༄༅། །ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར་བཞུགས་སོ།།
༼ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད།༽
༄༅། །རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བདག་གིས། ཟླ་བ་བཅུ་གསུམ་གྱི་བར་དུ་རྫིངས་ཀྱི་ནང་དུ་ཞུགས་ནས། བླ་མ་གསེར་གླིང་པའི་དྲུང་དུ་ཕྱིན་པ་ན། ཟླ་བ་ལྔ་ཙམ་འདས་པའི་དུས། ལྷའི་དབང་ཕྱུག་ཆེན་པོས་ཁོ་བོའི་བྱང་ཆུབ་སེམས་ཀྱི་བར་དུ་བཅད་པའི་ཕྱིར། མི་མཐུན་པའི་རླུང་དམར་ཆེན་པོ་གཡོས། ཆུ་སྲིན་ཉ་མིད་ཆེན་པོར་བྱས་ཏེ་མདུན་བཀག །ནམ་མཁའ་ལས་ཁོ་བོའི་སྟེང་དུ་ཐོག་ཕབ་སྟེ།
དེའི་དུས་སུ་ཁོ་བོས་བྱམས་པ་དང་སྙིང་རྗེ་ཁྱད་པར་ཅན་ཞིག་བསྒོམས་པ་ལ་བརྟེན་ཏེ། རླུང་དམར་ཐམས་ཅད་ཞི་ནས། ཐོག་ཆེན་པོ་དྲུག་ནམ་མཁའ་ལ་ཆགས་འདུག་པ་མཐོང་། འོན་ཀྱང་ཆུ་སྲིན་ཉ་མིད་དེས་མདུན་བཀག་པ་དང་། རླུང་ཆེན་པོ་དེས་རྒྱ་མཚོའི་ཁ་འཁྱོམས་པས། དེའི་སྟོབས་ཀྱིས་རྫིངས་དེ་ཡང་དར་པོ་ཆེ་རླུང་གིས་སྐྱོད་པ་བཞིན་དུ་འདར་བ་དང་། འཕར་བ་དང་། རེས་ནམ་མཁའ་ལ་ཁྱེར་བ་དང་། རེས་རྒྱ་མཚོའི་གཏིང་དུ་རྡེབས་པ་ལྟར་བྱེད་དོ། །ཕྱོགས་ཀྱི་བ་དན་ཆེན་པོ་བཞི་བསྙལ། ཁྲོ་ཆུའི་ཕ་བོང་ཆེན་པོ་བཞི་རྒྱ་མཚོའི་གཏིང་ནང་དུ་བསྐྱུར་ཀྱང་ཕྱོགས་བཞི་ནས་རྔ་ཆེན་པོ་བརྡུངས་པ་ལྟར། འུར་སྒྲ་དང་ཆོམ་སྒྲ་དང་། འོད་དང་སྐམ་གློག་ཆེན་པོ་བྱུང་བ་ལ་བརྟེན་ཏེ། འཁོར་ཐམས་ཅད་ཤིན་ཏུ་སྐྲག་པར་གྱུར། རབ་ཏུ་འདར་ཞིང་ཡོད་པ་ལ། ཡང་བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང་། པཎྜི་ཏ་སའི་སྙིང་པོས་བླ་མ་ལ་གསོལ་བ་འདི་ལྟར་བཏབ་བོ།།
བཞེངས་ཤིག་བཞེངས་ཤིག་བླ་མ་ཐུགས་རྗེ་ཅན། །ཁྱེད་ལ་སའི་སྟེང་ན་འགྲན་ཟླ་མ་མཆིས་ན། །དེང་སང་ནག་པོའི་ཕྱོགས་ཀྱིས་འཇིགས་ཤིང་སྐྱོད་པ་འདི། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོས་ཞི་བར་མཛད་དུ་གསོལ། །འགྲོ་བ་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་བྱེད་ན། །དེང་སང་ནག་པོའི་ཕྱོགས་ཀྱིས་འདི་ལྟར་མཐོ་བརྩམས་སོ། །ཨེ་མ་རླུང་དམར་གཡོས་ཤིང་གནམ་ལྕགས་རབ་ཏུ་ཕབ། །ཉ་མིད་ཆེན་པོ་མདུན་དུ་འཇིགས་པ་བྱས། །རྗེ་བཙུན་ཆེན་པོ་འཇིགས་པ་འདི་ལས་བསྐྱབ་ཏུ་གསོལ། །རྒྱ་མཚོ་རླུང་གིས་སྐྱོད་ཅིང་རྦ་རླབས་མཁའ་ལ་འཕྱོ། །མི་སྙན་ཤུགས་སྒྲ་འདོན་ཅིང་གློག་དམར་འོད་དུ་གཡོས། །རྫིངས་ཀྱང་འདར་འདར་ཁྲིག་ཁྲིག་ཤིག་ཤིག་རབ་ཏུ་གཡོས། །མཁའ་ལ་ལིང་ལིང་འཕྱར་ཞིང་གཏིང་དུ་བརྡབས། །རྗེ་བཙུན་ད་ནི་འཇིགས་པ་འདི་ལས་བསྐྱབ་ཏུ་གསོལ། །
ཁྱེད་ཀྱི་ཡོན་ཏན་ནམ་མཁའ་ལྟ་བུ་ལ། །བཀའ་སྡོད་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་མཁའ་ལྡིང་ལྟར། །ལིང་ལིང་བསྐོར་ཞིང་བར་ཆད་སེལ་བྱེད་ན། །དེང་སང་འདི་ལྟར་བར་ཆོད་ལྷགས་ཀྱང་མི་སྐྱོབ་པར། །དབེན་པའི་དབྱིངས་ན་བཞུགས་པ་ཐུགས་རྗེ་ཇི་ལྟར་ཆུང་། །ད་ནི་གསང་སྔགས་ཕྱི་ནང་མཁའ་འགྲོ་ཆོས་སྐྱོང་དང་། །མཁའ་འགྲོ་དཔའ་བོ་དཔའ་མོ་ཡེ་ཤེས་ལྷ་ཚོགས་རྣམས། །དཀར་པོའི་ཕྱོགས་ལ་དགའ་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །ཀུན་ནས་བསྐོར་ཞིང་དེང་སང་རྒྱ་མཚོ་ཆེན་པོ་འདིར། །བླ་མའི་ཐུགས་རྗེའི་དཔུང་གི་གྲོགས་མཛོད་བཟློག་ཏུ་གསོལ། །གཞན་གྱིས་མི་ཐུབ་བཅོམ་ལྡན་གཤིན་རྗེ་གཤེད་དམར་ལ། །གཤིན་རྗེ་འཇིགས་པར་བྱེད་པའི་འཁོར་གྱིས་ཡོངས་སུ་བསྐོར། །མི་གཡོ་མགོན་པོ་ཁྲོ་བོ་བཅུ་ཡི་ཚོགས་བཅས་དང་། །འཇིགས་པ་བརྒྱད་སྐྱོབ་ལྷ་མོ་བཀྲ་ཤིས་དཔལ་འབར་མ། །ཆོས་རྒྱལ་བླ་མ་ཁྱེད་ཀྱི་དཔུང་གྲོགས་མཛད་དུ་གསོལ། །བསྟན་པའི་བདག་པོ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས། །རྗེ་བཙུན་སྤྱན་རས་གཟིགས་དབང་དྲི་མེད་དཀྱིལ་འཁོར་ཅན། །འགྲོ་བའི་སྡུག་བསྔལ་སེལ་བའི་ཆོས་རྒྱལ་ཡབ་སྲས་གཉིས། །དུས་ལ་བབ་བོ་ཐུགས་རྗེའི་ཕ་མཚན་དཔུང་དུ་སྐྱེད། །ཟག་མེད་བྱིན་རླབས་ཆུ་རྒྱུན་ཡུན་རིང་བསྲིང་དུ་གསོལ། །
ཞེས་གསོལ་བ་ཁྱད་པར་ཅན་ལྷང་ལྷང་འདེབས་པ་ཁོ་བོས་ལེགས་པར་ཐོས་པ་དང་། ཁོ་བོ་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་དམར་ལ་གསུས་ཁྱིམ་ཆེ་བ། རལ་པ་ཁམ་ནག་གྱེན་དུ་བརྫེས་པ། མིག་དམར་ལ་སྡང་མིག་ཕྱོགས་བཅུར་གཟིགས་པ། དེ་མཐོང་ཙམ་ན་ཁྲོ་བོ་གཞན་གྱི་ཆ་བྱད་འབྲུལ་བ་གཅིག་ཏུ་མཛད་ནས། རྡོ་རྗེ་བེ་ཅོན་ནམ་མཁའ་ལ་འཕྱར་ཞིང་། གཡོན་སྡིག་མཛུབ་ཞགས་པ་དང་བཅས་པ་ཀླད་ལ་བསྐོར་ནས་རྡོ་རྗེ་བེ་ཅོན་གྱིས་བརྒྱབ་པས། རི་རབ་ལ་ཕོག་ནས། རི་རབ་ཚལ་བར་བཤགས་ནས། རི་རབ་ཀྱི་འོག་གསེར་གྱི་ས་གཞིའི་གཏིང་ཐུག་པར་མཚམས་ཕྱེ་སྟེ། ཡར་ལོག་རྒྱ་མཚོ་ཆེན་པོ་དཀྲུགས་པས་ཁྲག་ཏུ་འཁོལ་ནས། ཆུ་སྲིན་ཉ་མིད་དེ་རུས་པ་དཀར་སངས་ཀྱིས་སོང་བའི་མོད་ལ། བྱིས་པ་གཞོན་ནུ་ཤ་ཆེར་མེད་པ་མདོག་སྔོ་བ་ཞིག་ཏུ་བྱས་ཏེ། རྫིངས་ཀྱི་ནང་དུ་བྱུང་ནས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ཏེ།
ཁྲོ་བོའི་རྒྱལ་པོ་ཤིན་ཏུ་མཐུ་སྟོབས་ཅན། །ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས་གཅིག་པུ། །བདག་ནི་འཇིགས་པས་ཤིན་ཏུ་ནོངས་མོད་ཀྱིས། །ད་ནི་ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་ཟེར་བ་དང་། བདག་གིས་ཀྱང་རྡོ་རྗེ་བེ་ཅོན་ལག་ཏུ་བླངས་ནས། ཧཱུཾ་ང་ནི་སྐྱེ་འགྲོའི་སྲོག་བདག་ཆེན་པོ་ཡིན། །ང་ནི་ཐུགས་རྗེ་ཆེན་པོའི་དབང་། །སྙིང་རྗེས་ཁྱོད་ནི་མ་བསྒྲལ་ལོ། །ད་ནི་བདག་གི་གདུལ་བྱ་ལ། །མུ་སྟེགས་ཆོས་ལོག་མ་བསྟན་ཅིག །མོ་བོན་རྫུན་ཆོས་མ་བཤད་ཅིག །ཁྱོད་ཀྱི་ཚེ་སྲོག་ང་དབང་ངོ་། །ཞེས་སྨྲས་པ་དང་། ཁོས་སྙན་པའི་ཚིག་ཕུལ་བ། ཐུགས་རྗེ་ཆེན་པོ་དགོངས་སུ་གསོལ། །ཁྱེད་ཀྱི་གདུལ་བྱ་རྗེས་འབྲང་ལ། །ལོག་ཆོས་གང་ཡང་མི་བསྟན་གྱི། །ཁྱེད་ཀྱིས་བདག་ལ་བརྩེ་བར་དགོངས། །ཁྱེད་ནི་བདག་གི་སྲོག་བདག་ལགས། །ཞེས་སྐད་དོ།།
དེ་ནས་མེ་ཐབ་ཀྱི་རྩ་ནས་མི་དཀར་པོ་ཞིག་ལངས་བྱུང་ནས། ཁ་བ་ཅན་དུ་ཁྱོད་མ་འགྲིམས། །བལ་པོའི་རྫིངས་ལ་ས་བཅད་གྱིས། །ཟངས་གླིང་ལ་སོགས་གླིང་ཕྲན་དུ། །མ་འགྲིམས་ཆུའི་བར་མཚམས་ཕྱེ། །བྷྲུཾ་ཧྲཱིཿཡཀྴ་ཞེས་པ་ཐོས། དེ་ནས་རླུང་དམར་ཐམས་ཅད་ཞི། རླབས་དང་འོད་དང་སྒྲ་རྣམས་ཞི། རྫིངས་ཆེན་པོ་ཡང་རྣལ་དུ་ཕེབས་ནས་ཐམས་ཅད་རང་སར་དབུགས་ཕྱིན་ཏེ། ཕན་ཚུན་དགའ་བའི་གླེང་མོལ་ཁྲོལ་ལེ་འབྱུང་སྟེ། ཡང་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་བསྐྱེད་རིམ་མ་བཤིག་པར་རྫིངས་ཀྱི་ཁ་ཁྱེར་ལ་འཇའ་ལི་བྱས་ནས། རྡོ་རྗེ་བེ་ཅོན་འཁར་བར་བཙུགས་ནས་འདུག་པ་ལ། དེ་ནས་རྫིངས་ཆེན་པོ་དེ་ཁྲག་ཁྲིག་ཙམ་ཡང་མེད་པར་གནས་གཞི་ཆེན་པོ་བཞིན་དུ་འདུག་པ་ལ། ཅི་ཡིན་སྙམ་ནས་བལྟས་པས། བུ་མོ་གཞོན་ནུ་མ་ཁག་གཅིག་བཞད་གད་ཟེར་བ་ཐོས་ནས་དེར་བལྟས་ཙ་ན། ཁྲོ་བོའི་རྒྱལ་པོ་མི་གཡོ་བ་འདི་པུས་མོ་མན་ཆད་རྒྱ་མཚོའི་གཏིང་དུ་འདས་པར་བྱས་ཏེ། སྐྱེས་པ་དར་མས་གཞོང་པ་ཐོགས་པ་བཞིན་དུ། རྫིངས་ཀྱི་ཤར་ནུབ་གཉིས་ནས་འཇུས་ཏེ། དབུའི་ཅོད་པན་སྤྲིན་གྱི་གསེབ་ན་ལྷུག་གེར་འདུག །རྫིངས་ཀྱི་ཁ་ཁྱེར་ན་ཕར་ལ་བུ་མོ་ཉི་ཤུ་རྩ་གཅིག་ཁ་ཕྱིར་བསྟན་ནས། འུ་སྐོལ་མི་སྲིང་རྣམས་མིན་ན། དེ་རིང་རང་ཁ་རྗེ་ཆེ་ཨང་ཟེར་གྱི་འདུག །དེ་ནས་ཁོ་བོས། འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །ངན་སོང་སྒོ་འགེགས་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱེད་ཀྱིས་གདོང་གྲོགས་བྱས། །ད་རུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པ་དང་། བུ་མོ་དེ་ཀུན་ན་རེ། བུ་སུའི་སྙིང་པོ་འདི་མིན་ན། མུ་སྟེགས་ཀྱི་གྲོང་ཁྱེར་སྭ་བྷ་ན་ཐ་འདི་ཐལ་བར་རློག་ཅིག་སྙམ་ཙ་ན། གསོལ་བ་འདེབས་པའི་སྒྲ་དེ་ཐོས་ཞེས་པ་དང་། ཨ་པ་སེམས་ཅན་ཀུན་གྱི་མཆོག་ཀྱང་སེམས་དཔའ་ཆེན་པོ་འདི་ཡིན། ངེད་རྣམས་ཀྱིས་ཀྱང་འདི་དྲང་བའི་ཕྱིར་འདིར་འོངས། ལར་བྱིས་པ་ཁ་སྔོན་པོ་འདི་གྲགས་ན་གཞུ་འཆག་ཟེར་ཞིང་། བྱིས་པ་ཁོ་ད་ཉི་མ་དེ་རིང་ཕན་ཆད་ནས་བལ་པོའི་རྫིངས་ཕར་མ་བསྒྲལ་ཅིག །སའི་སྙིང་པོ་ལ་བོས་ནས། ཚེ་དང་ལྡན་པ་ཁྱོད་རང་ནམ་མཁའི་མེ་ཏོག་འདི་འདི་སྭ་བྷ་ན་ཐར་རྒྱོབ་ལ་ཐོང་། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁག་ཁོ་མོ་ཅག་རྣམས་ཀྱིས་ལེན་གསུངས་པ་དང་། པཎྜི་ཏ་སའི་སྙིང་པོས་ཀྱང་། ཐོག་ཅིག་སྡིགས་མཛུབ་ལ་བླངས་ཏེ་བསྐོར་ནས་མུ་སྟེགས་ཀྱི་གྲོང་ཁྱེར་སྭ་བྷ་ན་ཐའི་བྱང་ཕྱོགས་ན་ལྷ་མོ་ཙར་ཙི་ཀ་ཡོད་པ་དེའི་སྟེང་དུ་བརྒྱབ་པས། མུ་སྟེགས་ཀྱི་ལྷ་ཁང་ལྷ་མོ་དང་བཅས་པ་བརླག་པར་བྱས། ཡང་གཅིག་འཕངས་པས་ལྷ་དབང་ཕྱུག་ཆེན་པོ་ཉིད་ཀྱི་རྟེན་ལ་བརྒྱབ་སྟེ་ཚལ་པར་གས་ནས། དེའི་ཟེར་གཅིག་མུ་སྟེགས་ཀྱི་རྒྱལ་པོ་ལ་ཕོག་ནས་གཞོགས་གཡས་པ་བསྐམས། དེའི་ཟེར་གཅིག་མཐའ་ཏུ་རུ་ཀའི་ཕོ་བྲང་ལ་བརྒྱབ་པས། ལོ་བཅུ་གསུམ་གྱི་བར་དུ་རྡོ་རྗེ་གདན་དུ་སོག་པོའི་འགྲིམ་འགྲུལ་ཆད། དེའི་ཟེར་གཅིག་ཞང་ཞུང་རྒྱལ་པོ་གུར་ནག་གི་ཕོ་བྲང་ལ་བརྒྱབ་ནས་བོན་གྱི་བསྟན་པ་བསྣུབས། རེ་རེ་གཉིས་གཉིས་ཡོད་པ་བྲེད་ནས་རི་བོ་གངས་ཅན་གྱི་རྒྱུད་དུ་བྲོས། དེའི་ཟེར་གཅིག་ལྷོ་ཕྱོགས་ཀྱི་དུག་མཚོན་ནག་པོར་བརྒྱབ་པས། ཀླུ་བདུད་ནག་པོའི་ཕོ་བྲང་བཤིག །ཛི་ལི་ཛྭ་ལའི་ནད་རྒྱུན་ཆད། དེའི་ཟེར་གཅིག་སྲིན་ཡུལ་ལངྐར་བརྒྱབ་པས། སྲིན་པོའི་རྒྱལ་པོ་ལངྐའི་ཕོ་བྲང་ཐལ་བར་བརློགས་ཏེ་སྲིན་པོ་མི་ཟན་གྱི་རབས་བཅད། དེ་ནས་ང་རྒྱལ་གྱི་ཚིག་སྨྲས་པ། ཡི་དམ་འདི་ཡི་བདག་པོ་ང་ཡིན་གྱིས། །ནག་པོའི་ཕྱོགས་རྣམས་བྱེར་ཅིག་བྱེར་ཅིག་ཐལ་བར་རློག །དཔའ་བོ་ཆེན་པོ་ང་ནི་སའི་སྙིང་པོ་ཡིན། །ཨུ་རྒྱན་ཡུལ་ན་རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར། །རློག་ཅིག་རློག་ཅིག་དབང་ཕྱུག་ཆེན་པོ་ཐལ་བའི་རྡུལ་དུ་རློག །བོན་པོའི་ལྷ་རྣམས་ངོ་བོའི་ནུས་པ་བརླག་པར་གྱིས། །ཨོཾ་ཧྲཱིཿཔདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧཱ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿཞེས་ཟེར་བ་ཐོས་སོ།།
