༄༅། །བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་དཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ་ཞེས་བྱ་བར་མཆན་བཞུགས་སོ།།[1]
༼ཛེ་སྨད་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས་ (1927-1996) ཀྱིས་མཛད།༽
རྒྱལ་བས་ཆོས་ཚུལ་གང་བསྟན་པ། །འགྲོ་བ་མུན་པས་ཁེབས་པ་ལ། །འོད་གསལ་བ་ཡི་ཕྱིར་ཡིན་པས། །སྒྲོན་མ་ཀླུ་སྒྲུབ་རྒྱལ་གྱུར་ཅིག །(ངར་)དམིགས་(པ་)ལས་(ང་ཡིར་)དམིགས་པ་(སོགས་བདེན་པར་དམིགས་པའི་འཛིན་པ་)རྣམ་(གྲངས་)མང་བས། །འགྲོ་བ་དུབ་པར་གྱུར་པ་རྣམས། །(བདེན་པར་)དམིགས་པ་མེད་པ་ཞི་བའི་བདེར། །འཁྲིད་པ་ཁྱོད་ནི་དེད་དཔོན་ལགས། །
ཤེས་རབ་(ནི་)ཕར་ཕྱིན་(དྲུག་དང་)ཤེས་རབ་(ནི་)བསླབ། །(པ་གསུམ་དང་།) ཤེས་རབ་(སྟོན་པ་ནི་)མདོ་སྡེའི་(ནང་ནས་)མཆོག་གྱུར་ཕྱིར། །ཤེས་རབ་གཞུང་མཆོག་མཛད་པ་ཁྱོད། །བསྟན་འཛིན་ཀུན་ལས་བླ་མར་གྱུར། །རིག་གནས་ཤེས་བྱར་སྲིད་ཀུན་ལ། །མུན་སངས་བློ་གྲོས་རབ་རྒྱས་པས། །སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཅེས། །དངོས་པོར་སྨྲ་བ་རྣམས་ཀྱང་འདུད། །མ་རིག་འགག་པས་ཡན་ལག་ཀུན། །འགག་པར་མདོ་སྡེ་ཀུན་གསུངས་ཀྱང་། །(གཞུང་གཞན་དུ་)གབ་པ་སྲིད་པའི་སྲོག་རྩ་ནི། །གསལ་བར་གཅོད་པའི་རིགས་པ(འི་རལ་གྲི་ཁྱོད་ཀྱིས་)བྱིན། །(དངོས་སྨྲ་བ་སོགས་)གཞན་དག་སྟོང་ཞེས་བཀག་པ་དང་། །བརྟེན་ཞེས་སྒྲུབ་པ་ཉིད་གོ་བས། །(སྣང་སྟོང་གཞི་གཅིག་གི་སྟེང་དུ་འཇོག་མ་ཐུབ་པར་)ཐག་མཁན་(གྱི་རྐང་)སྟབས་བཞིན་ཕྱོགས་སུ་ལྷུང་། །ཁྱོད་ཀྱིས་བཟློག་སྟེ་བདེ་བར་བཞུགས། །རྒྱུ་རྐྱེན་ཡན་ལག་དུ་མ་ཞིག །ཚོགས་ནས་ཕར་ལ་(བཏགས་ཆོས་དེ་བློས་)འཇོག་དགོས་པ། །(ནི་དེ་)ཚུགས་ཐུབ་(དང་)རང་དབང་བྲལ་བའི་རྟགས། །དེས་ནི་རྟེན་འབྱུང་སྟོང་(པའི་དོན་)པར་(དུ་)བཤད། །རང་དབང་ངོ་བོ་མ་དམིགས་ཀྱང་། །སྣ་ཚོགས་སྣང་བ་མི་འགག་པས། །རྐྱེན་ཚོགས་འཇའ་ཚོན་སྣང་ཙམ་དང་། །འདྲ་བར་སྟོང་པས་(དེ་)རྟེན་འབྱུང་(དོན་དུ་)གསུངས། །(གདགས་གཞི་)མ་ཚོགས་པ་ལ་(ཆོས་གང་ཡང་འཇོག་པའི་)གནས་མེད་ཅིང་། །བརྒྱ་སྟོང་ཚོགས་ལ་(བདེན་པའི་)གཅིག་པ་མེད། །(དེའི་)གཅིག་མེད་པ་ལ་(དེའི་)དུ་མ་མེད། །(དེ་ལྟར་)གཅིག་དང་གཞན་མིན་(པས་བདེན་པར་)ཅི་ཡང་མེད། །དངོས་པོ་རྫས་དང་ལྡོག་པ་ལས། །གཅིག་དང་ཐ་དད་རྣམ་འབྱེད་པ། །གཉིས་ལ་ལྕེ་གཉིས་སྨྲ་བའི་ཚིག །(སྟེ་རྫུན་ཚིག་)ཇི་བཞིན་བདེན་པར་ག་ལ་འགྱུར། །དེ་བཞིན་ལ་ལར་སྐྱེ་དང་ཡོད། །གཞན་འགར་འགག་དང་མེད་པ་སོགས། །རེས་འགའ་བ་ཀུན་རྫུན་པ་སྟེ། །བདེན་པ་(ཡིན་ན་རང་བཞིན་)གཅིག་ལས་འགྱུར་བ་མེད། །(པ་དགོས། རང་བཞིན་གྱིས་)ཡོད་ན་(དུས་)རྟག་ཏུ་ཡོད་པ་ལ། །རྐྱེན་གྱིས་ཅི་བྱ་གཉིས་ཀ་མཉམ། །མེད་པར་བདེན་པ་འབྱུང་མི་སྲིད། །(པ་དཔེར་ན།) ཤི་བ་བོས་ཀྱང་མགྲོན་དུ་(འོང་བ་)མིན། །(པ་བཞིན་)རྒྱུ་ལ་རྒྱུ་ཡི་དངོས་གནས་ཚེ། །འབྲས་བུར་དེ་འཆར་མྱུག་བཞིན་ན། །སྟོང་ཕྱིར་སྟོང་ཙམ་དེར་འཆར་དེ། །མཁའ་ཉིད་སྣང་དང་མུན་པ་བཞིན། །ཐ་དད་ལྟོས་མེད་རྒྱུ་འབྲས་མིན། །ཡང་ན་ཀུན་ཀྱང་དེར་བརྗོད་རུང་། །ཐེར་ཟུག་རྒྱུ་ནི་འབྲས་བུའི་གེགས། །དེ་ཡིས་གྲོལ་བའི་སྐབས་ཀྱང་ཅི། །དབང་བསྒྱུར་བདེན་པ་བཅོས་མེད་ལ། །བདེན་མིན་བཅིངས་ཀྱང་ཐབས་གཞན་ལྡན། །གྲོལ་སོགས་རུང་ཞེས་བདེན་གཉིས་ཀྱི། །སྒྲུབ་པས་ཐར་འདོད་དབུགས་དབྱུངས་མཛད། །ལྟ་ངན་ཀུན་གཙོ་འཇིག་ཚོགས་ལ། །ལྟ་བ་སྲིད་པའི་རྩ་བ་ནི། །ལྟ་ཀུན་མཆོག་གྱུར་མཐའ་བྲལ་གྱི། །ལྟ་བས་བཅད་ཉིད་ཐར་པར་བཞེད། །དེ་ཕྱིར་བགྲོད་གཅིག་ཤེས་རབ་རྨད། །འོན་ཀྱང་ཐེག་ཆེན་ནམ་མཁའ་ལྟར། །བྱེད་པོ་ཐབས་ནི་དེ་བས་རྨད། །དེས་ན་ཟབ་རྒྱས་ཟུང་དུ་མཛད། །སྟོང་ཡང་སྣང་ངོ་ཞེས་བྱ་འདིས། །བདེན་པའི་བྱ་བྱེད་རང་རང་གི །འགལ་འདུའི་མི་བདེ་ཀུན་བསྙལ་བས། །ཀླན་ཀའི་གོ་སྐབས་ཡོངས་ལས་འདས། །ཡོད་མེད་མཐའ་བྲལ་དབུ་མའི་ལམ། །ཡོད་མེད་(སྲིད་ཞིའི་)མཐའ་སྤངས་ཟུང་འཇུག་དོན། །གསལ་བར་ལུང་བསྟན་གསལ་བ་གཉིས། །(ཚིག་གསལ་དང་སྒྲོན་གསལ་)རྒྱལ་བའི་དགོངས་པ་ཚད་མར་གནས། །མར་མེ་མཛད་ཀྱང་བྱོན་པའི་སྔར། །ལུང་བསྟན་བརྙེས་པས་དཔག་དཀའ་ཡང་། །ཕལ་པ་ལྟ་བུར་བྱིན་རློབས་པ། །རྒྱལ་བའི་རྣམ་འཕྲུལ་བསམ་མི་ཁྱབ། །རུང་མིན་དོན་མིན་ཀུན་བསལ་ཏེ། །ཆོས་འདུལ་ལྟ་དད་འདུས་པའི་གནད། །གསལ་མཛད་སངས་རྒྱས་གཉིས་པ་(ཀླུ་སྒྲུབ་)དང་། །རྒྱལ་བ་གཉིས་པ་(རྗེ་ཙོང་ཁ་པ་)མཚན་དོན་གཅིག །དེ་དག་གཤེགས་བཤུལ་ནང་གནས་ཀྱང་། །འཕྱེ་བོ་བདག་ཅག་བགྲོད་ནུས་མིན། །རྗེས་སུ་འོ་དོད་འབོད་པ་བཞིན། །གདུང་བའི་དབྱངསཀྱིས་གསོལ་བ་འདེབས། །གུས་པས་གསོལ་བཏབ་དགེ་སྨིན་པས། །རྒྱ་ཆེན་ཐབས་ཀྱི་གཤོག་རླབས་ཅན། །ཟབ་མོའི་དེ་ཉིད་རིག་པ་ཡིས། །དོན་གཉིས་མཁའ་ལ་བགྲོད་གྱུར་ཅིག །ཅེས་དཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ་ཞེས་བྱ་བ་འདི་ནི་ཚུལ་འདིར་མོས་པའི་བློ་ཅན་ཧལ་ཧ་རབ་འབྱམས་པ་སངས་རྒྱས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ།། །།
དཔྱད་གཞིའི་ཡིག་ཆ།
(མཆན་གྱི་ཡིག་ཆུང་རྣམས་ཤད་གུག་ནང་དུ་བཅུག་ཡོད་པས་དེ་ལུགས་མཁྱེན་པར་འཚལ་ལོ།།)
[1] བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས་ཀྱི་གསུང་འབུམ། ༼༣༽ འཕྲུལ་པར་དཔེ་གཟུགས། ཤོག་ ༡ན༡ ནས་ ༣བ༥ བར།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས། སྟོད་ཆ། ༼ཀ༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༣ ནས་ ༣༤༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།