ཕེབས་ཏེ་མཇལ་འཕྲད་ལན་གཉིས་པ་མཛད། ཕྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཚེས་ ༡ ཉིན་སྐུ་གཤེགས་པ་བཅས་སོ།།

[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༦

[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣༧

[6] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༨༡

[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣

[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༤༥༡

[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༦༩༨

[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༧༥༧

[11] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༧༥༦

[12] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པ། ༢༠༠༨ ལོ། ཤོག་གྲངས་ ༢༠༠

[13] བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག །གླེགས་བམ་གཉིས་པ། ༢༠༡༢ ལོ། ཤོག་གྲངས་ ༣༨༨

[14] རྗེ་ཙོང་ཁ་པའི་གསུང་འབུམ། ༼པ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༦༣༤

[15] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༩༠༢

[16] བཀའ་འགྱུར་དཔེ་བསྡུར་མ། སྣང་ཐང་བཀའ་འགྱུར་དཀར་ཆག །དེབ་ཨང་ ༡༠༦ པ། ༢༠༠༩ ལོ། ཤོག་གྲངས་ ༩༠

[17] ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༡༥ ཉིན་ཅན་དྷི་སྒར་གཙུག་ལག་སློབ་ཆེན་དུ་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ཁག་གཅིག་ལ་སྩལ་པའི་ལམ་སྟོན་བཀའ་སློབ་ལས་བཏུས།

[18] བཀའ་འགྱུར་དཔེ་བསྡུར་མ། ཤེས་རབ་སྣ་ཚོགས། ༼ཀ༽ དེབ་ཨང་ ༣༤ པ། ༢༠༠༩ ལོ། ཤོག་གྲངས་ ༤༠༤

[19] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༡

[20] བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ཀི༽ དེབ་ཨང་ ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༩ ནས་ ༢༣༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *