དེ་ལྟར་གསེར་གླིང་དུ་རྒྱ་གར་བའི་ལུགས་ཀྱི་ཕྱེད་ལོ་བརྩིས་པའི་ལོ་བཅུ་གཉིས་ཀྱི་བར་བཞུགས་ཤིང་། སྤྱིར་ཐེག་པ་ཆེན་པོའི་ཆོས་མཐའ་ཡས་པ་དང་། ཁྱད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཤེགས་ཤུལ་བསྟན་པ་ལ་འཇུག་པའི་ལམ་རིམ་དང་། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་གསན་ནས། ཐུགས་དམ་ཉམས་ལེན་གྱི་གཙོ་བོར་གནང་ཞིང་།
གནས་སྐབས་སུ་གཟིམས་ཁང་གི་གཙང་སྦྲ་དང་། དཀོན་མཆོག་གི་མཆོད་ཤོམས་སོགས་ཀྱང་བླ་མ་དེའི་སྤྱན་ལྟོས་མཛད་དེ། བཀའ་གདམས་ཀྱི་གཙང་སྦྲ་ཕུན་སུམ་ཚོགས་པ་གཟིམས་ཁང་དུ་ཀུན་འོད་དུ་འབར་བའི་སྲོལ་འདི་ཡང་གསེར་གླིང་པའི་ཡིན། བླ་མའི་གཟིམས་ཁང་གི་གཙང་སྦྲ་དང་དཀོན་མཆོག་གི་མཆོད་པ་འདི་འདྲ་བ་སུས་ཀྱང་མི་འགྲུབ་གསུངས། བླ་མ་དང་ཇོ་བོ་གཉིས་ཡོལ་བ་གཅིག་གིས་མཚམས་བཅད་ནས་བཞུགས་པ་ལ། ཡོལ་བ་དལ་བུས་བསལ་ནས་ཁྱོད་ཀྱི་གཏོར་མ་དེ་མ་ལེགས། མ་རྒྱུད་ཀྱི་གཏོར་མ་ཡིན་ནམ་གསུངས། ཕྱིས་ཇོ་བོ་ཡང་དགེ་སློང་གཏོར་མ་དམར་པོར་གཏོང་བ་གཟིགས་ཙ་ན། སངས་རྒྱས་ཀྱི་བསྟན་པ་ལ་མོ་ལ་མོ་འཇིག་པའི་རྟགས་ཡིན་གསུངས་ཤིང་། རབ་ཏུ་བྱུང་བའི་རྟགས་དང་ཀུན་སྤྱོད་གཙང་མ་ལྷ་མི་ཀུན་གྱི་ཡིད་དུ་འོང་བ་ཉིད་ལྷུར་མཛད་དོ།།
མདོར་ན་བླ་མ་ཉིད་ཀྱིས་ཐུགས་བརྩེ་བའི་སྒོ་ནས་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་། ཉིད་ཀྱི་ཐུགས་དམ་སྟོན་པའི་སྐུ་དེ་ཡང་ཇོ་བོ་ལ་གནང་སྟེ། བསྟན་པའི་བདག་པོར་མངའ་གསོལ་རྟེན་འབྲེལ་ཡིན་གསུངས། དེ་ལྟར་གསེར་གླིང་དུ་ལོ་དྲུག་ཟླ་བ་བདུན་ཙམ་སོང་བ་ན། ཡུལ་དབུས་ནས་པཎ་ཆེན་རྣམས་ཀྱིས་དགེ་སློང་ཞིག་ཕོ་ཉ་བརྫངས་ཏེ་ཞུ་ཡིག་ཕུལ་བ། སངས་རྒྱས་རྣམས་དང་དེའི་བསྟན་པ་དང་། །ཡོངས་འཛིན་རྣམས་ཀྱི་ཞབས་ལ་གུས་བཏུད་ནས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དཀའ་བ་བརྒྱ་ཕྲག་སྤྱད་ཅིང་ཐར་པར་བྱོན། །མགོན་པོ་དེའི་གསུང་རབ་ཐམས་ཅད་ལ། །ཁྱོད་ནི་ཚད་མའི་སྐྱེས་བུ་གྱུར་པ་ལགས། །མཁས་པ་ཁྱོད་ཀྱིས་ཉན་ཐོས་སྒོར་ཞུགས་ནས། །སོ་སོར་ཐར་པའི་བླང་དོར་ཞིབ་མོ་ལ། །མཁས་པ་ཀུན་གྱིས་མཁན་པོར་བཀུར་བ་ན། །དགྲ་བཅོམ་ཚོགས་ཀྱིས་སྨད་པར་མ་གྱུར་ལགས། །མཁས་པ་ཁྱོད་ཀྱིས་སྨོན་འཇུག་སེམས་བསྐྱེད་ནས། །བུ་གཅིག་བུ་ལ་མ་ལྟར་བརྩེ་བ་ཡིས། །འགྲོ་བ་ཐམས་ཅད་དང་དུ་བླངས་པ་ན། །སྐྱེས་བུ་ཆེན་པོས་སྨད་པར་མ་གྱུར་ལགས། །མཁས་པ་ཁྱོད་ཀྱིས་གསང་སྔགས་སྒོར་ཞུགས་ནས། །རྡོ་རྗེ་ཐེག་པའི་དཔའ་བོ་བསྟེན་པ་ན། །ཐམས་ཅད་ལྷ་ཡི་ངོ་བོར་གཟིགས་པའི་ཚེ། །རྡོ་རྗེ་འཆང་གིས་སྨད་པར་མ་གྱུར་ལགས། །མཁས་པ་ཁྱོད་ཀྱིས་བླ་མ་བསྟེན་པ་ན། །ཐམས་ཅད་མཉེས་ཤིང་དམ་ཚིག་ཕུན་ཚོགས་ནས། །ཤེས་བྱ་ཀུན་གྱི་བདག་པོར་གྱུར་པ་ན། །ཕྱོགས་བཅུའི་སྒྲོན་མས་སྨད་པར་མ་གྱུར་ལགས། །ཁྱོད་ཀྱིས་ཐོས་བསམ་སྒོམ་གསུམ་མ་ལུས་པ། །བསྡུས་ཏེ་སྟན་ཐོག་གཅིག་ཏུ་རབ་བསྒྲུབས་ནས། །སྐྱེས་འཕགས་ཐམས་ཅད་དབང་དུ་བསྡུས་པའི་ཚེ། །རྒྱུ་འབྲས་ལས་ཀྱིས་ཁྲེལ་བར་མ་གྱུར་ལགས། །མཁས་པ་ཁྱོད་ཀྱིས་རྒོལ་བ་བཟློག་པ་ན། །ཉི་མ་དང་པོར་ཀུན་གྱིས་གོ་མོད་ཀྱི། །བཞི་ལྔ་ཙམ་ནས་མཁས་པ་ཀུན་གྱིས་གོ །དེ་ནས་ཁྱོད་ཉིད་ལྷམ་མེར་གྱུར་པ་ལགས། །མུ་སྟེགས་སྟོན་པས་རྫུ་འཕྲུལ་སྣ་ཚོབས་བསྐྱེད། །དེ་ཚེ་བར་སྣང་ཁྱོད་ཀྱིས་གར་གྱི་བཀང་། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ་ཞེས། །ཁྱོད་ཉིད་ཕྱོགས་ལས་རྒྱལ་བར་གྱུར་པ་ལགས། །ཉིན་མོ་བཅུ་གསུམ་དུས་ཚོད་གྱུར་པ་ན། །མུ་སྟེགས་བྱེད་ཀྱི་ཤིང་རྟ་རླུང་ལ་བསྐུར། །མེ་དང་ཆུ་རྣམས་ཁྱོད་ཀྱི་ཐལ་མོས་བཅོམ། །བཅུ་གསུམ་གདུགས་ནི་ཁྱེད་ལ་ཕུལ་བ་ལགས། །དེ་ནས་པཎ་ཆེན་ལྔ་བཅུ་རྩ་གཉིས་ཀྱིས། །ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་རྣམས། །བསྟན་པའི་བདག་པོར་ཤེས་ནས་ཁྱོད་ལ་གཏད། །ཀུན་གྱིས་སྤྱི་བོར་གཙུག་ཏུ་བཀུར་བ་ལགས། །དེ་ནས་མཁས་པ་ཁྱོད་ཀྱིས་རྫིངས་བཅས་ནས། །བཙན་པོ་སའི་བདག་པོ་འགྲན་ཟླ་བཅོམ། །མཁས་པ་ཁྱོད་ཀྱིས་དགྲ་བཅོམ་དུ་མ་བསྡུས། །སྐྱེ་བོ་རྣམས་ཀྱི་ཡིད་དབང་འཕྲོགས་པ་ལགས། །དེ་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་ན། །བདུད་དང་མུ་སྟེགས་གཅིག་ཏུ་ཁ་འགྲིལ་ནས། །ས་དང་རླུང་གཡོ་རྒྱ་མཚོ་དཀྲུགས་པའི་ཚེ། །བསྟན་སྲུང་ཐམས་ཅད་དམག་ཏུ་འཐིམས་པ་ལགས། །དེ་ནས་རྒྱ་མཚོའི་དཀྱིལ་དུ་སླེབས་པ་ན། །དབང་ཕྱུག་ཆེན་པོས་ཁྱོད་ལ་བསྡོས་པའི་ཚེ། །ཁྱོད་ཁྲོས་བེ་ཅོན་རི་ལ་བརྒྱབ་པ་ཡིས། །བཤགས་ནས་མཚོ་ཁོལ་དབྱུག་ཏོས་བརྟུལ་བ་ལགས། །ཨེ་མ་ཁྱོད་ཀྱིས་རྫིངས་བཅས་དེང་སང་བར། །ལོ་བདུན་ཟླ་བ་བཅུ་གཅིག་འདས་པ་ན། །བདག་ཅན་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ། །ཁྱོད་བསམ་ད་རུང་བྱོན་པར་མ་གྱུར་ལགས། །ཨེ་མ་མཁས་པ་ཁྱོད་ཉིད་མི་བཞུགས་པས། །ཡུལ་གྱི་དབུས་འདི་མཐའ་འཁོབ་ལྟ་བུར་གྱུར། །ད་ནི་མཁས་པ་ཆེན་པོ་མྱུར་དུ་བྱོན། །ཡུལ་གྱི་དབུས་འདི་ཁྱོད་ཀྱིས་བསྐྱང་དུ་གསོལ། །ཞིང་འདིར་ཆོས་ཀྱི་གྲགས་པར་མཚན་གསོན་བའི། །ཡོངས་འཛིན་ཁྱོད་ཀྱིས་ངེད་ཀྱི་ལྷ་དེ་རྫོངས། །རིགས་ངན་གླིང་ནི་རྒྱལ་པོའི་ཕོ་བྲང་མིན། །རྔ་མོས་བྲེས་སུ་གླང་པོའི་སྣ་མི་ཤོང་། །མཁའ་ལྡིང་ཆེན་པོ་ཅོ་ཀའི་ཚང་ཞུགས་ཀྱང་། །ཚང་དེར་སོར་མོ་ཙམ་ཡང་ག་ལ་ཤོང་། །རྒྱ་མཚོའི་ནང་དུ་ཆུ་ཕྲན་བླུགས་གྱུར་ཀྱང་། །གཏིང་མཐའ་ཡངས་པས་འབྲི་གང་ག་ལ་ནུས། །འབྲུ་ཤོད་འབྲས་ཀྱི་ཡུལ་ན་ཅོག་མོ་ཞིག །འབྲས་ཕུལ་གང་གིས་བྱ་བརྒྱ་སོག་ཅེས་ཐོས། །ངམ་ཤོད་བྱེ་མའི་རོང་ན་གཡེར་མ་ཞིག །རྒྱལ་བློན་རྒྱལ་སྲིད་སྐྱོང་བའི་མདུན་མ་ལས། །མ་རྨད་འཁྲུག་པ་འདུལ་ན་བྱ་དགའ་ཡོང་། །རྒྱལ་བློན་བློ་ཆུང་ཞེས་པ་ཟེར་བ་ཐོས། །ནགས་ཁྲོད་སྤེན་རྩེ་ནགས་ཀྱི་ཕོ་བྲང་ན། །བྱི་བའི་རྒྱལ་པོ་ཧོམ་ཟི་བྱ་བ་དེ། །ནགས་སྟོད་འགྲིམ་པ་སྟག་གི་རྒྱལ་པོ་ལ། །འགྱིངས་ཤིང་གླལ་ལ་བསླབ་བྱ་བྱེད་པ་ཐོས། །ད་ནི་རིང་པོར་མི་ཐོགས་རྒྱ་མཚོ་ལས། །འཁོར་བཅས་རང་གི་རྫིངས་སུ་ཞུགས་ལ་བྱོན། །ཞེས་པའི་འཕྲིན་ཕུལ་བ་དང་། གསེར་གླིང་པ་ཞལ་འཛུམ་མཛད་དེ། ས་ཡི་བདག་པོ་རྒྱལ་སྲིད་རྣམས་སྤངས་ཏེ། །འབངས་ཀྱི་ཚུལ་དུ་བླ་མ་བརྒྱ་ཕྲག་བསྟེན། །ཆགས་པ་མེད་པར་དཀའ་སྤྱད་གོ་གྱོན་ནས། །ཤེས་བྱ་འདི་ལ་ཕྱོགས་རིས་མེད་པར་བསླབས། །འོན་ཀྱང་ནོར་རྫས་འབྱོར་པས་གང་གྱུར་ཀྱང་། །ལེགས་པར་སྦྱར་བའི་གཡོས་ནི་མ་ཟོས་ན། །ཟས་ཀྱི་རྐྱེན་གྱིས་ལུས་སྲོག་འབྲལ་བ་སྲིད། །དེ་ཕྱིར་མཁས་པས་ཤེས་ནས་དྲུང་འདིར་འོངས། །གང་ལ་ཡོན་ཏན་གཞན་གྱིས་བརྗོད་པ་ལས། །རང་གིས་ཉམས་སུ་མྱོང་བ་ཚད་བྱ་ཡིན། །འོན་ཀྱང་དཱི་པཾ་འདི་རུ་ཤོག་ཅེས་གསུངས། །མཁས་པ་ཁྱོད་ཀྱིས་ངའི་དྲུང་བཞུགས་ནས། །ལོ་དྲུག་ཟླ་བ་བདུན་དུ་སོང་བ་ལས། །བདག་གི་ཡོན་ཏན་ཐམས་ཅད་རྫོགས་པར་བྱས། །ད་ནི་རེ་ཞིག་རྒྱ་གར་དབུས་སུ་སོང་། །ཐེག་པ་ཆེ་ཆུང་ཡོངས་ཀྱི་བདག་པོ་མཛོད། །མཐོ་འཁུར་དམའ་སྐྱོང་མཉམ་ལ་འགྲོགས་ཤེས་ཀྱིས། །ངང་སྲིང་རྒྱུད་འཐུལ་བསྟན་པ་སྤྱི་ལ་སོམས། །དབུས་ཀྱི་གཙུག་ལག་ཁང་རྣམས་བཟུང་གྱིས་ལ། །རལ་བ་གསོས་ལ་ཞུ་འཐུལ་དག་པར་མཛོད། །པཎ་ཆེན་བརྒྱས་སྐོར་ཐེག་ཆེན་གུས་པས་བསྟེན། །གནས་བརྟན་རཏྣ་ཨཱ་ཀ་ར་ལ་ཞུས། །གནས་ལ་ངེས་མེད་གཙུག་ལག་ཡོངས་ལ་འགྲིམས། །ཕྱི་ནང་ཤགས་ཕྱེ་བསྟན་པའི་དཔང་པོ་མཛོད། །ལེགས་པར་གཏན་ལ་ཕབ་ནས་ཡང་འདིར་བྱོན། །ཇོ་བོས་ལན་གསུངས་པ། པཎ་ཆེན་ལྔ་བཅུ་རྩ་གཉིས་ཐུགས་རྒྱལ་ཆེ། །བླ་མ་ཁྱོད་ནི་ཤིན་ཏུ་ཞིང་ས་གཉན། །རེ་ཞིག་གསུང་རྣམས་བདག་གིས་སྒྲུབ་པར་བགྱིད། །ལམ་དུ་ཉེར་ཞོ་མེད་པར་བྱིན་གྱིས་རློབས།།
དེ་ནས་བླ་མ་གསེར་གླིང་པས་རྒྱ་མཚོའི་འགྲམ་དུ་སྐྱེལ་ཐུང་ལ་བྱོན་ཞིང་། ཇོ་བོའི་འཁོར་རྣམས་ལ་འགྲོ་བའི་སྐྱེས་སུ་གདམས་པ། རྟག་ཏུ་དཱི་པཾ་ཀ་ར་གུས་པས་བསྟེན། །ཕྲ་ཞིབ་ལས་ལ་འཛེམས་བག་ཆེར་མཛོད། །ང་རྒྱལ་ཆུང་ཞིང་སྒྱིད་ལུག་མེད་པ་དང་། །ཆགས་སྡང་མེད་ཅིང་རང་ཚུགས་ཟིན་པ་དང་། །ཀུན་ལ་འགྲོགས་ཤེས་བྱམས་བརྩེ་ཆེ་བར་མཛོད། །ཅེས་གསུངས་སོ། །ཡང་འཁོར་རྣམས་ཀྱིས་ལན་གསོལ་བ། བླ་མ་རྡོ་རྗེའི་གདན་ལ་སྙོམས་པར་བཞུགས། །བདག་ཅག་རྣམས་ལ་ཐུགས་རྗེའི་རྒྱང་སྲིངས་ལ། །འཕྲིན་ལས་བཟང་པོས་ཉོན་མོངས་གདུང་བ་ཆོད། །ཡིད་དབང་ཚིམ་ལ་ད་རུང་མཇལ་བར་སྨོན། །དེ་ནས་རྫིངས་ཆེན་པོ་བསྡམས་ཏེ། ཟླ་བ་དྲུག་ཙམ་དུ་རྒྱ་མཚོ་ཆེན་པོའི་ངོགས་བརྒྱུད་ནས་རིམ་གྱི་དཔལ་རྡོ་རྗེ་གདན་དུ་བྱོན་པ་དང་། དགེ་སློང་རྣམས་ཀྱིས་བསུ་བ་དང་བསྟི་སྟངས་ཆེན་པོ་མཛད།
དེ་ནས་རྒྱལ་པོ་དང་པཎ་ཆེན་རྣམས་དང་དགེ་འདུན་རྣམས་ཞལ་མཐུན་པར་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱི་བདག་པོར་མངའ་གསོལ་བར་མཛད། དེ་ནས་ཇོ་བོས་རང་རང་གི་སའི་བདག་པོ་རྣམས་བསྐུལ་ཏེ། གཙུག་ལག་ཁང་གི་ཞིག་རལ་ཐམས་ཅད་བསོས་ཤིང་དར་ཞིང་རྒྱས་པར་མཛད་དོ། །དེ་ནས་ཇོ་བོའི་ཐུགས་ལ་ད་ནི་རྩེ་གཅིག་ཏུ་མཉམ་པར་བཞག་ལ་མྱུར་དུ་འཚང་རྒྱ་བར་བྱ་བའོ་སྙམ་དུ་དགོངས་པ་ན། བླ་མ་ར་ཧུ་ལ་སྐད་ཅིག་གིས་བྱོན་ཏེ། ཡི་དམ་གྱི་ལྷ་ཞལ་མཐོང་བ་དང་། དཀྱིལ་འཁོར་མང་པོ་མངོན་སུམ་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པ་སོགས་ཁྱོད་ཀྱི་ཡོན་ཏན་དེ་རྣམས་ཀྱིས་གར་ཡང་མི་ཕྱིན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་བཟུང་ལ་འཁོར་བ་མ་སྟོང་བར་སེམས་ཅན་གྱི་དོན་བྱེད་པར་དམ་ཆོས་ཤིག་གསུངས།
ཡང་སྐབས་ཤིག་ངོ་བོས་དྲོ་ཐོན་པའི་རྗེས་ལ། རྡོ་རྗེ་གདན་གྱི་འཁོར་ས་ན་ཕར་སྐོར་བ་མཛད་པའི་ཚེ། ལྡེར་བཟོ་མང་པོ་ཡོད་པར་འཚང་རྒྱ་བར་འདོད་པས། ཆོས་གང་ལ་བསླབ་པར་བགྱིད་ཅེས་འདྲི་ཞིང་འདུག །དེའི་ལན་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཟེར། ཡང་གཅིག་ན་རེ། ཇི་ལྟར་སྦྱོང་ཟེར་བས། ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཀྱི་སེམས་སྦྱང་ཐབས་ཤིག་གསུངས་པ་གསན་ཞིང་ཐུགས་སུ་ཆུད། ཡང་ཞབས་སྐོར་མཛད་པའི་དུས་ཤིག །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་བུ་མོ་གཞོན་ནུ་མ་ལྷའི་ལུས་ཅན་རྒྱན་གྱིས་བརྒྱན་པ་གཉིས་བྱུང་ནས། གཅིག་གིས་གཅིག་ལ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བྱ། ཞེས་དྲི་བ་དྲི་ལན་བྱེད་ཅིང་སྔགས་ལུགས་ཀྱི་སེམས་སྦྱོང་ཐབས་ཤིག་གསུངས་ཏེ། སྒྲོལ་མ་དང་ཁྲོ་གཉེར་ཅན་མ་ཡིན་སྐད།
ཡང་རྡོ་རྗེ་གདན་གྱི་བདུད་འདུལ་མཆོད་རྟེན་ལ་སྐོར་བ་མཛད་པའི་དུས་བུད་མེད་གཉིས་དྲི་བ་དྲི་ལན་བྱེད་ཅིང་། བྱང་ཆུབ་ཀྱི་སེམས་སྦྱོང་བའི་ཆོས་གསུངས་པ་གསན། ཡང་སྒྲོལ་མ་ལྷ་ཁང་གི་དྲུང་ན་བུད་མེད་རྒན་གཞོན་གཉིས་འདུག་པས་གཞོན་པ་དེས། རྒན་པ་ལ་ཞུས་པའི་ལན་དུ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་ཅེས་གསུངས་པ་གསན། ཡང་རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་སྐོར་བ་མཛད་པའི་དུས་ཤིག །བྱ་འདབས་ཀྱི་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས། ཇོ་བོ་ལ་བྷ་དནྟ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས།
མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་རྣལ་འབྱོར་མ་མང་པོས་ཀྱང་། བྱང་ཆུབ་ཀྱི་སེམས་ཆེ་བ་གསུངས་ཤིང་ཐུགས་བསྐུལ་བས། ད་ནི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་དམ་བསྐང་བ་དང་། བླ་མ་རྣམས་ཀྱི་གསུང་སྒྲུབ་པ་དང་རང་གཞན་གྱི་དོན་གང་ལ་ཡང་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མི་འདུག་པས། ད་ནི་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས། བྱང་ཆུབ་ཀྱི་སེམས་སྦྱོང་བ་ལས་མེད་དོ་སྙམ་དུ་དགོངས་ནས། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་མེད་ཀྱི་ལྷ་ཁང་ཡོད་པ་དེའི་ནང་དུ་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ། ཐུགས་རྗེ་ཆེན་པོ་ཞལ་མངོན་སུམ་དུ་གཟིགས་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་བྱ་བ་བྱས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སོ། །འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ལྷ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོང་ཞིག་ཅེས་ལུང་བསྟན་ཏོ།།
དེའི་ཚེ་རྒྱལ་པོ་མ་ཧཱ་པཱ་ལས་བྲི་ཀ་མ་ལ་ཤཱི་ལར་སྤྱན་དྲངས་ཏེ། རྩ་བའི་སྡེ་པ་བཞིའི་པཎྜི་ཏ་ལྔ་བཅུ་རྩ་བདུན་དང་བཅས་པའི་གཙུག་གི་ནོར་བུ་ཐམས་ཅད་ཀྱིས་ཐེ་ཚོམ་དྲི་བའི་གནས་སུ་བཞུགས་ཤིང་མུ་སྟེགས་མང་པོ་ཚར་བཅད། བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་ངོས་གཅིག་ལ་པཎྜི་ཏ་རྣམས་དང་། ངོས་གཅིག་ལ་གྲུབ་ཐོབ་རྣམས་ཀྱི་སྐུ་བྲིས་ཡོད་པ་ལ་ཇོ་བོ་གཉིས་ཀར་དུ་བྲིས། ཁྱད་པར་གཙུག་ལག་ཁང་གི་སྒོ་གདོང་གཡས་ལ་སློབ་དཔོན་ཀླུ་སྒྲུབ་དང་གཡོན་ལ་ཇོ་བོ་བྲིས་ཏེ་ཀླུ་སྒྲུབ་དང་མཉམ་པར་བྱེད་སྐད། དེར་ཇོ་བོ་ཉིད་ཀྱིས་ཀྱང་དགེ་སློང་ཉི་ཤུའི་སྡེ་ཤས་ཤིག་གི་ས་ཀྲ་ཡང་འཛུགས་པར་མཛད་དོ།།
དེའི་ཚེ་ཅི་སྡེ་པ་ཤས་གཅིག་གནས་དབྱུང་བས་དེ་རྣམས་ཇོ་བོ་ལ་སྡིག་གསོག་པར་གྱུར་སྐད། ཁྱད་པར་མཻ་ཏྲི་པས་དམ་རྫས་ཀྱི་ཆང་ཁྱེར་བ་བཙུན་པ་གཅིག་གིས་མཐོང་ནས་དགེ་འདུན་ལ་བཤད། དགེ་འདུན་རྣམས་ཀྱིས་ཇོ་བོ་ལ་ཉམས་པ་གནད་ནས་འབྱིན་དགོས་ཞེས་གསོལ་བ་དང་། གནས་ནས་སྤྲད་པ་དང་། ང་ལ་གནོད་པ་མི་ཡོང་ཟེར་བཞུད་དུ་མ་འདོད་པ་ན། ཁྱེད་ལ་མི་གནོད་ཀྱང་གཞན་ལ་གནོད་བཞུད་པར་ཞུ་གསུངས་ནས་ཕྱུང་བས། ཉམས་པ་སྒོ་ལ་འགྲོར་མི་བཏུབ་གསུངས་ནས་རྩིག་པ་ལ་ཐལ་གྱིས་བཞུད། ཇོ་བོས་ལེགས་སམ་མ་ལེགས་སྙམ་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས། ཇོ་བོ་བྲང་ཁང་དུ་ཅུང་ཟད་མནལ་བའི་རྨི་ལམ་དུ་མ་ལེགས་སོ་ཞེས་པའི་སྒྲ་ལན་གསུམ་བྱུང་ཞིང་། ཡང་སྒྲོལ་མས་ཞལ་དངོས་སུ་བསྟན་ནས། མཻ་ཏྲི་པ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡིག་བསགས་པས་རྣམ་སྨིན་ལྕི་བར་གསུངས་ཤིང་། དེ་སྦྱང་བའི་ཕྱིར་ཉིན་རེ་བཞིན་སཱ་ཚ་བདུན་རེ་འདེབས་པ་དང་། བོད་དུ་བྱོན་ནས་ཐེག་ཆེན་དར་བར་མཛད་པར་བསྐུལ་ཏོ། །བླ་མ་གྷ་གྷ་པ་ལ་ཏ་ལ་ཞུས་པས་ཁྱོད་ཀྱིས་ཕན་སེམས་ཀྱིས་བྱས་པས་ཉེས་པ་ཆུང་སྟེ། འོན་ཀྱང་འབྲས་ཆན་བྲེ་གང་སྦྱིན་པར་བཏང་བ་ཞིག་བོད་ན་རྒྱལ་པོ་བྱེད། དེའི་མཆོད་གནས་སུ་འགྲོ་དགོས་ཞེས་གསུངས་སོ།།
སྐབས་དེ་དག་གི་ཚེ་རྒྱ་ནག་གི་རྒྱལ་པོ་དང་། ཤར་ནུབ་མཐའི་རྒྱལ་པོ་མང་པོ་དང་། ཁ་ཆེ་དང་བལ་པོ་ལ་སོགས་པའི་རྒྱལ་པོ་རྣམས་ཀྱིས་སྤྱན་འདྲེན་པའི་ཕོ་ཉ་ཡང་ཡང་བྱུང་ཡང་། དེ་དག་གི་བསོད་ནམས་ཀྱི་དབང་ལས་ཕེབས་མ་ཐུབ་པས་གདན་འདྲེན་པ་ཡོངས་ལ་ཐུགས་བརྩེ་ཞིང་སྐྱོ་བའི་རྣམ་འགྱུར་མཛད། བླ་མ་གསེར་གླིང་པ་ལ་དད་གུས་ཀྱི་གདུང་བ་ཆེན་པོས་སླར་ཡང་དཔོན་གཡོག་ལྔ་བཅུ་ཚང་བ་དང་བཅས་རྫིངས་སུ་ཞུགས་ནས། ཟླ་བ་དགུ་ཙམ་རྒྱ་མཚོའི་ངོགས་བརྒྱུད་དེ་གསེར་གླིང་དུ་བྱོན་ནོ། །ལོ་གཉིས་ཉེ་བར་གསེར་གླིང་པ་ལ་བསྟེན། ཆོས་ཀྱི་ལེའུ་བརྒྱ་ཙམ་ཞིག་ཞུས། དེ་ཡང་རབ་གནས་སེམས་བསྐྱེད་བསྔོ་བ་དང་། །ཁྲུས་ཀྱི་ཆོ་ག་སཙྪ་རབ་གནས་དང་། །རུས་ཆོག་ལམ་སྲུང་རྟེན་འབྲེལ་བརྟག་པ་དང་། །མདོ་སྡེ་བཀླག་ཐབས་མཎྜལ་བྱ་ཐབས་དང་། །མཐའ་ན་ངན་སོང་སྦྱོང་བ་ཡན་ཆད་ནས། །སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་སོགས། །ཕན་ཆ་ཐམས་ཅད་བརྩེ་བའི་ཐུགས་ཀྱིས་གསན། །ཨེ་མ་བླ་མ་དེ་ནི་སྙིང་རྗེ་ཆེ། །འགྲོ་ལ་བྱམས་ཤིང་བག་ཡོད་ལྡན་གྱུར་པས། །ཆོས་སྤྱོད་དགེ་བའི་ལས་ཀ་ཅི་བྱེད་ཀྱང་། །ཏན་ཏན་ཏིག་ཏིག་ལྟ་བུར་ནན་ཏན་བྱེད། །ལྟ་བའང་སྣང་བ་ཙམ་གྱི་དབུ་མ་འཛིན། །ཕལ་ཆེར་སེམས་ཙམ་ལྟ་བུར་གསུངས་པ་ལ། །ལན་ཅིག་ཇོ་བོ་ཟླ་གྲགས་གསུང་བཞིན་དུ། །མི་གནས་པ་ཡི་དབུ་མའི་གསུང་གླེང་བས། །བླ་མའི་ཞལ་ལས་མཁས་པ་ལེགས་སོམས་དང་། །བྱ་ཁྱུང་ཆེན་པོས་ནམ་མཁའི་མཐའ་ཆོད་ཀྱང་། །རྒྱུ་འབྲས་སའི་སྟེང་དུ་རྩི་བ་ཡིན། །གནས་ལུགས་ནམ་མཁའ་ལྟ་བུར་དག་སྲིད་ཀྱང་། །ལས་འབྲས་འདི་ལ་གཅེས་སྤྲས་བྱ་འཚལ་ལོ། །གསུངས། ལན་ཅིག་ཇོ་བོས་མཆོད་པ་བཤམས་ཤིང་ཡན་ལག་བདུན་པ་རྒྱས་པར་འབུལ་བ་མཛད་པས། བླ་མའི་ཞལ་ནས་ལེགས་སོ་འདི་ལྟར་ལེགས། །ཇི་སྲིད་བཙན་ས་ཟིན་པར་མ་གྱུར་བར། །འདི་ལྟར་དད་གུས་ཆེན་པོས་ཚོགས་གསོག་ཅིང་། །དགེ་སྡིག་ལས་ལ་འཇུག་བཟློག་བྱ་འཚལ་ལོ། །ཞེས་གསུངས་ཤིང་། ལྟ་བ་སེམས་ཙམ་ལུགས་ལ་ཞེན་པའི་ཚུལ་སྟོན་ཏོ།།
དེ་ནས་ལོ་གཉིས་ཟླ་བ་ཕྱེད་ལྷག་པ་སོང་བ་ན། ཇོ་བོ་དབུས་སུ་འབྱོན་པར་ཆས་པའི་ཚེ། བླ་མས་ལུང་བསྟན་མཛད་པ་ནི། ལྷ་གཅིག་འདི་རུ་མ་བཞུགས་བྱང་དུ་བྱོན། །བྱང་ཕྱོགས་ཁ་བ་ཅན་གྱི་ཕྱོགས་སུ་བྱོན། །དེར་ནི་རི་བོ་སྤོས་ངད་ལྡན་པའི་ངོས། །ཀུན་ནས་སྤང་གཤོངས་མེ་ཏོག་བཀྲ་བའི་ཚལ། །རྩི་ཤིང་ནགས་ཚལ་ཕྱོགས་མཐར་རྒྱས་པའི་ཁྲོད། །ཆུ་མིག་ནེའུ་གསིང་སྲིན་བུས་བརྒྱན་པའི་འགྲམ། །བུང་བ་འཕུར་ལྡིང་གླུ་དབྱངས་ལེན་པའི་ས། །ལྷ་བྱ་འཕུར་ལྡིང་བག་ཕེབས་རྒྱུ་བའི་ཡུལ། །ཆུ་བྱ་དབྱངས་སྙན་སྒྲ་དབྱངས་འཚེར་བའི་གནས། །རི་མཐོ་ས་གཙང་སྤོས་རྒྱ་ལྟ་བུའི་ཡུལ། །ཆུ་བོ་བཞི་འབབ་དབྱར་དགུན་ཕྱེད་པའི་ཕྱོགས། །སྤྱན་རས་གཟིགས་ཞིང་ཆོས་རྒྱལ་སྤྲུལ་པའི་ཡུལ། །དེར་སེར་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཞིང་དེའི་བདག་པོ་འབྲོམ་རྗེ་སྤྲུལ་པའི་སྐུ། །ཁྱོད་ཀྱིས་སྲས་ཡིན་སྣ་ཚོགས་སྤྲུལ་པ་འགྱེད། །སྤྱན་རས་གཟིགས་ཡིན་འགྲོ་རྣམས་ཐུགས་རྗེས་སྐྱོངས། །ཞིང་ཁམས་དེ་ན་དུག་སྦྲུལ་གླང་ཆེན་དང་། །སྟག་དང་མི་རྒོད་གཅན་གཟན་འཇིགས་པ་དང་། །དྲེད་དང་ཆུ་སྲིན་ས་གཡོས་ལྕེ་འབབ་པའི། །འཇིགས་པ་མེད་པར་སྐྱེ་བོ་བག་ཕེབས་རྒྱུ། །སྐྱེ་བོ་མ་ཎི་པདྨའི་གླུ་དབྱངས་སྒྲོག །ཐེག་ཆེན་བློར་ཤོང་མུ་སྟེགས་འཇིགས་པ་མེད། །འོན་ཀྱང་བླུན་པས་འཇུག་ལྡོག་རྣམས་མི་ཤེས། །ཆོས་པ་ཉུང་ཞིང་ཡོད་པ་ཐོ་ཆོ་ཆེ། །ཕྲ་ཞིབ་ལས་ལ་འཛེམས་པ་ཆེས་ཉུང་བས། །ཁྱོད་སོང་བོད་ཁམས་ཡོངས་ཀྱི་བདག་པོ་མཛོད། །ཅེས་གསུངས་པ་དང་། ཇོ་བོས་དག་པའི་སྤྱན་གྱིས་བོད་ཡུལ་གྱི་ཕྱོགས་ལ་གཟིགས་ནས། ལན་གསོལ་བ། ཐུགས་རྗེ་ཆེན་པོ་བདག་ལ་གསན་དུ་གསོལ། །བོད་དེ་དམུ་འཐོམ་བྱིས་པ་གདོལ་པའི་ཡུལ། །ས་རྩུབ་རོང་དོག་གཡང་ས་ཤིན་ཏུ་ཆེ། །ངམ་ནག་ཕྲང་དོག་རི་མགོ་གངས་ཀྱིས་བསྐོར། །རྣམ་བཞག་ཆ་ཆགས་རྩན་ཤུན་ཤན་མི་ཕྱེ། །ཞེ་སྡང་གདུང་རྩུབ་རྒོད་བག་ཤིན་ཏུ་ཆེ། །བློ་མང་མཐོ་འགྲིམ་ཕྱི་ཐག་ཤིན་ཏུ་ཐུང་། །བྱད་དམར་སྣ་ལེབ་ཤ་དམར་ཟས་སུ་ཟ། །སྣ་རྣོ་གཡོ་ཆེ་ཀུན་ལ་ཁྲམ་དུ་རྒྱུག །ཕ་མ་རྒན་རབས་དག་ལ་དེར་མི་འཛིན། །གཙོ་བོ་མཁན་སློབ་དག་ལ་དེར་མི་འཛིན། །བསོད་ནམས་ཐམས་ཅད་ས་ཡི་དུར་དུ་སྦེད། །ཡོན་བསྔོ་དགེ་བ་སྲེག་སྦྱངས་མིང་མ་མཆིས། །མཆོད་གཏོར་བསྙེན་བཀུར་ཁ་ཏོན་སྡོམ་ཁྲིམས་བྲལ། །ཞེས་བོད་ཀྱི་ཡུལ་དང་སྐྱེ་བོའི་སྐྱོན་མང་པོ་བརྗོད་པར་མཛད་ནས། དམ་ཉམས་ཁྲིམས་འཆལ་འབག་ཆོལ་ཆེན་པོའི་ཡུལ། །ཞིང་དེ་བདག་གིས་གདུལ་བ་ཅང་ནུས་སམ། །ཨེ་མ་ཧོ། བདག་གིས་མཐའ་འཁོབ་ཇི་ལྟར་ཐུལ། །ཞེས་གསོལ་ཞིང་། འོན་ཀྱང་འབྲོམ་ཉིད་སློབ་མའི་མཐུ་བོར་གཟིགས་ཤིང་། དེ་ལ་བརྟེན་ནས་བསྟན་པ་དང་སེམས་ཅན་ལ་ཕན་པར་དགོངས་ཏེ་སྦས་པའི་བརྟུལ་ཞུགས་མཛད་པས། གསང་སྔགས་ལྷར་སྤྲུལ་པ་དུ་མས་བདེ་གཤེགས་འཕྲིན་ལས་སྐྱོངས། དེ་ནི་བདག་གི་མཐུ་བོ་དམ་པར་མཐོང་། །ཡ་མཚན་འོད་ཟེར་འབར་བའི་དཀྱིལ་འཁོར་དེར། །བདག་གི་འཕྲིན་ལས་ཆེན་པོ་བསྐལ་པ་བཟང་། །བདག་གི་བླ་མ་མགོན་པོ་གསེར་གླིང་པ། །ཁྱོད་ཀྱི་ཐུགས་དང་འགལ་བ་མི་བགྱིའོ། །ཞེས་གསོལ་ནས་སླར་མཇལ་བའི་སྨོན་ལམ་སོགས་འདེབས་པར་མཛད་ཅིང་། ཟླ་བ་བཅུ་རུ་གཟིངས་སུ་ཞུགས་ནས་བྱོན་ཏེ། འཁོར་དང་བཅས་པ་འོད་མའི་ཚལ་དུ་ཕེབས་ཤིང་། གཙུག་ལག་ཁང་རྣམས་ཕུན་སུམ་ཚོགས་པར་མཛད་དོ།།
དེ་ནས་ཀཽ་ཤམྦིའི་གནས་སུ་བྱོན་ནས། ཟླ་བ་གཉིས་ལ་ཞིག་གསོས་ལེགས་པར་མཛད། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ལ་ཞིག་གསོས་མཛད། དེ་ནས་བྱ་རྒོད་ཕུང་པོའི་རིའི་མཆོད་རྟེན་རྣམས་ལ་ཞིག་གསོས་མཛད། དེ་ནས་གཉན་ཡོད་རྒྱལ་བྱེད་ཚལ་གྱི་ཞིག་གསོས་མཛད། དེ་ནས་གྲོང་ཁྱེར་རྩྭ་མཆོག་ཏུ་བྱོན་ནས་ཉན་ཐོས་མཆོད་རྟེན་ཐམས་ཅད་རྒྱས་པར་མཛད། དེ་ནས་སྒྲོལ་མ་འབར་བའི་ཚལ་དུ་བྱོན། ཀུན་དགའ་ར་བ་བཅུ་གསུམ་དར་ཞིང་རྒྱས་པར་མཛད་དོ། །མདོར་ན་རྡོ་རྗེ་གདན་དང་ནཱ་ལེནྡྲ། །ཀ་མ་ལ་དང་མཻ་ཏྲིའི་གཙུག་ལག་ཁང་། །ལིའི་རྒྱལ་པོའི་ཕོ་བྲང་ལ་སོགས་པ། །གཙུག་ལག་ཁང་ཆེན་བརྒྱ་དང་བརྒྱད་དག་དང་། །འགྲན་གྱིས་དོ་མེད་བླ་མ་འདི་ཡིས་གསོས། །དེ་ཚེ་མཐའ་འཁོབ་གླིང་ཕྲན་དུ། སྐྱེས་བུ་དམ་པའི་སྙན་པས་ཁྱབ་པར་གྱུར།
ཡང་དུས་སྐབས་དེ་དག་གི་ཚེ་མ་ག་དྷའི་རྒྱལ་པོ་དང་། ནུབ་ཕྱོགས་ཀརྞའི་མུ་སྟེགས་ཀྱི་རྒྱལ་པོ་མ་མཐུན་ནས། མ་ག་དྷར་དམག་དྲངས་པས་བགྲོད་མ་ཐུབ་པར། བྲི་ཀ་མ་ལར་དྲངས་ཏེ། རབ་བྱུང་གཅིག་དང་དགེ་ཚུལ་གཅིག་བསད། ཡོ་བྱད་མང་པོ་ཁྱེར་བའི་ཚེ། ཇོ་བོ་ཐུགས་འཁྲུགས་པ་མེད་པར་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་པས་དེའི་མཐུས་དམག་ཕྱིར་ལོག་སྟེ། མུ་སྟེགས་ཀྱི་དམག་ཐམས་ཅད་གསོད་དུ་ཆས་པའི་ཚེ། སྲོག་བསྐྱབས་ནས་བཏང་བས། ཀརྞའི་རྒྱལ་པོ་དད་དེ་ནུབ་ཕྱོགས་སུ་སྤྱན་དྲངས་ནས་བསྙེན་བཀུར་ཆེན་པོ་བྱས། ཇོ་བོས་ཀྱང་ལམ་བར་ཆུ་ཆེན་པོ་ཡོད་པ་སོགས་ལ་དཀའ་ཚེགས་དང་ལུས་སྲོག་ལ་མ་གཟིགས་པར་ཡང་ཡང་བརྒལ་ཏེ་ཡོ་བྱད་ཐམས་ཅད་འདུམ་གྱི་ཕྱིར་བཏང་ནས་རྒྱལ་པོ་གཉིས་འདུམས་ནས་མཛའ་བར་མཛད་དོ།།
དུས་དེའི་ཚེ་བོད་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཟེར་ཞེས་བྱ་བ་དེ་ཉིད། བོད་འདིར་སངས་རྒྱས་ཀྱི་བསྟན་པ་དར་རྒུད་ཆེ་བར་བྱུང་། ཐུགས་སྐྱོ་ཞིང་བསྟན་པའི་ཞལ་གསོ་བར་བཞེད་ནས། བོད་ཕྲུག་རིག་པ་ཆེ་བ་མང་པོའི་ནང་ནས་རིན་ཆེན་བཟང་པོ་ལ་སོགས་པ་བདུན་ལ་གཡོག་རེ་རེ་དང་། ཡང་གཡོག་རེ་རེ་སྟེ་ཉི་ཤུ་རྩ་གཅིག་ཁ་ཆེར་ཆོས་འཚོལ་དུ་བཏང་ཞིང་། རྒྱ་གར་ཤར་ཕྱོགས་ཀྱི་དྷརྨ་པཱ་ལ་སྤྱན་འདྲོངས་ན་གསེར་ལ་མ་བརྩེག་ཅིག །ཁ་ཆེ་རིན་ཆེན་རྡོ་རྗེ་སྤྱན་འདྲོངས་ན་གསེར་ལ་མ་བརྩེག་ཅིག །དེ་ལས་གཞན་པའི་བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཇི་ལྟར་འདུག་དྲིལ་ལ་ཤོག་ཅེས་བསླབ་བྱ་མཛད་ནས་བཏང་བས། མི་བཅུ་དགུ་ཤི་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལུས། དེ་གཉིས་ཀྱིས་ཆོས་མཁས་པར་བསླབས་ཏེ། ད་ནི་བོད་ལ་ཕན་ཐོགས་པའི་པཎྜི་ཏ་གཅིག་སྤྱན་འདྲོངས་ན་ནི་དྲངས། མ་འདྲོངས་ན་དྲིས་ལ་འགྲོ་དགོས་སྙམ། རྒྱ་གར་གྱི་སྤྲང་པོ་ལ་བྱ་དགའ་སྟེར་བ་ཁས་བླངས་ཏེ། བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཡོད་དམ་མེད་འདྲིར་བཏང་བས་མ་རྙེད། བྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་ཕྱིན་ནས་པཎྜི་ཏ་རྣམས་ལ་དྲིས་པས། འདི་ན་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པ། ལྔ་བརྒྱ་པ་རྣམས་ཀྱི་ཐམས་ཅད་མཁྱེན་པར་གྱུར་པ་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བྱ་བ་ཡོད་དེ། དེ་ཁྱོད་ཀྱིས་སྤྱན་མི་འདྲོང་། དེ་ལས་གཞན་བོད་ལ་ཕན་ཐོགས་པའི་པཎྜི་ཏ་མེད་གསུངས། དེར་ཇོ་བོ་རྩད་ཆོད་ནས་བོད་ལ་སྤྱན་འདྲེན་པའི་ཞུ་བ་ཕུལ་བས། རྔོ་མ་ཐོགས་ཏེ། བོད་དུ་ལོག་ནས་དབྱིབས་ཚུལ་ལོ་རྒྱུས་ཞིབ་པར་ལྷ་བླ་མའི་སྙན་དུ་གསོལ་ལོ།།
དེ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོའི་སྙན་པ་གསན་ཏེ་ཐུགས་ལ་འདི་ལྟར་དགོངས་པ། མེས་ཆེན་པོ་རྣམས་ཀྱི་རྣམ་སྲོལ་དྲན་པ་དང་། །དེང་སང་དུས་ཀྱི་ཆོས་པའི་གཤིས་ལུགས་དང་། །སྐྱེ་བོ་རྣམས་ཀྱི་ལོག་སྒྲུབ་སྣ་ཚོགས་དང་། །གཙུག་ལག་མཆོད་རྟེན་ཞིག་རལ་མང་བ་དང་། །སྲོས་ན་འདྲེ་སྲིན་དཔུང་ཚོགས་ཆེ་བས་ན། །ཅི་ལ་ཐུག་ཀྱང་མཁས་པའི་པཎ་ཆེན་དེ། །གང་ལ་བསམས་ཀྱང་ཐོས་པ་མི་གདའ་བས། །བོད་དུ་སངས་རྒྱས་བསྟན་པ་དར་བར་བྱ། །མེས་ཆེན་རྣམས་ཀྱི་རྣམ་སྲོལ་བསྐྱང་སྙམ་མོ། །དེ་ལྟར་དགོངས་ནས་ལན་བཅུ་དྲུག་གི་བར་ཕོ་ཉ་བ་བརྫངས་ཀྱང་། ཕལ་ཆེར་ཚད་པ་དང་དུག་སྦྲུལ་གྱི་འཇིགས་པས་ཉེན་ཅིང་མ་བརྟོལ། ནོར་རྣམས་ཀྱང་གྲོན་དུ་སོང་བས་ཐུགས་སྐྱོ་བར་གྱུར་ཀྱང་། ད་དུང་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ནས་ཉང་སྟོད་སྟག་ཚལ་བ་རྒྱ་བརྩོན་འགྲུས་སེངྒེ་འཁོར་བརྒྱ་ཙམ་དང་བཅས་པ་ལ་གསེར་ལིང་པ་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པ་གཅིག་གིས་སྣ་དྲངས་གསེར་མང་དུ་བསྐུར་ཅིང་འཕྲིན་ཕུལ་བ། རྒྱལ་སྲིད་མཆོག་ལ་རྒྱལ་སྲིད་རྣམས་སྤངས་ཤིང་། །ཐར་པར་བྱོན་ནས་མཁས་པར་གྱུར་པའི་ཚེ། །འཇིག་རྟེན་ལྷ་དང་བཅས་པ་ཁྱོད་བཀུར་ཞིང་། །སངས་རྒྱས་བསྟན་པའི་སྲོག་ཤིང་ཁྱོད་ཅེས་ཐོས། །ཁྱོད་ཀྱི་ཐུགས་རྗེ་ཕྱོགས་རིས་མི་མངའ་ཞིང་། །སངས་རྒྱས་བསྟན་ལ་ཐུགས་རྗེས་བསམ་གྱུར་ན། །ཁ་བ་ཅན་འདིར་སྔོན་ཆད་ཕུན་ཚོགས་ཀྱང་། །དེང་སང་དུས་ངན་སེམས་ཅན་བསོད་ནམས་ཉམས། །དེ་ཡི་སྟོབས་ཀྱིས་བོད་ཀྱི་རྒྱལ་པོ་ང་། །མྱ་ངན་ཐང་ལ་ཚད་པས་གདུང་བ་ན། །ཆུ་ཡི་འདུ་ཤེས་ཡིད་ལ་བྱེད་པ་ལྟར། །ཉིན་དང་མཚན་དུ་མགོན་པོ་ཁྱོད་བསམས་ན། །བདག་ལ་ཐུགས་ཀྱིས་བརྩེ་བར་མཛད་དུ་གསོལ། །ཞེས་ཕུལ་ལོ།།
དེ་ལྟར་འཕྲིན་ཡིག་གསེར་དང་བཅས་པ་འབྱོར་ཡང་། གཙུག་ལག་ཁང་དུ་མའི་བདག་པོར་གྱུར་པ་དང་། བསྟན་པའི་བྱ་བ་གཞི་ཆེས་པས་འཕྲལ་དུ་ཕེབས་མི་ཐུབ་ཅིང་། དེ་མ་ཐག་ཕེབས་ཀྱང་བོད་ཀྱི་གདུལ་བྱ་མགུ་དཀའ་བས་དོན་དུ་ཆེར་མི་འགྱུར་བར་གཟིགས་ནས། བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན། ཡང་ན་གསེར་འདོད་ནས་འགྲོ་བ་ཡིན་ཏེ་ང་ལ་གསེར་གྱིས་དགོས་པ་མེད། ཡང་ན་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་ཡིན་ཏེ། དེ་ཡང་ང་ལ་མེད་པས་ང་མི་འགྲོ་གསུངས་ཏེ་གསེར་ཚུར་གཏད་དོ།།
ཡང་དེའི་ཚེ་གསེར་གླིང་པས་སྒྲོལ་མའི་དྲུང་དུ་ཡན་ལག་བདུན་པ་ཕུལ་ནས། དཱི་པཾ་ཀ་རའི་བསྟན་པའི་ལྟ་བ་ནི་སྒྲོ་བསྐུར་མེད་པའི་ལྟ་བ་ལགས་སམ་ཞེས་གསོལ་བ་འདེབས་པར་མཛད་པས་རྗེ་བཙུན་སྒྲོལ་མའི་ཞལ་ནས། མགོན་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ལ་འཁྲུལ་པའི་ལྟ་བ་མངའ་འམ། ཞེས་གསུངས་བྱོན་པས་ཐུགས་དགྱེས་ཤིང་རངས་པར་གྱུར་ནས་དགེ་སློང་ལྷ་དབང་བློ་གྲོས་ཞེས་བྱ་བ་དྲུང་དུ་བོས་ནས། དགེ་སློང་དེང་སང་ཀ་མ་ལ་རུ་སོང་། །དགེ་སློང་དེང་སང་དཱི་པཾ་ཀ་རའི་དྲུང་དུ་སོང་། །བདག་གི་གཏམ་འདི་དབེན་པར་སྙན་དུ་ཞུས། །མཁས་པ་དམ་པ་སྤྱོད་པས་གཡེང་ན་ཡང་། །འཆིང་བའི་མདུད་པ་ཁྲོལ་ལ་ད་དུང་འདིར། །རིང་པོར་མི་ཐོགས་དཔའ་བོས་མདའ་འཕངས་བཞིན། །རྫུ་འཕྲུལ་མངའ་བས་བརྩོན་པས་འབྱོན་པར་ཞུ། །ཞེས་འཕྲིན་ཡིག་བསྐུར་ཏེ་ཚོང་པའི་ཞོར་ལ་བྲི་ཀ་མ་ལར་འོངས་ནས་ཇོ་བོ་ལ་ཞུས་པ་དང་། གསན་མ་ཐག་ལམ་དུ་ཞུགས་ནས་ཟླ་བ་དྲུག་གིས་རྒྱ་མཚོའི་ཕ་རོལ་བཅད་དེ་གསེར་གླིང་དུ་བྱོན་པས། བླ་མས་མངོན་པར་མཁྱེན་ཏེ་རྒྱང་རིང་པོ་ནས་བསུ་བ་མཛད་ཅིང་། མཇལ་མ་ཐག་ཏུ་གུས་པས་འདི་སྐད་ཅེས། ཤེས་བྱ་རྒྱ་མཚོར་སྒྲོ་བསྐུར་སྐྱོན་སྤངས་པ། །དགེ་ལེགས་བཤེས་གཉེན་ཡང་དག་དོན་མངའ་བ། །བསོད་ནམས་བསགས་པས་གོ་འཕང་བརྙེས་གྱུར་པ། །ཁྱོད་ཀྱི་ལྟ་བ་གང་ཡིན་ཚུར་ཕུལ་དང་། །ཞེས་གསུངས་པ་དང་། ཇོ་བོས་ལན་གསོལ་བ། མདངས་གསུམ་གཉིད་ཀྱིས་སླད་པའི་རྨི་ལམ་ན། །སྒྱུ་མ་མཁན་པོས་གླང་པོ་གཉིས་སྤྲུལ་ཏེ། །གླང་པོ་གཅིག་གིས་གླང་པོ་གཅིག་བསད་ན། །བསད་དམ་ཤི་འམ་སྒྱུ་མ་ཉིད་ཡོད་དམ། །ཞེས་བྱ་བ་སོགས་ལྟ་བའི་གསུངས་མང་པོ་མཛད་ཅིང་ཕེབས་པ་ན། ཚིག་མ་ལུས་པ་རྫོགས་པ་དང་། བླ་མའི་གཟིམས་ཁང་གི་ནང་དུ་འབྱོར་བ་དུས་མཉམ་དུ་བྱུང་བས། ཇོ་བོའི་ཞལ་ནས། ཆོས་ཀྱི་གནས་ལུགས་དབུ་མར་མ་ཤེས་པར། །མཁས་ཀྱང་ཕྱི་རོལ་ཉིད་དུ་གནས་པ་ཡིན། །འདི་ལྟར་ཆོས་དེ་ཡོངས་སུ་སློབ་པ་དང་། །ནང་ཞུགས་དུས་མཉམ་རྟེན་འབྲེལ་ཆེན་པོ་ཡིན། །ཞེས་གསུངས།
ཡང་གསེར་གླིང་པའི་ཞལ་ནས། ཨེ་མ་འདུ་ཤེས་མེད་ཀྱང་འདི་ལྟར་འགྲིག །ད་ནི་ལྟ་བ་གཉིས་སུ་མེད་པར་བྱ། །དཔེ་དོན་བཅུ་དྲུག་སེམས་ལ་གོམས་པར་བྱ། །དཱི་པཾ་དོན་ཆེན་ལྟ་བ་རྣམ་དག་བྱ། །ཁྱོད་ནི་བསོད་ནམས་བསགས་པའི་སྐྱེས་བུ་ཡིན། །གང་དུ་ཁྱོད་ཀྱིས་འཕྲིན་ལས་བསྐྱངས་གྱུར་ཀྱང་། །འགྲོ་དོན་ཕུན་སུམ་ཚོགས་པར་ཐེ་ཚོམ་མེད། །འདི་ནས་ཕར་བྱོན་གཙུག་ལག་མ་ལུས་པ། །ནཱ་རོ་པ་དང་རྗེ་བཙུན་ཌོཾ་བྷི་པ། །ཀ་མ་ལ་དང་རྗེ་བཙུན་ཤཱནྟི་པ། །ནག་པོ་པ་དང་རཏྣ་ཨཱ་ཀ་ར། །གཞན་ཡང་གྲུབ་ཐོབ་མཁས་གྲུབ་བརྙེས་པ་རྣམས། །རང་ས་རང་སར་ཐབས་ཀྱིས་བསྟེན་མཛོད་ལ། །སྙིང་རྗེ་ཆེན་པོས་བོད་ཀྱི་ཡུལ་དུ་བྱོན། །བདག་ཀྱང་དངོས་གྲུབ་བརྙེས་ནས་གངས་ཅན་དེར། །ཁྱོད་ཀྱི་འཕྲིན་ལས་བལྟ་ཕྱིར་ཡང་ཡང་འོང་། །དེ་ནས་ཁྱོད་ཀྱིས་ཤེས་བྱ་སྤེལ་དུ་གསོལ། །ཞེས་གསུངས་པ་དང་། ལན་དུ། དེ་ལྟར་ཞུ་ལགས་མཁས་པ་གཟིགས་སུ་གསོལ། །ད་ནི་ཁོ་བོ་རྒྱ་གར་ཡུལ་དུ་འགྲོ། །དེ་ནས་སྤུ་རྒྱལ་བོད་ཀྱི་ཡུལ་དུ་འགྲོ། །དེ་ནས་རྗེ་བཙུན་བྱམས་པའི་དྲུང་དུ་འགྲོ། །ཐུགས་རྗེ་ཆེན་པོས་ཞིང་འདིར་བཞུགས་པ་ལ། །སྟོང་ཉིད་སྙིང་རྗེས་འགྲོ་ལ་གཟིགས་པར་གསོལ། །ཞེས་གསུངས་སོ།།
དེ་ནས་ཟླ་བ་བཅུ་གཅིག་དེར་བཞུགས་ནས། ཟླ་བ་བདུན་གྱི་བར་རྫིངས་ལ་ཞུགས་ཏེ། རྒྱ་གར་དུ་ཕེབས་ནས་གཙུག་ལག་ཁང་རྣམས་སུ་རིམ་གྱིས་སྐུ་གཉེར་གནས་བརྟན་དེ་ཙམ་ཐབས་ཀྱིས་བསྐོས་ཤིང་། རྟེན་གསུམ་རྣམས་ཀྱི་དཀར་ཆག་བརྒྱ་རྩ་བརྒྱད་གནས་བརྟན་དག་ལ་རྩིས་སྤྲོད་པར་མཛད་དོ། །དེ་ནས་རྡོ་རྗེ་གདན་དུ་ཕེབས་པ་ན། བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ། བོད་ཀྱི་རྒྱལ་པོས་སློབ་གཉེར་ལ་བཏང་བའི་དགེ་སློང་གཅིག་སླེབས་འདུག་ཟེར་བ་གསན་པས། བུའི་འདུ་ཤེས་ཀྱིས་དགྱེས་ཚོར་འཁྲུངས། ཕལ་ཆེར་སློབ་གཉེར་ལ་འོངས་པ་མིན། ཁོ་བོ་འབོད་དུ་འོངས་པར་ངེས། ད་ནི་པཎ་ཆེན་རྣམས་ལ་མ་ཚོར་བར་ཐབས་ཀྱིས་འགྲོ་བའི་ཆས་བྱའོ་སྙམ་དུ་དགོངས་སོ།།
དེ་ནས་བྲི་ཀ་མ་ལར་བྱོན་ཏེ་ནུབ་ཅིག་སྒྲོལ་མ་འབར་བའི་གཙུག་ལག་ཁང་དུ་ཡན་ལག་བདུན་པ་རྒྱས་པར་མཛད་པ་ན། སྲོད་ལ་བུ་མོ་ཆས་ཀྱིས་བརྒྱན་པ་ཞིག་རྒྱན་ཆ་སིལ་སིལ་བྱུང་བས། ཁོ་བོ་དགེ་སློང་གཙང་མ་བུད་མེད་ལ་བལྟ་བར་མི་རུང་སྙམ་མ་གཟིགས་པར་བསྐྱེད་རིམ་བསྒོམས་པ་ན། དེ་ན་རེ། ཉོན་མོངས་འཆིང་བས་བསྡམས་པའི་སྐྱེ་བོ་དག །འཕགས་པའི་ཚོགས་ལ་མི་ལྟ་ཉོན་མོངས་བལྟ། །འཕགས་པའི་ཚོགས་ནི་འཕགས་པའི་གནས་ལ་བལྟ། །བུ་གཅིག་ཁྱོད་ཀྱིས་མཉམ་བཞག་ཐུན་མཚམས་སུ། །བཅོམ་ལྡན་སྒྲོལ་མ་ང་ལ་གསོལ་བཏབ་ན། །ང་འདིར་འོང་ཚེ་མ་ལ་ཅིས་མི་གཟིགས། །ཅེས་གསུངས་པ་དང་། སྒྲོལ་མ་ཡིན་པར་མཁྱེན་ནས་ཕྱག་མཛད་དེ། མ་གཅིག་ཐུགས་རྗེའི་དབྱིངས་ནས་རབ་བཞུགས་པའི། །འཇིགས་པ་བརྒྱད་ལས་སྐྱོབ་པའི་མཐུ་སྟོབས་ཅན། །ལས་ཀྱི་ལྷ་མོ་བཀྲ་ཤིས་དཔལ་འབར་མ། །སྒྲོལ་མ་ཁྱོད་ནི་བདག་གི་མ་གཅིག་ཡིན། །ཐུགས་རྗེ་ཀུན་ལ་སྙོམས་པའི་ཡུམ་ཆེན་མ། །དཱི་པཾ་བདག་གི་གདུལ་བྱ་གང་ན་ཡོད། །མཐའ་འཁོབ་སྐྱེ་བོ་ཆོས་ལ་ཞུགས་ལགས་སམ། །ཨེ་མ་བདག་གི་ཐེ་ཚོམ་གཅད་དུ་གསོལ། །ཞེས་གསོལ་བས། བོད་ན་ལྷ་ས་བསམ་ཡས་ལ་སོགས་སྤྲུལ་པའི་ཆོས་རྒྱལ་དག་གིས་བཞེངས་པའི་གཙུག་ལག་ཁང་མང་པོ་ཡོད་ཚུལ་སོགས་གསུངས་ཤིང་། དཱི་པཾ་ཨུ་པ་སི་ཀ་ལ་བརྟེན་ནས། །ཞིང་དེར་ཁྱོད་ཀྱིས་འགྲོ་དོན་དཔག་མེད་འབྱུང་། །ཅིས་ཀྱང་མྱུར་དུ་མགོན་པོ་བོད་དུ་བྱོན། །ཞེས་གསུངས་ཀྱང་། ཨུ་པ་སི་ཀ་ད་ལྟ་གང་ན་བཞུགས། །ཐུགས་རྗེ་ཆེན་པོས་འགྲོ་དོན་ཇི་ལྟར་མཛད། །ཅེས་ཞུས་པས། དེང་སང་བོད་ཁམས་སའི་ཆ་ལ་ཡོད། །བླ་མ་རྗེ་བཙུན་ཆེན་པོའི་དྲུང་ན་ཡོད། །སྒོ་གསུམ་བླ་མའི་བྲན་དུ་བཀོལ་གྱིན་ཡོད། །ཅེས་སོགས་ཨུ་པ་སི་ཀའི་མཛད་ཚུལ་ཞིབ་པར་གསུངས་ཏེ། ཆོས་ཀྱི་འཕགས་པས་འགྲོ་བ་སྡུད་པ་ལྟར། །བླ་མའི་ཐུགས་ཟིན་སྐྱེ་བོ་ཡོངས་ཀྱིས་བཀུར། །སྙན་པས་ཕྱོགས་ཁྱབ་ཐོས་ཚད་ཡིད་སྨོན་འཆོར། །གང་ལྟར་བྱས་ཀྱང་ཆོས་འཕེལ་བསམ་པ་འགྲུབ། །ད་ནི་ཟླ་དགུ་ཞག་པོ་བཅུ་གཅིག་ནས། །རྒྱལ་པོའི་མངའ་རིས་སྟོད་དུ་སྲས་དང་མཇལ། །དེ་ལ་སོམས་ལ་ཁ་བ་ཅན་དུ་སོང་། །ཚེ་ལོ་ཉི་ཤུ་འགྲིབ་པར་འགྱུར་ན་ཡང་། །འཕྲིན་ལས་འགྲོ་དོན་ཕུན་སུམ་ཚོགས་གྱུར་ནས། །བདུན་ཅུ་གཉིས་ལ་བྱམས་པའི་དྲུང་དུ་འགྲོ། །ཐོགས་པ་མེད་པར་པདྨོའི་ཁར་འཁྲུངས་ནས། །ནམ་མཁར་དྲི་མ་མེད་པར་ཡོངས་གྲགས་པའི། །ས་བཅུའི་དབང་ཕྱུག་ཐུ་བོ་དམ་པར་འགྱུར། །ཅེས་ལུང་བསྟན་པ་དང་། དགེ་ཚུལ་ཨེ་ལ་དྷ་རི་ཞེས་བྱ་བ་དྲུང་ན་ཡོད་པས་ཀྱང་ཐོས་ཏེ། ཇོ་བོ་ལ་ཨུ་པ་སི་ཀ་དེང་སང་ཅི་མཛད་ཅེས་ཞུས་པས། ཇོ་བོས་དག་པའི་སྤྱན་གྱིས་ཨུ་པ་སི་ཀ་ཇི་ལྟར་མཛད་པ་ཀུན་གཟིགས་ཤིང་སྤྱན་ཆབ་ཁྲུལ་མཛད་ནས། འབྲོམ་ཆེན་པོ་དེ་སེ་བཙུན་གྱི་དྲུང་ན་དཀའ་བ་སྤྱད་པའི་ཚུལ་རྣམས་གསུངས་ཤིང་། སེ་བཙུན་ཆེན་པོའི་བསོད་ནམས་སྐལ་བ་ཡིན། །ནོར་བུ་རིན་པོ་ཆེ་དང་འདྲ་བར་སྣང་། །སློབ་མ་འདི་དང་མྱུར་དུ་མཇལ་བར་སྨོན། །ཞེས་གསུངས། དེ་ནས་ཨེ་ལ་དྷ་རིས། བདག་ཀྱང་ཨུ་པ་སི་ཀ་བལྟ་ཕྱིར་འགྲོ། །མགོན་པོས་བདག་ཀྱང་བོད་དུ་ཁྲིད་དུ་གསོལ། །བོད་ཀྱི་ཨུ་པ་སི་ཀའི་རྣམ་ཐར་དང་། །མཛད་སྤྱོད་ཡོན་ཏན་ཕུན་སུམ་ཚོགས་པ་དང་། །བླ་མ་ཡབ་སྲས་གཉིས་ཀྱི་གསུང་གླེང་དང་། །བྱ་ལམ་ཐམས་ཅད་ཕུན་སུམ་ཚོགས་པར་འོང་། །ཞེས་གསོལ་ཏོ།།
དེ་ནས་ཡང་ཇོ་བོ་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་བཞུགས་པའི་དྲུང་དུ། ལོ་ཙཱ་བ་ཆེན་པོ་རྒྱ་བརྩོན་འགྲུས་སེངྒེས་བྱོན་ནས་ཞབས་ལ་གུས་པར་ཕྱག་བྱས་ཏེ། རྗེ་བཙུན་ཆེན་པོ་བདག་ལ་གསན་དུ་གསོལ། །ལན་གྲངས་དུ་མར་བོད་ཀྱི་རྣམ་ཐར་ཞུས། །བློ་སེམས་ཕབ་ནས་སྙིང་གཏམ་སྙན་དུ་ཕུལ། །མགོན་པོ་ཐུགས་རྗེ་ཆུང་བ་མ་ཡིན་ཡང་། །བྱ་བ་ཆེན་པོས་ད་དུང་མ་འཐོན་ལ། །དེང་སང་དུས་ན་བོད་ཀྱི་ཆོས་རྒྱལ་དེས། །ཚུལ་ཁྲིམས་རྒྱལ་བ་ཞེས་བྱའི་དགེ་སློང་ཞིག །འདུལ་བ་འཛིན་པ་ཆེན་པོར་བཞུགས་པ་དེ། །གདན་འདྲེན་ཆེད་དུ་སྔ་མོར་བཏང་བྱུང་སྟེ། །དེ་ལ་གདན་འདྲེན་ཡིན་སྐད་མ་བྱས་པར། །རཏྣ་ཨཱ་ཀ་རའི་ཞབས་དྲུང་ན། །སློབ་གཉེར་བྱེད་པ་སྐད་དུ་བཞུགས་ནས་ཡོད། །ད་ལན་བོད་དུ་ཅིས་ཀྱང་མ་བྱོན་ན། །བོད་ལ་ལོག་ལྟ་ཆེན་པོ་སྐྱེ་ཉེན་གདའ། །བོད་ཀྱི་རྒྱལ་པོ་ཆེན་པོ་དེ་ཉིད་ཀྱང་། །ཁྱེད་ཀྱི་ཕྱིར་དུ་གར་ལོག་རྒྱལ་པོས་བཟུང་། །རྒྱལ་པོའི་སྐུ་ལུས་བྱིན་པོ་ཙམ་པ་ཡི། །གསེར་གྱིས་བླུས་ཀྱང་གར་ལོག་མི་ཉན་པར། །ཁོ་རང་ཙམ་གྱི་གསེར་གྱིས་བླུས་ཟེར་བ། །དེ་ལ་རྒྱལ་པོ་ཆེན་པོས་མ་ཉན་ཏེ། །ད་ནི་གར་ལོག་ངན་པའི་རྒྱལ་པོ་ལ། །བཞི་སྣམ་གཅིག་གིས་ཆོག་ཀྱང་མི་སྟེར་གྱིས། །འདི་ཡིས་ད་དུང་པཎ་ཆེན་སྤྱན་དྲོངས་གསུངས། །དེ་ནས་ལྷ་བཙུན་ཆེན་པོས་གསེར་བསྐུར་ནས། །འདུལ་བ་འཛིན་པ་ཆེན་པོ་ཕྱོགས་འདིར་སླེབས། །སྔོན་ཆད་ཟླ་བ་གཉིས་ཙམ་སོང་ན་ཡང་། །ད་རུང་ཁྱོད་དང་མ་མཇལ་སྐྱོ་ཡིན་གདའ། །ད་ལན་ཅིས་ཀྱང་བོད་དུ་བྱོན་པ་ཞུ། །ཞེས་གསོལ་བ་དང་། ཇོ་བོའི་ཞལ་ནས། ཨ་རེ་བོད་ཀྱི་རྒྱལ་པོ་འོ་རེ་བརྒྱལ། །གར་ལོག་རྒྱལ་པོ་གདུག་པ་སྙིང་རེ་རྗེ། །ཆོས་རྒྱལ་དེ་རང་ད་ཚོད་གཤེགས་ནས་ཡོད། །མ་གཤེགས་པ་ལ་ཁོ་བོ་མ་སླེབས་པ། །རྒྱལ་པོའི་མི་ནོར་ཇི་ཙམ་པ་ཞིག་གྲོན། །ཁོ་བོ་རྒྱལ་པོ་དེ་ལ་ཤིན་ཏུ་ནོངས། །ད་ནི་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཞེས་གསུངས།
དེ་ནས་སྐབས་ཤིག་རྒྱ་བརྩོན་འགྲུས་སེངྒེའི་གཟིམས་ཁང་དུ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ཇོ་བོ་སྤྱན་དྲངས་པར་གསེར་སྲང་བདུན་བརྒྱ་ཀ་ཏོ་རར་བླུགས་ནས་ཕུལ་ཏེ། ཨེ་མ་མགོན་པོ་ཐུགས་རྗེ་ཆེན་པོ་ལགས། །བོད་ཀྱི་ཆོས་རྒྱལ་ཐུགས་རྗེ་ཆེན་པོ་དེས། །ཡབ་མེས་རྣམས་ཀྱི་རྣམ་སྲོལ་དྲན་པ་དང་། །བོད་ཁམས་རྣམས་ཀྱི་སྡུག་བསྔལ་མ་བཟོད་ནས། །ལུས་སྲོག་ཐེད་ལ་བོར་ནས་དམ་ཆོས་བསམ། །དཀའ་བ་དུ་མས་མགོན་པོ་སྤྱན་དྲངས་ཀྱང་། །མི་ནོར་གྲོན་ཅིང་མགོན་པོ་སྤྱན་མ་དྲོངས། །དེང་སང་དུས་ན་མགོན་པོ་སྤྱན་དྲངས་ཕྱིར། །རྒྱལ་པོས་གར་ལོག་བྱོན་ནས་གསེར་བཙལ་བས། །མུ་སྟེགས་ངན་པའི་རྒྱལ་པོས་ཆོས་རྒྱལ་བཟུང་། །ཆོས་ཀྱི་རྒྱལ་པོར་སྣང་ཞེས་གནག་པར་བྱས། །ཤུལ་ན་ལྷ་བཙུན་ཡོད་པས་དེ་གསན་ནས། །གསེར་སྲང་བརྒྱ་ཙམ་ཁྱེར་ནས་བསླུས་པ་དང་། །སྡིག་རྒྱལ་ན་རེ་རང་དང་མཉམ་པར་དགོས། །དེ་འདས་གཞན་དུ་ཆོས་རྒྱལ་མི་གཏོང་ཟེར། །དེ་ནས་ལྷ་བཙུན་ཆེན་པོས་གསེར་བཙལ་བས། །རྒྱལ་པོའི་མགྲིན་པ་མན་དང་མཉམ་པ་ཡི། །བརྗིད་ཀྱི་གསེར་རྙེད་བསླུ་རུ་བྱོན་པ་དང་། །སྡིག་རྒྱལ་ན་རེ་ཐམས་ཅད་མ་ལོངས་ན། །སྐུ་ལུས་དར་གྱིས་བསྡམས་ནས་ཡོད་པ་ལ། །ཕན་ཚུན་ལྷ་བཙུན་ཉིད་དང་ཚིག་ཕྲད་པས། །ཆོས་རྒྱལ་དེ་ཡི་ཞལ་ནས་འདི་སྐད་གསུངས། །མུ་མཐའ་མེད་པར་སྐྱེ་བ་བརྒྱུད་ན་ཡང་། །དམ་པའི་ཆོས་ཀྱི་ཕྱིར་དུ་སྲོག་མ་བཏང་། །ད་ལན་ལུས་འདི་རྒས་ཤིང་འཁོགས་པ་ན། །དེ་ཙམ་གསེར་གྱིས་ཁོ་བོ་བསླུ་བ་ནི། །དཀོན་མཆོག་གསུམ་ལ་ཁོ་བོ་ངོ་ཚ་བས། །ཁྱོད་ཀྱིས་སྔོན་ཆད་རྙེད་པའི་གསེར་རྣམས་ལས། །ར་ཏིག་ཙམ་ཡང་འདི་ལ་མ་བྱིན་ཅིག །ང་ནི་ཇི་ལྟར་རིང་ཡང་ལོ་བཅུ་ཙམ། །དེ་ལ་བསླུ་རིང་མི་ཆོག་བློས་ཐོངས་ལ། །གསེར་འདིས་ཅིས་ཀྱང་མགོན་པོ་སྤྱན་དྲོངས་མཛོད། །ཚེ་འདིར་མགོན་པོ་དེ་དང་མཇལ་འདོད་ཀྱང་། །བསོད་ནམས་ཆུང་བས་མཇལ་བར་མ་གྱུར་མོད། །འོན་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་དེ་ཡིས་ཐུགས་རྗེས་འཛིན་ཏེ་མཆི། །འོན་ཀྱང་སུ་འགྲོ་ངའི་འཕྲིན་འདིའང་མཛོད། །ཅེས་གསུངས་ཤིང་། དེང་སང་ཁ་བ་ཅན་གྱི་བྱང་ཕྱོགས་སུ། །ཕ་མེས་བཟང་པོའི་རྣམ་སྲོལ་བསྐྱང་བའི་ཕྱིར། །ཡེ་ཤེས་འོད་ཀྱིས་ཁྱོད་ཕྱིར་འབད་པ་ཡིས། །སྡིག་གི་རྒྱལ་པོས་སྲོག་དང་བྲལ་བར་བྱས། །བསོད་ནམས་ཆུང་བས་ཁྱེད་དང་མ་མཇལ་ཡང་། །བདག་གིས་བསམ་པ་ཚིམ་པར་མཛད་དུ་གསོལ། །ཞེས་པའི་ཞུ་ཡིག་གསེར་དང་བཅས་པ་ཕུལ། དེ་ནས་སྡིག་པའི་རྒྱལ་པོས་བཀྲོངས་པ་ན། །ཆོས་རྒྱལ་ཆེན་པོས་སྨོན་ལམ་འདི་བཏབ་པ། །འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཆོས་ཕྱིར་སྲོག་ལ་འཕངས་པ་མེད་པ་དང་། །སྙིང་སྟོབས་ཆེན་པོས་གཞན་དོན་བྱེད་པར་ཤོག །
དེ་ལྟར་ལྷ་ཆེན་ཞི་བར་གཤེགས་པར་གྱུར། །རྗེས་ནས་བྱང་ཆུབ་འོད་ཀྱིས་བདག་བསྐུལ་ཏེ། །དེང་སང་དཀའ་བ་ཆེན་པོས་དྲུང་འདིར་འོངས། །ད་ལན་ཅིས་ཀྱང་འབྱོན་པར་མཛད་དུ་གསོལ། །ཞེས་གསོལ་བ་དང་། ཇོ་བོས་ལན་དུ། ཚེ་དང་ལྡན་པ་ཁྱོད་བདེན་ཤིན་ཏུ་མད། །བོད་ཀྱི་ཆོས་རྒྱལ་དེ་ལ་ཁོ་བོ་ནོངས། །རྒྱལ་པོའི་མི་ནོར་མང་པོ་ཡང་ཡང་ཟད། །ཁོ་བོ་སྙིང་རྗེ་ཆུང་བ་མ་ལགས་ཏེ། །ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་ཡོད། །ཚེ་དང་ལྡན་པ་མང་པོའི་བདག་གཉེར་བབས། །འཕོངས་པ་མང་པོས་གཙེས་ཤིང་འགབ་ནས་མནན། །འདི་ལྟར་ན་རྒས་མགོ་བོ་དཀར་པོར་སོང་། །དེ་ཡི་སྟོབས་ཀྱིས་ད་རུང་ཡང་མ་འཐོན། །ད་རུང་དུ་ཡང་འཐོན་པ་དཀའ་མོད་ཀྱི། །འོན་ཀྱང་ཚེ་དང་ལྡན་པ་ལོ་ཙཱ་སློབས། །ཡང་དང་ཡང་དུ་ལྕེ་སྦྱོང་དག་པོ་གྱིས། །ན་མོ་མཧཱ་ཀཱ་རུ་ཎི་ཀ་ཡ། །ན་མོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཡ། །ན་མཿསརྦ་ཏ་ཐཱ་ག་ཏ་ཡ། །ན་མོ་ཛ་ཡ་ན་ཨཱ་ཀ་ར་ཡ། །ཞེས་ཉིན་མཚན་དག་ཏུ་ངག་སྦྱོངས་དང་། །དེ་ལྟར་མཛད་ན་བོད་དུ་ཕྱིན་པར་འགྱུར། །ཚད་དང་ལྡན་པ་སློབ་གཉེར་རེམས་ལ་གྱིས། །ད་རུང་བོད་དུ་འགྲོ་སྐད་མ་ཟེར་བར། །དཔེ་ལ་སོགས་པ་སྟ་གོན་ལེགས་པར་གྱིས། །སྙིང་ལ་རུས་པ་ཐོན་ལ་བྱ་བ་སྒྲུབས། །བྱ་བ་ཀུན་ལ་ཟབ་པ་ཤིན་ཏུ་གཅེས། །ཞེས་བསླབ་བྱ་མཛད་ཅིང་། བོད་ཀྱི་སེམས་ཅན་ལ་ཕན་ཐོགས་མི་ཐོགས་བརྟག་པ་བྱ་ཡི། རེ་ཞིག་ཁྱེད་རང་གི་གསེར་བཟུང་ཞིག་གསུངས་ནས་གཏད། དེའི་ནུབ་སྒྲོལ་མ་ལ་གསོལ་བ་བཏབ་སྟེ། ངས་བོད་དུ་ཕྱིན་ན་བསྟན་པ་ལ་ཕན་ཐོགས་སམ། རྒྱལ་པོ་བྱང་ཆུབ་སེམས་དཔའི་དགོངས་པ་རྫོགས་ནུས་སམ། ལུས་སྲོག་ལ་བར་ཆད་དུ་མི་འགྱུར་རམ། ཞེས་གསོལ་བ་བཏབ་པས། བྲི་ཀ་མ་ལ་ཤཱི་ལ་དང་ཉེ་བར། མུ་ཁེན་ཞེས་པའི་མུ་སྟེགས་ཀྱི་གྲོང་ཁྱེར་ཞིག་གི་དབུས་ན། ནང་པའི་ལྷ་ཁང་ཆུང་ངུ་ཞིག་ཡོད་པ་དེར་སོང་ལ་རྣལ་འབྱོར་མ་ཞིག་ཡོད་པ་དེ་ལ་དྲིས་ཞེས་བྱུང་ནས་དེར་བྱོན་ཏེ་མཎྜལ་མཛད་ཅིང་ཡོད་ཙ་ན། གང་ནས་བྱུང་ཆ་མེད་པར་རྣལ་འབྱོར་མ་རལ་པ་ས་ལ་སླེབས་པ་ཞིག་བྱུང་། དེ་ལ་གསོལ་བ་བཏབ་པས། བོད་དུ་བྱོན་ན་ཕན་ཐོགས། ཁྱད་པར་དུ་ཨུ་པ་སི་ཀ་གཅིག་ལ་བརྟེན་ནས་ཕན་ཐོགས། བོད་དུ་མ་བྱོན་ན་ཚེ་ལོ་དགུ་བཅུ་རྩ་གཉིས་ཐུབ། བྱོན་ན་བདུན་ཅུ་རྩ་གཉིས་ལས་མི་ཐུབ་གསུངས་པས། ཇོ་བོའི་ཐུགས་དགོངས་ལ། སེམས་ཅན་ལ་ཕན་ན་ཚེ་རིང་ཐུང་ལ་མི་ལྟ་སྙམ་པ་འཁྲུངས།
ཡང་རྡོ་རྗེ་གདན་དུ་གསོལ་བ་གདབ་དགོས་དགོངས་ནས་བཞུད་པར་ཛྙཱ་ན་ཤྲཱི་ལ་ཞུས་པས་ཁྱོད་ཀྱི་དྲི་བ་དེ་རླབས་ཆེ་བར་འདུག་པས། རྡོ་རྗེ་གདན་ན་སྒྲོལ་མའི་རྣལ་འབྱོར་མ་རལ་པ་སེར་ཤ་རེ་བ་ཞིག་ཡོད། དེ་ལ་འདི་ཕུལ་ལ་དྲིས་ཞེས་འགྲོན་བུ་སྙིམ་པ་གང་བསྐུར། དེའི་ལམ་དུ་བུད་མེད་མིའི་ལུས་ལས་འདས་ལྷའི་ལུས་སུ་མ་སླེབས་པ་ཞིག་ལ་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་པས། ཁྱོད་ངེས་པར་ལུས་སྲོག་ལ་མ་ལྟ་བར་སོང་ཞིག །འགྲོ་བ་མང་པོ་ལ་ཕན་ཐོགས་པར་འགྱུར་གསུངས་ཏེ་སྒྲོལ་མ་ཡིན་སྐད། རྡོ་རྗེ་གདན་དུ་བྱོན་པ་དང་རྒན་མོ་རལ་པ་སེར་ཤ་རེ་བ་ཞིག་ན་རེ། ཇོ་བོ་ཛྙཱ་ན་ཤྲཱིས་བསྐུར་བའི་འགྲོན་བུ་ཚུར་ཐོངས་གསུངས་ཏེ། ཕུལ་ནས་ཡིད་ཀྱིས་དྲིས་པས། ཨུ་པ་སི་ཀ་ལ་བརྟེན་ནས་ཕན་ཐོགས་པར་འགྱུར། དེས་ཁྱོད་ཀྱི་ཆོས་ཀྱི་སྒྲིབ་པ་ཟད་ནས་ཕྱི་མ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཀྱིས་གསུངས། ཡང་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ་དུ་ཧ་ར་ནག་པོ་ཞེས་བྱ་བས་ཀྱང་། ས་དཔྱད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་གནང་སྟེ། ཁྱོད་བོད་དུ་འགྲོ་བར་འདུག །ཁྱོད་ཀྱི་གདན་ས་བྱང་སྐྱོབ་པ་ལྷོ་གཞོལ་བ་རྩི་ཤིང་ནགས་ཚལ་ཅན་ཞིག་འོང་། བོད་ནས་ཚུར་མི་ལྡོག་པར་འདུག །བུ་སློབ་མང་པོ་འོང་། དེ་རྣམས་ཀྱིས་སྡེ་དགོན་མང་པོ་བཞེངས་པར་འགྱུར། དེའི་ཚེ་འདི་དགོས་པ་ཡིན། ཁྱོད་ཀྱི་བུ་སློབ་རྣམས་ཀྱང་བུ་ཚ་བོ་ཡང་ཚ་གསུམ་ཙམ་ལེགས་པར་འོང་། དེ་ནས་ཆོལ་ཏེ་འགྲོ་ཉེན་ཡོད་གསུངས།
ཡང་ལན་ཅིག་ཇོ་བོའི་ཕྱག་ཕྱིར་ཆུ་འགྲམ་ཞིག་ཏུ་ཕྱིན་པས། བྲམ་ཟེ་རྒན་པོ་ཞིག་གིས་རྒྱལ་པོའི་བུ་ལོ་བཅུ་ལོན་པའི་རོ་གཅིག་ཁུར་ནས་བྱུང་སྟེ། རོ་དེ་ཆུས་བཀྲུས། ཅུང་ཟད་ན་རོ་དེ་ལངས། བྲམ་ཟེ་ཤི་ནས་རོ་ཆུར་སྐྱུར་ཏེ་སོང་བས། ཇོ་བོའི་ཞལ་ནས། གསང་སྔགས་ལ་ཡོན་ཏན་འདི་འདྲ་ཡོད་གསུངས། ཡང་དགེ་སློང་ཞིག་བྱུང་ནས། ཁོ་བོ་སྤྱོད་པ་བགྱིས་པར་ཞུ་ཟེར་བར། ཇོ་བོས་ད་རུང་སྔས་པ་སྲིད་གསུངས་པས། མི་མོས་པ་མི་མཛད་པ་ཞུ་ཟེར་ནས་ཆོས་གོས་དེར་བཞག་སྟེ། སྤྱང་ཀི་གཅིག་ཏུ་བྱས་ནས་རོ་ཞིག་ཁྱེར་ཏེ་ཟོས། དགེ་སློང་དུ་ཁྲོངས་ཀྱིས་བྱུང་བས། ཇོ་བོས་འོ་ན་བགྱིད་པར་ཞུ་གསུངས། དེ་དག་ལ་སོགས་པ་ངོ་མཚར་བ་ཡང་སྣ་ཚོགས་གཟིགས་སོ།།
ཡང་དེའི་ཚེ་ཇོ་བོའི་ཞབས་འཕྲིན་དུ་ལོ་ཙཱ་བ་སྒོར་དེ་བྱོན་པ་སོགས་ལས་སྤྱན་འདྲེན་པ་ཡིན་པར་རྫི་རིག་ནས། བྲི་ཀ་མ་ལའི་དགེ་སློང་གཞོན་ནུ་གཅིག་ན་རེ། ཇོ་བོ་འདི་ངེད་རྒྱ་གར་བའི་མིག་ལྟ་བུ་ཡིན། མིག་མེད་ན་ལོང་བ་ལྟ་བུ་ཡིན་ཏེ། རྒྱལ་པོ་ལ་བཟླས་ན་ཁྱེད་ཀྱི་དགེ་སྦྱོར་གྱི་བར་ཆད་དུ་འགྲོ་བས་མི་བཟླ། ཇོ་བོ་ཕར་སྤྱན་དྲོངས། འོ་མི་བརྒྱལ་བར་གྱིས། འདོད་པ་འགྲུབ་པ་དང་ཚུར་སྐྱོལ་ཅིག་གསུངས། དེ་ནས་ཇོ་བོ་ཡང་གཞན་མིག་འབྲིད་པའི་ཕྱིར། གནས་ཆེན་བརྒྱད་ལ་སོགས་པའི་ཡུལ་སྣ་ཚོགས་སུ་མཆོད་པ་མཛད་པ་ལྟར་བྱས་ནས་ཡད་ཡུད་དུ་གཤེགས་ཤིང་། ཐུགས་དཀྱེལ་ཆེ་ཞིང་ཟབ་པས་ལོ་ཙཱ་བ་རྣམ་གཉིས་ལ་དངོས་སུ་བཀའ་མ་སྩལ་ཀྱང་། ད་ནི་མྱུར་བར་བོད་དུ་འགྲོ་འོ་སྙམ་དུ་དགོངས་ནས། བླ་མ་རྣམས་ལ་ཕྱི་ཕྱག་མཛད་པ་ན། ཐམས་ཅད་མཐུན་པར་ཞུ་བ་ཕུལ་བ་ནི། དང་པོར་བླ་མ་ར་ཧུ་ལའི་དྲུང་དུ་བྱོན་ནས། མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །ཞེས་གསོལ་བས་ར་ཧུ་ལའི་ཞལ་ནས། པདྨོའི་མཚོ་ལ་ངང་པ་འཇུག་པ་ལྟར། །རྫུ་འཕྲུལ་རླུང་ལ་ཞོན་ནས་བོད་དུ་བྱོན། །རྒྱ་ཁྲ་ཧོར་ལ་ངང་པ་འཇུག་པ་ལྟར། །རྫུ་འཕྲུལ་ཤུགས་ཀྱིས་བགྲོད་ལ་བོད་དུ་བྱོན། །ཆུ་བོ་ཆེན་པོ་རྒྱ་མཚོར་འགྲོ་བ་ལྟར། །འཇུག་ངོགས་ལས་ཀྱི་བདེ་བར་བོད་དུ་བྱོན། །དཔའ་བོ་ཆེན་པོ་གཡུལ་དུ་འཇུག་པ་ལྟར། །རིག་པ་གདེང་དང་བཅས་པས་བོད་དུ་བྱོན། །ཕ་གི་སྤུ་རྒྱལ་བོད་ཀྱི་ཡུལ་ཞེས་པ། །མགོན་པོ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན། །དེ་ན་ཐོག་མེད་དུས་ནས་ཉེ་འབྲེལ་བའི། །ཁྱོད་ཀྱི་སྲས་པོ་འབྲོམ་རྗེ་ཞེས་པ་ཡོད། །ཅེས་འབྲོམ་གྱི་ཆེ་བ་མང་པོ་གསུངས་ནས། གང་ཡང་སྤྲུལ་པའི་འབྲོམ་རྗེ་དམ་པ་དེ། །སྐལ་ལྡན་ཁྱེད་ཀྱི་སྲས་ཀྱི་ཐུ་བོ་ཡིན། །དཱི་པཾ་བོད་དུ་གཞན་དོན་དམ་པ་མཛོད། །ཅེས་གསུངས་པ་དང་། ཨ་ཏི་ཤས་ལན་གསོལ་བ། མཁས་པ་བདག་གིས་ཞིང་དེར་ཕྱིན་པ་ན། །སྐྱེ་བོ་རྣམས་ནི་གདུག་རྩུབ་ཤིན་ཏུ་ཆེ། །ས་བདག་ཀླུ་གཉན་མི་མ་ཡིན་རྣམས་འཁྲུག །ཆོས་པའི་གཟུགས་བརྙན་གདོལ་པའི་ང་རྒྱལ་སྨྲ། །བན་བོན་དག་ནི་བག་མེད་སྤྱོད་པ་རྩིང་། །བདག་གིས་ཞིང་དེར་འགྲོ་དོན་ཇི་ལྟར་བྱ། །ཞེས་གསོལ། ཡང་བླ་མས། བོད་ན་སྐྱོན་མེད་བསྟན་པ་དར་གྱུར་ན། །དཱི་པཾ་ཁྱོད་ནི་ཞིང་དེར་ཅི་ཞིག་བྱ། །མ་རུངས་གདུལ་དཀའི་སྐྱེ་བོ་མེད་གྱུར་ན། །པཎ་ཆེན་གང་གིས་ཕྱིན་ཀྱང་འགྲོ་དོན་ཆུང་། །དེ་ཕྱིར་མཁྱེན་བརྩེའི་མངའ་བདག་ཁྱོད་སོང་ལ། །རྟེན་གསུམ་ཐམས་ཅད་རབ་ཏུ་གནས་པར་མཛོད། །སྐྱེ་བོ་ཐམས་ཅད་སྡོམ་པས་ཕྱུག་པར་མཛོད། །སྡོམ་ལྡན་ཐམས་ཅད་སྲུང་སྡོམ་མཁས་པར་མཛོད། །སྔགས་པ་ཐམས་ཅད་དམ་ཚིག་གཙང་བར་མཛོད། །སྐལ་ལྡན་ཐམས་ཅད་སེམས་བསྐྱེད་ལྡན་པར་མཛོད། །ཡོན་རྣམས་ཐམས་ཅད་བསྔོ་བས་བརྟན་པར་མཛོད། །དཀོན་མཆོག་ཐམས་ཅད་མཆོད་པས་ཕྱུག་པར་མཛོད། །སྐྱེ་བོ་ཐམས་ཅད་དད་གཞི་ཆེ་བར་མཛོད། །སྡེ་སྣོད་གསུམ་ལ་འཆད་ཉན་དར་བར་མཛོད། །བསླབ་པ་གསུམ་ལ་ཉམས་ལེན་འཕེལ་བར་མཛོད། །ཡོན་ཏན་གང་ལའང་རང་བཟོ་ཆུང་བར་མཛོད། །ཆོས་ལུགས་གང་ལའང་འདྲེས་ཁྱེར་མེད་པར་མཛོད། །བརྒྱུད་པ་གང་ལའང་དམ་ཉམས་མེད་པར་མཛོད། །སྤྱོད་པ་ཀུན་ལ་རྩིང་ཆོས་མེད་པར་མཛོད། །ལྟ་བ་ཀུན་ལ་ཡེངས་པ་མེད་པར་མཛོད། །སྒོམ་པ་ཀུན་ལ་གོལ་བ་མེད་པར་མཛོད། །ལས་འབྲས་ཀུན་ལ་ཕྲ་ཞིང་ཆེ་བར་མཛོད། །གདུལ་བྱ་ཡོངས་ལ་སྤྱི་སྙོམས་ཆེ་བར་མཛོད། །གདུལ་བྱའི་སྣོད་ལ་བརྟག་གཞི་ཆེ་བར་མཛོད། །མཁས་པ་འདི་ནི་བསླབ་བྱ་ཆེན་པོ་ཡིན། །གསུངས་དེ་ཐོས་ནས་ཤིན་ཏུ་ཚིམ་པར་མཛད། །ད་ནི་དུས་དང་གནས་སྐབས་ཐམས་ཅད་དུ། །བསྙེལ་བ་མེད་པར་ཐུགས་ཀྱིས་འཛིན་པ་དང་། །འགྲོ་དོན་ཕུན་སུམ་ཚོགས་པའི་བྱིན་རླབས་དང་། །འབྲལ་མེད་སྐྱེ་བར་གཏན་དུ་འགྲོགས་པ་དང་། །རྟག་པར་ཐུགས་དགོངས་རྫོགས་པར་བྱིན་གྱིས་རློབས། །རི་ནག་པོའི་གཙུག་ལག་ཁང་ནས། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ར་ཧུ་ལས་ལུང་བསྟན་པ་རྒྱུ་མཚན་གནད་ཀྱི་སྒྲོན་མེ་ཞེས་པའོ།།
ཡང་རི་ནག་པོའི་ཁོང་གསེང་དུ། རྣལ་འབྱོར་པ་དྷརྨ་རཀྵི་ཏའི་དྲུང་དུ་བྱོན་ནས་ལུང་བསྟན་ཞུས་པས། ཁྱེད་ཀྱི་གདུལ་བྱ་ཁ་བ་ཅན་ན་ཡོད། །འགྲོ་དོན་གདུལ་བྱ་རྣམས་ཀྱི་བློ་དང་བསྟུན། །ཐེག་པ་ཆེ་ཆུང་ཐམས་ཅད་རང་སར་ཤོད། །སྐབས་དོན་ཆོས་རྣམས་མཉམ་པ་ཉིད་དུ་བསྒོམས། །མ་ཞུམ་དཔའ་བོ་ཆེན་པོ་བྱང་དུ་རྒྱུགས། །རྩི་ཤིང་ནགས་ཚལ་རྒྱས་པའི་ནགས་ཁྲོད་དུ། །རི་བོ་སྤོས་ངད་ལྡན་པའི་ངོས་སུ་རྒྱུགས། །ནེའུ་གསིང་མེ་ཏོག་བཀྲ་བའི་ཚལ་དུ་རྒྱུགས། །བག་ཕེབས་རི་དྭགས་རྒྱུ་བའི་སུལ་དུ་རྒྱུགས། །ལྷ་བྱ་གླུ་དབྱངས་འཚེར་བའི་གནས་སུ་རྒྱུགས། །ཆུ་བྱ་ངང་པ་ལྡིང་བའི་ངོགས་སུ་རྒྱུགས། །ཆུ་མིག་བསིལ་ངད་ལྡན་པའི་ངོགས་སུ་རྒྱུགས། །ཤང་ཤང་མེ་ཏོག་འཛིན་པའི་ནགས་སུ་རྒྱུགས། །རྫིང་བུ་ཡིད་ཀྱི་བཀོད་པའི་ལྗོངས་སུ་རྒྱུགས། །དབྱར་དགུན་སྟོན་དཔྱིད་ཕྱེད་པའི་ཕྱོགས་དེར་རྒྱུགས། །བཀྲ་ཤིས་སྐྱེ་བོས་གང་བའི་ཡུལ་དེར་རྒྱུགས། །དམ་ཆོས་ཐེག་ཆེན་བྲིན་པའི་གླིང་དེར་རྒྱུགས། །གང་འདུལ་རིག་པ་ངེས་པའི་ས་དེར་རྒྱུགས། །རྒྱུགས་རྒྱུགས་མཁས་པ་མདའ་འཕངས་བཞིན་དུ་རྒྱུགས། །བཀའ་སྡོད་སྲུང་མ་དཔུང་དུ་བརྟེན་ལ་རྒྱུགས། །ཡེ་ཤེས་མཁའ་འགྲོ་གྲོགས་སུ་ཁྲིད་ལ་རྒྱུགས། །སངས་རྒྱས་བསྟན་པ་སྤྱི་བོས་ལོངས་ལ་རྒྱུགས། །མགོན་མེད་སེམས་ཅན་ཐུགས་རྗེས་དམིགས་ལ་རྒྱུགས། །མཐའ་འཁོབ་ཀླ་ཀློ་བལ་བོད་འདུལ་དུ་རྒྱུགས། །རྒྱུགས་རྒྱུགས་ཐམས་ཅད་མཁྱེན་པ་མྱུར་དུ་རྒྱུགས། །ཡིག་འབྲུ་བཅུའི་ཧཱུཾ་སྒྲ་སྒྲོག་ཅིང་རྒྱུགས། །གཡོ་བ་མེད་པར་བསྐྱངས་བསྐུམས་བསྒྲད་ཅིང་རྒྱུགས། །མེ་དཔུང་དབུས་ནས་ཁྲོ་བཅུ་འགྱེད་ཅིང་རྒྱུགས། །བདུད་རིགས་ཐམས་ཅད་ཐལ་བར་རློག་ཅིང་རྒྱུགས། །མུ་སྟེགས་ངན་པ་རྡོག་པས་རྫི་ཞིང་རྒྱུགས། །ནག་པོའི་ཕྱོགས་རྣམས་དམ་ལ་འདོགས་ཤིང་རྒྱུགས། །ལྟ་བ་ངན་པ་གཡང་ལ་སྐྱུར་ཞིང་རྒྱུགས། །ལས་འབྲས་ཞིབ་མོ་ཕྱེ་རུ་འཐག་ཅིང་རྒྱུགས། །སྡེ་སྣོད་གསུམ་གྱི་རྩིང་ཞིང་ལྟ་ཞིང་རྒྱུགས། །བསླབ་པ་གསུམ་གྱི་ཟན་དུ་འགྲིལ་ཞིང་རྒྱུགས། །སྐྱེས་བུ་གསུམ་གྱི་ཁ་རུ་འཇུག་ཅིང་རྒྱུགས། །དཀོན་མཆོག་གསུམ་གྱི་ལག་བདེ་བྱེད་ཅིང་རྒྱུགས། །བརྒྱུད་པ་གསུམ་གྱི་དམ་ཉམས་སྒྲོལ་ཞིང་རྒྱུགས། །རྒྱུགས་རྒྱུགས་སྙིང་རྗེ་ཆེན་པོ་ལ་འུར་རྒྱུགས། །ཞེས་རྦད་སྔགས་རྡོ་རྗེའི་མགུར་གསུངས་པས། ཇོ་བོ་ཡང་ཐུགས་ཉམས་འབར་ཞིང་། བཀའ་དྲིན་ཆེའོ་དྷརྨ་རཀྵི་ཏ། །བདག་གི་དགེ་ལེགས་ཆོས་འབྱོར་སྤེལ་དུ་གསོལ། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སྐྱེ་བ་གཏན་དུ་ཁྱོད་དང་མཇལ་བར་ཤོག །ཅེས་གསུངས་སོ།།
ཡང་རྗེ་བཙུན་ཌོཾ་བྷི་པའི་དྲུང་དུ་བྱོན་ནས་ལུང་བསྟན་ཞུས་པས། ཁྱོད་ཀྱི་གདུལ་བྱ་སྤུར་རྒྱལ་བོད་ན་ཡོད། །འགྲོ་དོན་གདུལ་བྱ་རྣམས་ཀྱི་བློ་དང་བསྟུན། །ཐེག་པ་ཆེ་ཆུང་ཐམས་ཅད་རང་སར་ཤོད། །སྐབས་དོན་ཆོས་རྣམས་མཉམ་པ་ཉིད་དུ་བསྒོམས། །ཕ་གི་རི་བོ་གངས་ཅན་རྒྱུད་དུ་བསྒོམས། །ཞེས་དང་། དཱི་པཾ་ཀ་ར་གངས་རིའི་ཁྲོད་དུ་སོང་། །སངས་རྒྱས་བསྟན་པ་སྙིང་ལ་སོམས་ལ་སོང་། །སྐྱབས་མེད་སེམས་ཅན་དང་དུ་ལོངས་ལ་སོང་། །ཐེག་པ་ཐམས་ཅད་རང་སར་འབྱེད་དུ་སོང་། །སྙིང་སྟོབས་ཆེན་པོ་ཁྱོད་ཀྱིས་མ་ཕྱིན་ན། །བོད་ཀྱི་སེམས་ཅན་ཤིན་ཏུ་ཐོས་པ་ཆུང་། །ཤུལ་རིང་ལམ་ལ་བགྲོད་ཚེ་འཇིགས་མེད་བྱ། །བོད་ཀྱི་སེམས་ཅན་ཤིན་ཏུ་ཕྱི་ཐག་ཐུང་། །ངན་པ་རྣམས་ལ་ཕན་ཐོགས་སུ་ཡིས་བྱེད། །བོད་ཀྱི་སེམས་ཅན་མ་རུངས་ཁྲེལ་གཞུང་ངན། །གདུག་རྩུབ་གཤིས་ངན་རྣམས་ལ་ས་ཡིས་སྐྱོབ། །བོད་ཀྱི་སེམས་ཅན་ཤིན་ཏུ་སྤྱོད་པ་ངན། །ཕན་པའི་བསླབ་བྱ་དམ་པ་སུ་ཡིས་བྱེད། །བོད་ཀྱི་སེམས་ཅན་གསར་འགྲོགས་མཐོ་ཁ་འགྲིམས། །དེ་འདྲའི་སེམས་ཅན་དམ་པ་གང་གིས་སྐྱོབ། །ཐུགས་རྗེ་ཆེན་པོ་ཁ་བ་ཅན་དུ་སོང་། །སྙིང་རྗེ་ཆེན་པོས་ཐམས་ཅད་དབང་དུ་བསྡུས། །བྱམས་པ་ཆེན་པོས་ཐམས་ཅད་ཐབས་ཀྱིས་སྐྱོངས། །རེ་ལྟོས་མེད་པར་ཕན་བདེའི་གོ་ཆ་གྱོན། །དྲིན་ལན་གང་གི་སྲོག་ལ་རྒོལ་གྱུར་ཀྱང་། །སྐྱེ་བོ་ཡོངས་ལ་ལྷག་པར་སྙིང་རྗེ་བསྐྱེད། །ངན་པ་འདྲིལ་ནས་བསྐུར་བ་བཏབ་གྱུར་ཀྱང་། །ཡིད་འབྱུང་མ་བྱེད་དཔའ་བོའི་གོ་ཆ་གྱོན། །ཐམས་ཅད་དམ་ཚིག་ཉམས་ཤིང་ཁྲིམས་འཆལ་ཀྱང་། །ཁྱེད་རང་མ་སྐྱོ་ལྷག་པར་གོ་ཆ་གྱོན། །ཐུགས་རྗེ་ཆེན་པོས་ཁ་བ་ཅན་དུ་བྱོན། །འདྲེ་སྲིན་གདུག་པ་བྱམས་པའི་སེམས་ཀྱིས་འཐུལ། །ས་གཞི་གཉེན་པོ་ཐུགས་རྗེའི་ཞབས་ཀྱིས་ཆོགས། །ལྷ་ཁང་གཉེན་པོ་རྡོ་རྗེའི་ཟེར་གྱིས་འཐུལ། །གསང་སྔགས་ཐམས་ཅད་རང་གི་སེམས་ལ་བཟུང་། །མདོ་སྡེ་ཐམས་ཅད་ཡོངས་ལ་ཐང་མར་རྡོལ། །ལེགས་ཉེས་ཐམས་ཅད་རྒྱུ་འབྲས་ལས་ལ་རྩིས། །བློ་ཕུགས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་གཏོད། །མདུན་མ་ཐམས་ཅད་བྱམས་དང་སྙིང་རྗེར་དྲིལ། །སྙིང་སྟོབས་ཆེན་པོ་ཁ་བ་ཅན་དུ་སོང་། །དེ་ན་ཁྱོད་ཀྱི་སྲས་པོ་འབྲོམ་རྗེ་ཡོད། །སྲོད་ལ་རྡོ་རྗེའི་གར་གྱི་དཀྱིལ་འཁོར་རྩེ། །གུང་ལ་མཉམ་ཉིད་སེམས་ཀྱི་མེ་ལོང་ལྟ། །ཐོ་རངས་སྐྱེས་དགུ་ཐམས་ཅད་བྱམས་བརྩེས་བསྡུད། །སྔ་དྲོ་སྒྱུ་མ་གར་གྱི་མཆོད་པ་རྩེ། །ཉིན་གུང་རིག་པ་འཕྲུལ་གྱི་གཟུགས་བརྙན་འགྱེད། །ཕྱི་དྲོ་བསླབ་པ་གསུམ་གྱི་འཁོར་ལོ་བསྐོར། །གསང་སྔགས་ནང་དུ་བརྟེན་ན་དམ་ཚིག་གཙང་། །སྐྱེ་བོ་བྱམས་པས་བསྐྱངས་པས་ཀུན་གྱིས་བཀུར། །རྒྱུ་འབྲས་ལས་ལ་མཁས་པས་ཕྲ་ཞིབ་ཕྱེ། །སྣང་སྟོང་སྒྱུ་མར་ཤེས་པས་དངོས་འཛིན་བྲལ། །སེམས་ཉིད་རང་སར་གྲོལ་བས་འཆིང་བ་ཆོད། །སྐྱབས་སུ་དཀོན་མཆོག་བརྟེན་པས་འཇིགས་པ་སྤངས། །སྟོང་ཉིད་སྙིང་རྗེ་འབྱོངས་པས་བཙུན་པ་བརྙེས། །རྡོ་རྗེའི་ལུས་འདྲ་སྤྱན་མིག་ཤིན་ཏུ་ཡངས། །ཚངས་པའི་གསུང་དབྱངས་དམ་པ་ཆོས་ཀྱི་སྒྲ། །ཤེས་བྱ་ཀུན་རིག་མཁྱེན་བརྩེའི་ཕ་རོལ་ཕྱིན། །སྣ་ཚོགས་གཟུགས་འགྱེད་རྗེ་བཙུན་སྤྲུལ་པའི་སྐུ། །དེང་སང་ཡོངས་སུ་གྲགས་པ་ཆོས་འཕེལ་ཡིན། །དེ་ནི་ཆོས་རྒྱལ་ཁྱོད་ཀྱི་སྲས་པོ་ལགས། །དེ་ལ་སོམས་ལ་ཁ་བ་ཅན་དུ་སོང་། །ཁྱོད་ཀྱི་འགྲོ་དོན་ཐུབ་པའི་དབང་པོ་འདྲ། །མགོན་པོ་ཁྱོད་ཀྱིས་བོད་ཁམས་མ་བཏུལ་ན། །མགོན་མེད་རྣམས་ཀྱིས་མགོན་སྐྱབས་སུ་ལ་རེ། །དེང་སང་དུས་ན་མཁས་པ་ཆེན་པོ་ཁྱོད། །ཉེ་དབང་དབུས་ན་ལྷ་དབང་བརྒྱ་བྱིན་ལྟར། །དམ་པ་གཞན་ལས་ཁྱད་པར་འཕགས་པ་ལགས། །དེ་ཕྱིར་ཁ་བ་ཅན་གྱི་སེམས་ཅན་རྣམས། །ལས་ཀྱིས་བསྡམས་ཤིང་གཤིན་རྗེས་དྲངས་པའི་ཚེ། །རང་དབང་མེད་ཅིང་སྡུག་བསྔལ་སྨྲེ་སྔགས་འདོན། །སྐྱབས་མེད་སྡུག་བསྔལ་འདམ་དུ་ཆུད་པ་ནི། །ཁྱོད་ཀྱི་ཐུགས་རྗེ་ཆེན་པོའི་བསྐུལ་མ་ལགས། །དེ་ལྟར་ལགས་པས་ཁྱོད་ཀྱི་སྐུ་མཆོག་ནི། །ལྷ་སྐུའི་སྣང་བས་རྡོ་རྗེའི་ཤུགས་ཀྱིས་བགྲོད། །ངག་ནི་ཕན་བདེའི་འབྱུང་གནས་དབྱངས་ཀྱིས་ཕུལ། །ཡིད་ནི་མཁྱེན་བརྩེའི་མངའ་བདག་དབྱིངས་སུ་དྲོངས། །ཐུགས་རྗེ་ཆེན་པོ་བོད་དུ་བྱོན་པ་ན། །སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་ལྟར། །མི་ཤེས་གཏི་མུག་ཐམས་ཅད་འཇིག་པར་བྱེད། །ཀུན་གྱིས་ལས་འབྲས་ཐམས་ཅད་ཕྱེད་པར་འགྱུར། །ཞེས་ལུང་བསྟན་གསུངས་པ་དང་། ཇོ་བོའི་ཞལ་ནས། དེ་ལྟ་མོད་ཀྱི་ཤིན་ཏུ་ངོ་མཚར་ཆེ། །ལས་ཀྱི་འབྲེལ་པ་བརྟགས་ཏེ་གསུང་དེ་སྒྲུབ། །ནུས་པ་གང་ཡོད་ལྷོད་པར་མི་བྱ་སྟེ། །ཁུར་ཆེན་སྤྱི་བོས་བླངས་ལ་བོད་དུ་འགྲོ། །ཀུན་ཏུ་ཁྱེད་ཀྱིས་བར་ཆད་ཞི་བ་དང་། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །ཡང་ཡང་བླ་མ་ཁྱེད་དང་མཇལ་བ་དང་། །དམ་ཚིག་གཙང་ཞིང་འགྲོ་དོན་འཕེལ་བར་ཤོག །ཅེས་གསུངས་སོ།།
ཡང་རི་ནག་པོའི་ཟོམ་དུ་ཨ་ཝ་དྷཱུ་ཏི་པའི་དྲུང་དུ་བྱོན་ནས་ལུང་བསྟན་ཞུས་པ། ཅི་ཟེར་ཁྱོད་ཀྱི་གདུལ་བྱ་བོད་ན་ཡོད། །ཚམ་ཚོམ་མ་མང་མྱུར་དུ་བོད་དུ་སོང་། །འགྲོ་དོན་སྐྱེས་དགུ་ཐམས་ཅད་དབང་དུ་བསྡུས། །བཤད་དུས་ཤོད་ལ་སྒོམ་དུས་དྲིལ་ལ་བསྒོམས། །རྒྱ་གར་སངས་རྒྱས་བསྟན་པའི་འབྱུང་གནས་ན། །གྲུབ་ཐོབ་བྱ་ལོང་ལྟ་བུར་ཟམ་མ་ཆད། །ལྷ་ཁང་ཐམས་ཅད་རང་ས་རང་སར་གཏོད། །མི་ཁྱོད་བོད་ཀྱི་སེམས་ཅན་བློས་བཏང་ནས། །གླང་ཆེན་སྨྱོན་པ་ལྟ་བུར་གང་དུ་འཁྱམས། །དེང་སང་མགོན་མེད་སེམས་ཅན་སྒྲོལ་དུས་སུ། །ཐུགས་རྗེ་ཆེན་པོའི་གོ་ཆ་གང་དུ་སྐྱུར། །བོད་ཀྱི་ཆོས་རྒྱལ་དམ་པ་གཤེགས་གཤེགས་སུ། །ཆོས་བརྒྱད་སོ་སྐྱེའི་རོ་ལ་གང་དུ་ཞེན། །མི་ཁྱོད་མགོ་བོ་དུང་དུ་སོང་སོང་དུ། །ད་དུང་དཀའ་སྤྱད་སྙིང་ལ་མི་ལེན་ན། །མུ་སྟེགས་འཆལ་བའི་གདོན་གྱིས་གང་དུ་གོས། །ཕཊ་ཕཊ་ད་ནི་མྱུར་དུ་ཁྱོད་སོང་ལ། །སྨྱོ་བྱེད་ནག་པོའི་གདོན་ལ་མ་ར་ཡ། །གྲིབ་ནོན་ཆེན་པོའི་གདོན་ལ་མ་ར་ཡ། །སྡུག་བསྔལ་སེམས་ཅན་སེམས་ཀྱིས་མ་བཟོད་པའི། །དམ་པའི་མིང་གི་སུ་ལ་ཅི་ཞིག་བྱ། །ཁྱོད་ཀྱི་ཆེད་དུ་བོད་ཀྱི་རྒྱལ་པོ་ཡིས། །མི་དང་ནོར་རྫས་མང་པོ་གྲོན་ཞེས་ཐོས། །ཁྱོད་ཀྱིས་དེ་ཡི་སྡིག་པ་ཇི་ལྟར་འབྱོངས། །དགེ་སློང་ཆེད་དུ་མི་སྲོག་འབྲལ་རུང་ངམ། །བོད་ཀྱི་སེམས་ཅན་བསླུས་པར་མ་གྱུར་ཏམ། །ཕུ་ཡ་ཕུ་ཡ་དཱི་པཾ་ཀཱ་ར་ཡ། །འདི་ལྟར་ཁེངས་པའི་གདོན་གྱིས་གང་དུ་བརླམས། །ཕར་སོང་སྙིང་རྗེའི་ཕ་ཚན་བསྐྱེད་ལ་སོང་། །སྐལ་ལྡན་ཐར་པའི་ལམ་སྣ་འདྲེན་དུ་སོང་། །རིན་ཆེན་སྦས་པའི་གཏེར་ལ་སྦྱོར་དུ་སོང་། །མཐའ་འཁོབ་རྒྱལ་བའི་ཞིང་ལ་སྦྱོར་དུ་སོང་། །འཁོར་བའི་ནགས་ཀྱི་གཡུལ་ངོ་བཟློག་ཏུ་སོང་། །དམ་ཚིག་ངན་པའི་སྤྱོད་པ་རྫི་རུ་སོང་། །ཁྱོད་ཀྱིས་རིག་པ་བསྐྱེད་ནས་གནས་ལུགས་སྟོན། །ཡང་དང་ཡང་དུ་བྱང་སེམས་གོ་ཆ་གྱོན། །མི་ལ་ཐེག་པ་ཆེན་པོའི་དབང་བསྐུར་བསྟན། །ད་ནི་རང་དོན་ཡལ་བར་མི་འདོར་བ། །གདུལ་བྱ་དམུ་རྒོད་དག་ལ་འཇིག་པ་ཡི། །ཕལ་ཆེན་སྡེ་པའི་གདོན་གྱིས་གོས་པར་ཉེ། །ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །གསང་སྔགས་རྡོ་རྗེ་ཐེག་པར་ཞུགས་ཤིག་ཨང་། །ད་ནི་དམ་བཅའི་འཁུར་ལས་འདའ་བྱེད་པའི། །ཉོན་མོངས་ངན་པས་རྒབ་ཏུ་འཁྲིད་པར་ཉེ། །ད་འདིར་ཁྱོད་ལ་གྲོགས་ངན་སུ་ཡིས་གོས། །དཔའ་བོ་རྣམས་ཀྱི་གསེར་ལམ་མ་བཅད་ཅིག །དམ་པ་རྣམས་ཀྱི་རྣམ་སྲོལ་མ་སྣུབ་ཅིག །ལེ་ལོའི་འགོང་པོས་གཞན་དོན་མ་བརླག་ཅིག །ཅི་ཟེར་ཁྱོད་ཀྱི་གདུལ་བྱ་བོད་ན་ཡོད། །ངེས་པར་ཁྱོད་ཀྱི་འཕྲིན་ལས་བོད་དུ་འཇུག །ཁྱོད་ཀྱི་སློབ་མ་བོད་ཀྱི་དགེ་བསྙེན་ཡིན། །རྒྱ་གར་དམ་པ་ཆོས་ཀྱིས་མ་ཕོངས་ཀྱིས། །མ་འདུག་མ་འདུག་ཁ་བ་ཅན་དུ་སོང་། །དཔའ་བོའི་གོ་ཆ་གྱོན་ལ་གཞན་དོན་གྱིས། །བསྟན་པའི་སྲོག་ཤིང་བཟུང་ལ་གཞུང་ལུགས་སྐྱོངས། །རང་དོན་ཡལ་བར་དོར་ལ་གཞན་དོན་སྒྲུབས། །ཆོས་རྣམས་གཅིག་ཏུ་བསྒྲིལ་ལ་ཉམས་སུ་ལོང་། །དཀའ་སྤྱད་དང་དུ་ལོང་ལ་སྙིང་རུས་བསྐྱེད། །རང་འདོད་གདོན་དུ་སོམས་ལ་སྲོག་རྩ་ཆོད། །རྣམ་རྟོག་འདྲེ་རུ་སོམས་ལ་མགོ་ནས་བརྡུངས། །ཚུལ་ཁྲིམས་མཆོག་ཏུ་འཛིན་པའི་ཆོས་མ་བྱེད། །བརྟུལ་ཞུགས་སྨན་དུ་རེ་བའི་ཟས་མ་ཟ། །ངའོ་ང་རྒྱལ་རློམ་པའི་ཚུགས་མ་འཛིན། །སྐྱིད་འདོད་སྙིང་ལ་ཞུགས་པའི་ཆོས་མ་བྱེད། །ཁོག་པ་དུག་གིས་ཁེངས་པའི་འགྲོགས་ལ་ཟབ། །བློ་སྣ་ཐུང་གིས་ཐོངས་ལ་རྒྱངས་ཀྱིས་བསྲིངས། །བྱ་བྱེད་ཐམས་ཅད་སྐྱུར་ལ་གོ་ཆ་གྱོན། །མི་ཁྱོད་ནམ་ཡང་མཐོན་པོའི་རྩེ་ལ་འགྲིམ། །གང་དུའང་སྡུག་སོགས་ཞེན་པའི་གཞི་མ་འདིང་། །ང་ཁྱོད་ཆགས་སྡང་འཆིང་བའི་དགྲ་མ་འཚོལ། །མོ་བོན་རྩིས་དང་ཟོག་གི་ཐབས་མ་མཁས། །ལུང་ཁུངས་མེད་པའི་ཆོས་ཀྱི་རྒྱུས་མ་ཆེ། །བརྒྱུད་པ་མེད་པའི་མན་ངག་རྒྱ་མ་ཆེ། །ཕ་རྗེས་ཐམས་ཅད་དམ་པའི་ཆོས་ཀྱིས་བཟུང་། །རྣམ་ཐར་ཐམས་ཅད་མ་འདྲེས་རང་སར་སྐྱོངས། །གཞན་གྱི་ཆོས་ལ་བཀུར་བའི་སྡིག་མ་གསོག །རང་གི་ཆོས་ལ་ཞེན་པའི་སྒྲོ་མ་བཏགས། །མངོན་ཤེས་མེད་པར་སུ་ལའང་སྡིག་མ་གསོག །ཕྱོགས་རིས་མེད་པར་འཆལ་བའི་ཚིག་མ་གཏང་། །ཐོས་པ་མེད་པར་ཆོས་ཀྱི་བགྲོ་མ་གླེང་། །མངོན་ཤེས་མེད་པར་གཞན་གྱི་ཚོད་མ་བཟུང་། །དཱི་པཾ་གདམས་ངག་བྱ་བ་སེམས་ལ་ཟུངས། །སློབ་མའི་བྱ་བ་ཤེས་ནས་སྙིང་གིས་སྐྱོངས། །གུས་པ་མེད་པའི་མི་ལ་ཆོས་མ་བཤད། །ཚོགས་མ་བསགས་པའི་མི་ལ་སེམས་མ་དབབ། །ཁ་ཚོད་བལྟ་བའི་མི་ལ་དོན་མ་བསྟན། །ཅོ་འདྲི་བྱེད་པའི་མི་ལ་ལན་མ་གདབ། །དམ་ཚིག་མེད་པའི་མི་ལ་སེམས་ལ་བསྟུན། །མཚམས་མེད་བྱས་པའི་མི་དང་གཏན་མ་འགྲོགས། །དཀོར་ནག་ཟ་བའི་མི་དང་འབྲེལ་མ་ཞུགས། །འགོང་པོས་ཁྱེར་བའི་མི་ལ་སྲིད་མ་བཅོལ། །དཱི་པཾ་གདམས་ངག་དེ་དག་གནད་པར་སོམས། །ཆོས་དེ་བརྩེ་བར་སོམས་ལ་དང་དུ་ལོང་། །ཞེས་ལུང་བསྟན་བསླབ་བྱ་མཛད་པ་དང་། ལན་དུ། གསུང་དེ་ཐོས་ནས་རང་སེམས་ཞི་བར་གྱུར། །ཕ་ཡིས་བུ་ལ་མ་ཡོད་མ་བཏང་བར། །གྱབ་གྱིབ་མེད་མེད་པར་ཕན་པའི་གསུང་བྱོན་པ། །བཀའ་དྲིན་ཆེའོ་ཤིན་ཏུ་ཐུགས་ལ་བཏགས། །ད་རུང་མདུན་མ་དོག་མཐར་ཕྱིན་པ་དང་། །ཚེ་རབས་ཀུན་ཏུ་ཡང་ཡང་མཇལ་བ་དང་། །དམ་ཚིག་གཙང་མ་དྲུང་དུ་སྟོན་པ་དང་། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །ཞེས་གསུངས།
དེ་ནས་ཡང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཀུ་སུ་ལུ་རིན་ཆེན་རྡོ་རྗེའི་དྲུང་དུ་བྱོན་ནས་ལུང་བསྟན་ཞུས་པ་དང་། ཁྱོད་ཀྱི་གདུལ་བྱ་ཁ་བ་ཅན་ན་ཡོད། །དེར་བྱོན་དཔའ་བོའི་རྣམ་པར་ཐར་པ་སྐྱོངས། །ཁྱོད་ཀྱི་འགྲོ་དོན་འདི་ལྟར་བཤད་ཀྱིས་ཉོན། །དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །དད་གུས་དྲག་པོས་མཆོད་ཅིང་གསོལ་བ་ཐོབ། །དེ་ནས་གདུལ་བྱ་ཐམས་ཅད་གཏན་ལ་ཕོབ། །སྣོད་དང་མཐུན་པར་དམ་ཆོས་བདུད་རྩི་བྲོན། །ང་རྒྱལ་མ་ཆེ་གཟི་བརྗིད་ཆེ་བར་བསྐྱེད། །ཁས་ལེན་མ་ཆེ་ཕན་སེམས་དང་དུ་ལོངས། །ལྟ་བ་མ་མཐོ་སྤྱོད་པ་རྣལ་དུ་ཕོབ། །བྱ་བྱེད་མ་མང་ཐོས་བསམ་སྒོམ་ལ་དྲིལ། །བློ་སྣ་མ་མང་ཉམས་ལེན་གཅིག་ཏུ་སྐྱོངས། །རྣམ་རྟོག་མ་རགས་སྙིང་རྗེ་ཕན་སེམས་བསྐྱེད། །འདོད་པ་མ་ཆེ་རྟག་པར་དཀོན་མཆོག་མཆོད། །རྟག་འཛིན་མ་ཆེ་བརྩོན་པའི་ལྕག་གིས་བསྐུལ། །འདི་རུ་མ་འདུག་གདུལ་བྱ་བོད་ན་ཡོད། །དེར་སོང་རྒྱལ་བ་རྣམས་ཀྱི་སྤྱོད་པ་མཛོད། །སྔོན་ལ་ཐབས་མཁས་ཞི་དུལ་ཆེ་བར་མཛོད། །ཕྱོགས་ཆ་མེད་པར་བུ་བཞིན་བྱམས་པར་མཛོད། །ང་ཁྱོད་མེད་ཅིང་ཆགས་སྡང་ཆུང་བར་མཛོད། །སྡོམ་ཁྲིམས་མནོས་པ་ཐོས་བསམ་གོམས་པར་མཛོད། །རང་རྒྱུད་ཐུལ་ལ་གཤིས་ངན་ཕྱིན་པར་མཛོད། །དད་གཞི་ཟུང་ལ་ལྟ་སྤྱོད་འཛོམས་པར་མཛོད། །དཱི་པཾ་སྦས་པའི་བརྟུལ་ཞུགས་མ་ཤེས་ན། །སྙིགས་མའི་དུས་འདིར་ཤིན་ཏུ་ལྷ་འདྲེ་རྒོད། །སྐྱེ་བོའི་ཚོགས་ཀྱང་ཤིན་ཏུ་སྒྲོ་བསྐུར་མང་། །ཀུ་སུ་ལུའི་གཞན་དོན་བྱས་ན་བཙན། །འར་འུར་མང་པོ་ཤིན་ཏུ་ཕྱི་ཐག་ཐུང་། །ལྐོག་རྒྱངས་ཆེན་པོ་ཆོས་ལ་བར་ཆད་མང་། །ཁས་ལེན་ཆེན་པོས་ཕྱི་ནང་དགྲ་བོ་འཚོལ། །བྱ་བྱེད་མང་པོས་ཕྱོགས་ནས་མི་ཁ་སྡུད། །གྲུབ་རྟགས་མང་པོ་རྒྱུད་ལ་སྒྲོ་བསྐུར་འབྱུང་། །མིག་མཐོང་མངོན་ཤེས་ལོག་ལྟ་སྐྱེ་བའི་རྒྱུ། །དངོས་གྲུབ་ཆང་ཆུང་ལམ་ནས་ལྡོག་པའི་རྐྱེན། །ཡོན་ཏན་ཆ་ཆོལ་ལོག་ལྟ་སྦྱོར་བའི་ཆོས། །ཡོན་ཏན་ཡོད་ཀྱང་བུམ་ནང་མར་མེ་ལྟར། །མངོན་མཚན་ཆུང་ཞིང་ནང་དུ་གསལ་བར་གྱིས། །ལྟ་བ་བཟང་ལ་གཡང་ས་མེད་པར་གྱིས། །དཱི་པཾ་གདམས་ངག་ཟབ་མོ་གང་སྟོན་ཀྱང་། །གཞི་མར་འཁོར་འདས་སྐྱོན་ཡོན་ཕྱེད་པར་གྱིས། །མི་རྟག་བསྐུལ་མས་སེམས་ལ་གནད་པར་གྱིས། །དཀོན་མཆོག་གསུམ་ལ་ཡིད་ཆེས་བརྟན་པར་གྱིས། །བྱང་ཆུབ་མཆོག་ལ་བསམ་པ་གོམས་པར་གྱིས། །སྟོབས་བཞིའི་སྦྱོར་བས་ཉེས་སྡིག་དག་པར་གྱིས། །བསྔོ་བ་བཟང་པོས་ཁ་ལོ་ཆུན་པར་གྱིས། །སྟོང་ཉིད་ཆེན་པོས་རྒྱས་འདེབས་དག་པར་གྱིས། །ཀུན་ལ་འགྲོགས་ཤེས་ཞེ་འགྲས་མེད་པར་གྱིས། །གྲོགས་པོས་མི་སྨོད་གཉེན་པོ་ཐོབ་པར་གྱིས། །འདི་ནི་ཀུ་སུ་ལུའི་གདམས་ངག་ཡིན། །ཉིན་དང་མཚན་དུ་སེམས་ལ་ཞེན་པར་གྱིས། །ཞེས་གདམས་པ་དང་། གསུང་དེ་ཐོས་ནས་ཚིམ་ཞིང་བཀའ་དྲིན་ཅན། །ཐུགས་ལ་བཏགས་ཞེས་ཞབས་ལ་སྤྱི་བོས་བཏུད། །ཚེ་རབས་རྟག་ཏུ་ཁྱེད་དང་མི་འབྲལ་བར། །དམ་ཚིག་གཙང་ཞིང་འགྲོ་དོན་འཕེལ་བར་ཤོག །གསུངས།
ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་རིག་པའི་ཁུ་བྱུག་གི་དྲུང་དུ་བྱོན་ནས། མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་བསྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །ཞེས་གསོལ་བ་དང་། མཐའ་བྲལ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །སྒྲོ་བསྐུར་ལས་ནི་གྲོལ་བའི་དབུ་མ་པ། །ལུང་རིགས་གདམས་པས་ཕྱུག་པའི་མཁས་པ་ཁྱེད། །རི་བོ་ཁ་བ་ཅན་གྱི་ལྗོངས་སུ་སོང་། །དེ་ན་ཁྱོད་ཀྱི་འཕྲིན་ལས་བཞུགས་པ་ཡི། །འཇིག་རྟེན་དབང་ཕྱུག་དགེ་བསྙེན་གཟུགས་སྟོན་པ། །བྱམས་དང་སྙིང་རྗེ་ཕྱོགས་རིས་མི་མངའ་བ། །འགྲོ་བའི་བདེ་སྐྱིདཆོས་ཀྱི་འཕེལ་བ་ཡོད། །དེ་ནི་ཉིན་མཚན་དུས་དྲུག་ཀུན་ཏུ་ཡང་། །ཁྱོད་ལ་དམིགས་ནས་དར་དཀར་གཡབ་མོ་བྱེད། །སྐྱོ་བའི་གླུ་ལེན་ཕ་ལ་གསོལ་བ་འདེབས། །དཀོན་མཆོག་མཆོད་ཅིང་སྨོན་ལམ་དག་པར་སྦྱོར། །ཤེལ་དཀར་མེ་ལོང་ཕྱིས་ནས་ཁྱོད་ལ་བལྟ། །འགྲོ་དྲུག་སེམས་ཅན་ཐམས་ཅད་སྐྱིད་པ་དང་། །བདག་གི་ཕ་དེ་ནམ་འབྱོན་བསམ་པ་ལས། །གཞན་གྱི་རྣམ་རྟོག་གང་ཡང་མི་འགྱུའོ། །
དེ་ལྟ་བས་ན་ཁ་བ་ཅན་བྱོན་ལ། །དམ་པ་ཆོས་ཀྱི་དཔལ་འབྱོར་རྒྱས་པར་མཛོད། །ཆགས་ཐོགས་མེད་པར་རྫུ་འཕྲུལ་སེམས་ཀྱིས་བྱོན། །སྐྱོ་བ་མེད་པར་སྙིང་སྟོབས་ཆེན་པོས་བྱོན། །མགོན་པོ་ཁྱོད་ཀྱིས་ཞིང་དེར་བྱོན་པ་ན། །དང་པོར་ས་ཕྱོགས་ཐམས་ཅད་དུལ་བར་འགྱུར། །དེ་ནས་མིའི་འགྲོ་བ་དུལ་བར་འགྱུར། །དེ་ནས་ཆོས་ཀྱི་དཔལ་འབྱོར་རྒྱས་པར་འགྱུར། །ལག་ལེན་དག་ཅིང་ཚུལ་ཁྲིམས་གཙང་བར་འགྱུར། །མདོ་སྡེ་བལྟ་ཞིང་ལས་འབྲས་སེམས་པར་འགྱུར། །ཐོས་པ་འཚོལ་ཞིང་ལམ་ལ་མཁས་པར་འགྱུར། །ཡོངས་འཛིན་བསྟེན་ཅིང་རང་བཟོ་ནུབ་པར་འགྱུར། །བཀའ་སྡོད་བསྟེན་ཅིང་བར་ཆོད་ཞི་བར་འགྱུར། །ཅེས་ལུང་བསྟན་གཟེངས་བསྟོད་མང་པོ་མཛད་ཅིང་། ཨེ་མ་བདག་གི་ཁ་བ་ཅན་ལྗོངས་དེར། །ཁྱོད་ལ་གང་དགོས་བདག་ལ་བབས་ན་ཡང་། །རྣམ་པ་གཅིག་ཏུ་ཁོ་བོ་ཡོན་ཏན་ཆུང་། །བོད་དེ་བཙན་སར་ཕྱིན་པའི་གདུལ་བྱ་ཡིན། །མཁས་པ་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་འདྲ། །གང་ནས་བཅུས་ཀྱང་བྲི་གང་ག་ལ་ནུས། །མཁས་པ་ཁྱོད་ཀྱི་བཟོད་སྟོབས་ལྷུན་པོ་འདྲ། །མི་མཐུན་ཕྱོགས་ཀྱིས་རྫི་བར་ནུས་མ་ཡིན། །དེ་ལ་བསམས་ནས་ཁྱོད་ལ་བསྐུལ་བྱ་ཡིས། །ངེས་པ་ཆེན་པོ་བོད་དུ་འགྲོ་དོན་མཛོད། །ཅེས་གསུངས་པ་དང་། ཇོ་བོས་བཀའ་དྲིན་གྱི་ཕྱག་མཛད་ཅིང་གསོལ་བ། བླ་མ་ཁྱོད་དང་ནམ་ཡང་མི་འབྲལ་བར། །སྐྱེ་བ་གཏན་དུ་ཐུགས་རྗེས་འཛིན་པ་དང་། །དམ་ཚིག་གཙང་ཞིང་འགྲོ་དོན་འཕེལ་བ་དང་། །བྱིན་རླབས་དངོས་སུ་ཞུགས་ནས་སྨིན་པར་ཤོག །ཅེས་གསུངས་སོ།།
ཡང་ཇོ་བོ་ལ་ཡི་དམ་ལྷས་བོད་དུ་འབྱོན་པར་བསྐུལ་ཞིང་ལུང་བསྟན་པའི་ཚུལ་ནི། ལན་ཅིག་དཀྱིལ་འཁོར་གཅིག་ལ་བཞུགས་ཤིང་། རྡོ་རྗེའི་གར་ལ་སོགས་པའི་མཆོད་པ་ཕུལ་བའི་རྗེས། མ་གཅིག་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མ་རུས་པའི་རྒྱན་དང་བཅས་གར་མཛད་ཅིང་ཧཱུཾ་ཞེས་རྡོ་རྗེའི་མགུར་དང་བཅས་འདི་སྐད་ཅེས། མི་མངོན་དབྱིངས་ནས་ཚོགས་གཉིས་དཔལ་འབྱོར་བའི། །དཔའ་བོ་ཆེན་པོ་དམ་ཚིག་རོལ་པའི་ལྷ། །ཁྲབ་བདག་རིན་ཆེན་ཚོགས་ཀྱི་བདག་པོ་ཁྱོད། །ཡེ་ཤེས་གསང་བའི་རྡོ་རྗེ་ལ་ལགས་སམ། །ཁྱོད་ཀྱིས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །བྱང་ཕྱོགས་རྒྱུད་ཀྱི་མཐའ་འཁོབ་མ་བཏུལ་ན། །ལས་ཀྱི་དཔའ་བོ་ཆེན་པོ་མི་རུང་བས། །མྱུར་དུ་རི་བོ་གངས་ཅན་རྒྱུད་དུ་སོང་། །དེ་ན་རིགས་གསུམ་མགོན་པོའི་སྤྲུལ་པ་ཡོད། །གཅིག་ནི་འབྲོམ་རྗེ་སྤྲུལ་པའི་ཆོས་འཕེལ་ཡོད། །གཅིག་ནི་རྔོག་སྟོན་ལེགས་པའི་ཤེས་རབ་ཡོད། །གཅིག་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ཡོད། །གཞན་ཡང་ཐུབ་པ་མཆོག་གིས་བྱིན་བརླབས་པའི། །སྤྲུལ་པའི་དགེ་སློང་ཤིན་ཏུ་མང་བ་ཡོད། །དེ་དག་ཐམས་ཅད་ཁྱོད་ཀྱི་སྲས་སུ་འགྱུར། །གངས་ཅན་རྒྱུད་དེར་བསྟན་པ་དར་བར་བྱེད། །ཅེས་སོགས་ལུང་བསྟན་རྡོ་རྗེའི་མགུར་མང་པོ་གསུངས་སོ།།
ཡང་དེ་མ་ཐག་དཔལ་ཧེ་རུ་ཀ་ཡང་རྡོ་རྗེའི་གར་གྱིས་རོལ་པས་དཀྱིལ་འཁོར་ཆེན་པོ་དེ་ལ་ལན་གསུམ་དུ་བསྐོར་ནས་མདུན་དུ་འགྱིངས་ཤིང་། ཧཱུཾ་ཧཱུཾ་བྱང་ཕྱོགས་བོད་ཀྱི་ཡུལ་དུ་སོང་། །རྩི་ཤིང་ཚེར་མ་ཅན་གྱི་ཡུལ་དུ་སོང་། །བྲག་རོང་ཧོམ་ཁུང་ལྟ་བུའི་ཡུལ་དུ་སོང་། །ལྷ་སྲིན་ཁ་མ་ཕྱེ་བའི་ཡུལ་དུ་སོང་། །བྱ་རོག་འཕུར་ཞིང་ལྡིང་བའི་ཡུལ་དུ་སོང་། །གདོང་དམར་སྲིན་པོ་ལྟ་བུའི་ཡུལ་དུ་སོང་། །བུད་མེད་ཕྲ་མེན་ལྟ་བུའི་ཡུལ་དུ་སོང་། །བག་མེད་གདོལ་པ་ལྟ་བུའི་ཡུལ་དུ་སོང་། །མཐའ་འཁོབ་བྱོལ་སོང་ལྟ་བུའི་ཡུལ་དུ་སོང་། །དཔལ་གྱི་ཆས་བརྒྱད་སྐུ་ལ་གྱོན་ལ་སོང་། །དྲག་པོའི་ཧཱུཾ་སྒྲ་ངག་ཏུ་བརྗོད་ཅིང་སོང་། །སྣང་སྟོང་དབྱེར་མེད་ཟུང་དུ་འཇུག་ཅིང་སོང་། །ཞེས་བྱ་བ་སོགས་རྡོ་རྗེའི་གླུ་མང་པོས་བོད་དུ་གཤེགས་པར་བསྐུལ་ལོ།།
ཡང་དེ་མ་ཐག་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ཡང་ཤེས་རབ་ཀྱི་རལ་གྲི་ཀླད་ལ་འཕྱར་ཞིང་། རྡོ་རྗེའི་གར་གྱི་རྣམ་འགྱུར་དང་བཅས། འདེངས་འདེངས་གངས་ཅན་རྒྱུད་དུ་ད་ལྟ་འདེངས། །ཡང་དག་ཞིང་ཁམས་ཀུན་ནས་འདུལ་དུ་འདེངས། །ནག་པོའི་ཕྱོགས་རྣམས་ཐལ་བར་རློག་ཏུ་འདེངས། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་དུ་འདེངས། །སངས་རྒྱས་བསྟན་པའི་སྲོག་ཤིང་འཛུགས་སུ་འདེངས། །འདེངས་འདེངས་དབུ་རུ་བྱང་གི་ཕྱོགས་སུ་འདེངས། །ཁྱོད་ཀྱི་སྲས་པོ་འབྲོམ་རྗེའི་དྲུང་དུ་འདེངས། །ང་ནི་དེ་ཡི་བསྟན་སྲུང་ཆེན་པོ་ཡིན། །ཨ་ཏི་ཤ་ཡི་བསྟན་པ་བོད་དུ་དར། །བདག་གི་རྗེས་སུ་སློབ་པའི་དགེ་སློང་ཡང་། །བཀའ་གདམས་དྲི་མེད་མཚོ་ཡི་པདྨ་འདྲ། །བུང་བ་འཕུར་ལྡིང་མེ་ཏོག་བཅུད་ལེན་འདྲ། །སྐལ་ལྡན་ཚོགས་རྣམས་བཀའ་གདམས་བཅུད་ཀྱིས་འཚོ། །ང་ཡི་བསྟན་སྲུང་གཤིན་རྗེ་ཁྲག་འཐུང་ཡང་། །བོད་ཁམས་སྲིན་པོ་གདོང་དམར་འདུལ་བ་ལ། །ཁྱོད་ལ་སྦྱིན་གྱིས་དབེན་པར་སྒྲུབས་ཤིང་ཁོལ། །ཞེས་གསུངས་པ་དང་། དེ་མ་ཐག་སྲིན་པོའི་གཟུགས་ཅན་ཞིག་བྱུང་ནས། མ་གི་གྲོང་ཁྱེར་ཆེན་པོ་མཐར་སྐྱེས་ན། །ང་ཡི་ལས་ཚོགས་གཏེར་དུ་སྦས་ནས་ཡོད། །ཐམས་ཅད་ལོང་ལ་ཁོ་བོ་བོད་དུ་ཁྲིད། །བདག་གིས་ཁྱོད་ཀྱིས་བསྟན་པ་སྲུང་བར་བྱ། །ཞེས་ཟེར།
ཡང་མཁའ་འགྲོའི་ཆས་སུ་ཤ་ཟ་མོ་བཅུ་གཉིས་བྱུང་ནས། བདག་ཅག་རྣམས་ཀྱང་བསྟན་པ་བསྲུང་བའི་ཕྱིར། །བླ་མ་ཁྱེད་ཀྱི་རྗེས་སུ་བོད་དུ་འགྲོ། །ཁོ་མོ་ཅག་གིས་བོད་དུ་མ་ཕྱིན་ན། །བསྟན་མ་བཅུ་གཉིས་ཁྱེད་ཀྱི་དགྲ་རུ་ལྡང་། །ཁོ་མོ་ཅག་གིས་དེ་དག་དམ་ལ་གདགས། །རང་རང་སྲོག་སྔགས་ལ་སོགས་རྗེ་ལ་འབུལ། །ཞེས་ཟེར་རོ། །དེ་ནས་ཇོ་བོས་ནས་ནམ་ཕྱེད་བར་དེ་དག་ལ་མཆོད་གཏོར་རྒྱ་ཆེར་གནང་ཞིང་བཀའ་བསྒོ་འཕྲིན་བཅོལ་མཛད། ནམ་གུང་ཏིང་ངེ་འཛིན་གཅིག་ལ་བཞུགས། ཐོ་རངས་གཙང་སྦྲང་ཁྲུས་ཀྱི་རྣལ་འབྱོར་མཛད་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་བཞུགས་པ་ན། ཀྲི་ཡའི་ལྷ་ཚོགས་རྣམས་བྱོན་ནས། ཉེས་ལྟུང་འཆལ་བའི་དྲི་མས་མ་གོས་པའི། །དམ་ཚིག་གཙང་ཞིང་གྲུབ་པ་བརྙེས་པ་ཁྱོད། །ཁ་བ་ཅན་གྱི་ཞིང་དེར་བྱོན་མཛོད་དང་། །དེ་ན་རྗེ་བཙུན་སྤྱན་རས་གཟིགས་དབང་ནི། །དགེ་བསྙེན་ཚུལ་དུ་མཐའ་འཁོབ་མགོན་པོ་མཛད། །རྒྱུ་འབྲས་ལས་ལ་སློབ་པར་ཤིན་ཏུ་མཁས། །གཙང་སྦྲའི་ཚུལ་གྱིས་གསང་སྔགས་ཉམས་སུ་བཞེས། །མི་སྨྲ་དབེན་པར་དཀྱིལ་འཁོར་ནང་ན་གསལ། །གཙང་ཐོ་བ་ཡི་ཡན་ལག་བདུན་པ་ཡིས། །ཉིན་དང་མཚན་དུ་ཡི་དམ་ལྷ་ཚོགས་མཆོད། །གསང་བའི་རྡོ་རྗེ་དེར་བྱོན་འགྲོ་དོན་མཛད། །ཅེས་སོགས་ལུང་བསྟན་གསུངས་སོ།།
ཡང་ནངས་པར་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཤིག་ན་བུ་མོ་གསུམ་གླུ་སྐད་ལེན་པ་ནི། ཕ་གི་རི་བོ་གངས་ཅན་རྒྱུད་ཤེད་ན། །བདག་གི་མིང་པོ་རིགས་གསུམ་མགོན་པོ་དེ། །དེང་སང་དུས་ན་ཁྱེའུ་མཛེས་པ་གསུམ། །རྒྱ་གར་མཁས་པ་བོད་དུ་འབྱོན་ནོ་ཞེས། །ཁ་བ་ཅན་ན་བྱི་དོར་བྱེད་ཀྱིན་གདའ། །རིང་པོར་མི་ཐོགས་འཕགས་པ་སྐུ་མཆེད་གསུམ། །དཀོན་མཆོག་གསུམ་གྱི་ཕོ་བྲང་ཆེན་པོ་བཞེངས། །བསླབ་པ་གསུམ་གྱི་དགའ་སྟོན་ཆེན་པོ་འགྱེད། །སྐྱེས་བུ་གསུམ་གྱི་རོ་མཆོག་ཆེན་པོ་མྱོང་། །དགེ་འདུན་དཔག་ཏུ་མེད་པའི་ཉམས་སྣང་ཤར། །དཱི་པཾ་ཀ་རའི་འཕྲིན་ལས་མ་ལགས་སམ། །ཞེས་མཁའ་འགྲོ་མ་གསུམ་གྱིས་ཀྱང་གླུ་དང་སྦྱར་ཏེ་ལུང་བསྟན།
ཡང་ནག་ཚོ་ལོ་ཙཱ་བའི་གཟིགས་སྣང་ལའང་། ཇོ་བོ་མ་ཧཱ་བོ་དྷིའི་དྲུང་ན་བཞུགས་པའི་སྐབས་ཤིག །དགེ་སློང་རྣམ་སྦྱར་རྡོ་ཚོས་མ་གསོལ་བ་གཅིག་བྱུང་སྟེ། རྒྱལ་བ་བོད་དུ་བྱོན། བོད་དུ་བྱོན་ན་གཞན་དོན་བོགས་ཆེ། རྒྱ་གར་འདིར་བཞུགས་ན་དགུང་ལོ་དགུ་བཅུ་རྩ་གསུམ་བཞུགས་དགོས་པ་ཞིག་འོང་། སྔར་ཡང་བོད་དུ་མི་མ་ཡིན་གདུག་རྩུབ་ཅན་མང་པོ་བཏུལ་ཞིང་བྱ་བ་མཛད་ནའང་། ད་དུང་ཡང་བོད་དུ་འདུལ་དཀའ་བའི་གདུལ་བྱ་འདུལ་དུ་བྱོན་ན་ཤིན་ཏུ་སྟོབས་ཆེ། རྒྱལ་བ་ཡབ་སྲས་ཀྱིས་སེམས་ཅན་མང་པོ་དུས་གཅིག་ལ་བསྒྲལ་ནས། དགུང་ལོ་ཉི་ཤུ་ཡར་བཅད་ནས་དགའ་ལྡན་དུ་བྱོན་པས་ཆོག་པ་ཞིག་འོང་། ཕྱོགས་གཅིག་ནས་བོད་དེ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན་པས་ཉམས་དགའ། ཆུ་བོ་བཞི་འབབ། འབྲུ་སྣ་ལྔ་སྨིན། དུས་ཀྱི་གོ་མ་ལོག །མྱ་ངམ་གྱི་ཐང་གིས་མི་སྐྱོ། བསམ་གཏན་སྒོམ་པའི་གནས་མང་། ཡང་བློ་རྒྱ་ཆུང་ལ་མན་ངག་ལ་རྩི། ཐེག་པ་ཆེན་པོ་ལ་མོས། ཁྱེད་ཀྱིས་རང་རང་དང་མཐུན་པའི་ཆོས་བསྟན་པས། མང་པོའི་དོན་དུ་འགྱུར་ངེས་པས་མྱུར་དུ་བྱོན་གསུངས་ནས་མི་སྣང་བར་གྱུར།
དེ་ལྟར་བླ་མ་དང་ཡི་དམ་ལྷ་ཚོགས་རྣམས་ཀྱིས་ཀྱང་ཇོ་བོ་ཆེན་པོ་བོད་དུ་འབྱོན་པར་བསྐུལ་ཞིང་བསྟན་ཀྱང་། བསྟན་པའི་བྱ་བ་གཞི་ཆེས་པ་དང་། གནས་བརྟན་རཏྣ་ཨཱ་ཀ་ར་ལ་སོགས་པ་ཇོ་བོ་བོད་དུ་འབྱོན་པ་ལ་མི་དགའ་བ་རྣམས་ཀྱིས་ཚོར་གྱིས་དོགས་པས། རྡོ་རྗེ་གདན་གྱི་རྒྱལ་པོ་ལ་སོགས་པ་མི་རེ་རེ་ཙམ་གྱིས་དད་ཤུགས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས། ཡུན་རིང་ལམ་དུ་མ་ཚུད་པར་གཙུག་ལག་ཁང་རྣམས་སུ་མཆོད་པ་མཛད་ཅིང་། ཡམ་ཡམ་ལ་ལུས་པ་དང་། ལན་ཅིག་ཇོ་བོ་རྡོ་རྗེ་གདན་དུ་བྱོན་པའི་རྗེས་སུ་ལོ་ཙཱ་བ་རྒྱ་བརྩོན་སེང་དང་གུང་ཐང་པ་གཉིས་ཀྱིས་བྱོན་ནས་ཞབས་ལ་བཏུད་ཅིང་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་གདོང་མཆི་མས་གང་བཞིན་དུ། མགོན་པོ། ངེད་ཀྱི་སེམས་ཅན་རྣམས་ལ་སྙིང་མི་རྗེའམ། ལྷག་པར་དུ་ཡང་ངེད་གཉིས་པོ་འདིས་ཇི་ཙམ་པའི་དཀའ་ལས་ཤིག་བྱས། འདོད་པའི་དོན་མ་འགྲུབ་པར་ངེད་གཉིས་པོ་སྙིང་མི་རྗེའམ། དེའི་ནང་ནས་གུང་ཐང་པ་ཚུལ་ཁྲིམས་རྒྱལ་བས་ས་མཐའ་མང་པོ་བགྲོད་མ་མྱོང་། མི་ཐེག་པའི་ཁུར་ཁུར་མ་མྱོང་། གཞོན་དུས་སུ་ཕ་མའི་གཅེས་ཕྲུག་གྲ་མ་ཉམས། རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་བསམ་གྱི་བྱ་བ་མ་གཏོགས་པ་ཡི་འགྲུབ་པའི་བྱ་བ་མ་བབ། འཚོ་བའི་ཡོ་བྱད་ཀྱིས་ཉོན་མ་མོངས། སངས་རྒྱས་ཀྱི་བསྟན་པ་ལ་གཉེན་པོའི་གཞི་ཚུགས་པའི་སྟོབས་ཀྱིས་ཆོས་རྒྱལ་ཁུ་དབོན་གྱིས་དབུ་མཛད་པ་རྣམས་ཀྱིས་ཁྱེད་ཀྱི་སྙན་པ་ཐོས། དེ་ལ་བརྟེན་ནས་ཆོས་རྒྱལ་ཁུ་དབོན་ཡབ་སྲས་རྣམས་ཀྱིས་མགོན་པོ་ཁྱེད་སྤྱན་འདྲེན་པའི་ཕོ་ཉ་ལ། མོ་དང་རྩིས་བྱས་པས་ང་ལ་ཟིན། ང་ཡུལ་གུང་ཐང་གསེར་གྱི་ལྷ་ཁང་ན། གཏན་ལ་བློ་ཕེབས་པའི་བདེ་བར་ཉལ་ས་ནས་ཕྱུང་ནས། རྒྱལ་པོས་མངའ་རིས་སུ་ཁྲིད། རྒྱལ་པོ་ལྷ་བཙུན་པས་ང་གདན་གྱི་གོང་ལ་བཞག་ནས་བསྙེན་བཀུར། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་ཆེ་བསྟོད་ལ། གཏམ་གྱི་ཁོག་འདི་རྣམས་ཀྱི་ཕུག་ལགས། འདུལ་བ་འཛིན་པ་ལ་ཞུ་ན། ངའི་ཡབ་མེས་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས་སྲོལ་བཏོད་དར་ཞིང་རྒྱས་པར་མཛད་པ་ཡིན་པ་ལ། དུས་དེང་སང་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ། བདུད་རིགས་ཀྱི་སེམས་ཅན་ཁ་རྒྱལ། མཁས་བཙུན་ཐམས་ཅད་གཤེགས་ནས་ཤེས་པ་སྐྱོ་བར་བྱུང་བས། ངེད་ཁུ་དབོན་གཉིས་ཀྱིས་མི་འདིས་བློ་གཏད་ཐུབ་བམ། འདིས་སངས་རྒྱས་ཀྱི་བསྟན་པ་ལ་བསམ་མམ་སྙམ་པ་རྣམས་ལ་བྱ་དགའ་བྱིན་ཅིང་། གསེར་སྲང་བརྒྱ་སྐོར་རེས་མ་མཐའ་བྱས་ནས་དཔོན་གཡོག་རགས་པ་རེ་གདན་འདྲེན་དུ་བཏང་བ་ཡིན་ནའང་། ཕྱེད་ཚད་པ་དང་དུག་སྦྲུལ་གྱིས་ཁྱེར། ནོར་དང་སྲོག་མགོ་གང་ཡང་འཐོན་པ་མ་བྱུང་། ནོར་འཕྲོད་ཁྱེད་རང་དང་མཇལ་ཡང་། འདི་ལྟར་བསྟན་པའི་བྱ་བ་ཆེས་པས་གདན་མ་འདྲོངས་སོ།།
དེ་ལ་ཡང་བློ་མ་བསད་པར་ལྷ་ཆེན་པོས་གར་ལོག་མཐའ་འཁོབ་ཀྱི་ཡུལ་དུ་ཇོ་བོ་སྤྱན་འདྲེན་པའི་གསེར་འཚོལ་དུ་བྱོན་པས། གར་ལོག་གི་རྒྱལ་པོས་ཆོས་ཀྱི་རྒྱལ་པོ་པཎྜི་ཏ་སྤྱན་འདྲེན་པའི་གསེར་འཚོལ་དུ་བྱོན་པར་རིག་ནས། འདིའི་ཕ་མེས་ཀྱིས་སྔོན་ཡང་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ཟེར། ད་ཡང་འདིས་པཎྜི་ཏ་སྤྱན་དྲངས་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པས་བཟུང་ལ་བཙོན་ཁང་དུ་ཆུགས་ཤིག་ཅེས་ཟེར་ནས་མནར། དེ་བདག་གིས་ཐོས་ནས་སྡུག་བསྔལ་བའི་སྟོབས་ཀྱིས་རྟ་པ་བརྒྱ་བྱས་ཏེ་ཁུ་བོ་བཟློག་ཏུ་ཕྱིན་པས། གར་ལོག་གི་རྒྱལ་པོ་ཡ་མཚན་སྐྱེས་ནས་མ་བཟློག །ཡང་དམག་བྱས་ཁོ་ལ་བརྒྱབ་ན་བཟློག་པར་སྣང་སྟེ། དེའི་བར་དུ་མི་དང་འགྲོ་བ་མང་པོའི་སྲོག་གཅོད་པར་སྣང་བ་དང་། ང་རང་ལ་ཡང་བར་ཆད་བྱུང་ན་ཇོ་བོ་སྤྱན་མི་འདྲོངས་པར་གདའ་བས། ཁོ་དང་ཐབས་མཁས་པས་བསྟུན་ཅིང་བླུས་པ་དང་། ཁོ་ན་རེ། ཁྱེད་རང་པཎྜི་ཏ་གདན་འདྲེན་པའི་འཕྲོ་བཤོལ། ཁྱེད་རང་ངའི་འོག་ཏུ་ཞུགས། ཡང་ན་གསེར་རྒྱལ་པོ་དང་མཉམ་པ་ཁྱེར་ལ་ཤོག །དེ་ན་རྒྱལ་པོ་གཏང་གི་ཟེར་བ་ལ། གསེར་ལ་གདམས་ནས་གསེར་སྲང་བརྒྱ་ཐམ་པ་ཁྱེར་ཏེ་རྒྱལ་པོ་བླུས་པས་ཀྱང་ཁོ་མ་ཉན། ལུས་དང་མཉམ་པ་ཙམ་ཁྱེར་ནས་བླུས་པས་ཀྱང་། མགོ་བོ་ཚང་དགོས་ཟེར་ནས་ཁོ་མ་ཉན། དེ་ནས་ཁུ་བོ་ཁྲི་མུན་དུ་བཅུགས་ཏེ་འོ་བརྒྱལ་བར་བཞུགས་པའི་སྒོ་དྲུང་དུ་བྱོན་ཏེ། ཁུ་བོ་ལ་བོས་ནས་བཀའ་དྲིན་ཆེན་པོ་སྔོན་གྱིས་ལས་ཐོག་ཏུ་བབས་པ་ཡིན་པས། ངས་ཁོ་ལ་དམག་བརྒྱབ་ནས་བཟློག་ན་ནི་སྐྱེ་བོ་ཚན་པོ་ཆེ་ཕུང་ལ་གཏད་ནས་རང་རེ་གཉིས་ཀྱང་ངན་སོང་དུ་འགྲོ་དགོས་པར་སྣང་། པཎྜི་ཏ་གདན་མ་འདྲེན་པར་ཁྱེད་རང་ངའི་འོག་ཏུ་ཞུགས་ཟེར་བ་ལ་ནི། ཆོས་བློས་བཏང་སྟེ་སྡིག་རྒྱལ་གྱི་འོག་ཏུ་ཞུགས་པ་ལས། ཁྱེད་ཆོས་ལྡན་དུ་གཤེགས་པ་དྲག་སྙམ་ནས། དེ་ནས་གསེར་ཁྱེད་རང་ཙམ་ཞིག་དགོས་ཟེར་བ་ལ། གསེར་བཙལ་བས་ཁྱེད་ཀྱི་སྐུ་ཙམ་དང་མཉམ་པ་ཅིག་རྙེད། དེ་ལ་ཁོས་མ་ཉན་པས་ད་ངས་དབུ་ཙམ་ཅིག་རྙེད་པ་དང་བླུ་རུ་འོང་གི །དེ་བར་ལ་སྔོན་གྱི་ལས་ལ་སེམས་པ་དང་། དཀོན་མཆོག་ལ་གསོལ་བ་འདེབས་པ་དང་། སྙིང་རྗེ་ཆེན་པོ་བྲང་འོག་ཏུ་བཅུག་པའི་བསོད་ནམས་མཛད་དགོས་པ་ཡིན་ཞེས་ཞུས་པ་དང་། ཁུ་བོ་བཞད་ཅིང་མཛད་ནས་ཁྱོད་ལའང་། གཅེས་ཕྲུག་སྣུམ་ཟན་མའི་དབུགས་གཅིག་ཡོད། དཀའ་སྤྱད་སྙིང་རུས་མི་ནུས་སྙམ་སྟེ། ང་ཤི་ཡང་ཁྱོད་ཀྱིས་ཕ་མེས་ཀྱི་སྲོལ་སྐྱོང་བར་སྣང་། ཁྱོད་ཀྱིས་དེ་གོ་མཆིས། དེས་ཆོག །ངའི་བསམ་པ་ལ་བོད་འདིར་ཆོས་ཁྲིམས་ཤིག་མ་འཆོས་པར་ཤི་ན་མི་རུང་བ་འདུག་སྙམ་པ་ཡིན་ཏེ། ད་ང་ན་སོ་ཡང་རྒས། འདིར་ད་ལམ་མ་ཤི་ཡང་ཚེ་ལོ་བཅུ་ཡིན། སྔར་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཆོས་ཀྱི་ཕྱིར་གཅིག་ཀྱང་ཤི་བ་མེད། ད་ལན་ཆོས་ཀྱི་ཕྱིར་ཤི་ན་ལེགས་པ་ཡིན་པས། རྒྱལ་པོ་འདི་ལ་གསེར་སེ་བ་གཅིག་གི་རྔན་པ་ར་ཐིག་གཅིག་ཀྱང་མ་སྟེར་ཅིག །གསེར་ང་ཙམ་རྙེད་པ་ནི་ཤིན་ཏུ་རྔམས་ཆེ་ན་མགོ་ཙམ་ག་ནས་རྙེད། གསེར་ཐམས་ཅད་རྒྱ་གར་དུ་ཁྱེར། པཎྜི་ཏ་དེ་གདན་ཅི་འདྲོངས་གྱིས། པཎྜི་ཏ་ཆེན་པོའི་སྙན་དུ་ཡང་། ང་ན་རེ། ངས་ཁྱེད་དང་སངས་རྒྱས་བསྟན་པའི་ཆེད་དུ། ལུས་སྲོག་གར་ལོག་རྒྱལ་པོ་ལ་བྱིན་ཟིན་ཡོད་པས། ཚེ་རབས་ཐམས་ཅད་དུ་ཐུགས་རྗེས་འཛིན་པ་དང་། ངའི་བསམ་པའི་གཙོ་བོ་ཁྱེད་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་ཡིན་པས། དེ་ཁོ་ན་བཞིན་དུ་མཛད་པ་དང་། སྐྱེ་བ་འདིའི་འོག་རོལ་ཏུ་ངེས་པར་མཇལ་བར་བྱིན་གྱིས་བརླབས་དུ་གསོལ་ཞེས་ངའི་འཕྲིན་མཛོད་ཅིག །དེ་ལྟར་ལགས་པས། ང་བློས་ཐོངས་ལ་སངས་རྒྱས་ཀྱི་བསྟན་པ་ལ་སོམས་ཤིག་གསུངས། དེས་ན་ཁུ་བོ་གར་ལོག་གི་རྒྱལ་པོས་མེད་པར་བྱས་པའི་གཏམ་དེ་མགོན་པོ་ཨ་ཏི་ཤའི་སྙན་དུ་ཐོངས། ངའི་ཁུ་བོ་སྙིང་རྗེ་ཅན་དེ་འོ་རེ་བརྒྱལ། ངས་ཀྱང་ཁུ་བོ་དེ་བཞག་ནས་འོང་ཕོད་པ། སྒོའི་གསེབ་ནས་ཕར་བལྟས་པས། སྐུ་ལུས་ནི་དར་གྱི་བཅུད་མོས་བསྡམས། གསུང་གི་མདངས་ནི་ཤོར། སྔར་གྱི་མདངས་དེ་ལས་སྣང་བ་གཞན་དུ་གྱུར། སྐུ་ལུས་ནི་བུང་བ་ཙམ་དུ་སོང་། དེའི་ཁོང་ནའང་བོད་ཀྱི་སེམས་ཅན་དང་སངས་རྒྱས་ཀྱི་བསྟན་པ་དང་། ཇོ་བོ་འབའ་ཞིག་ཐུགས་ལ་སེམས། ངེད་བོད་མཐའ་འཁོབ་ཀྱི་སེམས་ཅན་མ་རིག་པ་རྣམས་ཀྱི་སྙིང་སྟོབས་དེ་འདྲ་ན། ཁྱེད་འགྲོ་བའི་སྐྱབས་གནས་ཐུགས་རྗེ་ཅན་ཞིག་ཅི་ཙུག་སོང་། ཞེས་ཞུས་ཅིག །
ད་ནི་འདི་ན་གསེར་སྲང་བདུན་བརྒྱ་ཡོད་དེ་འདི་ཕར་ཁྱེར་ལ་བླ་མའི་ཕྱག་ཏུ་ཕུལ། ངེད་བོད་པྲེ་ཏ་པུ་རིའི་གྲོང་ཁྱེར་ལྟ་བུ་ན་གསེར་ལུག་ཤིག་ཙམ་པ་རེ་ལའང་དཀའ་ངལ་ཆེན་པོ་ཡོད་པ་ཡིན་པ་ལ། ད་འདིས་མི་ནོར་ཐམས་ཅད་རྫོགས་ནས་འདུག་ལགས་ཀྱིས། ད་རེས་འདི་ལ་མགོན་པོ་བོད་དུ་མ་བྱོན་ན། ཁྱེད་དམ་པ་རྣམས་ཀྱི་ཐུགས་རྗེ་དེ་ཡང་དེ་ལྟར་བས། ངེད་ཀྱང་བྱ་བ་ཅི་བདེར་སྤྱད་པར་བགྱིའོ། །ཞེས་ཁྱེད་འདུལ་བ་འཛིན་པས་འདིའི་ལོ་རྒྱུས་འདི་རྣམས་ཇོ་བོ་ལ་ཞུས་བྱས་པའི་མཇུག་མཐའ་མ་ལ་འབྱོན་མ་བཞེད་ནའང་། སྙན་དུ་ཐེབས་པར་མཛོད་གསུངས་ནས་སྤྱན་ཆབ་ཀྱིས་པང་ཁེབས་པ་དང་ལྕོག་རྩེ་བངས་པ་ཙམ་བཤུམས་ཤིང་ང་ལ་གསུང་བྱོན་པས། ངས་ཀྱང་ཡིན་མིན་གྱི་ཚིག་ཟུར་ཙམ་ཡང་ཞུ་བ་མ་ནུས་བཞིན་དུ། འཇིག་རྟེན་གྱི་ཁ་ངག་ལ་ངུ་བའི་ཁ་ལ་བལྟས་ན་ངུ་བྲོ་ཟེར་བའི་ཚུལ་དུ་ལྷ་བཙུན་པའི་གསུང་དེ་རྣམས་ཤིན་ཏུ་མད་པར་འདུག་པ་དང་། ཆོས་རྒྱལ་དེ་མ་མཐོང་ཡང་རྣམ་པ་དྲན་པ་དང་། ཁོང་ཁུ་དབོན་གྱི་མི་ནོར་མང་པོ་ཟད་པ་དེ་རྒྱུས་ཡོད་པ་དང་། ཁུ་དབོན་གཉིས་སྡུག་བསྔལ་ཆེས་པ་དང་། ངེས་རྣམས་སྐྱིད་ཆེས་པ་དང་། ལྷ་བཙུན་པ་མི་ཆེན་པོ་གཅིག་གིས་བཤུམས་ཤིང་དེ་ལྟར་གསུང་བྱོན་པའི་སྟོབས་ཀྱིས་ང་ལ་ལུས་འདར། གདོང་མཆི་མས་གང་སྟེ། ལྷ་བཙུན་པའི་ཞལ་ལ་ཡང་བལྟ་མ་ནུས། དེའི་སྟོབས་ཀྱིས་ལུས་སྲོག་གི་དཀའ་ཚེགས་དང་། ཚེ་འདིའི་བདེ་སྐྱིད་གང་ལའང་མ་ཆགས་པར། ལན་དུ་འོ་ལགས་ཀྱི་བྱས་ནས། དཔོན་གཡོག་བདུན་གྱིས་གསེར་སྲང་བདུན་བརྒྱ་ཁུར་ཏེ། རྒྱ་གར་གྱི་ལམ་ལ་ཞུགས་ཏེ་འོངས་པ་དང་། ལྷ་བཙུན་པས་ཀྱང་ཐག་རིང་པོར་སྐྱེལ་ཐུང་མཛད་དེ། དགེ་སློང་ཁྱོད་ཀྱིས་ངའི་ཕྱོགས་ཀྱི་བྱ་བ་བྱས། ད་ལན་དཀའ་ལས་ཆེ་ནའང་ཕར་བྱོན་ལ་འབད་རྩོལ་ཆེན་པོས་ལུས་དང་སྲོག་ལ་བསྡོས། འཁོར་ནས་བྱས་ཤེས་བཀའ་དྲིན་གཟོ་བར་བྱ། ཞེས་གསུངས་པ་དང་། བདག་ལ་ཕྱི་མིག་མཛད་ཅིང་ལོག་ནས་གཤེགས། སླར་ཡང་སྐད་བཏང་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཤིང་གཤེགས་པར་ཞུ་གསུངས། དེ་ནས་བལ་པོའི་ལྗོངས་ལ་འགྲོ་ཙ་ན། མི་རེང་དཀར་པོ་གཅིག་དང་འཕྲད་ནས། ཁྱོད་ཡུལ་ས་ཐག་རིང་པོར་འགྲོ་བར་སྣང་བས་འདི་སྐད་ཟེར་ཞིང་སོང་། དོན་འགྲུབ་ནས་འོང་གི །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས། དམ་པའི་ཆོས་འཕེལ་བར་གྱུར་ཅིག །
ཅེས་བརྗོད་ཅིང་སོང་དང་ལམ་ལ་ཉེར་ཞོ་མི་འབྱུང་བ་ཡིན་གྱི་ཟེར། ཁྱོད་སུ་ཡིན་བྱས་པས། རིམ་གྱི་ཤེས་པར་འགྱུར་རོ། །ཟེར་ནས་ལན་ཙམ་མ་བྱུང་། དེ་ནས་བལ་པོའི་ཐང་ཞིག་ཏུ་སླེབས་པ་དང་། ཨ་ཙ་ར་གཅིག་ལ་གནས་མལ་གཡར་བས། ངེད་དཔོན་གཡོག་གཡུལ་ཁང་ཞིག་ཏུ་སྙལ། དེའི་དུས་ཁོས་གསེར་ཡོད་པ་ཤེས་ནས་གཡུལ་ཁང་ལ་མེ་སྦར་ཏེ། ངེད་བསད་ནས་གསེར་འཁྱེར་བར་འདོད་པ་དང་། ངེད་དཔོན་གཡོག་ས་ཐག་རིང་པོ་ལ་ངལ་ཞིང་ཚད་པས་གདུང་བས། གཉིད་ཀྱིས་མྱོས་ཡོད་པའི་དུས། ངའི་སྔས་ཁར་མི་རེང་དཀར་པོ་གཅིག་གཡུལ་ཁང་གི་མཐོང་ཕྱེ་ནས་བྱུང་སྟེ། མ་ཉལ་མ་ཉལ་མྱུར་དུ་ཡར་ལ་ལོངས། །མ་ཕེབས་ད་ལྟ་ལོངས་ལ་ལམ་དུ་ཞུགས། །ཉལ་ན་རིན་ཆེན་སྲོག་དང་འབྲལ་བ་ཡོད། །ང་ནི་བོད་ཁམས་ཡོངས་ཀྱི་ཡི་དམ་ཡིན། །ཞེས་གསུངས་པ་དང་། ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་ནས་བྲོས་པས། ནམ་ལངས་པ་དང་། བལ་པོའི་རྒྱལ་ཕྲན་བྲི་ཀ་མ་ལ་ཤཱི་ལར་འགྲོ་བ་དང་འཛོམས། དེ་དང་འགྲོགས་ནས་ཕྱིན་པས། ཆུ་བོ་གངྒཱའི་འགྲམ་དུ་སླེབས་པ་དང་། རྒྱལ་པོ་དབང་ཆེན་ནས་སྔོན་ལ་ཞུགས་ནས་སོང་། དེར་ཉིན་མ་ནི་ཕྱིས། ཕྱོགས་ན་མི་ནི་མེད། མཐའ་འཁོབ་ཀྱི་ཨ་ཙ་ར་ནི་སྤྱོད་པ་ངན། བདུད་རིགས་དང་མུ་སྟེགས་པ་རྣམས་ནི་དམ་པའི་ཆོས་ལ་སྡང་། ངེད་སངས་རྒྱས་ཀྱི་བསྟན་པ་ལ་བསམས་ནས་གསེར་མང་པོ་འཁུར་ཡོད་པས་གབ་པ་དང་བྲོས་པ་ནི་མེད། རྒྱུས་མེད་ཀྱི་ཡུལ་དུ་མགོ་འཐོམས་པའི་ཚེ། མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་སྟེ། གསེར་བྱེ་མའི་གསེབ་ཏུ་སྦས་ནས་ངེད་རང་རྣམས་ཕྱོགས་གཞན་ཞིག་ཏུ་ཉལ་ནས་བསྡད་པས། མཉན་པ་དཀར་པོ་གཅིག་གྲུ་ལ་སྐྱ་བ་ཆབ་ཆབ་འདེབས་ཀྱིན་བྱུང་། དེར་བདག་གིས་ཁྱེད་གར་གཤེགས་ཅི་ཙུག་ཡིན་དྲིས་པས། དཔོན་གཡོག་འཁོར་བཅས་བསུ་རུ་ཡོང་བ་ཡིན། །སེམས་ཅན་སྙིང་སྟོབས་ཆེན་པོས་འདིར་འོང་ཚེ། །འཕགས་པ་གྲུ་དང་མཉན་པ་ལྟ་བུ་ཡིས། །འཇིགས་པའི་དུས་སུ་སྐྱེལ་མ་མ་བྱས་ན། །སེམས་ཅན་ཉོན་མོངས་ཅན་གྱིས་ཇི་ལྟར་འགྲུབ། །ཚུར་ཤོག་བདུན་བརྒྱ་པོ་དག་མ་ལུས་པ། །འབོལ་ལེ་ཀ་མ་ལ་རུ་བསྒྲལ་བར་བྱ། །ཟེར་བ་དང་། ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཤིང་། གསེར་རྣམས་བྱེ་མའི་གསེབ་ནས་བཏོན་ཏེ་གྲུའི་ནང་དུ་ཞུགས་པ་དང་། བདག་གིས་མ་ཎི་པདྨེ་ཕྲེང་སྐོར་གཅིག་བགྲང་པས་མཉན་པ་དེ་ན་རེ། རིང་བ་ན་རིང་། ཐུང་བ་ན་ཐུང་བ་འདི་ལྟར་བྱེད་ཀྱིན་གདའ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བགྲང་བ་ནི། ཁྲོལ་བ་ཡིད་འཛིན་པ། བློ་བདེ་ཞིང་བག་ཕེབས་པར་བྱུང་ནས། མཉན་པ་དེ་ལ་ཕའི་འདུ་ཤེས་སྐྱེས། འདི་སུ་ཡིན་སྙམ་ནས་ཐེ་ཚོམ་ཞིག་ཀྱང་སྐྱེས། ཁྱེད་སུ་ཡིན་ནམ། ཐ་མལ་པ་རང་ཞིག་ཨེ་ཡིན་ནམ། གསུང་ཞིག་བྱོན་དང་བྱས་པས། མཉན་པ་ན་རེ། ཚེ་དང་ལྡན་པ་ཀུན་སྔ་འགྲོགས་ཀྱི་དུས་སུ་སྤོབས་པ་མ་མྱུར། གཞུང་འགྲོགས་དུས་ན་ཁྲེལ་གཞུང་མ་ཆུང་། ཕྱི་འགྲོགས་ཀྱི་དུས་སུ་ཕྱི་ཐག་མ་ཐུང་བྱ་བ་ཡིན། མ་ནུས་པའི་དུས་སུ་ཕན་པ་དང་། དགོས་དུས་སུ་སླེབས་པ་ཡུན་དུ་འགྲོགས་པ་ལ་དགོས་པ་ཡིན། རིམ་གྱིས་ཤེས་པར་འགྱུར་ཏེ་མཆིས་གསུངས་ནས་ལན་གཞན་ཙམ་མ་བྱུང་། ད་ལྟར་རང་ཕར་སྒྲོལ་བ་དང་། སྨོན་ལམ་ལྷན་ཅིག་ཏུ་མ་བཏབ་ན་ཤུལ་ཁའི་མགྲོན་དུ་ཡང་མི་འཛོམས་བྱ་བ་འདི་ལ་ཟེར་བ་ཡིན། ད་ནམ་ཕྱེད་ན་ཕར་སོང་ཡོད་དོ་གསུངས། དེ་ནུབ་བྲི་ཀ་མ་ལའི་སྒོ་སྤེའི་འོག་ཏུ་སླེབས་པ་དང་། སྒོ་སྤེའི་རྫོགས་ཁུང་ན་མར་བོད་རྒྱ་བརྩོན་སེང་གི་སྐད་ཅིག །བོད་ཀྱི་ཚེ་དང་ལྡན་པ་ཀུན་ག་ནས་བྱོན་ཟེར། ངེད་མངའ་རིས་སྟོད་ནས་འོངས་པ་ཡིན་བྱས་པས། འོ་ན་སྒོ་པ་བྱིས་པ་གཅིག་ཡོད་པ་དེ་ལ་ཁྱེད་རང་རྣམས་ཀྱི་འབྲང་ཆས་ཀུན་འཚོལ་ལ་སྐྱིབས་གཅིག་ཏུ་འབོལ་ལེ་གཟིམས་བཞུགས། ད་ལྟ་སྐྱ་རེངས་དང་པོའི་ཐོག་ཡིན། སྐྱ་རེངས་གཉིས་པའི་མཇུག་ཙམ་ལ་སྒོ་འབྱེད་པ་ཡོང་གསུངས། དེ་ནས་སྒོ་སྲུང་བྱིས་པ་གཅིག་འདུག་པ་དེ་ལ་གསེར་རྣམས་བཅོལ་བ་དང་། བྱིས་པ་དེས་གསེར་རྣམས་ནང་པའི་ཕུག་གཅིག་ཏུ་བཞག་ནས། ནོར་བཅོལ་དགྲ་བཅོལ་སྙིང་བཅོལ། འོན་ཀྱང་བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག་བྱ་བ་ཡིན། ཁྱེད་རང་རྣམས་བློ་ཕེབས་པར་གཟིམས་ཟེར་བ་དང་། ཆུང་ཆུང་འདིའི་ཁ་ནས་དེ་འདྲ་ཡོང་བ་གང་ཟག་ཐ་མལ་པ་ཡིན་ནམ་སྙམ་ནས་ཕེབས་པར་གྱུར། ནངས་པར་སྒོ་ཕྱེ་མ་ཐག་ཏུ་བྱིས་པ་གཞོན་ནུ་མ་ཞྭ་རྩེ་རིང་གྱོན་པ། འབྲོག་རྣམས་ཀྱི་གོས་ཉིས་བརྩེགས་གྱོན་པ། ཕོར་ཆུང་ཐོགས་པ་གཅིག་བྱུང་སྟེ། ཁྱེད་བོད་རྣམས་འབྲོག་པའི་སྐད་དུ་ལྷང་ལྷང་བྱུང་། དེས་སྐྱོ་བ་སངས་པ་སྙམ་བྱེད་པ་ལས། ངེད་མངའ་རིས་སྟོད་ནས་ཡིན། ལམ་འཇམ་པར་བྱུང་། ཁྱོད་གང་ཙུག་ཡིན། གར་འགྲོ་བྱས་པས། ང་ཡང་འབྲོག་པ་ཡིན། བོད་དུ་འགྲོ་བ་ཡིན། འོ་ཅག་བོད་འདི་ཁ་མངས་ལ་གཏིང་ལྷོད། གཏམ་མཚང་ཅན་སྦེད་མི་ཤེས། བྱ་བ་གལ་ཅན་གསང་ནས་སྒྲུབ་དགོས་པ་ཡིན། རྒྱ་བརྩོན་སེང་བོད་ཀྱི་སྤྱི་ཁང་ན་ཡོད། དེར་རྩད་བཅད་ན་ཡོང་། ཟེར་ནས་ཁོ་ཡུད་ཀྱིས་སོང་། དེས་ཡིད་མ་དགའ་བ་བྱུང་། དེ་ནས་སྲང་ནང་རིང་མོ་གཅིག་ལ་ཞུགས་ཕྱིན་ཙ་ན། དྲང་སྲོང་རྒས་པའི་མཐར་ཐུག་པ་སྐྲ་དང་ཁ་སྤུ་སེར་ལ་རིང་བ་མིག་དམར་བ་ཤ་སྐམ་པ། ཆུ་ཤིང་གི་འཁར་བ་ཐོགས་པ་གཅིག་དང་འཕྲད་པས། ཁྱེད་གང་ནས་འོངས་གར་འགྲོ་ཅི་བྱེད་དུ་འོངས་པ་ཡིན་ཟེར། ངེད་བོད་མངའ་རིས་སྟོད་ནས་འོངས། མགོན་པོ་ཨ་ཏི་ཤ་སྤྱན་འདྲེན་པ་ཡིན། རྒྱ་བརྩོན་སེང་གི་ཁང་པ་དེ་གང་ན་ཡོད་བྱས་པས། ཁོང་འཁར་བ་ལ་བརྟེན་ནས་ཕྱི་མིག་ཅིག་བྱས་ཏེ། ད་ནང་གི་བྱིས་པ་དེ་རེ་བདེན། བོད་ཀྱི་མི་ལ་ཨོལ་མདུད་མེད། སྲང་ནང་གི་འཁྱམ་པོ་ཚུད་ཆད་ལ་ཡིན་ལུགས་བཤད། གསང་སྟེ་འཆད་པ་ཁྱེད་ཀྱི་དོན་འགྲུབ་ཏུ་རེ་བ་ཨང་། ད་རེས་ངའི་རྩར་བྱས་པས་དྲག་ཇོ་བོ་མིན་པ་གཞན་གྱི་རྩར་མ་འདོན། འདོན་ནའང་རྒྱ་ལ་འབུས་ཙམ་ཞིག་ཟེར་བ་རིགས། སྒོ་ངས་བསྟན་ཟེར་ནས། ཁོའི་ཕྱི་ལ་ཕྱིན་པས། ཁོ་གོ་ལེ་སོང་བའི་རྗེས་ལ་ངེད་ཀྱིས་མགྱོགས་པོས་མ་སླེབས། ངེད་ཡ་མཚན་ཞིང་ཐེ་ཚོམ་དུ་གྱུར་པ་དང་། ཁོ་བོད་ཀྱི་སྤྱི་ཁང་གི་སྒོ་ཕུག་པ་ན་སྒུག་ནས་བསྡད། འོ་བྱ་བ་ཆེན་པོ་སྒྲུབ་པ་ལ་ག་ལེ་བྱས་ནས་བྱེད་པ་ཡིན། རིངས་ནས་སོས་དལ་དགོས་པ་ཡིན། འདོད་ཐག་མ་ཉེ་བར་རིམ་གྱིས་འཛེགས། ཁང་པ་འདི་ཡིན་ཟེར། དེ་མ་ཐག་ཏུ་ནང་དུ་འོངས་པ་དང་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གཞུང་མཚན་པ་ཞིག་གཟིགས་ཀྱིན་བཞུགས་འདུག །དེར་གསེར་བཞི་ནམ་གཅིག་ཕྱག་རྟེན་བྱས། ལོ་ཙཱ་བའི་ཞལ་ནས། ཁྱེད་རྣམས་ཕྱོགས་གང་ནས་བྱོན་གསུངས། དེ་ལ་ལོ་རྒྱུས་རྣམས་ཞིབ་པར་ཞུས་པ་དང་། ལོ་ཙཱ་བའི་ཞལ་ནས། ཁྱོད་ངའི་སློབ་མར་སྣང་སྟེ་ངོ་མི་ཤེས་པ་འདུག །ད་ཨ་ཏི་ཤ་གདན་འདྲེན་པ་སྐད་ཡེ་མ་ཟེར། སློབ་གཉེར་བྱེད་པ་ལ་ཡོང་བ་ཟེར་བ་ཀུན་ལ་སྨོས། འདི་ན་གནས་བརྟན་རཏྣ་ཨཱ་ཀ་ར་བྱ་བ་ཡོད། དེ་འདི་ན་དབང་ཆེ་ཞིང་ཨ་ཏི་ཤའི་བདག་པོ་ཡིན། དེ་ལ་ཆོས་ཉན་ཞིང་དེའི་སེམས་འཛིན་དགོས། དེས་ཚོར་ཡེ་མི་བཏུབ་པས། ད་ལྟ་རང་ཁོང་ལ་གསེར་སྲང་ཕྱེད་ཕུལ་ལ། ངེད་བོད་ནས་འོངས་པ་ཡིན། པཎྜི་ཏ་སྤྱན་མ་འདྲོངས། ད་ཁྱེད་ཀྱི་ཞལ་སྔ་ནས་པཎྜི་ཏ་དང་ཁྱད་མེད་པའི་སློབ་གཉེར་ཞིག་བདག་ལ་ཐུགས་ལ་འདོགས་པར་ཞུ་ཞེས་ཞུ་བ་ཕུལ། དེ་བས་ཀྱང་རིངས་རིངས་བློ་མ་ཕེབས་པ་སྐད་མ་བྱེད་པར་སོས་དལ་གྱིས། དེ་ནས་འོ་ཅག་ཐབས་མཁས་པས་ཇོ་བོ་འདིར་ཕྱག་ཕེབས་པའི་དུས་ཞུ་བ་བྱེད་པ་ཡིན་གསུངས། དེ་ནས་ངས་ལོ་ཙཱ་བའི་གསུང་བལྟ་བའི་ཕྱིར་དུ། མགོན་པོ་ཨ་ཏི་ཤ་ཅིས་ཀྱང་གདན་མ་འདྲོངས་ན། དེའི་འོག་ནས་གང་ཆེ་བའི་པཎ་ཆེན་ཞིག་གདན་དྲངས་ན་ཞུས་པས། ལོ་ཙཱ་བའི་ཞལ་ནས། དེ་དང་འདྲ་པོ་སྒོར་མ་འདོན་ཞིག །དེར་སོང་ན་རང་ན་ནིང་ནས་པཎྜི་ཏ་གཅིག་ལས་གཅིག་ཆེ་བ་ཉི་ཤུ་ཙམ་གདན་དྲངས་ན་འདྲོངས་ཏེ། འོ་སྐོལ་བོད་ཀྱི་སེམས་ཅན་གྱི་སྤྱོད་གཤིས་རྒྱུས་མེད་དམ། མགོན་པོ་ཨ་ཏི་ཤ་མ་གཏོགས། གཞན་སུས་ཀྱང་བོད་ཀྱི་སེམས་ཅན་མི་ཐུལ་བས། ད་རུང་ཨ་ཏི་ཤ་རང་གདན་ཅི་འདྲོངས་བྱེད་དགོས་གསུངས། འདི་ལྟར་རིག་པའི་ཁུ་བྱུག་དང་། ནཱ་རོ་པ་དང་ཌོཾ་བྷི་པ་དང་། མར་མེ་མཛད་བཟང་པོ་དང་། ཨཱ་ཝ་དྷཱུ་ཏི་པ་དང་། བྱང་ཆུབ་བཟང་པོ་དང་། ཤཱནྟི་པ་དང་། རིན་ཆེན་བཟང་པོ། རིན་ཆེན་སྡེ། རྣམ་དག་གཙུག་གི་ནོར་བུ། རི་བོ་བཟང་པོ། ཟླ་བའི་ནོར་བུ། ཀུན་ཏུ་བཟང་པོ། ལྷའི་བློ་གྲོས། ཡེ་ཤེས་འབྱུང་གནས། ངག་གི་དབང་ཕྱུག་གྲགས་པ། ནག་པོ་པ། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། རྒྱ་མཚོ་མཐའ་ཡས་པ། ལྷུན་པོ་བརྩེགས་པ། གངྒཱའི་ཆུ་རྒྱུན། སྐར་མའི་རྒྱལ་པོ། རོལ་པའི་རྡོ་རྗེ། ས་འགེབས་ཞབས། ཡེ་ཤེས་འབྱུང་གནས། ཀ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན། ཀླུ་དབང་རྒྱལ་པོ། སྤྲིན་གྱི་ཤུགས་ཅན། གླང་པོ་ཆེའི་དཔལ། བསམ་མི་ཁྱབ་པའི་བློ་གྲོས། གདུང་བ་སེལ་བ། ཚུལ་ཁྲིམས་དབང་པོ་ལ་སོགས་པ་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་ལྔ་བཅུ་རྩ་གཉིས་ཙམ་ཡོད་ཀྱང་། ཐམས་ཅད་རང་ས་ན་ཆ་མོད། འོ་སྐོལ་བོད་ལ་མགོན་པོ་ཨ་ཏི་ཤ་མིན་པས་ཕན་པ་མེད་གསུངས། འོ་ན་ང་ལ་དེ་སྟོན་པར་ཞུ་ཞུས་པས། ལོ་ཙཱ་བའི་ཞལ་ནས། འོ་སྐོལ་བོད་འདི་ལ་དབགས་གཅིག་ཡོད། ད་གཟོད་རྒྱ་དང་ང་ཨ་ཏི་ཤ་གཉིས་མཐུན་ཡོད་པར་འདུག །ཁ་ཕྱོགས་ཡིན་ཟེར་འོང་བ་ཡིན་པས། ཁྱེད་རང་ནངས་པར་བྲི་ཀ་མ་ལར་དགེ་འདུན་གྱི་ཀུན་དགའ་ར་བར་ཆེ་འབྲིང་ཆུང་གསུམ་ཚོགས་པས། དགེ་འདུན་སྟོང་དང་བརྒྱད་བརྒྱ་ཙམ་ཚོགས་འོང་གིས། དེའི་ནང་ནས་ལྷམ་མེ། ལྷན་ནེ། ཕྱོགས་གང་ནས་བལྟས་ཀྱང་ཁྱད་པར་འཕགས་པ། གྲལ་གང་དུ་བཞུགས་ཀྱང་མཛེས་པ་ཞིག་ཡོད་ཀྱི། དེ་ཨ་ཏི་ཤ་ཡིན་པས་དེ་ལ་ཉིན་དང་མཚན་དུ་གསོལ་བ་ཐོབ་དང་གསུངས།
དེ་ནས་རྒྱ་བརྩོན་སེང་དང་ངེད་གཉིས་ཀྱིས་གནས་བརྟན་རཏྣ་ཨཱ་ཀ་རའི་དྲུང་དུ་ཕྱིན། ཕྱག་བཙལ་གསེར་སྲང་ཕྱེད་ཕུལ། རྒྱས་བསླབས་པ་བཞིན་ཞུ་བ་བྱས་པ་དང་། གནས་བརྟན་གྱི་ཞལ་ནས། དེ་ཤིན་ཏུ་ལེགས། ཚེ་དང་ལྡན་པ་དེ་ཙུག་ཡིན། ངེད་འདིར་མི་ལ་རྩེག་པ་མིན་ཏེ། པཎྜི་ཏ་གཞན་གྱིས་སེམས་ཅན་མི་འཐུལ། འདི་ན་ཨ་ཏི་ཤ་མེད་ན་རྒྱ་གར་སངས་རྒྱས་ཀྱི་བསྟན་པའི་འབྱུང་གནས་ཡིན་པ་ལ། འདི་གཏང་ན་སེམས་ཅན་སྤྱིའི་བསོད་ནམས་ཉམས་འགྲོ་བ་ཡིན་མོད། དེའི་རྒྱུ་མཚན་རྒྱ་གར་གྱི་གཙུག་ལག་ཁང་ཐམས་ཅད་ཀྱི་ལྡེ་མིག་ཨ་ཏི་ཤའི་ཕྱག་ན་ཡོད་པ་ཡིན། དེ་མ་གཏོགས་ངེད་ཀྱང་བོད་ཀྱི་སེམས་ཅན་ལ་བརྩེ་ཞིང་ཁྱད་པར་དུ་བོད་ཀྱི་ཆོས་རྒྱལ་དེའི་མི་ནོར་མང་པོ་ཟད་པ་ལ་ངོ་ནོངས། སངས་རྒྱས་ཀྱི་བསྟན་པའི་བྱ་བ་ཡིན་པས་དེ་ལ་སོམས་ལ་བརྩོན་འགྲུས་དང་སྙིང་རུས་དྲག་པོ་གྱིས་ལ། སངས་རྒྱས་ཀྱི་བསྟན་པ་རབ་འབྱམས་ལ་ཐོས་བསམ་གྱིས། ངས་ཕྱོགས་ཐམས་ཅད་ནས་ཁྱོད་ཀྱི་ཚིགས་སུ་ཅི་འགྲོ་བྱེད། ལར་ཁྱོད་བོད་རྒྱ་གར་བ་ལ་འདི་ལྟར་སེམས་པ་ངོ་མཚར་ཆེ། ཞེས་བྱ་བ་སོགས་གསུང་རྣམ་པ་མང་པོ་བྱུང་། ནངས་པར་ཚ་བའི་དུས་སུ་དགེ་འདུན་གྱི་ཀུན་དགའ་ར་བར། དགེ་འདུན་རྣམས་གདུགས་ཚོད་ལ་འདུས་པའི་གྲལ་དུ། གནས་བརྟན་གྱིས་ཁྲིད་ནས་བསླབ་པའི་གྲལ་དཀྱིལ་ཞིག་ཏུ་བཞག །དེའི་དུས་ཇོ་བོ་ནི་གསེར་གླིང་ལ་སོགས་པའི་གནས་ཆེན་རྣམས་སུ་བྱོན་ནས་ཕྱག་མ་ཕེབས་པར་གདའ་ནའང་། བདག་ནི་ཇོ་བོ་གྲལ་གྱི་དབུ་ལ་ཚོགས་དཔོན་མཛད་ཀྱིན་ཡོད་སྙམ་པ་ལས། གཞན་གྱི་སྐད་མི་གོ་བ་དང་སྒྲོ་འདོགས་མ་ཆོད། དེ་ནས་གྲལ་གྱི་དབུ་ལ་བླ་མ་རིག་པའི་ཁུ་བྱུག་བགྲེས་ཤིང་བག་ཆགས་པ། དང་བ་འདྲེན་པ། དཔལ་འབར་བ་རི་རྒྱལ་ལྷུན་པོ་ལྟར་བཞུགས་གདའ་བས། རྩ་ན་ཡོད་པ་ཀུན་ལ་འདི་མགོན་པོ་ཨ་ཏི་ཤ་ལགས་སམ་ཞུས་པས། བོད་ཀྱི་ཚེ་དང་ལྡན་པ་ཅི་ཟེར། འདི་བླ་མ་དམ་པ་རིག་པའི་ཁུ་བྱུག་ཅེས་བྱ་བ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་དངོས་སུ་བསླབས་པའི་མཁས་གྲུབ་ཆེན་པོ་དེ་ཡིན་མོད། ཤེས་སམ། ཨ་ཏི་ཤའི་བླ་མ་ཡིན་ཟེར།
དེ་བཞིན་དུ་རྗེ་བཙུན་ཆེན་པོ་ནཱ་རོ་པ་ལ་སོགས་པ་རྒྱ་མཚོ་ལྟ་བུར་ཟིལ་ཆགས་པ་གྲལ་གྱི་དབུ་ལ་འདུག་པ་ལ་ཡང་རེ་རེ་བཞིན་མཛུབ་མོ་བཙུགས་ཤིང་མགོན་པོ་ཨ་ཏི་ཤ་ལགས་སམ་ཞེས་ཞུས་ཀྱང་། ཅི་ཟེར་རྗེ་བཙུན་ཆེན་པོ་ནཱ་རོ་པ་ཞེས་བྱ་བ་དེང་སང་སའི་སྟེང་དུ་འགྲན་ཟླ་ཐམས་ཅད་དང་བྲལ་བ་དེ་ཡིན་ཟེར། གཞན་དུ་ཨ་ཏི་ཤ་ཡེ་མ་མཐོང་བས། ཤེས་པ་སྐྱོ་ནས་མགོན་པོ་དེ་གང་ན་བཞུགས་གང་ཡིན་སྙམ་པ་ལས། འཆད་མཁན་མ་བྱུང་བས་ཡིད་ཞུམ་པར་གྱུར། དུས་རེ་ཞིག་བྲི་ཀ་མ་ལ་ཤཱི་ལའི་རྒྱལ་པོ་དེ་ཁྲི་བཤམས་པའི་སྟེང་ན་འདུག་པ། པཎྜི་ཏ་ཆེ་ཆུང་ཅི་བྱུང་ཡང་ལྡང་བ་མི་བྱེད་པར་སྣང་བ་ལས། དེ་ནས་གྲལ་ཐམས་ཅད་ཚོགས་པའི་རྗེས་སུ་སྐུ་ལྟ་བས་ཆོག་མི་ཤེས་པ། རྒྱ་གར་བས་བལྟས་ན་རྒྱ་གར་བ་འདྲ་བ། བལ་པོ་དང་བོད་ཀྱིས་བལྟས་ན། ལྷ་འདྲ་བ་སྐུ་གཟི་བརྗིད་ཆེ་ལ། ཞལ་འཛུམ་པ། བག་ཆགས་ཤིང་ནམ་བཟའ་སྣུམ་བག་ཆགས་པ། ལྡེ་མིག་ཆུང་ངུ་མང་པོས་སྐུའི་སྐད་སོ་འཁོར་བ་གཤེགས་བཞུད་བྱེད་ཙ་ན། སྐུ་འགྱིང་མི་བྱེད་པར་གཤེགས་པ་གཅིག་ཕྱི་ནས་ནང་དུ་རྒྱངས་ཀྱིས་བྱོན་ཙ་ན། ཚེ་དང་ལྡན་པ་གཞོན་ནུ་མང་པོས་མདུན་ནས་བདུག་སྤོས་ཀྱི་དྲི་འབུལ་ཞིང་། རྒྱལ་པོ་དེ་ཡང་ཁྲི་ལས་ལངས་ཏེ་ལྡང་བ་བྱས་པ་དང་། རྒྱལ་པོ་ལངས་པ་དང་། པཎྜི་ཏ་དང་། རབ་ཏུ་བྱུང་བའི་ཚོགས་རྣམས་ཀྱང་ལྡང་བ་བྱས་ནས་གྲལ་གྱི་དཀྱིལ་སྟོད་ཅིག་ཏུ་བཞུགས་པ་མཐོང་། དེར་བདག་གི་བསམ་པ་ལ་ཐམས་ཅད་ཀྱིས་འདི་ལྟར་ལྡང་བ་དང་བཀུར་སྟི་བྱེད་པར་གདའ་བ་ལ། གྲལ་མཐོ་རྒྱུ་མི་སྣང་། འདི་ཡང་འདིའི་རྒྱལ་རྒྱུད་དམ། གནས་བརྟན་ནམ། ངོ་མཚར་ཅན་སུ་ཞིག་ཡིན། ཨ་ཏི་ཤ་རང་ཨེ་ཡིན་ནམ་སྙམ། འདི་ཨ་ཏི་ཤ་ཡིན་ནམ་ཞེས་དྲིས་པས། དེ་ཅི་ཟེར་བ། དཔའ་བོ་བཞད་པའི་རྡོ་རྗེ་ཞེས་བྱ་བ་གནས་ངེས་མེད་དུ་འབྱོན་པ་ཞིག་ཡིན་ཟེར། འོ་ན་འདི་ལ་ཡོན་ཏན་ཅི་ཙམ་ཞིག་ཡོད་དྲིས་པས། འདིའི་ཡོན་ཏན་གྱི་ཚོད་བདག་གིས་མི་ལོན་ཟེར་ནས་འཆད་དུ་མ་ཉན། དེ་ནས་བདག་གིས་གཙུག་ལག་ཁང་གི་སྒོ་དྲུང་དུ། ཤེས་རབ་སྙིང་པོ་སྟོན་པའི་སྐབས། གཟུགས་ནི་ཧ། ཚོར་བ་ནི་ཧ་བྱས་པས། པཎྜི་ཏ་གཞན་ཅི་ཡང་མི་ཟེར། ཇོ་བོ་བྱོན་ནས་ཞལ་འཛུམ་མཛད་ནས་བཞུགས་ཏེ། ཚེ་དང་ལྡན་པ་འོར་ཆེ་འོ་ནའང་འཕྲལ་སྐད་ཡིན། གཟུགས་ཨ། ཚོར་བ་ཨ་ཟེར་བ་ཡིན་གསུངས། དེར་བདག་གིས་རྟོག་པ་ལ་འདི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་པཎྜི་ཏ་ཁྱད་པར་ཅན་ཞིག་སྣང་། ཐུགས་ཅམ་ལ་ཐུགས་རྒྱལ་ཆུང་བ། དང་བ་འདྲེན་པ། གང་ལ་གང་གིས་སྐད་དུ་ཕན་སེམས་ཀྱིས་གསུང་འབྱོན་པ། ཇོ་བོ་གདན་མ་འདྲོངས་ཀྱང་། འདི་ཅིས་ཀྱང་གདན་འདྲོངས་པ་ཞིག་བྱེད་དགོས་སྙམ་མོ།།
ནངས་པར་གཟུགས་ཨ་ཚོར་བ་ཨ་བྱས་ཙ་ན། ཡང་ཇོ་བོ་ཞལ་འཛུམ་མཛད། ཚེ་དང་ལྡན་པ་དེ་ལའང་གྱོང་པོ་ཞིག་ལས་མི་ཡོང་བར་སྣང་། མགོན་པོ་སྤྱན་རས་གཟིགས་ཀྱི་གསུང་ཡིན། དེ་ལ་ངན་རྒྱུ་ཅང་མེད། གཟུགས་མེད་ཚོར་བ་མེད་བྱས་པས་ཆོག་གསུངས། དེར་བདག་ལྷག་པར་དད་པ་སྐྱེས་ཏེ་ཕྱི་ན་ཕར་ཕྱིན་ཙ་ན། སྤྲང་པོ་མང་པོ་ལ་བཤོས་དང་གཏོར་ཟན་མང་པོ་སྟེར་གྱིན་གདའ། དེར་སྤྲང་པོ་ཀུན་ལ་འདི་ཨ་ཏི་ཤ་ཨེ་ཡིན་དྲིས་པས། སྤྲང་པོ་ན་རེ། བྷིར་བ། བོད་ལ་ཨ་ཏི་ཤ་མི་སྐུར། ངེད་མགོན་མེད་རྣམས་ཀྱི་ལྟོ་སྐལ་མ་བཅད། ཨ་ཏི་ཤ་འདི་མིན་ཆེན་པོ་ཞིག་ཕག་ཅིག་ན་ཡོད་ཟེར།
ཡང་ནངས་པར་ཨ་ཏི་ཤ་སྤྲང་པོའི་ཚོགས་ལ་ཟན་བྱིན་པ་ན། སྤྲང་པོའི་ཕྲུ་གུ་གཅིག་སྐལ་བ་ཆད་ནས་སྤྲང་ཕྲུག་དེ་ཨ་ཏི་ཤའི་ཕྱི་ལ་རྒྱུག་ཅིང་། ཨ་ཏི་ཤ་བྷ་ལ་ཧོ། བྷ་ཧ་འོན་ཟེར་ཞིང་ཕྱི་ལ་རྒྱུག་པ་མཐོང་བ་དང་། འདི་མགོན་པོ་ཨ་ཏི་ཤ་ཡིན་སྙམ་ནས། ངེས་པར་བདག་ཡུས་ཀྱི་ལངས་ཏེ། མིག་མཆི་མས་གང་བཞིན་དུ་ཇོ་བོའི་ཕྱི་ལ་རྒྱུག །དེ་ནས་ཟམ་པ་ལ་ལྷུང་བར་ཉེ་བ་དང་ཁྱེ་རེ་བཞུགས་ནས་འདི་གསུངས། ཨེ་མ་བོད་ཀྱི་ཚེ་དང་ལྡན་པ་བདེན། མཆི་མ་མ་འབྱིན། ཁྱེད་བོད་ཀྱི་རྒྱལ་བློན་འབངས་དང་བཅས་པ་ལ་ཁོ་ནོངས། བདག་སྙིང་རིང་བ་མ་ཡིན། འདི་ལྟར་ན་སོ་ཡང་རྒས། ལྡེ་མིག་མང་པོ་འཛིན་དགོས་པ་བྱུང་། ད་རུང་ཁྱེད་བློས་མ་བཏང་བར་ཡོད་པ་ཡིན། དཀོན་མཆོག་ལ་གསོལ་བ་ཐོབ་གསུངས། དེ་སྐད་གསུངས་པ་ཙམ་གྱིས་ཀྱང་ཡུས་ཆེ་བའི་སྟོབས་ཀྱིས་མིག་མཆི་མས་འགགས་ཤིང་གཏམ་མ་ཐོན། དེར་ཇོ་བོས་མཆི་མ་དང་རིག་པ་གསོང་བའི་མན་ངག་ཏུ། གསུང་ཆེན་པོས་སྤུ་པ་ཏ་སོ་ངན་པ་ཅི་ཟེར་བ་ཡིན་གསུངས་པས་བྲེད་དངངས་པ་ལྟར་བྱས་ནས། མཆི་མ་སངས་པ་དང་། རྡོ་རྗེ་གདན་དུ་འདེངས་གསུངས་ནས་རྡོ་རྗེ་གདན་དུ་ཕྱིན་པ་དང་། དེར་བྱིས་པ་གཞོན་ནུ་དར་དཀར་གྱི་གོས་གྱོན་པ་ཤེལ་ཕྲེང་དང་དུང་ཕྲེང་བཏགས་པ། གཞུ་དཀར་པོ་གཅིག་ག་ཤར་གྱོན། ཤེལ་གྱི་མདའ་གཉིས་ལག་ན་ཐོགས་པ་གཅིག་བྱུང་ནས། ད་མགོན་པོ་བོད་དུ་འབྱོན་པར་ཞུ། བོད་ཀྱི་ཚེ་དང་ལྡན་པ་ཀུན་ཀྱང་སྙིང་རྗེ་མོད་ཟེར་ཕྱག་འཚལ་ཞིང་འདུག་པས། བོད་སྐད་སྨྲ་བའི་བྱིས་པ་སྙིང་སྡུག་པོ་འདི་སུ་ཡིན། གང་ན་ཡོད། ཇོ་བོ་ལ་འདྲི་དགོས་སྙམ་ནས་བྱིས་པ་དེ་སོང་བ་དང་། ཇོ་བོ་ལ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་བོད་འདི་མགུ་བར་དཀའ། ནངས་པར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས་མར་རྣལ་འབྱོར་མ་གར་སྟབས་ལིང་ངེ་ཞིག་ཡོང་གིས་དེ་ལ་དྲིས་གསུངས། ནངས་པར་དེ་སྒུགས་ཙ་ན་རྣལ་འབྱོར་མ་ཁྲི་སྙན་ས་ལེ་རྐེད་ལ་དཀྲིས་པ་ཌ་མ་རུ་ལག་ན་ཐོགས་པ། རལ་པས་དཔུང་པ་ནོན་པ་གཅིག་གར་སྟབས་ལིང་ངེ་བྱུང་། དེའི་མདུན་དུ་ཕྱིན་ནས་ཁ་སང་གི་ལོ་རྒྱུས་དེ་རྣམས་དྲིས་པས། ཁྱེད་བོད་ཀྱི་མིས་ངེད་རྒྱ་གར་བ་ལ་འདྲི་བ་ཟེར་ནས་ཞིབ་མོ་མི་འཆད་པར་ག་ཤེད་དུ་ཡུད་ཀྱིས་སོང་།
ཡང་ཇོ་བོ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གཤེགས་པའི་རྗེས་སུ་འབྲངས་ཏེ་ཕྱིན་པས། ཇོ་བོ་བྱང་ཆུབ་ཆེན་པོའི་དྲུང་ན་བཞུགས་པའི་གཡས་ན་ཁ་སང་གི་བྱིས་པ་དེ་སྣང་། གཡོན་ན་བུ་མོ་སྔོ་ལྗང་མ་གཅིག་སྣང་ནས་གཉིས་ཀའི་ལག་པའི་གྲུ་མོ་ཇོ་བོའི་པུས་མོའི་སྟེང་དུ་བཞག་ནས། གཅིག་གིས་གཅིག་ལ་ཟུར་མིག་བལྟ་ཞིང་འཛུམ་མཛད་ཀྱིན་གདའ། དེར་བདག་གི་རྟོག་པ་ལ། བུ་ཚ་བུ་མོ་གྲོང་པའི་ཆོས་ཀྱི་ཉོན་མོངས་པས་ཕན་ཚུན་གཅིག་གིས་གཅིག་ལ་བལྟ་བ་འདི་གཉིས་ཀྱི་དབུས་སུ་ཇོ་བོ་མི་བཞུགས་ཐང་སྙམ་པ་ལ། བུ་མོ་དེ་ན་རེ། རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །རྒྱལ་བར་གྲགས་ཀྱང་མ་རྒྱལ་ལྟ་བུར་སྟོན། །རྒྱལ་བ་ཡབ་སྲས་གཉིས་ལ་ཕྱག་འཚལ་ལོ། །ཟེར། བྱིས་པ་དེ་ན་རེ། གང་དུ་རྒྱལ་བའི་རྣམ་ཐར་སྐྱོང་བ་ན། །བུ་མོ་ཁྱོད་ཀྱང་བདག་གི་ཁྱིམ་འོང་ཞིང་། །བུ་དང་ལོངས་སྤྱོད་དཔལ་འབྱོར་སྤེལ་བ་དང་། །དགའ་བར་འགྲོགས་ཤིང་བར་ཆད་བསལ་འཚལ་ལོ། །ཧེ་ཧེ། ཇོ་བོ་བོད་དུ་འབྱོན་རན་པའི་ཚོད་ཡིན། སྲིབས་དྲོས་པའི་དུས་སུ་ཉིན་ཚིག་པ་འོང་བ་ཡིན་ཟེར་ནས་ཁོང་གཉིས་ག་ཤེད་དུ་སོང་། སྤྲུལ་པ་ཞིག་ཡིན་པར་ཤེས་ནས་མཐོང་ན་དགའ་ཞིང་འཁྲེང་བར་གྱུར།
ཡང་ཇོ་བོ་ལ་ཞུས་ཏེ་ཁ་སང་རྣལ་འབྱོར་མ་ལ་ཞུས་པས་ཀྱང་ཏིག་པ་ཞིག་མ་བྱུང་། དེ་རིང་ཡང་འདི་འདྲ། ལར་བོད་ནས་ལྷགས་ནས་ད་ལྟ་ཕན་ཆོད་དུ་ཕན་ཐོགས་ཀྱི་སྤྲུལ་པ་ཟམ་མ་ཆད་པ་ཞིག་བྱུང་བ་ཏིག་པ་ཞིག་མ་ཤེས་པར་རིམ་པར་ཞུས་པ་དེ་རྣམས་ཀྱང་གསུང་དུ་གསོལ། ད་ཕར་གཤེགས་པའི་གོ་ཆ་ཡང་མྱུར་དུ་མཛད་པ་ཞུ་ཞུས་པས། ཇོ་བོའི་ཞལ་ནས། བྲི་ཀ་མ་ལའི་རྒྱལ་པོའི་ཕོ་བྲང་གི་ལྷོ་ཕྱོགས་ན་བུ་མོ་རས་འཐག་པ་གཅིག་ཡོད་ཀྱི། དེ་ལ་དྲིས་གསུངས། དེ་ནས་བདག་གིས་དེའི་དྲུང་དུ་ཕྱིན་ཏེ། བྱུང་ཚུལ་རྣམས་དྲིས་པས། མོ་དགོད་ཆུང་ཞིག་བྱས་ནས། ཁྱེད་བོད་ན་དགེ་བསྙེན་གྲགས་པ་ཅན་བཟང་པོ་ཇི་འདྲ་ཡོད་ཟེར། དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་མཁས་བཙུན་བཟང་གསུམ་དུ་འཛོམས་པ་བོད་དབུས་པ་ཡིན་པ་གཅིག་ད་ལྟ་ཁམས་ན་ཡོད་པར་གདའ་བྱས་པས། དེའི་རུས་པ་ཅི་ཡིན་ཟེར། དེ་འབྲོམ་སྟོན་པར་གྲགས་བྱས་པས། བུ་མོ་ན་རེ། འབྲོམ་མིན་བྷྲུཾ་ཡིན། ཨུ་པ་སི་ཀ་དེ་དེང་སང་མདོ་ཁམས་པའི་ཆ་ལ་ཡོད། དང་པོ་བྱང་ཕྱོགས་རྩ་སྒྱེའི་ཕྱོགས་སུ་བལྟམས། ཨ་ཏི་ཤའི་སྲས་པོ་མ་ལགས་སམ་ཟེར། ཁྱོད་ཀྱིས་ཁོང་གི་མིང་རུས་གནས་གསུམ་ཤེས་བཞིན་དུ། ང་ལ་འདྲི་བའི་བློ་འབྲིད་མ་བྱེད་ཅིག །ཧ་རེ་ལོང་གི་རྫུས་རྟགས་མ་བྱེད་ཅིག །ཅེས་ཟེར་ཞིང་གླུ་སྐད་བླངས། ད་ངས་ཤེས་པར་སྣང་། བལ་པོའི་ལྗོངས་ཀྱི་མི་རེང་དེ་ནས་བཟུང་སྟེ། གཡུལ་ཁང་ནས་འདོན་མཁན། མཉན་པ་སྒོ་སྲུང་། སྒོ་སྤེའི་ནང་གི་རྒྱ། ནངས་པར་གྱི་བོད་ཕྲུག །སྲང་འགག་གི་དྲང་སྲོང་། གྲོང་ཁྱེར་དབུས་ཀྱི་སྤྲང་ཕྲུག །ཤེལ་མདའ་ཐོགས་པའི་བྱིས་པ། ཁ་སང་གི་བྱིས་པ་བུ་མོ་ལ་སོགས་པ་རྣམས་ཐམས་ཅད་འབྲོམ་སྟོན་པའི་སྤྲུལ་པར་སྣང་བ་ལ། རྒྱང་ཐོས་འདྲིས་མེད་ཀྱི་མི་ལ་དད་གུས་ཀྱི་ཞེན་པ་མ་སྐྱེས། ང་རང་འོན་ལོང་དུ་སོང་བ་མ་གཏོགས་པ། དེ་མགོན་པོ་སྤྱན་རས་གཟིགས་དངོས་ཡིན་པར་སྣང་བ་ལ། ཁོང་གི་དྲུང་དུ་ཕྱིན་ནས་གསོལ་བ་ཞིག་བཏབ་ན་དཀའ་ལས་འདི་ཙམ་ལ་མི་ཐུག་པ་ཡིན་ཏེ། ད་ནི་ཤེས་ནས་དད་པ་ཐོབ་པས་དུས་དང་གནས་སྐབས་ཐམས་ཅད་དུ་ཐུགས་རྗེས་གཟིགས་སྙམ་དུ་ངལ་སོས་པར་གྱུར་ཏེ། མགོན་པོ་ཨ་ཏི་ཤ་དེ་རིང་ངེད་གཉིས་པོས་འདི་ལྟར་སྙིང་ཐག་པའི་སྒོ་ནས་གསོལ་བ་བཏབ་ཀྱི་ཐུགས་བརྩེ་བས་དགོངས་ནས་ཅིས་ཀྱང་འབྱོན་པར་ཞུ་ཞུས་པ་དང་། མགོན་པོ་ཨ་ཏི་ཤའི་ཞལ་ནས། ཁྱེད་ལོ་ཙཱ་བ་རྣམས་ཤིན་ཏུ་མད། ཁ་སང་ལོ་ཙཱ་བ་བརྩོན་སེང་ཡང་། ཁོ་བོ་ལ་གཏམ་ལོ་རྒྱུས་ཁ་སྐད་འཆད་ཅིང་ཞུ་བ་ཆེན་པོ་བྱེད་དུ་བྱུང་། དེ་ཐོས་ནས་རྒྱལ་པོ་དེའི་རྣམ་པ་དྲན་ནས་ཁོ་བོ་ཡང་ཡིད་སྐྱོ་ཞིང་ཤེས་པ་འཁྲེང་། ལར་སྡིག་རྒྱལ་དེ་སྙིང་རྗེ། འགྲོ་ས་དམྱལ་བ་མིན་པ་མེད། བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེ་རེ་ཞིག་འོ་བརྒྱལ། འོན་ཀྱང་ད་ཚོད་དགའ་ལྡན་ན་ཡོད་དེ་མཆི། ཆོས་རྒྱལ་ལྷ་བཙུན་པ་ཤིན་ཏུ་མད། དུས་དང་གནས་སྐབས་ཐམས་ཅད་དུ་ཁོ་བོས་སྦྱང་གསུངས་ནས་སྤྱན་ཆབ་མང་པོ་འབྱིན། ད་ནི་བོད་ཀྱི་ཆོས་རྒྱལ་ཁུ་དབོན་རྣམས་ལ་བསམས་ནས། ལོ་ཙཱ་བ་རྣམ་པའི་དཀའ་སྤྱད་ལས་རོར་མ་སོང་བ་ཞིག་བྱ་གསུངས། དེ་ནས་ཞག་གསུམ་ལོན་པ་ན། ལུང་བསྟན་གྱི་སྐབས་བཞིན་རྒྱ་བརྩོན་སེང་ཁང་པར་ཞུ་བ་ཆེན་པོ་མཛད། དེ་ནས་ཇོ་བོས་ཀྱང་ཐག་ཆོད་ཀྱི་ཞལ་བཞེས་ཆེན་པོ་མཛད། དཔེ་ཆ་ལྷ་རྟེན་རྣམས་མཻ་ཏྲིའི་གཙུག་ལག་ཁང་དུ་བསྐྱལ་བ་དང་། གཙུག་ལག་ཁང་གི་ཉེར་ཐམས་ཅད་བྱས་ཟིན་པ། འཁྲེང་བ་ཐམས་ཅད་ཐག་བཅད་ཟིན་པའི་སྟོབས་ཀྱིས་བོད་ཀྱི་ལམ་དུ་འཇུག་པར་ཆས་པ་ན། ཁལ་དང་ཁུར་པོ་ལ་སོགས་པ་ལང་ལིང་ཆས་ན་ནི་གནས་བརྟན་རཏྣ་ཨཱ་ཀ་རས་ཚོར་གྱིས་དོགས་པ་དང་། དེ་དག་མེད་ན་ནི་དོས་དྲུག་རྩ་གཉིས་ཙམ་པ་མི་འདྲོངས་པར་གདའ་བས། ན་ཚོད་ཀྱང་ཐུགས་སུ་ཆུད་ནས་ཡོད་པ་ལས། ནུབ་ཅིག་མནལ་ཚབ་ཚུབ་ཅིག་ཙ་ན་གཡག་སུམ་ཅུ་རྩ་གཅིག་དེད་པའི་འབྲོག་པ་སྐ་རགས་བསྡམས་པ། ཞྭ་རྩེ་རིང་གྱོན་པའི་ཕ་བུ་གཉིས་བྱུང་ནས་ཀི་རྒྱངས་ཆེན་པོ་བྱས། མིས་མ་ཚོར་བར་ཁལ་ཐམས་ཅད་ལ་འུར་ཁོལ། ཡུལ་ཐག་རིང་པོར་འགྲོ་བ་ལ་སྔ་བར་ཆས་དགོས་པ་ཡིན་ཟེར་ཏེ། ནམ་ཕྱེད་ཡོལ་ཙམ་ལ་ཁལ་ཐམས་ཅད་བོད་དུ་བཀལ་ནས་སོང་། ཆུ་བོ་གངྒཱ་ལ་སོགས་ལ་ཅི་ཙུག་བྱས་ཆ་མེད། ནངས་པར་གནས་བརྟན་རཏྣ་ཨཱ་ཀ་རའི་དྲུང་དུ་ཕྱིན་ནས་ཇོ་བོས་ཞུ་བ་མཛད་དེ། གནས་བརྟན་ཆེན་པོའི་དྲུང་དུ་ཞུ་བ་ལ། བོད་ཀྱི་ཚེ་དང་ལྡན་པ་རྣམས། གནས་ཆེན་རྣམས་ཀྱི་གཙུག་ལག་ཁང་རྣམས་སྟོན་པ་དང་། དེ་དག་ཏུ་མཆོད་པ་རེ་སྐྱེལ་བ་ལ་འགྲོ་བས། དེའི་བར་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཆོས་སྤྱོད་ཀྱི་དུས་འདའ་ཞིང་བདེ་བར་བཞུགས་པ་ཞུ་གསུངས་པ་དང་། གནས་བརྟན་གྱིས་ཞལ་ནས་དེ་ལྟར་ཤིན་ཏུ་ལེགས། ངེད་ཀྱང་གཙུག་ལག་ཁང་རེ་རེ་བལྟ་ཞིང་ཞག་ཤས་རྗེས་སུ་འཇུག་པ་ཞུ་ཞེས་གསུངས་ནས། གནས་ཆེན་མང་རབ་ཏུ་བྱོན་པའི་མཐའ་མ་ལ། གནས་བརྟན་ཆེན་པོ། ངེད་མཻ་ཏྲིའི་གཙུག་ལག་ཁང་དུ་འགྲོ་བས། ཁྱེད་བཤུལ་ཐག་རིང་པོར་འོ་བརྒྱལ་ཞིང་དུབ་པར་འགྱུར་ལགས་ཞེས་ཞུས་པ་དང་། གནས་བརྟན་གྱིས་ཀྱང་ད་ནི་བོད་དུ་གཤེགས་པར་སྣང་སྙམ་དུ་རྫི་རིག་ནས། ནག་ཚོ་ལ་གསུང་བྱོན་པ། བོད་ཀྱི་ཚེ་དང་ལྡན་པ་ཁྱོད་ང་ལ་སློབ་གཉེར་ལ་འོངས་པ་ཡིན་ཟེར་ནས། ངའི་པཎྜི་ཏ་རྐུར་འོངས་པར་སྣང་ལགས་ཏེ། གཡག་གི་ར་བར་པཎྜི་ཏ་གཏང་བ་བཞིན་དུ། བོད་བ་ལང་གི་ཁྲོད་དུ་པཎྜི་ཏ་བྱོན་ཀྱང་། ངན་པ་རེ་རེ་གཉིས་གཉིས་ཀྱིས་སྐུར་བ་འདེབས་པ་ལས་འགྲོ་དོན་གྱི་བྱིན་རླབས་མི་མཆི། འོན་ཀྱང་ད་རེས་པཎྜི་ཏ་མི་གཏོང་ཡང་ང་ལ་དབང་ཡོད་དེ། བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ལ་སེམས་ཤིན་ཏུ་བརྩེ་བར་ཡོད་པ་དང་། ཁྱོད་ངའི་ཆོས་ཀྱི་འབྲེལ་བའི་སློབ་མ་ཡིན་པས། ད་རེས་བོད་དུ་ལོ་གསུམ་སྤྱན་དྲོངས་ལ་དེ་ནས་ངའི་པཎྜི་ཏ་ཚུར་སྐྱོལ། དེ་ལ་ཚུར་སྤྱན་མ་དྲངས་ན་འོ་ཅག་གཉིས་དམ་ཚིག་མེད་པ་ཡིན་ནོ། །ཞེས་གསུངས་པ་དང་། གུང་ཐང་པའི་བསམ་པ་ལ་རྒྱ་བོད་གཉིས་ཀྱི་ས་ཐག་གི་ཁྱད་ལ། ལོ་གསུམ་པོའི་ཕར་འགྲོ་ཚུར་འགྲོ་དང་། ཡམ་ཡམ་ལ་འཛད། བོད་རང་དུ་ལོ་གསུམ་ལྷན་ནེ་བཞུགས་པའི་དབང་དུ་བྱས་ཀྱང་། དེའི་རིང་ལ་བོད་ཀྱིས་ཡོན་ཏན་མི་ཆོད། ལོ་གསུམ་ནས་ཚུར་སྤྱན་དྲངས་ན་ནི། པཎྜི་ཏ་སྤྱན་དྲངས་ཀྱང་དགོས་པ་ཆེན་པོ་མི་ཡོང་བར་སྣང་། དེ་ལ་གདན་མ་དྲངས་ན་ནི་དམ་ཉམས་ཤིག་འོང་བར་སྣང་། གང་ལྟར་དྲག་གམ་སྙམ་ནས། བྱེ་སྟོང་ཞིག་ཏུ་མཆི་མ་འབྱིན་ཞིང་བསྡད་པས། རྟ་པ་གཞོན་ནུ་དཀར་ཙེ་རེ་བ་གཅིག་ཤེལ་གྱི་འཁར་བ་ཐོགས་ནས་ཁོང་གི་རྩར་རྒྱངས་ཀྱིས་བྱུང་ནས། ཁྱོད་རབ་ཏུ་བྱུང་བའི་ཆ་ལུགས་ཤིག་འདི་ལྟར་སེམས་གདུང་བས་ཅི་ཉེས་ཟེར་བ་དང་། རྒྱུ་མཚན་རྣམས་སྨྲས་པས། བྱིས་པ་ན་རེ། འཇིག་རྟེན་ན་ནི་ཕན་པར་སློབ་པ་དཀོན། །དེ་བས་དེ་ལ་ཉན་པར་བྱེད་པ་དཀོན། །བྱ་བ་ཡིན། ངས་ཐབས་གཅིག་བསླབས་ན་བཞེད་དམ་ཟེར་བ་ལ། སྔར་ཡང་འདི་འདྲའི་རིགས་རྣམས་ལ་ཕྱག་འཚལ་བ་མ་བྱུང་། ད་རེས་ཕྱག་གཅིག་བཙལ་ནས་ཞུ་དགོས་སྙམ་ནས་ཕྱག་བཙལ་བ་དང་། ཁོང་ན་རེ། ཚུལ་ཁྲིམས་གོས་ཅན་ཇི་ལྟར་ངན་གྱུར་ཀྱང་། །ཐ་མལ་ལུས་ལ་ཕྱག་གིས་མཆོད་མི་རིགས། །བྱ་བ་ཡིན་པས་ཕྱག་མ་མཛད་པར་ཕན་པ་བྱ་བ་འདི་ལོངས། སྐབས་ཀྱི་དོན་ལ་ཁྱོད་དམ་ཚིག་མི་ཉམས་ཤིང་། ཨ་ཏི་ཤ་ཇི་སྲིད་འཚོ་བའི་བར་དུ་བོད་དུ་བཞུགས་པའི་ཐབས་ཤིག་བྱེད་ན་ནངས་པར་བོད་དུ་འགྲོ་ཁར། གནས་བརྟན་རཏྣ་ཨཱ་ཀ་རའི་ཞབས་ལ་ཕྱག་འཚོལ། བདག་ལ་ཐུགས་རྗེས་འཛིན་པར་ཞུ་གྱིས་ལ་ཞབས་དབང་ཞིག་ཀྱང་ཞུས། མ་མཇལ་བར་དུ་སྐུ་ཁམས་བཟང་པོ་མཛོད་ཅེས་པའི་ཞུ་བ་ཡང་གྱིས། དེ་ཡིས་གནས་བརྟན་འདི་སྐད་གསུང་དུ་འོང་། ཁ་སང་ཞུས་པ་བཞིན་དུ་པཎྜི་ཏ་ལོ་གསུམ་ནས་ཚུར་སྐྱོལ། ལོ་གསུམ་གྱི་རིང་ལ་ཡོན་ཏན་ཆོད་པར་གྱིས་གསུང་དུ་འོང་གིས། ཁྱེད་རང་དཔོན་གཡོག་ལ་སྙུང་གཞི་ལ་སོགས་པ་མེད་པར་བྲི་ཀ་མ་ལར་སླེབས་པ་གྱིས་བྱོན། ཁྱེད་རང་གི་སློབ་གཉེར་གྱི་འཕྲོ་ཡང་གྱིས་ཟེར་དུ་འོང་གིས། དེའི་དུས་སུ་ཞུ་བ་འདི་མཛོད། བླ་མས་གསུངས་པ་བཞིན་བགྱི་ལགས། འོན་ཀྱང་ཞུ་བ་ཆེན་པོ་གསུམ་ཡོད་པས། གཉིས་ཁྱེད་ཀྱི་སྟེང་དུ་གཏོང་བ་ཞུ། གཅིག་བདག་གི་སྟེང་དུ་གཏོང་བ་ཞུ། དེ་ལ་བདག་གིས། ཇོ་བོ་སྤྱན་རས་གཟིགས་དང་བསྟན་པའི་གཙོ་བོ་གཉིས་ལ། གནས་བརྟན་ཆེན་པོའི་གསུང་ནི་འདི་འདྲ། བོད་ཀྱི་གཤིས་ལུགས་ནི་འདི་འདྲ། ཨ་ཏི་ཤས་ཕྱིར་རྒྱ་གར་དུ་སྤྱན་དྲོངས་གསུངས་ན། རྒྱ་གར་དུ་གདན་འདྲེན། བོད་དུ་བཞུགས་གསུངས་ན་བོད་དུ་བཞུགས། འོན་ཏེ་གང་ཡང་ལུང་མི་སྟོན་ན་རྒྱ་གར་ཉིད་དུ་གདན་འདྲེན་པར་ཞུ། དེ་ཁྱེད་ཀྱིས་གནང་དགོས་ཞུས་པ་དང་། དེ་ཙ་ན་ཚེ་དང་ལྡན་པའི་སྟེང་དུ་འོང་གིས་གསུངས་པས། ཤིན་ཏུ་ཡིད་དགའ་ནས། ནངས་པར་དེ་ཁོ་ན་བཞིན་བྱུང་སྟེ། གནས་བརྟན་གྱིས་ཞལ་ནས་དེ་ཙུག་ཡིན། གསོལ་བ། སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་གསོལ་བ་འདེབས་དགོས་པ་ཡིན། ཁོང་གིས་ལོག་པ་གང་ནས་གསུངས། ཁོང་གི་ཞལ་ནས། ཚུར་སྐྱོལ་གསུངས་ན་ཚུར་སྐྱོལ། ཞོག་གསུངས་ན་ཞོག །གང་ཡང་ལུང་མི་སྟོན་ན་ཚུར་སྐྱོལ། ཚེ་དང་ལྡན་པ། ཨ་ཏི་ཤ་མེད་ན་རྒྱ་གར་མུན་སྲོས་ནས་ཆ་བར་ཡོང་བ་ཡིན། དེ་ཅི་ཡིན་ཞེ་ན། སྡེ་པ་མང་པོ་འཇིག །གཙུག་ལག་ཁང་མང་པོ་སྟོང་འགྲོ། ཏུ་རུ་ཀའི་དམག་མང་པོ་ཡོང་བར་ཡོད་པ་ཡིན། དེ་ལ་སོམས་ལ་ཁྱེད་སྐུ་འཁོར་དང་བཅས་པ་ཐམས་ཅད་གནོད་པ་མ་མཆིས་པར་འགྲོ་དོན་ལ་འབྱོན་པར་ཞུ་ཞེས་བཀྲ་ཤིས་བརྗོད་བཞིན་དུ་ཐམས་ཅད་དགའ་གྱེས་བྱས་སོ།།
ཇོ་བོའི་ཞལ་ནས། ལོ་ཙཱ་བ་ལ་གསེར་དེ་ཁྱེར་ལ་ཤོག་གསུངས་ནས། གསེར་ལིང་པ་དེ་ཆ་བཞིར་བྱས་ཏེ། ཆ་གཅིག་ཇོ་བོའི་བླ་མ་རྣམས་ལ་བསྔོས། ཆ་གཅིག་རྡོ་རྗེ་གདན་དུ་མཆོད་པ་ལ་བསྔོས། ཆ་གཅིག་གནས་བརྟན་རཏྣ་ཨཱ་ཀ་རས་དབུ་མཛད་པའི་བྲི་ཀ་མ་ལ་ཤཱི་ལའི་དགེ་འདུན་རྣམས་ལ་བསྔོས། ཆ་གཅིག་རྒྱལ་པོ་ལ་གཏད་ནས་བླ་མཆོད་དུ་བསྔོས། གཉེར་ཐམས་ཅད་ཇོ་བོའི་ཐུགས་ཟིན་པས་གནས་བརྟན་རཏྣ་ཨཱ་ཀ་ར་ལ་བཅོལ་བ་མཛད་དོ།།
སྐབས་འདི་དག་གི་ཚེ་དམ་པའི་ཆོས་བསྒྱུར་བ་ནི། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཆུང་དང་། སངས་རྒྱས་ཀྱི་ས་དང་། ཤེས་རབ་སྙིང་པོའི་འགྲེལ་པ་སློབ་དཔོན་བྲམ་ཟེ་ཛེ་ཏ་རིས་མཛད་པ་དང་། སྨན་དཔྱད་འཚོ་བའི་སྙིང་པོ་དང་། བདུད་རྩི་ཟ་མ་ཏོག་ཁ་འབྱེད་རྣམས་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེ་ནས་པཎྜི་ཏ་སའི་སྙིང་པོ་ལ་སོགས་པ་འཁོར་ཉི་ཤུ་ཙམ་དང་བཅས་པ་ལ། རྒྱ་གར་མཐའ་འཁོབ་ཀྱི་སའི་ཆ་ན་གཙུག་ལག་ཁང་ཆུང་ངུ་ཞིག་འདུག་པ་དེ་ན་གནས་པའི་དགེ་འདུན་རྣམས་ཀྱིས་སྣ་ལེན་བཟང་པོ་ཞིག་བྱས། ཇོ་བོ་བོད་དུ་བྱོན་ན་རྒྱ་གར་གྱི་བསྟན་པ་ནུབ་པ་དང་འདྲ་བ་ཡིན་པས་བཤོལ་བཏབ་དགོས་ཞེས་གྲོས་བྱས་པས། དཔོན་དེ་ན་རེ། བྲི་ཀ་མ་ལ་ཤཱི་ལའི་དགེ་འདུན་རྣམས་ཀྱིས་ཀྱང་བཤོལ་མ་ཐེབས་པས་ངེད་ཀྱིས་བཤོལ་མི་ཐེབས་ཟེར་ནས་བཞག་གོ །དེ་ནས་ཇོ་བོ་དཔོན་གཡོག་རྒྱ་གར་མཐའ་འཁོབ་ནས་ཚུར་བྱོན་པ་དང་། མུ་སྟེགས་ཀྱི་གནས་གཅིག་འདུག །དེ་ན་མུ་སྟེགས་ཀྱི་སྟོན་པ་བཅོ་ལྔ་འདུག་སྟེ། དེ་རྣམས་ཀྱིས་ཇོ་བོ་ལ་མུ་སྟེགས་ཀྱིས་ཆོས་མང་པོ་དྲིས། ཇོ་བོ་ཕྱི་རིག་པ་ཞེས་མུ་སྟེགས་ཀྱི་ཆོས་ལའང་ཤིན་ཏུ་མཁས་པས་དེ་རྣམས་ལ་ཉིན་ཧྲིལ་གྱིས་ཁོ་རང་ཚོའི་སྣང་བ་དང་མཐུན་པའི་ཆོས་གསུངས་པས། སྟོན་པ་བཅོ་ལྔ་ཡིད་རང་ནས་གདུགས་བཅོ་ལྔ་ཕུལ་ནས། ཇོ་བོ་བཀའ་འཁོར་གྱི་ནང་དུ་བསྐྱལ། ཇོ་བོའི་ཞལ་ནས། ཁོ་བོས་མུ་སྟེགས་པ་རྣམས་དགའ་བར་བགྱིས་གསུངས།
ཡང་མཻ་ཏྲིའི་གཙུག་ལག་ཁང་བསྒྲལ་ནས་མཐའ་འཁོབ་ནས་ཕར་སླེབས་ཙ་ན། དབང་ཕྱུག་དང་ཤེད་བུ་སེར་སྐྱའི་བུ་རྒྱུད་ལ་སོགས་པའི་མུ་སྟེགས་པ་དག་གིས་ཚོར་ནས། གཅེར་བུ་པ་བཅོ་བརྒྱད་རྫུ་འཕྲུལ་གྱིས་ང་རྒྱལ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་ཕྲག་དོག་གི་དབང་གིས་ལྷགས་ནས། རྒྱ་བརྩོན་སེང་དཔོན་གཡོག་གསུམ། གུང་ཐང་པ་དཔོན་གཡོག་བདུན། ཇོ་བོ་དཔོན་གཡོག་ཉི་ཤུ་རྩ་གཉིས། མདོར་ན་དཔོན་གཡོག་སུམ་རྩ་ལྔ་ལ་བར་ཆད་བྱེད་པར་བརྩམས་ནས། ཁྱེད་དཀར་པོ་གཅིག་བྱུང་ནས་ཁྱེད་རང་དཔོན་གཡོག་ཐུགས་སྙོམས་པར་བྱོན་ཞིག །ངས་སྲིང་མོ་ཆུང་ཞིག་ཡོད་པ་གཏང་གི་ཟེར་ནས། རེ་ཞིག་ནས་བུ་མོ་སྔོ་ལྗང་མ་གཅིག་བྱུང་ནས། ཇོ་བོ་ལ་བྱེ་མ་སྙིམ་པ་གང་འབུལ་བ་ལོ་ཙཱ་བས་མཐོང་ཞིང་། དེར་ཇོ་བོས་སྒྲོལ་མའི་བསྐྱེད་རིམ་གྱིས་རེངས་པར་བྱེད་པའི་ཇག་འཆང་མཛད་པས། ཐམས་ཅད་བོད་མོར་ཁག་བཅོ་བརྒྱད་སོང་། དེ་ནས་བལ་པོའི་མཐའ་ལོགས་སུ་སླེབས་པ་དང་། བདུད་མུ་སྟེགས་བསམ་པ་ངན་པས་རང་ཕུང་བར་བྱེད་པ་ཡིན་གསུངས་ནས། བྱེ་མ་ལ་འཇིགས་པའི་སྔགས་བཏབ་ནས་ཚོང་པ་ལ་བསྐུར་ནས། ལམ་ཁ་ན་གཅེར་བུ་པ་འདི་འདྲ་ཡོད་པས་དེ་རྣམས་ལ་བྱེ་མ་འདི་འཐོར་ཞིག །དེའི་དུས་སུ་ལངས་ནས་འོང་སྟེ་ཁྱེད་རྣམས་བྲེལ་མི་དགོས། ངེད་ཀྱིས་མུ་སྟེགས་བསམ་པ་ངན་པ་བཅིངས་པ་ཡིན་གསུངས། དེ་ནས་ཚོང་པ་རྣམས་ཀྱིས་དེ་བཞིན་དུ་བྱེ་མ་ཁྱེར་ཏེ། གཅེར་བུ་པ་རྣམས་ལ་བཏབ་པས། ཐམས་ཅད་མིག་ཧུར་ཧུར་གཟུགས་ཁྱོར་ཁྱོར་བྱུང་ནས་ཚོང་པ་དག་ལ་ངེད་རྣམས་ལ་ཅི་བྱུང་བ་ཡིན་ཟེར་བ་དང་། ཚོང་པ་རྣམས་ཀྱིས་སྨྲས་པ། འགྲོ་བའི་མགོན་པོ་ཨ་ཏི་ཤ་ལ་བར་ཆད་བྱེད་པར་བརྩམས་པས་མགོན་པོས་རེ་ཞིག་བཅིངས་ཏེ། དེང་སང་སྙིང་རྗེ་ཆེན་པོས་སླར་བཤིག་གོ །མུ་སྟེགས་ཀྱིས་སྨྲས་པ། ངེད་ལ་ད་རུང་བར་ཆད་བྱེད་པའི་ནུས་པ་ཡོད་དེ། ཁོང་ལ་ནུས་པ་ཡོད་བཞིན་དུ་བདག་ཅག་བཀྲོལ་བས། ད་ནི་ཁོང་གི་ཕྱོགས་སུ་བར་ཆད་གཞན་ཡང་བཟློག་པར་བགྱིའོ་ཞེས་ལོག་གོ།
ཡང་རྒྱ་གར་མཐའ་འཁོབ་ནས་ཚུར་བྱོན་དུས། འབྲོག་པ་བསྐྱས་པའི་རྗེས་ནས་ཁྱི་གུ་གསུམ་ལུས་ནས་འདུག་པ་ཇོ་བོས་གཟིགས་ནས། ཁྱིའི་བུ་ཆུང་སྙིང་རྗེ་གསུངས་ནས། ནམ་བཟའི་ལྷབས་སུ་བཅུག་སྟེ་བྱོན་ནས། བལ་པོ་དང་ཉེ་བའི་མཐའ་འཁོབ་ཏུ་བཞུགས་པ་ལ། ཡུལ་དེའི་རྒྱལ་པོའི་བུ་བརྡ་མ་འཕྲད་པ་གཅིག་ན་རེ། ཇོ་བོ་ལ་ཙན་དན་ལས་བྱས་པའི་ཁྲིའུ་ཤིན་ཏུ་ལེགས་པ་ཞིག་ཡོད་འདུག་པས་དེ་བླངས་ཟེར། ཇོ་བོའི་ཞལ་ནས་ང་བོད་དུ་སྐྱས་བྱེད་པ་ཡིན་གསུངས་ནས་མ་གནང་བས། ནངས་པར་རྒྱལ་པོ་དེས་ཆོམ་རྐུན་དགུག་ཏུ་གཏང་བས། ཇོ་བོའི་ཞལ་ནས། རི་བྲག་པ་དེ་ནངས་པར་འདི་འཕྲོག་ཏུ་འོང་བ་འདུག་གསུངས་ནས། དེར་ནངས་པར་ཆོམ་རྐུན་དང་འཕྲད་པའི་ཚེ། ཇོ་བོས་ས་ལ་སྔགས་བཏབ་ནས་སྔོན་ལ་གཤེགས། བྱིན་པོ་ཕྱི་ནས་ཕྱིན་པའི་ཆོམ་རྐུན་རྣམས་ལམ་བཞུད་བཀག་སྟེ་འདུག་པ་ལ་འགོངས་ཤིང་ཕྱིན་པས། མིག་ཅེ་རེ་མ་མཐོང་བ་འདུག་སྟེ། སྒྲོལ་མའི་ཇག་ཆིངས་མཛད་པ་ཡིན་གསུངས་སྐད།
དེ་ནས་ཇོ་བོ་དཔོན་གཡོག་རྣམས་ཀྱིས་བལ་པོར་མ་སླེབས་པའི་མཚམས་ཤིག་ཏུ། འབྲོག་པ་གཞོན་ནུ་མ་གཅིག །ཕད་བུའི་ཐུམ་ཐུམ་ཞིག་ཁུར་ནས་ཕྱི་ཟིན་བྱུང་བས་ཇོ་བོའི་ཞལ་ནས། ཁྱེད་ཀྱིས་ཁལ་མ་མི་འདེད་པར་གང་ཕྱིན་གསུངས། བྱིས་པ་ན་རེ། ངེད་བོད་བྱོལ་སོང་ལྟ་བུའི་མི་བླུན་པོ་འདུལ་བ་ལ་མཁོ་བའི་ནོར་གཅིག་ཡོད་པ་དེ་ལི་ཡུལ་དུ་བཞག་ནས་ཐམས་ཅད་མཁྱེན་པ་རང་ཐུགས་མི་གསལ་བ་ཟེར། ཇོ་བོའི་ཞལ། བྱིས་པ་འདོད་ཆགས་ཅན། ཁོ་བོ་ཤེས་པ་མི་གསལ་བ་མིན། ལི་ཡུལ་གྱི་བདེ་སྐྱིད་ཐམས་ཅད་ཕད་བུ་རྩུབ་མོ་འདི་ལ་རེ་བ་ཡིན། ལིའི་རྒྱལ་པོ་བདེ་སྐྱིད་དང་བྲལ། ལིའི་རྒྱལ་པོ་མ་བཀྲོངས་ན་རུང་། ལིའི་རྒྱལ་པོས་འཕྲིན་ཡིག་གཅིག་བསྐུར་གསུངས། ཕད་བུའི་ནང་ནས་ཏ་ལའི་ལོ་མ་ལ་བྲིས་པའི་ཡི་གེ་གཅིག་ཕྱུང་ནས། ཨ་ཏི་ཤའི་ཕྱག་ཏུ་ཕུལ་བ་དང་། དེའི་ནང་ན་མར། འོད་དཔག་མེད་ཀྱི་ཞབས་དྲུང་དུ། སྙིང་རྗེ་ཆེན་པོའི་ཕོ་བྲང་དུ། །ལིའི་རྒྱལ་པོར་མངའ་གསོལ་བའི། །དགེ་བའི་བློ་གྲོས་བདག་གིས་ནི། །གུས་པའི་དབང་པོ་མ་མཉམ་པར། །གསང་བའི་བདེན་ཚིག་འདི་ཕུལ་བ། །པོ་ཏ་ལའི་ཕོ་བྲང་དུ། །རྗེ་བཙུན་སྤྱན་རས་གཟིགས་དབང་ལ། །གསང་བའི་བདག་པོས་མངའ་གསོལ་བ། །མཐའ་འཁོབ་སྐྱེ་བོའི་འདུལ་བའི་ཕྱིར། །འཇམ་དཔལ་རྡོ་རྗེ་མཛེས་པ་འདི། །ནོར་བུ་རིན་ཆེན་དུ་མ་ལ། །སྤྱན་རས་གཟིགས་ཀྱིས་མངོན་སུམ་དུ། །དཀྲོང་བསྐྱེད་ཆེན་པོར་བཞེངས་པ་ལགས། །རབ་གནས་འོད་དཔག་མེད་པ་དང་། །རིགས་གསུམ་མགོན་པོས་མངོན་སུམ་མཛད། །བདེ་བ་ཅན་དུ་སྤྱན་དྲངས་ནས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་ཐོས། །འོད་དཔག་མེད་ཀྱིས་ཐུགས་དམ་མཛད། །ལྕང་ལོ་ཅན་དུ་སྤྱན་དྲངས་ནས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་ཐོས། །རྡོ་རྗེ་འཛིན་པས་ཐུགས་དམ་མཛད། །པོ་ཏ་ལ་རུ་སྤྱན་དྲངས་ནས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་ཐོས། །སྤྱན་རས་གཟིགས་ཀྱིས་ཐུགས་དམ་མཛད། །མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། །རི་བོ་རྩེ་ལྔ་དག་ལ་བྱོན། །འཇམ་དཔལ་དཔའ་བོ་རང་བྱོན་ནས། །མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་གསོལ། །
དེ་ནས་ཨུ་རྒྱན་ཡུལ་དུ་བྱོན། །ཨིནྡྲ་བོ་དྷཱིས་ཐུགས་དམ་མཛད། །མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་ཐོས། །དེ་རྗེས་ལྕམ་མོ་ལེགས་སྨིན་གྱིས། །ཨུ་རྒྱན་ཡུལ་དུ་ཐུགས་དམ་མཛད། །དེ་ནས་ཀླུ་མོ་རྣལ་འབྱོར་མས། །མི་ལོ་ལྔ་བཅུར་ཐུགས་དམ་མཛད། །དེ་ཡིས་ས་ར་ཧ་ལ་གནང་། །མི་ལོ་སུམ་བརྒྱར་ཐུགས་དམ་མཛད། །དེ་ནས་ཀླུ་སྒྲུབ་སྙིང་པོ་ཡིས། །མི་ལོ་ཉིས་བརྒྱར་ཐུགས་དམ་མཛད། །དེ་ནས་ཙནྡྲ་ཀིརྟི་ཡིས། །མི་ལོ་བརྒྱ་ཙམ་ཐུགས་དམ་མཛད། །དེ་ཡིས་བིརྱ་པ་ལ་གནང་། །མི་ལོ་སུམ་ཅུ་ཐུགས་དམ་མཛད། །དེ་ཡིས་མཻ་ཏྲི་པ་ལ་གནང་། །མི་ལོ་ཉི་ཤུར་ཐུགས་དམ་མཛད། །དེ་ནས་ལིའི་ཡུལ་དུ་བྱོན། །ཆོས་རྒྱལ་དཀོན་མཆོག་འཕེལ་གྱིས་ཀྱང་། །མི་ལོ་སུམ་ཅུར་ཐུགས་དམ་མཛད། །བདེ་སྐྱིད་ཐམས་ཅད་འདི་ལས་འབྱུང་། །དེ་ནས་ཆོས་རྒྱལ་དམ་པ་དེས། །དགེ་བའི་བློ་གྲོས་བདག་ལ་བྱིན། །མི་ལོ་ལྔ་བཅུར་ལྷ་འདི་མཆོད། །ཉིན་མཚན་དུས་དྲུག་ཐམས་ཅད་དུ། །གུས་པ་ཆེན་པོས་གསོལ་བ་བཏབ། །དེ་ལ་བརྟེན་ནས་ལི་ཡུལ་དུ། །བཀྲ་ཤིས་བདེ་སྐྱིད་ཐམས་ཅད་འབྱུང་། །དེང་སང་འདིའི་སྤྱན་མངའ་ན། །གསོལ་བ་འདེབས་ཀྱིན་ཡོད་པ་ལ། །ཆོས་རྒྱལ་ཁྱེད་ཀྱིས་ཞབས་དྲུང་ནས། །སྤྲུལ་པའི་ཁྱེའུ་འདི་བཏང་ནས། །ཁོ་བོ་མཐའ་འཁོབ་འདུལ་དུ་འགྲོ། །སྤྱན་རས་གཟིགས་ཀྱིས་བཞེངས་པ་ཡི། །མཐའ་འཁོབ་འདུལ་བའི་ལྷ་དེ་སྐུར། །ཁ་བ་ཅན་གྱི་བྱང་ཕྱོགས་ན། །ཀ་བ་འབུམ་ཕྲག་བཅུ་དང་ནི། །བཞི་བཅུར་ལྷག་པ་བཞེངས་པ་ཡི། །གཙུག་ལག་ཁང་གི་ཕོ་བྲང་དུ། །ཁྱེད་ཀྱིས་མཆོད་པ་ལས་ལྷག་པའི། །སྤང་སྤོས་ཤུག་སྤོས་རྒྱུན་མི་ཆད། །ཤང་ཤང་ཤུག་པའི་ནགས་ཁྲོད་དུ། །སྣ་ཚོགས་མེ་ཏོག་འདི་ལ་འབུལ། །ཡོན་ཆབ་ཆུ་བོ་རྒྱུན་མི་ཆད། །སྤང་ལྗོངས་མཛེས་པ་འདི་ལ་འབུལ། །རྒྱལ་སྲིད་བདུན་གྱིས་ཕྱོགས་བསྐོར་ནས། །འཁོར་ལོ་རྩིབས་བརྒྱད་འདི་ལ་འབུལ། །ཆུ་མིག་བརྒྱ་ཕྲག་རྫིང་བུར་བཅས། །བྱ་ཚོགས་སྐད་སྙན་འདི་ལ་འབུལ། །བཀྲ་ཤིས་སྐྱེ་བོ་ཕུན་སུམ་ཚོགས། །དགེ་འདུན་རྒྱ་མཚོ་འདི་ལ་འབུལ། །དེ་ཕྱིར་ལྷ་འདི་སྐུར་ཞེས་བྱུང་། །དེ་ནས་ལིའི་རྒྱལ་པོ་ངས། །ཉིན་ལམ་བར་དུ་འཕྲེང་བཞིན་བསྐྱལ། །ཤེས་པ་མ་དག་མཆི་མས་བརླན། །ད་ནི་ཁྱེད་ཀྱིས་ཚེ་རབས་སུ། །དཀོན་མཆོག་གསུམ་གྱིས་སྐྱབས་འོག་ཏུ། །ཐུགས་རྗེའི་ལྕགས་ཀྱུས་བདག་བཟུང་ནས། །ཚོགས་གཉིས་དཔལ་གྱིས་བསྐྱབ་ཏུ་གསོལ། །ཞེས་པའི་འཕྲིན་ཡིག་གདའ་བ་དང་། ཇོ་བོའི་ཞལ་ནས་ཀྱང་། ལིའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཐུགས་རེ་འཁྲེང་ཨང་གསུངས། ཐུགས་བརྩེ་བར་མཛད།
དེ་ནས་འཕགས་པ་ཤིང་ཀུན་ཏུ་ཕྱག་ཕེབས་པ་དང་། དོས་དང་གཡག་རྣམས་ཀྱང་དེ་ན་གདའ། ནས་དོས་ཐམས་ཅད་རྩིག་པ་བྱས། ལྷ་བཙུན་པའི་བསུ་བ་རྟ་པ་གཙོ་བོ་མི་དྲུག་ཀྱང་དེ་ན་སླེབས་ནས། བོད་ལུགས་ཀྱི་ཇ་ཐབ་ཆེན་པོ་དང་། གདན་གྱི་བཀོད་པ་ཆེན་པོ་བཤམས་པ་དང་། དཀར་ཡོལ་ལ་སོགས་པ་སྣོད་ཀྱི་བྱི་དོར་དང་། ལག་བདེ་བ་བདེ་ལག་ཅན་མང་པོས་གུས་པའི་གདོང་གསོལ་བྱེད་པ་དང་། བལ་མོ་གཞོན་ནུ་མ་མང་པོས་གླུ་གར་གྱིས་མཆོད་པ་དང་། འཕགས་པ་ཤིང་ཀུན་བལྟ་བས་ཆོག་མི་ཤེས་པ་དེ་ལ་སོགས་པ་ཡ་མཚན་ཅན་མང་པོ་རྣམས་གཟིགས་པས་ཇོ་བོ་ཤིན་ཏུ་མཉེས།
དེ་ནས་ཇོ་བོ་ཨ་ཏི་ཤ་ལའི་བསིལ་གྲིབ་ལ་གདན་མཐོན་པོ་བཤམས་པའི་གོང་ལ་བཞུགས། ཇོ་བོའི་གཡས་སུ་རྒྱ་བརྩོན་སེང་གིས་དབུ་བགྱིས་པའི་བོད་པ་རྣམས་དང་། གཡོན་དུ་བིརྱ་ཙནྡྲ་ལ་སོགས་པའི་རྒྱ་གར་བ་རྣམས་བསྒྲིགས། དབུས་གྲལ་གྱི་མགོར་རྒྱལ་པོ་སའི་སཾ་གྷའི་ཁྲི་བཤམས། གྲལ་ལ་འཁོད་ཟིན་པ་དང་། ཇ་བུར་འདྲེན་པ་གུ་ཆུ་རུབ་བྱས་པ་དང་། ཇོ་བོ་ལ་བུར་དཀར་ཀ་ཏོ་ར་གང་དྲངས། དེ་ནས་མངའ་རིས་ཀྱི་གཙོ་བོ་སུམ་པ་བྱ་བས། དཀར་ཡོལ་འབྲུག་རྒྱབ་སྲང་ལྔ་རི་བ་གས་ཆག་མེད་པ་རག་ཞབས་བརྟན་པོ་རིང་རྒྱང་བ་བཅུག་པ། ཇ་གཙང་མས་མེར་གྱིས་བཀང་ནས། རིན་ཆེན་འབྲུག་རྒྱབ་སྲང་ལྔ་རི་བ་འདི། ལྕེ་བདེ་བློ་གསལ་འགྲོ་ན་མགྱོགས་པ་ཡིས། །དཔག་བསམ་ཤིང་གི་བཅུད་དུ་རབ་དམིགས་ནས། །བླ་མ་ཁྱེད་ལ་མཆོད་པ་འབུལ་བར་བགྱིད། །ཅེས་གསོལ་བ་དང་བཀྲ་ཤིས་རྟེན་འབྲེལ་འཛོམས། ཁོ་བོ་ལ་མེ་ཏོག་དང་རྟ་ཐོངས་གསུངས། དེར་གཙོ་བོ་དྲུག་པོས་ཆིབས་དཀར་པོ་མཐོང་སྨོན་རླུང་གཤོག་བྱ་བ། སྟེང་དུ་ཆིབས་ན་ཤིང་རྟ་འདྲ་བ། རྒྱུགས་ན་རླུང་འདྲ་བ། བལྟས་ན་ཡི་ག་ཁེངས་པ། རྟ་ངང་པ་གསེར་ལྡན་དང་མཚུངས་པ་གཅིག་གི་དཔྲལ་བར་གཡུ་རྡོག་གཅིག །གསེར་སྦྲམ་གཅིག །མུ་ཏིག་གི་དྲ་བ་དྲ་ཕྱེད་རྣམས་བཏགས་ནས། མཐུར་མདའ་མགོ་རྒྱན་ལ་ཡང་། རྒྱུ་རིན་པོ་ཆེའི་གླང་པོ་མ་ཧེ་རྟ་མཆོག་ལ་སོགས་པའི་གཟུགས་ཀྱིས་བརྒྱན་པ་གཅིག །རྔ་རྔོག་ཐམས་ཅད་ལ་དར་ཁ་དོག་སྣ་ལྔ་བཏགས་པ། ཆིབས་སྒ་དང་ཆིབས་གདན་ལ་ཡང་མཛེས་པའི་རྒྱན་དུ་མ་དང་འཇམ་ཞིང་འབོལ་བའི་སྒ་གཡོགས་བཏིང་སྟེ། མཐུར་མདའ་དར་ཡུག་དཀར་པོ་གཅིག་ལ་བྱས་ཏེ། ཇོ་བོའི་ཕྱག་ཏུ་ཕུལ་ལོ།།
དེ་ནས་གཙོ་བོ་གཞན་ལྔ་པོས་ཀྱང་དར་ཡུག་དཀར་པོ་རེ་རེ་འཐེན། དེའི་དུས་ཨ་ཏི་ཤའི་ཞལ་ནས། རྟེན་འབྲེལ་ཤིན་ཏུ་ལེགས། སྣོད་འདི་དང་བཅུད་འདི་འཛོམས། བཏུང་བ་འདི་ལ་ཅི་ཟེར་བ་ཡིན་གསུངས། དེར་ལོ་ཙཱ་བ་ན་རེ། འདི་ལ་ཇ་ཟེར་བ་ལགས། བོད་ཀྱི་རབ་ཏུ་བྱུང་བ་རྣམས་ཀྱིས་བཏུང་བ་ལགས། འདིའི་ཤིང་ཟར་མི་བཏུབ། བཙོས་ནས་ཁུ་བ་འཐུང་བ་ཡིན། འདི་ལ་ཡོན་ཏན་མང་པོ་ཡོད་ཞུས་པས། དེར་ཇོ་བོའི་ཞལ་ནས། འདི་བོད་ཀྱི་རབ་ཏུ་བྱུང་བ་རྣམས་ཀྱི་བསོད་ནམས་ལས་གྲུབ་པའི་དངོས་པོ་ཞིག་སྣང་། ཤིན་ཏུ་ཕུན་སུམ་ཚོགས་གསུངས། དེ་ནས་དེའི་ཉིན་པར་དཀོན་མཆོག་གི་ཕོ་བྲང་བཤམས་ནས་མཆོད་པ་ཞིག་མཛད་པ་ལ། འབྲོག་པས་ཕད་བུའི་ཐུམ་ཐུམ་དེ་རྟེན་གསུམ་རྣམས་ཀྱི་རྩེ་མོ་ལ་བཞག་པས། མངོན་ཤེས་མེད་པ་རྣམས་ཀྱིས་འབར་ཏེ། འབྲོག་པ་འདི་ལ་དབགས་གཅིག་ཡོད། རྟེན་གསུམ་གྱི་སྟེང་ན་ཡར་ཕད་ཁྲེས་འདི་འདྲ་འཇོག་པ་ལ། དེའི་ནང་ན་དངོས་པོ་དགའ་ཚོར་ཅི་ཡོད་ཀྱང་སྣོད་ཀྱི་འཁོས་ཁའམ། དེ་མར་ལ་ཕོབ་ཟེར་བ་ལ། འབྲོང་ཆུང་ན་རེ། བཞུགས་ས་མཐོ་སྟེ་ཕད་བུ་བཟང་། །སུ་ལ་ངན་ཡང་ང་ལ་བཟང་། །རྒྱལ་པོ་རྣམས་ལ་དར་ཕད་མཛེས། །བལ་པོའི་ཐང་ལ་རབ་ཕད་མཛེས། །འབྲོག་པའི་བུ་ལ་རེ་ཕད་མཛེས། །འབྲོག་ལ་ང་ལ་དབགས་གཅིག་ཡོད། །ཕད་བུ་འདི་ལ་དཀའ་ལས་བྱས། །ད་ནི་མར་ལ་མི་དབབ་འཚལ། །འབྱོར་པོ་མི་ལ་མི་དགོས་ཀྱང་། །འབྲོག་སྟོང་ཡུལ་དུ་དགོས་པ་ཡོད། །གཞན་ལ་མ་རེག་རྒྱང་རེ་འཇོག །སུ་ལའང་མི་བསྐུར་ང་རང་འཁུར། །དཔག་ཚད་བརྒྱ་ལ་ཐེག་གྱུར་ནས། །མདའ་རྒྱང་གང་ལ་ཐེག་སྟེ་མཆིས། །ཧ་རེ་ལོང་ལ་ཆ་མེད་ཀྱང་། །མི་མངོན་ཤེས་ཅན་ལ་ལྟད་མོ་ཆེ། །ཟེར་ནས་རྟེན་གསུམ་གཞན་ལ་མ་རེག་པར་མིས་སླེབས་ཙམ་དུ་ཕྱང་ངེ་བཞག་གོ །གཞན་དག་རྣམས་ཡ་མཚན་དུ་གྱུར་ནས། ཁྱོད་ཀྱི་འདི་ན་ཅི་ཡོད་ཟེར་བས། འབྲོག་ཆུང་ན་རེ། མ་སྐོར་དགུ་སྐོར་ལ་ཆ་ཡོད། །མི་ལག་བརྒྱུད་པའི་སྙིང་པོ་ཡོད། །སུ་ལ་མ་བྲིམས་ང་མཁོ་ཡོད། །འབག་འབུག་མེད་པའི་མི་ཆུང་ཡོད། །འཁྱོགས་འགུལ་མེད་པའི་ལག་པ་ཡོད། །གང་ལའང་མི་འཕོག་མདའ་གཞུ་ཡོད། །མ་ཚོགས་དགུ་ཚོགས་ལག་ཆ་ཡོད། །འདི་ན་མི་ཡོད་དགུ་ཡོད་དོ། །ཟེར་བ་ཐམས་ཅད་དགོད་ཅིང་བྱིས་པ་ཆུང་ཆུང་གི་རྩེ་མོ་ཞིག་ཡོད་པར་སྣང་། ཟེར་ནས་ཐམས་ཅད་ཀྱང་བདེན་པར་འཛིན་ནོ།།
དེ་ནས་ཤིང་ཀུན་རྒྱལ་པོས་མཁོ་བའི་ཡོ་བྱད་མང་པོ་ཕུལ། བལ་པོ་བཀྲ་ཤིས་ཤོངས་པ་བྷ་རེས་ཀྱང་ཐག་རིང་པོ་ནས་བསུས་ནས། རང་གི་ཁང་བཟང་གི་ནང་དུ་སྤྱན་དྲངས་ཏེ། བསྙེན་བཀུར་མེ་ཏོག་དང་མཆོད་པ་ཕུལ་ནས་ཁོང་གི་སར་བཞུགས་པ་དང་། ཞག་གསུམ་པའི་ནུབ་མོ་མཆོད་པ་ཞིག་བཤམས་པ་དང་། རྒྱ་བརྩོན་སེང་གི་ཞལ་ནས། མགོན་པོས་དབུ་མཛད་སྐལ་ལྡན་རྣམས། །ང་ནི་བརྩོན་འགྲུས་སེངྒེ་སྟེ། །སེམས་ཅན་དོན་དུ་འབད་རྩོལ་བྱས། །རྒྱ་བོད་གཉིས་སུ་ལུས་རེ་སྟེ། །པོ་ཏ་ལ་དང་དགའ་ལྡན་ན། །ལུས་རེ་དེ་བཞིན་ཨུ་རྒྱན་ན། །སྤྲུལ་པ་ཉག་ཅིག་སྙིང་པོ་མེད། །མུ་སྟེགས་ངན་སྔགས་སློབ་དཔོན་ནི། །ནོར་ཕྱིར་གཞན་ལ་གནོད་པ་བསླབས། །ནོར་ཕྱིར་ཆོས་ཀྱི་གསེར་ཡང་འདོད། །ནང་པའི་བླ་མ་སྙིང་རྗེ་ཅན། །ཆོས་ཕྱིར་སྲོག་ཀྱང་གཏོང་བར་བྱེད། །མུ་སྟེགས་ལོག་ཡོན་མ་བྱུང་ནས། །ཁྲེལ་གཞུང་མེད་པས་བུ་སྲོག་གཅོད། །ཆོས་ལོག་འདི་ལས་མ་ལོག་ན། །རྟོག་མེད་བྲམ་ཟེའི་རོ་འདྲ་བའི། །གཙང་མ་རྙེད་པ་ལྷག་པར་མཁོ། །དེ་ཡང་དེ་གཟོད་མ་རྙེད་ན། །གཉིས་པ་འཚོལ་བ་མཆོག་ཏུ་མཁོ། །འདི་དག་ཐམས་མཆོག་གྱུར་ཨ་ཏི་ཤ །ལམ་ལོག་རྡུལ་ཙམ་མ་འདྲེས་པ། །ཨ་ཏི་ཤ་ཡི་རྣམ་ཐར་ཡིན། །ད་ནི་ཨུ་པ་སི་ཀ་ཡོད། །ང་ནི་རང་བཞིན་གནས་སུ་འགྲོ། །མི་ལ་ཡིད་ཆེས་མི་སྐྱེ་བས། །ཤི་བ་སྐད་དུ་དུར་དུ་སྐྱོལ། །ང་ནི་འོད་གསལ་སེམས་ཀྱི་ལུས། །འབྱུང་གནས་དེ་ལ་ཐིམ་སྟེ་འགྲོ། །རྒྱ་བོད་གཉིས་སུ་བྱ་བ་བྱས། །ཁ་བ་ཅན་དུ་གཅིག་གིས་ཆོག །ང་བདག་མང་ན་འགྲོ་དོན་ཆུང་། །སྔན་ཆད་ཐམས་ཅད་བརྡ་ཆོས་ཡིན། །ང་ལ་ཡུལ་མེད་མི་ཆོས་མེད། །རྒྱ་སྲིད་པའི་བརྩོན་སེང་ཡིན། །སྤྲུལ་པའི་གཟུགས་ལ་བདེན་མ་འཛིན། །རྒྱ་དང་འདྲ་སྟེ་རིའི་སུལ། །བརྩོན་འགྲུས་ཆེ་སྟེ་ལམ་རིམ་བགྲོད། །སེངྒེ་འདྲ་སྟེ་དབལ་བར་བྱས། །ཉི་མ་གཙང་ན་ན་ཚོ་སྟེ། །དབུ་རུ་བྱང་ན་དཀར་པོའི་གླིང་། །རྗེས་འབྲང་ཐམས་ཅད་འཕགས་པ་འདྲ། །ཤ་ཆང་སྒོག་པ་མི་འབྱུང་མོད། །ཟན་མར་ཇ་ལ་དཀར་གསུམ་རོལ། །ཁྱི་ཕག་སྤྱོད་པ་མི་འབྱུང་མོད། །ལྡུམ་རའི་ཚལ་ན་ལྷ་ཕྲག་སྐྱིད། །བརྩོན་སེང་འཇའ་ཚོན་དཀར་པོ་གཅིག །ནམ་མཁའི་མཐོངས་ལ་ཡལ་ལོ་གྱིས། །རིག་པ་ལྷ་ཕྲུག་འོད་གསལ་གཅིག །ལྷ་ཕྲུག་མང་པོས་ཁྲིད་དོ་གྱིས། །བརྩོན་འགྲུས་སེངྒེའི་སྐབས་དོན་འགྲུབ། །དེ་ནས་བརྩོན་སེང་ཞི་བར་གཤེགས། །བློ་རིག་རྣམས་ལ་ཅི་ཡང་ཤར། །
ཞེས་བྱ་བ་སྟེ། དེའི་ནུབ་མོ་གློ་བུར་དུ་སྙུང་གཞི་དྲག་པོས་བཏབ་པ་ལ་ཐམས་ཅད་བྲེད་ཅིང་མྱ་ངན་ཞུ། ཨ་ཏི་ཤ་ཡང་འཇིག་རྟེན་དང་མཐུན་པར་ཐུགས་ཁྲལ་ཆེན་པོ་མཛད་དེ། ཨ་ཏི་ཤའི་ཞལ་ནས། རྒྱ་བརྩོན་འགྲུས་སེངྒེ་ལ། ཁྱོད་བླ་མ་ངན་པའི་ཆོས་ལོག་དང་མ་ཐུག་གམ། མུ་སྟེགས་ངན་པའི་ངན་སྔགས་མ་བྱུང་ངམ། འདྲེ་ཁྱེར་ངན་པའི་ཆོས་ཀྱི་མ་སླེབས་སམ། ངན་སྔགས་ཀྱི་བརྔན་པ་མ་འབྱོར་བ་མེད་དམ། ང་ལ་གསང་བ་མི་འོས་པ་གསང་བ་མིན་ནམ་ཅི། ད་ལྟ་ང་ལ་མྱུར་དུ་སྨྲོས་གསུངས། དེའི་ལན་དུ་རྒྱས་ངས་མུ་སྟེགས་པ་ནག་པོ་ར་ལུ་བྱ་བ་ལས་ངན་སྔགས་ནག་པོ་དགུ་སྦྱོར་བྱ་བ་གཅིག་བསླབས་པ་ལས་བརྔན་པ་གསེར་ཞོ་དོ་སྟེར་བ་བྱས་པ་ཡིན་ཏེ། ཞོ་གང་མ་འབྱོར་བ་ལ་ཞུ་བ་བྱས་པས། ཁོ་ན་རེ། ཁྱོད་ཀྱིས་གསེར་བསྡུད་པ་དང་བཞུ་ལ་གསེར་བྱིན་ཟེར་བ་ལ། ངན་སྔགས་ཀྱི་རིན་ལ་གསེར་བསྡུད་བཞུ། ནས་སྟེར་བ་ལས་ཤི་བ་དྲག་སྙམ་སྟེ། བདག་གིས་གསེར་བསྡུད་མ་བཞུ། ཡང་ཁྱེད་ལྟ་བུའི་མཁས་པ་བཞག་ནས་མུ་སྟེགས་པ་ལ་ངན་སྔགས་ཞུས་པ་དེས་ཁྱེད་ལ་ནོངས་ནས་ཞུ་མ་ནུས། ད་ཁོས་བསླབས་པའི་ངན་སྔགས་དེ་ང་ལ་ཡོད་པ་ལ། དེ་བཟློག་པ་མེད་པས་བྱ་ཐབས་མ་བྱུང་ཞུས་པས། ཇོ་བོའི་ཞལ་ནས། ང་ལྟ་བུའི་ཐམས་ཅད་མཁྱེན་པ་ཡོད་བཞིན་དུ། མུ་སྟེགས་ངན་པ་ལ་ངན་སྔགས་སློབ་པ་མིན་ཞུས་ཀྱི་སྟེང་ལ་ང་ལ་ཁ་སང་ནས་ཚིག་སྨྲས་ན། རིག་སྔགས་འདི་བཟློག་པའི་ཐབས་ཡོད་པ་ཡིན་ཏེ། ད་ཨེན་ཙམ་ཕྱིས་འདུག །ད་ཐམས་ཅད་ཀྱིས་བྲམ་ཟེའི་རོ་མ་ཉམས་པ་གཅིག་ཚོལ་ལས་ཤོག །དེ་རྙེད་ན་རིག་སྔགས་འདི་བཟློག་ཏུ་བཏུབ་ཙམ་ཡིན་གསུངས། དེ་ནས་བརྟགས་པ་མཛད་ཅིང་བཙལ་བས། བྲམ་ཟེའི་ཁྱེའུའི་རོ་གཅིག་རྙེད་པ་དེ་དཀྱིལ་འཁོར་སྟེང་དུ་བཞག་ནས་སྒྲུབ་པ་མཛད་པ་དང་། གཟུགས་མེད་ལག་པ་སྐྱོང་བ་དེས། ལྕགས་ཀྱི་སྦར་མོ་གཅིག་གིས་རྒྱའི་སྙིང་ཕྱུང་ནས་སོང་བ་དང་། ཇོ་བོས་དེ་བདས་པས་མུ་སྟེགས་ནག་པོའི་གྲོང་དུ་སླེབས་ལ་ཉེ་བ་ན། ཁོ་འགྱེལ་ཞིང་རྡོག་པས་རྫིས་པ་དང་། སྙིང་འཕྲོགས་ཏེ་རྒྱའི་ཐུགས་ཁར་བཅུག་པ་དང་། སྙིང་ཐམས་ཅད་ཆག་པ་ཙམ་བྱུང་། ཡང་རྒྱའི་མལ་དུ་བྲམ་ཟེའི་རོ་གཅིག་བཅུག་ནས་སྒྲུབ་པ་མཛད་ཅིང་ཡོད་པ་ན། སྦར་མོ་དེ་བྱུང་ནས་བྲམ་ཟེའི་སྙིང་ཕྱུང་ནས་སོང་། ད་བྲམ་ཟེའི་རོ་གཅིག་རྙེད་དམ་བྱས་པས་མ་རྙེད། དེ་ནས་ནམ་ཕྱེད་ལོན་པ་དང་། སྔར་བཞིན་དུ་སྙིང་ཕྱུང་། དེའི་དུས་ཁྱེའུ་དཀར་པོ་གཅིག་བྱུང་ནས། ངའི་ལོ་ཙཱ་བ་གཟུགས་དབུ་བ་རྡོས་པ་ལྟ་བུ་དེ་འདིར་ཞོག །གསུང་ཚངས་པའི་ང་རོ། ཐུགས་ཡོན་ཏན་གྱི་བང་མཛོད་དེ་པོ་ཏ་ལར་གཤེགས། ཟེར་ནས་གཉིས་ཀ་འོད་དུ་བྱས་ཏེ་གཤེགས་སོ།།
རྒྱ་གཤེགས་པ་དང་རྒྱལ་པོའི་གནས་མལ་སླད་པའི་ཤན་བབ་ཀྱི་དོགས་ནས། སྤུར་དུར་དུ་བསྐྱལ་ཞིང་ཤུལ་དུ་ན་བའི་ཚབ་མ་བཞག་ནས། ནངས་པར་སྨན་གཏོང་བ་དང་། མ་ཤི་བར་སྐྱེད་བྱུང་བ་ལྟར་བྱས་ནས་བལ་པོའི་ཐང་དུ་བྱོན། དེའི་ཚེ་ཇོ་བོས་བོད་ལ་རྒྱ་བརྩོན་སེང་མི་འཆི་ཙམ་གྱི་བསོད་ནམས་མེད་པ་གསུངས་ཤིང་ཐུགས་ཁྲལ་ཆེན་པོ་མཛད། རྒྱ་བརྩོན་སེང་མེད་པས་ཁོ་བོའི་ལྕེ་ཆད་གསུངས་པ་ལ། གུང་ཐང་པས་རྒྱ་མ་བཞུགས་ཀྱང་རང་ཉིད་ཀྱིས་ལོ་ཙཱ་ཡོང་ཚུལ་ཐུགས་གསོ་མཛད་པས། ངེད་རྒྱ་གར་ན་པཎྜི་ཏའི་མྱ་ངན་རྣལ་འབྱོར་པས་སངས། རྣལ་འབྱོར་པའི་ཆོས་ཀྱི་རྒྱབ་རྟེན་པཎྜི་ཏས་བྱེད་པ་ཡིན། དམའ་མོའི་མྱ་ངན་མཆོག་གིས་སེལ་དགོས་པ་ཡིན། མཐོ་ཤོས་ཀྱི་མྱ་ངན་དམའ་ཤོས་ཀྱིས་བསལ་བ་མིན་གསུངས་ནས་བཀའ་བཀྱོན།
ཡང་དེ་སྐབས་མ་ག་དྷའི་རྒྱལ་པོ་ནིར་ཡ་པཱ་ལ་ལ་འཕྲིན་ཡིག་མཛད་པ་ནག་ཚོས་བསྒྱུར། ཡང་དེའི་ཚེ་གནས་བརྟན་འོན་པ་ཞེས་བྱ་བས་ཀྱང་ཞབས་ཏོག་ཞུས་ཤིང་། གནས་བརྟན་དེས་བསྐུལ་ནས། སྤྱོད་བསྡུས་སྒྲོན་མེ་མཛད་ཅིང་དེ་ཡང་ལོ་ཙཱ་བས་བསྒྱུར། ཡང་རྔོག་རིན་ཆེན་རྒྱལ་མཚན་ཞེས་བྱ་བས་སྟོད་འགྲེལ་གྱི་དཔེ་ཕུལ་ནས། ཇོ་བོས་རང་འགྱུར་མཛད་པས་འགྱུར་ཅུང་ངན་པ་ཞིག་ཡོད་ཟེར་རོ།།
བལ་པོའི་ཐང་དུ་ཕེབས་ནས་ཆིབས་གླང་པོ་ཆེ་མཐོང་སྨྱོན་བྱ་བ་དེ། བལ་པོའི་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་ཕྱག་ཏུ་བཞག་ནས། རྒྱལ་པོ་ཆེན་པོ་ངའི་གླང་པོ་ཆེ་འདི་བོད་དུ་ཁྱེར་ན་བོད་དུ་མི་སོས་པས། འདི་ཁྱོད་ཀྱིས་བཟུང་ལ་ང་ཐང་བྷི་ཧ་ར་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས་པས། དེའི་ས་རྡོ་སྐྱེལ་བ་དང་། ཤིང་འདེགས་པ་ལ་སོགས་པ་བྱེད་པས། དེ་མིན་ཞོན་པ་དང་བཀོལ་བ་ལ་སོགས་པ་གང་ཡང་མ་བྱེད་ཅིག །གཞན་དུ་བདེ་བར་གཤེགས་པའི་གསུང་རབ་དང་། སྐུ་གསུང་ཐུགས་ཀྱི་རྟེན་བསུ་སྐྱེལ་སོགས་གྱིས་ཤིག །འདིའི་སྟེང་ནས་དམག་མ་འཐབ་ཅིག །རྒྱལ་པོ་ཁྱོད་ཀྱིས་འདི་བཅངས་པ་ཙམ་གྱིས་རྒོལ་བ་ཞི་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཐང་བྷི་ཧ་རའི་གཙུག་ལག་ཁང་མ་ཚར་གྱི་རིང་ལ་འབྱོར་བ་ཅི་དང་ཅི་དགོས་པ་ཐམས་ཅད་འདིའི་རིང་དུ་བྱིན་ཅིག །དེ་ནས་རྒྱ་བོད་གཉིས་ཀྱི་དགེ་འདུན་ལ་གྲྭ་ས་འཛུགས་པའི་རྒྱུ་རུ་བྱིན་ཅིག །ཁོ་བོས་བོད་དུ་དགེ་འདུན་མ་འཁྱོངས་ན་མཐུན་རྐྱེན་སྩོལ་ཅིག །གཞན་ཡང་ཁོ་བོས་འདི་ལ་བྲིན་མི་བྱའོ། །རྒྱལ་པོ་ཆེན་པོ་མཁྱེན་པར་མཛོད་ཅིག །ཅེས་གསུངས་པས། བལ་པོའི་རྒྱལ་པོ་ཤིན་ཏུ་དགའ་ཞིང་དག་པའི་སྣང་བ་རྒྱ་ཆེན་པོ་ཐོབ་ནས། ཨ་ཏི་ཤའི་ཞབས་སྤྱི་བོས་བླངས་ཏེ་ཕྱག་བཙལ་ནས། ཐུགས་ལ་གང་ཅི་དགོས་པ་ཐམས་ཅད་སྒྲུབ་པར་དམ་བཅས། རྒྱལ་བུ་པདྨའི་འོད་དྲུང་དུ་ཕུལ་ནས་རབ་ཏུ་བྱུང་སྟེ། ཇོ་བོ་བོད་དུ་བྱོན་པའི་རབ་ཏུ་བྱུང་བ་རྣམས་ཀྱི་ཐོག་མ་ཡིན་ནོ། །ཇོ་བོས་ཀྱང་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་བོད་ཀྱི་འགྱུར་ལེགས་པར་སློབ་ཏུ་བཅུག་སྟེ། ཕྱིས་དགེ་བཤེས་གུང་ཐང་པ་ལ། ཇོ་བོ་ལུགས་ཀྱི་ཡོན་ཏན་ཐམས་ཅད་བསླབས་ནས། ཐང་བྷི་ཧ་རའི་གཙུག་ལག་ཁང་ཚར་བ་དང་མཁན་པོ་མཛད་དེ། མཚན་ཡང་ཇོ་བོའི་ལྷའི་དབང་པོར་ཡོངས་སུ་གྲགས་ཏེ། མཁས་ཤིང་བཟང་བའི་མཐར་ཐུག་པར་གྲགས་སྐད། དེ་ནི་འཕྲོས་སོ།།
དེ་ནས་ཨ་ཏི་ཤ་དཔོན་གཡོག་བལ་པོའི་ལྗོངས་ལ་ཕྱག་ཕེབས་པ་ན། ལྷ་བཙུན་པའི་རྟ་པ་སུམ་བརྒྱ་ཙམ་གོས་དཀར་པོ་འབའ་ཞིག་གྱོན་པ། རྒྱན་ཐམས་ཅད་དཀར་པོ་འབའ་ཞིག་བྱས། བློན་པོ་ཆེན་པོ་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས་དང་། ལྷའི་ཤེས་རབ་དང་། ལྷའི་སྤྲིན་འཛིན་ཞེས་བྱ་བ་བཞི་ལ་དར་མདུང་དཀར་པོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར་བ། གཞན་ཐམས་ཅད་ལ་ཡང་བ་དན་ཆུང་རུ་རེ་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ་དང་། པི་ཝང་དང་གླིང་བུའི་སྒྲ་སྙན་པོ་འཁྲོལ་བ་དང་། དཔོན་གཡོག་ཐམས་ཅད་ཀྱང་ངག་མཐུན་པར། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་རོ་ཞེས་ཁ་བརྡ་བཟང་པོ་བྱེད་པ་དང་། ཨ་ཏི་ཤ་ལ་བསྡོ་བའི་ཕས་རྒོལ་བ་ཐམས་ཅད་བདག་གིས་གཞོམ་པར་བྱའོ་ཞེས་དཔའ་བསྐྱེད་པ་དང་། ཐམས་ཅད་རྟ་ལས་མ་བབས་པར་གྲལ་སྒོར་མོ་གཅིག་བྱས་ནས། དབུས་སུ་ཨ་ཏི་ཤ་དཔོན་གཡོག་འཁོར་དང་བཅས་པ་རྣམས་དཀྱིལ་དུ་བཅུག་ནས། མི་རྟ་ཐམས་ཅད་ནང་དུ་རུབ་པ་ན། བློན་པོ་ཆེན་པོ་བཞིས་ནང་དུ་འོངས། སྔོན་རྒྱལ་བློན་དུས། མཁན་པོ་བོ་དྷི་ས་ཏྭའི་དྲུང་དུ་བློན་པོ་རིག་པ་ཅན་རྣམས་ཀྱིས་གླུ་བླངས་པ་ལྟར། བློན་པོ་དེ་རྣམས་ཀྱིས་གླུ་བླངས་པ་ནི། ལོ་ཞེས་བྱ་བ་གྲགས་སྟོང་སྙན་པའི་གླུ་དབྱངས་སོ། །ཨ་ཞེས་བྱ་སྐྱེ་བ་མེད་པའི་གནས་ལུགས་ཡིན། །ལོ་ཞེས་བྱ་བ་སྣང་སྟོང་ཟུང་དུ་འཇུག་པ་ཡིན། །ལ་ཞེས་བྱ་བ་བྱམས་པས་འགྲོ་བ་ཡོངས་ལ་ཁྱབ། །ལོ་ཞེས་བྱ་བ་དེ་ཙམ་ཐུགས་ལ་བཞག་འཚལ་ལོ། །ཨ་ལོ་ལ་ཞེས་བྱ་བ་སྐྱེ་བ་མེད་པའི་གླུ་འདི་གསོན། །ཁྱེད་རྒྱ་གར་ཡུལ་ནས་བྱོན་པའི་མཁས་པ་པཎྜི་ཏ། །ཡིད་བསམ་པ་བཞིན་དུ་འགྲུབ་པའི་རིན་ཆེན་ཇི་བཞིན་དུ། །བོད་གསོལ་བ་འདེབས་པའི་རྟེན་དུ་བྱོན་པ་བཀའ་དྲིན་ཆེ། །གླིང་རྒྱ་གར་ཆོས་ཀྱི་དཔལ་འབྱོར་འདི་ན་མེད་ན་ཡང་། །དབྱར་ཚད་པ་མེད་དེ་ཆུ་མིག་བསིལ་བའི་ངད་དང་ལྡན། །དགུན་གྲང་བ་མེད་དེ་པུ་རྒྱལ་རི་བོས་བསྐོར་ཏེ་དྲོ། །དཔྱིད་མུ་གེ་མེད་དེ་འབྲུ་ལྔ་ཚོགས་པའི་འབྱོར་པས་ཕྱུག །སྟོན་བཀྲ་ཤིས་བདེ་བས་གཡུ་ལོ་བཀོད་པའི་ཞིང་ཁམས་འདྲ། །ཕྱོགས་གང་ལ་བསམས་ཀྱང་པཎ་ཆེན་འདིར་བྱོན་པ་ལེགས། །ལྷ་ཆེན་པོ་ཉི་ཤུ་དགུའི་ཟླ་འདྲ་ནུབ་ན་ཡང་། །ལྷ་བཙུན་པ་སྤྲིན་མེད་ཉི་མའི་དཀྱིལ་འཁོར་ལྟ་བུར་བཞུགས། །འབངས་བསོད་ནམས་བསགས་ཏེ་རྗེའི་དཀའ་དྲིན་དཔལ་གྱིས་སྐྱིད། །རྗེ་བསོད་ནམས་བསགས་ཏེ་ཕྱོགས་ཀྱི་རྒོལ་བ་འོག་ཏུ་འདུས། །དུས་དེང་སང་པཎ་ཆེན་བྱོན་པས་བསོད་ནམས་བསགས། །ངེད་ཡར་ལ་མ་རྒས་རྡོ་རྗེའི་བྲག་དང་འདྲ་སྟེ་སྲ། །ངེད་མར་ལ་མ་གཞོན་རི་རྒྱལ་ལྷུན་པོ་འདྲ་སྟེ་བརྟན། །ངེད་སྙིང་སྟོབས་ཆེན་པོས་ལྷ་བཙུན་དྲུང་ནས་འོངས། །ལུས་རྐང་པའི་མཐིལ་ནས་ཚངས་པ་མན་ཆད་འདི། །སེམས་གུས་དང་བཅས་པས་བླ་མ་ཁྱེད་ལ་འབུལ། །ལྷ་ཁྱེད་ཀྱི་འཕྲིན་ལས་གང་དགོས་ངེད་ཀྱིས་སྒྲུབ་པར་བགྱིད། །ད་སྐབས་སུ་བབ་པ་བླ་མའི་ཞུ་དོན་ལ། །རྗེ་རྒྱལ་པོའི་མངའ་རིས་དཔལ་གྱི་གཙུག་ལག་དེར། །ཐུགས་མི་སྐྱོ་མི་སྙེལ་རང་ཡུལ་ལགས་པས་འབྱོན་པ་ཞུ། །ལྷ་བཙུན་པ་བྱང་ཆུབ་འོད་དེ་ལྷ་དབང་བརྒྱ་བྱིན་ལྟར། །འཁོར་ཉེ་དབང་ལྟ་བུས་བཀུར་བསྟི་མཛད་ཅིང་ལྷམ་མེར་བཞུགས། །ལོ་ལ་ལོ་གཅིག་ལོ་ལ་ལོ་ལ། །ཞེས་བློན་པོ་རྣམས་རྟ་པ་སུམ་བརྒྱ་དང་བཅས་པས་བསྐོར་ནས་རྗེའི་སྙན་དུ་ཚིགས་བཅད་ཟེར་མའི་གླུ་དབྱངས་ཆེད་དུ་གསོལ་བ་དང་། དུས་དེང་སང་སངས་རྒྱས་བསྟན་པའི་མངའ་བདག་ཆེན་པོར་གྱུར་པ་འགྲོ་བ་ལྷ་དང་བཅས་པའི་མཆོད་གནས་ཆེན་པོ་མགོན་པོ་ཨ་ཏི་ཤ་འཁོར་པའི་སཾ་གྷ་དང་བལ་པོའི་རྒྱལ་པོའི་སྐྱེལ་ཐུང་རྟ་པ་བརྒྱས་བསྐོར་བ་དང་། པཎྜི་ཏ་བིརྱ་ཙནྡྲ་དང་། ལོ་ཙཱ་ཆེན་པོ་གུང་ཐང་པ་ལ་སོགས་པ་རབ་ཏུ་བྱུང་བའི་རྟ་པ་སུམ་ཅུ་རྩ་ལྔས་བསྐོར་བའི་དབུས་ན། ཆིབས་ཅང་ཤེས་མཐོང་སྨོན་ངང་པ་གསེར་ལྡན་དང་མཚུངས་པ། དེའི་སྟེང་ན་ཇོ་བོ་ཁྲུ་གང་ཙམ་གྱིས་སྒ་ལ་མ་རེག་པར་མཛད་ནས། སྐུའི་དཀྱིལ་འཁོར་བབས་ཆགས་པ། མཛེས་པ་ལྟ་ན་སྡུག་པ་འཇིག་རྟེན་ལྷ་དང་བཅས་པས་མཆོད་པར་འོས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ཞལ་འཛུམ་པ་དང་བཅས་པ། སཾ་སྐྲིྲ་ཏའི་སྐད་དུ་གསུང་ཁྲོལ་བ་བརྗིད་ཆགས་པ། ཚིག་གི་ལྷད་མེད་པ། གསུང་གི་གདངས་སྙན་པ། གསུང་གི་ངར་ཆེ་བ་དྲང་པོར་སྨྲ་བ་དེ་ཁྲོལ་བར་མཛད་ནས། ཨེ་མ་ཧོ། ཨ་ཏི་ཨ་ཏི་ཕ་ལ་ཕ་ལ་ཤིན་ཏུ་བཀྲ་ཤིས་ཕ་ལ་ཧོའི། །ཨརྱ་ཏ་རེ་ཨརྱ་ཨཱ་ཙ་ལ་མཧཱ་ཀཱ་རུ་ཎི་ཀ་ཤཱཀྱ་མུ་ནི་གཟིགས། ལྷ་བཙུན་པའི་བློན་པོ་འདི་དག་ནི་དྲི་ཟའི་རྒྱལ་པོ་རབ་དགས་ཕྱོགས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་འདྲའོ། །འདི་དག་ནི་གནོད་སྦྱིན་ཁྲོས་པ་འདྲའོ། །འདི་དག་ནི་སྲིན་པོ་འདྲའོ། །བོད་རྗེ་བཙུན་སྤྱན་རས་གཟིས་ཀྱི་ཞིང་ཁམས་ཡིན་ཟེར་བ་བདེན་པར་སྣང་ངོ་། །འདི་འདྲ་བའི་འཇིགས་པ་ཐམས་ཅད་དུལ་བ་གསལ་ཞིང་སྙན་པ། འདི་ལྟར་རྒྱན་དཀར་བ། གོས་དཀར་བ། ཚིག་ཐམས་ཅད་དམ་པའི་ཆོས་སུ་འབྱུང་བ་བློན་པོ་འདི་དག་གི་ཆ་ལུགས་འདི་འདྲ་ན། རྒྱལ་པོ་ལྷ་བཙུན་པ་ནི་ལྷའི་དབང་པོ་བརྒྱ་བྱིན་དང་ཁྱད་པར་བཞུགས་པར་ངེས་སོ། །ཞེས་གསུངས་སོ།།
དེ་ནས་བློན་པོ་ཆེན་པོ་ལྷའི་དབང་ཕྱུག་གིས་ཇོ་བོའི་དྲུང་དུ་ཐལ་མོ་སྦྱར་ཏེ་འདི་སྐད་ཞུས་པ། བསྟན་པའི་བདག་པོ་བོད་དུ་བྱོན་ལགས་སམ། །སེམས་ཅན་རྣམས་ལ་བརྩེ་བར་བྱོན་ལགས་སམ། །ཨེ་མ་དུས་གསུམ་མགོན་པོ་བྱོན་ལགས་སམ། །བཤུལ་རིང་ལམ་ལ་བསྙེལ་བར་མ་གྱུར་ཏམ། །ཞེས་མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ་རྩ་ཕྱག་བཞི་པ་བྲིས་མ་ཐག་པ་ཞིག་ཕྱག་རྟེན་དུ་ཕུལ་བ་དང་། མགོན་པོ་ཨ་ཏི་ཤ་ཤིན་ཏུ་མཉེས་ནས་དེ་མ་ཐག་ཏུ་རབ་ཏུ་གནས་པར་མཛད་ནས། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །གཞན་ལ་ཕན་ཕྱིར་བརྩོན་པའི་གོ་ཆ་བསྣམས། །ཐུགས་རྗེའི་རང་བཞིན་དྲི་མེད་དཀྱིལ་འཁོར་ཞལ། །འགྲོ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་ལོ། །དེང་སང་ཁོ་བོ་ཁྱེད་ཀྱི་ཞིང་འདིར་མཆིས། །ཐུགས་རྗེས་འགྲོ་བའི་དོན་དུ་བསྐྱབ་ཏུ་གསོལ། །ཞེས་གསུངས་སོ།།
དེ་ནས་བློན་པོ་ཐམས་ཅད་ཀྱིས་དར་དཀར་པོ་དཀར་སིང་ངེ་བ་རེ་ཕྱག་རྟེན་དུ་ཕུལ་ལོ། །དེ་ནས་མགོན་པོ་ཐུགས་ལྷོད་དེ་བློན་པོ་རྣམས་ལ་ལན་མཛད་པ། ཁོ་བོ་དེང་སང་ཞིང་འདིར་སླེབས་པར་འོངས། །འཁོར་བའི་གནས་སུ་བདེ་བ་མ་མཆིས་ནའང་། །བཤུལ་རིང་ལམ་ལ་འབྱུང་བཞི་སྙོམས་པར་བྱུང་། །ཆོས་རྒྱལ་འཁོར་བཅས་གཞིས་ལ་བདེ་ལགས་སམ། །དེ་ནས་ཐམས་ཅད་མཐུན་པར་ལྷ་བཙུན་པ་གདུལ་བྱའི་དབང་གིས་འཇིག་རྟེན་གྱི་ཁམས་གཞན་དུ་གཤེགས་ནའང་། ཕྱིས་དཀོན་མཆོག་གི་སྐྱབས་འོག་ནས། ལྷ་བཙུན་པ་ཆེན་པོས་དབུ་བགྱིས་པའི་བློན་འབངས་དང་བཅས་པ་རྣམས་བཀྲ་ཤིས་པར་ཡོད་ལགས་ཞེས་ཞུ་བ་ཞུ་ལན་མཛད་དེ། མཚོ་མ་ཕམ་གྱི་འགྲམ་འབྲོག་སྨན་མོ་ལུང་དུ་ཕྱག་ཕེབས་པ་དང་། བོད་འབྲོག་ཡོངས་ཀྱིས་བསྙེན་བཀུར་དང་འབུལ་བ་བསམ་གྱིས་མི་ཁྱབ་པར་མཛད་པ་དང་། ཕྱོགས་དེར་བཞུགས་ཉམས་དགའ་ཞིང་ཡིད་འཕྲོག་པ་གཅིག་གདའ་བས་ཞག་བདུན་ཙམ་ཞིག་བཞུགས། དེའི་དུས་དགེ་བཤེས་གུང་ཐང་པས། ཇོ་བོ་མཚོ་འགྲམ་ནས་ཡར་འབྱོན་པའི་རྗེས་སུ་འབྲངས་ནས་བྱོན་པས། ཇོ་བོ་མཚོ་མ་ཕམ་པ་ལ་དམིགས་ནས་ཆུ་སྦྱིན་ཞིག་མཛད་པ་ལ། མཚོའི་དཀྱིལ་ན་ཇོ་བོ་ཁ་སར་པ་ཎི་བཞེངས་ནས་གདའ་བའི་ཕྱག་གི་མཐིལ་ནས་ཧྲཱིཿདཀར་པོ་གཅིག་ལས་བདུད་རྩིའི་རྒྱུན་བབས་པས་མཚོ་ཁེངས་པ་ཙམ་དུ་གྱུར་པ་དེ་ཡི་དྭགས་ཀྱི་རིགས་དཔག་ཏུ་མེད་པས་འཐུངས་པས་ཐམས་ཅད་ཀྱི་ཡིད་གདུང་བ་སེལ་བ་མཐོང་གསུངས། དེའི་ཚེ་མགོན་པོ་ཨ་ཏི་ཤ་མཚོ་མ་ཕམ་གྱི་འགྲམ་ནས་ཕེབས་ཡོད་ཟེར་བ་དེ་མངའ་རིས་སྐོར་གསུམ་དུ་གྲགས། ཇོ་བོ་བལ་པོ་ནས་བཞུགས་པའི་དུས། སྐུ་བསོད་ཆེས་དྲགས་པས། བལ་པོ་ཧ་སུ་བྱ་བས་མ་ཐེག་པར་མངའ་རིས་ན་ཕར་རྣལ་འབྱོར་པ་འཁྱམ་པོ་གཅིག་བཏང་ནས། ལྷ་བཙུན་པ་ཟེར་བའི་མི་ཤེས་དེས། ཨ་ཏི་ཤ་དགེ་སློང་བཅུ་ཐམ་པའི་ཟ་ཟིའི་ཆེད་དུ། ཁུ་བོ་ཚངས་པ་དང་འདྲ་བ་གར་ལོག་ལ་བསྐྱལ། དེ་ལ་མ་ཐུག་པར་བལ་པོ་ཧ་སུ་གདན་དྲངས་ནས་བོད་དུ་དམ་པའི་ཆོས་བསྒྱུར་ན། ད་གཟོད་མི་ནོར་ཆོས་གསུམ་འཛོམས་པ་ཡོང་བ་ཡོད་དེ། ཨ་ཏི་ཤ་པཎ་ཆེན་ལྔ་བཅུ་རྩ་གཉིས་ཀྱི་གཙུག་གི་ནོར་བུ་ཡིན་པ་སྐད་ཟེར་ནས་འཁོར་རྒྱལ་པོ་གཤིས་ངན་གཅིག་ཁྲིད། བོད་ཀྱི་ལོ་ཙཱ་བ་ནོར་ཉན་གཅིག་ཡོད་པ་དེ་ཡང་འགུམ་པ་འདྲ་བ་ཞིག་བྱས། ཞོན་པ་དཔག་ཚད་གཅིག་སྣང་བ་དེ། བལ་པོའི་རྒྱལ་པོས་ཕྲལ། གློ་བུར་གྱིས་འཁོར་ཅ་ལེ་ཅོ་ལེ་མང་པོ་ཁྲིད། ལྷ་བཙུན་པའི་ནོར་དེ་ཚོད་ཅིག་ཟད་དུ་བཅུག་པས་མ་ཆོག་པར། བར་མ་དོར་མར་ཟན་སོས་འདེབས་ཤིང་ཡོད་དོ། །དེ་ལ་ཆོས་དང་རང་ཅི་འདྲ་ཡོང་ངམ། ཞེས་བསྒྲགས་པ་དང་། མི་ཆེ་དགུ་ཐམས་ཅད་གཏམ་དེ་ཐོས་ནས། ཐམས་ཅད་ཀྱིས་ལྷ་བཙུན་པ་ལ་གྱོད་བདལ། ཨ་ཏི་ཤ་སྙན་པའི་གྲགས་པ་རྒྱང་ནས་ཆེ་བ་ཡིན་པ་ལ། ཚུར་བྱོན་ནས་ལྷ་བཙུན་པ་ལ་མིས་མི་གཤེ་བ་ཞིག་ཡོང་ཐང་བ་ལ་ཅི་ཙམ་པའི་ནོར་ཅིག་ཟད། ད་པཎྜི་ཏ་ཅི་འདྲ་ཞིག་རང་སྣང་བལྟ་དགོས་ཟེར་ནས། པཎྜི་ཏ་གར་སླེབས་ཀྱི་གཏམ་ཉན། དེ་ནས་མངའ་རིས་ཐོ་ལིང་གི་གཙུག་ལག་ཁང་དུ་བློན་པོ་ཆེན་པོ་ལྷའི་བློ་གྲོས་རྟ་པ་བཅུ་ཐམ་པ་སླེབས་ནས། ལྷ་བཙུན་པ་ཆེན་པོའི་དྲུང་དུ་ཞུ་བ་མཛད་པ། ཐམས་ཅད་མཁྱེན་པས་བལ་པོར་ཕྱག་ཕེབས་ནས། བལ་པོའི་རྒྱལ་པོས་དབུ་མཛད་པའི་ཆེ་དགུ་ཐམས་ཅད་ཀྱིས། རྟ་དང་ཤིང་རྟ་དང་གླང་པོ་ཆེ་དང་། དཔུང་བུ་ཆུང་དང་གླུ་པ་དང་གར་པ་དང་། རོལ་མོ་བ་དང་སྙན་ངག་མཁན་དུ་མ་དང་རྒྱལ་བུ་དང་། ལྷ་གཅིག་མ་དང་མཆོད་པའི་ལྷ་མི་རྣམས་ཀྱིས་རྔ་དང་རྔའོ་ཆེ་དང་རྫ་རྔ་དང་། པི་ཝང་དང་གླིང་བུ་དང་དུང་ལ་སོགས་པའི་རོལ་མོ་སྣ་ཚོགས་ཀྱིས་གཅིག་ནས་གཅིག་ཏུ་བསུ་བ་དང་། སྐྱེལ་བ་དང་། མཆོད་པ་དང་བཀུར་བསྟི་མཛད་པ་ནི་སྔོན་རྫོགས་པའི་སངས་རྒྱས་ལའང་དེ་འདྲ་བྱུང་སྐད་མི་གདའ། ལྷག་པར་དུ་བལ་པོའི་སྲས་རབ་ཏུ་བྱུང་ནས། མཚན་ལྷའི་དབང་པོར་གསོལ་ཏེ། ཡབ་སྲས་གཉིས་ལ་རྟ་པ་བརྒྱའི་ཚོགས་དང་བཅས་ཤིང་ཇོ་བོའི་ཕྱག་ཕྱིར་ལ་མཆིས་སོ།།
ཇོ་བོའི་ཆིབས་པ་གླང་པོ་ཆེ་མཐོང་སྨོན་བྱ་བ་བལ་པོའི་ཐང་དུ་བྷི་ཧ་ར་བྱ་བའི་གཙུག་ལག་ཁང་བཞེངས་པ་དང་། རྒྱ་བོད་ཀྱི་རབ་ཏུ་བྱུང་བའི་གྲྭ་ས་འཛུགས་པའི་ཆ་རྐྱེན་ལ་བལ་པོའི་རྒྱལ་པོ་ལ་བཞག་པས། རྒྱལ་པོས་ཀྱང་རང་གི་བུས་གཙོ་བྱས་ལུས་ལོངས་སྤྱོད་ཐམས་ཅད་ཨ་ཏི་ཤའི་ཕྱག་ཏུ་ཕུལ་ལོ། །དེང་སང་མཚོ་མ་ཕམ་གྱི་འགྲམ་ནས་ཕྱག་ཕེབས་ནས་ཡོད་དེ། ཐམས་ཅད་མཁྱེན་པ་དེའི་འཁོར་ནི་པཎྜི་ཏ་གནམ་གྱིས་ས་བཀབ་པ་འདྲ་བ་གསུམ། གུང་ཐང་པས་དབུ་བགྱིས་པའི་བསླབ་པ་གསུམ་ལ་མཁས་པའི་སྡེ་སྣོད་འཛིན་པ་སུམ་ཅུ་ཐམ་པ། རྒྱལ་པོ་ཆེན་པོ་སའི་སཾ་གྷ་ཞེས་བྱ་བ་རྒྱ་གར་ནུབ་ཕྱོགས་ཧྲིལ་པོའི་བདག་པོ། དྲག་ཤུལ་ཆེ་བ་གཟི་བརྗིད་རྒྱས་པ། རིག་པའི་ངར་བརྟུལ་བ་དང་དད་གཞི་ཆེ་བ། འཇིག་རྟེན་དབང་དུ་སྡུད་པའི་མཐུ་སྟོབས་ཅན། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། ཨ་ཏི་ཤའི་ཐུགས་དམ་ཟབ་མོ་བསྐུལ་བའི་རྐྱེན་མཛད་དུ་བྱོན་པ་དེ་ལ་བལ་པོའི་རྒྱལ་པོ་འོག་ཏུ་འཇུག་ཅིང་འདུད་པ། དེའི་སྟོབས་ཀྱིས་བལ་པོའི་རྒྱལ་པོ་ཡང་དེ་ལྟར་བསྐོར་ཏེ། མདོར་ན་བསུ་སྐྱེལ་གྱི་རྟ་པ་བརྒྱ་ཉི་ཤུ་རྩ་ལྔ་ཙམ་མཚོ་མ་ཕམ་གྱི་འགྲམ་ན་བཞུགས་ནས་བོད་འབྲོག་བསམ་གྱིས་མི་ཁྱབ་པས་འབུལ་བ་དང་བསྙེན་བཀུར་བྱེད་པ། ཆོས་ཞུ་བ་དང་། སྐུའི་དཀྱིལ་འཁོར་བལྟ་བས་ཆོག་མི་ཤེས་པ་དེ་ལ་དད་གུས་ཀྱིས་བལྟ་བ་དང་། གསུང་གི་དཀྱིལ་འཁོར་འཇིག་རྟེན་ཐམས་ཅད་ཡིད་འཛིན་པ་དེ་ལ་གུས་པས་ཉན་པ་དང་། སྐུ་ལུས་ལ་རེག་པ་ཙམ་གྱིས་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པའི་ཕྱིར་འདུ་ཚོགས་བྱེད་ཀྱིན་ཡོད་དེ། རིང་པོར་མི་ཐོགས་པར་གསེར་གྱི་ལྷ་ཁང་དུ་འབྱོན་པར་ཡོད་པས། ཐུགས་དགྱེས་པར་ཞུ་ཞེས་ཞུས་པ་དང་། ལྷ་བཙུན་པ་ཆེན་པོ་ཐུགས་དགྱེས་པའི་མཐར་ཐུག་པར་གྱུར་ནས། ངས་དད་གུས་མ་ལོག་པར་གསོལ་བ་རྒྱུན་དུ་བཏབ་ནས་ཡུན་རིང་པོ་སོང་སྟེ། ཇོ་བོ་ལྷ་གཅིག་དང་མཇལ་བ་ཡིན། མདང་རྨི་ལམ་ན་ནུབ་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་ཆེན་པོ་ཞིག་ཤར་བྱུང་བ་དང་། ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་ཤར་བྱུང་བས། དེ་གཉིས་ལྷན་ཅིག་ཚོགས་མ་ཐག་ཏུ་སྤྲིན་དང་ཁུ་རྡུལ་ཐམས་ཅད་རང་སར་དེངས། སྐར་ཚོགས་ཐམས་ཅད་ནས་གུང་བཞིན་དུ་གྲ་མ་ཉམས་པར་ཉི་ཟླ་གཉིས་ལ་འདུད་ཀྱིན་འདུག་པ་རྨིས། ཟླ་བ་དེ་ང་ཡིན་སྙམ་ན་ཡང་ཤར་ཕྱོགས་ཕ་གི་ནས་བྱུང་བ་སུ་ཡིན་ཆ་མེད། སུ་ཡིན་ཡང་དེས་གོ་ཆོད་པར་སྣང་། རྨིས་ལྟས་ཀྱང་ཤིན་ཏུ་བཟང་གསུངས་སོ།།
དེ་ནས་རྟ་པ་ཐམས་ཅད་ཉིན་ཤས་མཚན་ཤས་བསྡད་ནས་ཀྱང་མཐོ་གླིང་གསེར་གྱི་ལྷ་ཁང་དུ་སྲང་ནང་དང་། ལམ་པོ་ཆེ་དང་། བཞི་མདོ་དང་། ཁང་པ་ཆེན་པོ་ཐམས་ཅད་ལོ་བྱི་དོར་བྱེད་དུ་བཅུག །གཞན་ཡང་བླ་བྲེ་དང་། གདུགས་དང་། དར་གྱི་ཡོལ་བ་བྲེས་སུ་བཅུག་ནས། དེའི་ནང་ཐམས་ཅད་དཀོན་མཆོག་གི་རྟེན་གསུམ་དང་བ་འདྲེན་པ་དང་། དེ་དག་གི་མཆོད་པ་བསམ་གྱིས་མི་ཁྱབ་པ་བྱེད་དུ་བཅུག་གོ །གཞན་ཡང་ཇོ་བོ་ལ་བསུ་བ་བྱེད་པ་དང་། ཐམས་ཅད་མིག་ཁེངས་པར་བྱ་བའི་ཕྱིར་རྟ་པའི་ཁྲོམ་དང་། རོལ་མོ་མཁན་དཔག་ཏུ་མེད་པ་དང་། ལྷ་མོའི་ཚོགས་སྡུད་པ་ཡང་བྱེད་དུ་བཅུག །གཞན་ཡང་མངའ་རིས་སྐོར་གསུམ་ཐམས་ཅད་དུ་སེ་རིག་པ་བཏང་སྟེ་ཇོ་བོའི་སྙན་པ་ཆེན་པོ་སྒྲོགས་པ་དང་། ཇོ་བོ་ལ་བསུ་བ་བྱེད་པའི་ཕྱིར། ནོར་རྫས་དང་། རོལ་མོ་མཁན་མང་པོ་དང་། སྡེ་དགོན་གྱི་རབ་ཏུ་བྱུང་བ་ཐམས་ཅད་གཡབས་སོ།།
དེ་ནས་ཇོ་བོས་ཀྱང་གསེར་གྱི་ལྷ་ཁང་དུ་ཕྱག་ཕེབས་པའི་དུས་སུ། སྐྱེ་བོ་ཀུན་ན་རེ། ལྷ་ཆེན་པོའི་མི་ནོར་ཟས་གསུམ་ཟད་པའི་པཎྜི་ཏ་དེ་ཅི་འདྲ་ཞིག་རང་སྣང་ལྟ་དགོས་ཟེར་ནས། ཇོ་བོའི་ཕྱོགས་སུ་དཀའ་སྤྱད་དྲགས་པོས་རེ་ཆེ་བ་དང་། ཅི་འདྲ་ཞིག་ཡོད་སྙམ་དུ་ལྟ་དགོས་སྙམ་པ་དང་། ཡ་མཚན་པའི་སྟོབས་ཀྱིས་གཞིས་བྱེས་གཉིས་མངའ་རིས་ལམ་རིང་ཐུང་དུ་སྐྱེ་བོའི་ཚོགས་ཆེན་པོ་འདུས་ཤིང་ཇོ་བོར་བལྟས་པ་ན། བལ་པོའི་རྒྱལ་པོ་སུམ་ཅུ་རྩ་གསུམ་གྱི་ལྷ་འདྲ་བ་དེ་དང་། གུང་ཐང་པ་ལ་སོགས་པ་སྡེ་སྣོད་འཛིན་པ་གནམ་གྱིས་ས་བཀབ་པ་འདྲ་བ་ཐམས་ཅད་ཀྱང་པཎྜི་ཏའི་ཆ་ལུགས་སུ་མཛད་པ་དང་བ་འདྲེན་ཅིང་མིག་ཁེངས་པ་རྟ་པ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ་དང་། ལྷག་པར་པཎྜི་ཏ་གཞན་ལ་ཕན་པའི་བཟང་པོ་ཇོ་བོའི་གཡས་ཕྱོགས་སུ་བཞུགས། པཎྜི་ཏ་བིརྱ་ཙནྡྲས་གཡོན་ཕྱོགས་སུ་བཞུགས། པཎྜི་ཏ་ཡེ་ཤེས་སྒྲོན་མ་དང་རྒྱལ་པོ་སའི་སཾ་གྷ་གནོད་སྦྱིན་དང་སྲིན་པོ་ཡང་རྡོག་པས་རྫི་བས་འདྲ་བ་དེ་གཉིས་ཀྱིས་ཇོ་བོའི་སྐུ་རྒྱབ་དང་མདུན་ནས་བརྟེན་ཏེ། མདོར་ན་གཞིས་བྱེས་ཀྱི་རྟ་པ་ལྔ་བརྒྱར་སླེབས་པ་ཙམ་གྱིས་བསྐོར་བའི་དབུས་ན། ཆིབས་པ་མཐོང་སྨོན་རླུང་གཤོག་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་ཉི་མའི་དཀྱིལ་འཁོར་ལྟར། ལྷམ་མེ་ལྷན་ནེ། ལྷང་ངེ་ཡེ་རེ་ལྷོད་དེ་ཤིག་གེར་བགྲེས་མ་གྲགས་པ། མར་གཞོན་མ་གྲགས་པ་དང་བ་འདྲེན་པའི་སྒང་དུ་གྱུར་པ། གཙང་ཆོས་ནས་འབྱུང་བ་བཞིན་དུ། པཎ་ཆེན་གྱི་དབུ་ཞྭ་ཤིན་ཏུ་མཛེས་པ་དེས་ནམ་མཁའི་མཐོངས་སྙེགས་པ་འདྲ་བ། དཔོན་གཡོག་སུམ་ཅུ་རྩ་ལྔ་པོ་ཐམས་ཅད་ལྟ་སྤྱོད་དང་། ནམ་བཟའི་ཆ་ལུགས་ཁྱད་མེད་ནའང་། ཇོ་བོའི་ན་བཟའ་དེ་རྡོ་ཚོས་མ་སྣུམ་ཞིང་དྲི་ཞིམ་ལ་མདངས་ཆགས་པ། སྐུ་ཤ་ཆེ་བ་ལྟ་བུ་ལ་མདངས་ཆགས་པ། སྐུ་དྲང་ཞིང་མཛེས་པ་སྐབས་ཐམས་ཅད་ཕྱིན་པ། ཕྱག་གི་སོར་མོ་ཟླུམ་ཞིང་རྒྱས་པ་བྱིན་གྱིས་ཕྲ་བ། དཔྲལ་བའི་དབྱེས་ཆེ་བ། ཐམས་ཅད་ནས་བལྟས་ཀྱང་འཛུམ་ཆགས་པ། སྨིན་མ་བཟང་ལ་འདབས་འབྲེལ་བ། སྣའི་གཟིངས་མཐོ་བ། ཞལ་གྱི་དཀྱུས་ལེགས་པ། མ་མཆུའི་ཆོ་ག་ཐོན་པ། སྙན་ཤལ་རིང་ལ་མཛེས་པ། བག་དྲོ་བ། ཟིལ་ཆེ་བ། ཡང་ཡང་དུ་བལྟ་ཞིང་འདོད་པ། དང་བ་འདྲེན་པའི་སྟོབས་ཀྱིས་བལྟས་ན་མིག་སྡུད་མི་ཤེས་པ། གསུང་ཆེ་བ་དྲང་བ་གྱབ་གྱིབ་མི་མཛད་པ། དམ་པའི་ཆོས་ཀྱི་གསུང་ཁོ་ནར་འབྱོན་པ། དད་པ་ཡེ་མེད་པ་དག་གིས་ཕྱིན་ཀྱང་དད་པ་གློ་བུར་དུ་སྐྱེ་ཞིང་རྒྱུད་དུལ་ཏེ་འགྲོ་བ། མདོར་ན་ཕྱོགས་གང་ནས་བལྟས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འདུད་པ་ལྟར། ལྷམ་མེ་ལྷན་ནེ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དང་ལྡན་པ་ཞིག་སྣང་སྟེ། སྐྱེ་བོའི་ཚོགས་སུས་མཐོང་ཡང་། མཐོང་མ་ཐག་ཏུ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་གསུམ་ཐམས་ཅད་ཀྱི་ཁ་ནས་འབྱུང་ཞིང་། གཅིག་གིས་གཅིག་ལ་སྟོན་ཅིང་། ཙོད་དིར་བྱས་ནས་ངོ་མཚར་རེ་ཆེ། འདི་མི་ཡེ་རང་མིན། སངས་རྒྱས་བཅོམ་ལྡན་འདས་དེ་རང་ཡིན་ལས་ཆེ་ཟེར་ཞིང་། ཐམས་ཅད་རང་ས་ནས་ཤེས་པ་བཟང་རྒྱུ་མེད་པར་སྐད་ཆེན་པོ་འབོད་དེ། སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་ཆོས་ཀྱི་རྒྱལ་པོ་པཎ་ཆེན་ལྔ་བཅུ་རྩ་ལྔའི་གཙུག་གི་ནོར་བུ་རིན་པོ་ཆེ། མགོན་པོ་ཨ་ཏི་ཤ་སངས་རྒྱས་བསྟན་པའི་བདག་པོ། བདག་ཅག་བོད་ཀྱི་སེམས་ཅན་ལས་ངན་རྣམས་ལ་ཐུགས་རྗེས་གཟིགས་ཤིག །མ་མཐོང་སྙན་པའི་གྲགས་པ་རྒྱང་ནས་ཆེ་ན་རེ་བདེན། བླ་མ་སངས་རྒྱས་རིན་པོ་ཆེ་བདག་ཅག་རྣམས་སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། བླ་མ་སངས་རྒྱས་བདག་ཅག་རྣམས་ལ་ཐུགས་རྗེས་གཟིགས་ཤིག །ཁྱེད་ཀྱི་ཕྱོགས་སུ་དཀའ་ལས་བྱེད་ལ་ལྷ་ཁུ་དབོན་ཤིན་ཏུ་མད་པར་སྣང་ངོ་། །བོད་ཀྱི་མི་ནོར་ཐམས་ཅད་ཟད་ཀྱང་འགྱོད་པ་མ་མཆིས་སོ། །
ཁྱེད་གདན་འདྲེན་པ་ལ་དཀའ་ལས་ཆེན་པོ་ཡོང་བ་བདེན་པར་སྣང་། ད་འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ་ཞེས་དད་པ་ཕྱོགས་སུ་འུར་བ་དང་། མགོན་པོ་ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ནས། བོད་ཀྱི་སེམས་ཅན་རྣམས་ཁོ་བོ་ལ་འདི་ལྟར་དད་པ་ཆེ་ན། བླ་མ་སངས་རྒྱས་བསྟན་པའི་བདག་པོ་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན། ཨེ་མ་ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། ངའི་གདུལ་བྱ་འདི་རྣམས་ལ་ཐུགས་རྗེས་ཟུངས་ཤིག་གསུངས་ནས། ཁྲོམ་ཆེན་པོ་ལ་གཟིགས་ནས་བྱིན་རླབས་མཛད། དེའི་དུས་མངའ་རིས་ཀྱི་ཡོན་བདག་ལོ་ཙཱ་བ་མེ་བྱ་བ་ན་རེ། བལ་པོ་ཧ་སུ་ལ་ཡང་པཎྜི་ཏ་ཟེར། འདི་ལ་ཡང་པཎྜི་ཏ་ཟེར་བ་ཨེ་ཡིན་ན། ལྷ་བཙུན་པ་ལ་ཡང་མི་ཟེར་བ་ལུག་རྫུ་དེར་ལ་ཡང་མི་ཟེར་བ་ཨེ་ཡིན་ན། ལྷ་བཙུན་པའི་ཨ་ནེ་ལྷ་གཅིག་འབུམ་བྱ་བ་ན་རེ། བལ་པོ་ཧ་སུ་ཡང་པཎྜི་ཏ་རི་རྒྱལ་ཙམ་ཡིན། འོ་ནའང་མགོན་པོ་ཨ་ཏི་ཤ་དང་གཉིས་ཉི་མའི་འོད་དང་ནམ་ཕྱེད་ཀྱི་འགལ་མེའི་འོད་ཁྱད་པར་ཙམ་ཡིན། མཁས་པ་འདིའི་ཕྱོགས་སུ་ངའི་མིང་པོ་གསེར་གྱི་རི་འདྲ་བ་གཤེགས་ཏེ། ང་སེམས་མི་ཁྲལ། མྱ་མི་ངན། མིང་པོ་དེའི་སྲོག་དང་པཎྜི་ཏ་འདི་གཉིས་བརྗེས་པ་ཡིན། བལ་པོ་ན་ཧ་སུ། མངའ་རིས་ན་རིན་ཆེན་བཟང་པོ། ཕྱོགས་ན་ང་ཆེ་ཟེར་བ་རྣམས་ལ་ངོམ་པ་ཡིན། ངའི་ཚ་བོ་འདི་སྲིན་འབུ་འདྲ་བ་གཅིག་བསྐྱངས་པ་ཡིན་ཏེ། སའི་བདག་པོ་སྙིང་རུས་ཆེ་ལ་སྐལ་བ་བཟང་བ་འདི་འདྲ་ཞིག་བྱུང་ཟེར་ནས། ལྷ་བླ་མའི་མྱ་ངན་རིས་ནོན་པ་ཙམ་ཡང་སངས་པར་བྱས། མགུལ་ནས་གཡུ་གསེར་སྲང་ལྔ་བཅུ་རི་བ་གཅིག་ཡོད་པ་དེ་མགོན་པོ་ཨ་ཏི་ཤའི་ཕྱག་ཏུ་ཕུལ་ནས། ཐལ་མོ་སྦྱར་ཏེ་འདི་སྐད་ཟེར་སྐད། མགོན་པོ་ཨ་ཏི་ཤ་གཡུ་རྡོག་འདི་མཆོད་པར་བཞེས་ལ་ཞུ་བ་འདི་གསོན་ཅིག །ངའི་མིང་པོ་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ་བ་དེས། ཕ་མེས་ཆོས་ཀྱི་རྒྱལ་པོ་དེ་རྣམས་ཀྱི་ཆོས་ཀྱི་རྣམ་སྲོལ་སྙེག་པ་དང་། སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ལ་སྤྲུགས་པས། ཁྱེད་ལྟ་བུའི་དཀོན་མཆོག་ཐུགས་རྗེ་དང་ལྡན་པ་རྣམས་ཀྱི་ཐུགས་རྗེའི་གོ་བར་ནས་སྙིང་སྟོབས་ཅན་དེ་མི་འདོད་པའི་ལག་ཏུ་ཤོར། ད་ནི་ངའི་མིང་པོ་དེའི་ཚབ་ཁྱེད་ལ་ཞུ་བ་ལགས་པས། སྐྱེ་བོ་ངན་པ་རྣམས་ཀྱི་ལོག་ལྟ་ངན་པ་གཅིག་པུ་སྦྱངས་པའི་ཆེད་དུ་ཡང་བོད་དུ་ཡུན་རིང་དུ་བཞུགས་པར་ཞུ་འཚལ། གཞན་ཡང་ཁུ་དབོན་གཉིས་ཀྱིས་བསྟན་པ་ལ་བསམས་ནས། ཁྱེད་ཀྱི་ཕྱོགས་སུ་མི་ཟད་པ་དང་། ནོར་ཟད་པ། དཀའ་བ་བརྒྱ་ཕྲག་མང་པོ་སྤྱད་ནས་འཇུག་ལྷ་བླ་མ་ཡེ་ཤེས་འོད་གཤེགས་པའི་སྐོར་ལ་སོགས། བལ་པོ་ཚུར་རྒྱབ་ནས་དབུས་གཙང་མངའ་རིས་སྐོར་གསུམ་དུ་སྐྱེ་བོ་མ་རུང་བ་རྣམས་ཅི་ཟེར་མི་ཤེས་པས་རང་གཞན་ཐམས་ཅད་ལ་ཐུགས་ཀྱིས་དགོངས་ནས། བོད་དུ་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་བ་ཡུན་རིང་བཞུགས་སུ་གསོལ། ཞེས་ཞུས་པས། ཨ་ཏི་ཤའི་ཞལ་ནས། རིགས་ཀྱི་ལྷ་མོ་སྙིང་ལ་སིམ་པའི་གཏམ་དེ་གནད་ཀྱིས། མིའི་རྩར་ངོ་མི་གནོང་། ངོམ་དུ་རུང་བ་ཞིག་ཁོ་བོས་བྱེད་པ་ཡིན་མོད། རིགས་ཀྱི་ལྷ་མོ་དེང་སང་སྙིགས་མའི་དུས་འདིར་ཁམས་གསུམ་གྱི་མགོན་པོ་ཆོས་ཀྱི་རྒྱལ་པོ་ཨ་ཏི་ཤ་དེ་ང་ཡིན་མོད། ལྷ་མོ་ངས་བོད་དུ་འོངས་ནས་སངས་རྒྱས་ཀྱི་བསྟན་པ་གཞི་བཞེངས་སུ་མ་བཏང་ན། རྒྱ་གར་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ལ་ངོ་ཚ་མོད། རིགས་ཀྱི་ལྷ་མོ་འདོད་པའི་དོན་ཐམས་ཅད་བདག་གིས་བསྒྲུབ་པར་བགྱིའོ་གསུངས་ནས། སྐུ་གསེར་གྱིས་བརྒྱན་པ་ཕྱིས་པ་འདྲ་བ་དེ་འཛུམ་ལྷག་པར་མཛད་དོ།།
འཕྲོས་རྗེས་མར་གཟིགས་པར་ཞུ།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣ ནས་ ༢༥༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།