དེ་ནས་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་དང་། བཅོམ་ལྡན་འདས་མ་གཉིས་ཀྱང་ཡུད་ཙམ་ཞིག་ལ་མི་སྣང་ངོ་། །ཁོ་བོ་ཡང་རང་ཉིད་དགེ་སློང་གི་རྣམ་པར་བསྟན་ལ་འདུག་སྟེ་གདའ་འོ། །རང་གི་རྗེས་སུ་འབྲངས་པ་འཁོར་ཐམས་ཅད་ཀྱང་རྗེས་སུ་ཡི་རང་སྟེ་ལྷུན་གྱིས་གྲུབ་ཅིང་མ་བཅོས་པའི། །ཆོས་རྒྱལ་རིན་ཆེན་ལྷུན་པོ་འདྲ། །མཚན་རབ་ཡེ་ཤེས་མངའ་བ་དེས། །བདག་ཅག་ཐམས་ཅད་ཚིམ་པར་བྱས། །ཨེ་མ་ཧོ། མགོན་པོ་མགོན་པོ་མཐུ་དཔལ་ཅན། །དེ་བཞིན་སྲིད་པའི་རྒྱ་མཚོ་ལས། །བདག་ཅག་འཇིགས་པས་ཉེན་པ་ན། །ཁྱེད་ཀྱིས་ཐུགས་རྗེའི་སྐྱབས་འོག་ནས། །འཆུག་པ་མེད་པར་བསྐྱབ་ཏུ་གསོལ། །ཞེས་ཟེར་ཏེ། ཞག་ཉི་ཤུ་རྩ་གཅིག་ཏུ་གར་ཡང་ཕྱིན་པར་མ་ནུས་ནས། འཇིགས་པ་ལས་སྒྲོལ་མ་ཐག་ཏུ་ཕྱོགས་བཞིར་རླུང་གི་བ་དན་ཆེད་པོ་བཞི་འཕྱར། ཁྲོ་ཆུའི་ཕ་བོང་སྟེང་དུ་དྲངས། མཐུན་པའི་རླུང་དང་སྦྱར་ཏེ་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཉིན་མཚན་མེད་པར་རྒྱ་མཚོ་ཆེན་པོར་ཞུགས་ཏེ་ཕྱིན་པས། ཟླ་བ་བདུན་ལྷག་ཙམ་ན་ཡང་རླུང་དམར་ལངས་ཏེ། སྔར་བཏང་བའི་ཉིན་ལམ་ཙམ་རླུང་གིས་ཕྱིར་ཁྱེར། ཡང་བླ་མ་དཀོན་མཆོག་དང་། མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་བཏབ་པས། རླུང་དམར་རང་ཞི་ཡང་། མཐུན་པའི་རླུང་ཆེན་པོ་ཙམ་ཡང་མ་བྱུང་བས། སེམས་ཅན་གྱི་བསོད་ནམས་ལ་བརྟེན་ནས་ཟླ་བ་ཕྱེད་ཀྱི་བར་དུ་ལུས། དེ་བཞིན་དུ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་མཐུན་པའི་རླུང་དང་སྦྱར་ནས་ཕྱིན་པས། ཟླ་བ་གཉིས་དང་ཞག་ཉི་ཤུ་རྩ་དྲུག་ན་རྒྱ་མཚོ་ཕ་རོལ་ཏུ་བརྒལ་བར་གྱུར་ཏོ། །བླ་མ་དང་ཆོས་བཙལ་བའི་ཕྱིར་དཀའ་བ་ཇི་ལྟར་སྤྱད་པའི་རྣམ་གཞག་ལས། རྒྱ་མཚོར་ལྷ་དབང་ཕྱུག་ཆེན་པོ་ཕམ་པར་བྱས་པའི་ལོ་རྒྱུས་ཀྱི་རྣམ་གཞག་རྫོགས་སོ།།
རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ནས་རྒྱ་མཚོ་ཆེན་པོ་བསྒྲལ་མ་ཐག་ཏུ། གསེར་གླིང་གི་ལྗོན་ཤིང་གི་ནུབ་ཕྱོགས། བདེ་གསལ་པདྨོའི་ལྷོ་ཕྱོགས། ངམ་ཤིང་འདམ་བུའི་ཚལ་གྱི་བྱང་ཕྱོགས། ཆུ་སྲིན་ཀེ་ཀེ་རུའི་ཤར་ཕྱོགས། བོད་ཀྱི་རྒྱལ་པོས་བཞེངས་པའི་བདེ་གཤེགས་གསེར་གྱི་མཆོད་རྟེན་གྱི་དྲུང་དུ། བླ་མ་གསེར་གླིང་པའི་སློབ་མ་དགེ་སློང་བསམ་གཏན་པ་དྲུག་ཡོད་པའི་སར། བླ་མ་གསེར་གླིང་པའི་རྣམ་ཐར་དྲི་མ་མེད་པ་རྣམས་རྩད་གཅོད་ཀྱིན་ཞག་བཅུ་བཞིའི་བར་དུ་བསྡད། དེ་ལ་བླ་མའི་ཐུགས་དམ་གྱི་རིམ་པ་གང་ལ་མཛད་པ་དང་། ཁུངས་བཙུན་པ་གང་ནས་འདེད་པ་དང་། གཞུང་ལུགས་ཅི་ཙམ་ཐུགས་ལ་མངའ་བ། ལུང་རིགས་མན་ངག་ཅི་ཙམ་གྱི་བདག་པོ་ཡིན་པ། ཐུགས་རྒྱུད་འབྱོངས་པའི་རྟོགས་པའི་ཚད་དང་ཡོན་ཏན་ཅི་ཙམ་མངའ་བ་ཐམས་ཅད་བསམ་གཏན་པ་ཀུན་ལ་ཞུས་ཤིང་། བསམ་གཏན་པ་ཀུན་གྱིས་ཀྱང་བླ་མའི་རྣམ་པར་ཐར་པ་སྣོན་འཕྲི་མེད་པར་བཤད་པ་ལ་བརྟན་པ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས། བསམ་གཏན་པ་དག་གིས་ཀྱང་། པཎྜི་ཏ་སའི་སྙིང་པོ་ལ་སོགས་པ་རྣམས་ལ་བླ་མའི་རྣམ་པར་ཐར་པ་དྲིས་པས། དེ་རྣམས་ཀྱིས་ཀྱང་རྒྱལ་སྲིད་སྤངས་ནས་ཐར་པར་བྱུང་ལུགས། བླ་མ་དཔག་ཏུ་མེད་པ་བསྟེན་ལུགས། གཙུག་ལག་ཁང་དཔག་ཏུ་མེད་པའི་བདག་པོ་བྱེད་ལུགས། ཡོན་ཏན་རྒྱ་ཆེན་པོ་མངའ་བ་བཤད་པ་ལ་བརྟེན་ནས། བསམ་གཏན་པ་ཀུན་ན་རེ། འོ་ན་པཎྜི་ཏ་ཆེན་པོ་འདི་རྒྱ་གར་གྱི་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་ཟེར་བ་དེ་ཅང་མིན་ནམ་ཟེར། སའི་སྙིང་པོས་སྨྲས་པ།
རྒྱལ་བ་གཉིས་པར་འཇིག་རྟེན་ཡོངས་ནས་གྲགས། །ལྔ་བཅུ་རྩ་གཉིས་པཎ་ཆེན་ཡོངས་ཀྱིས་བཀུར། །ཐེག་པ་ཆེ་ཆུང་ཡོངས་ཀྱིས་བསྔགས་པ་སྟེ། །རྒྱ་གར་མཁས་པ་ཆེན་པོར་ཡོངས་སུ་གྲགས། །བསམ་གཏན་པ་ཀུན་གྱིས་སྨྲས་པ། སའི་བདག་པོ་གནས་འདིར་ལྷགས་པ་ལེགས། །ཐོས་པས་སྙན་པ་མཐོང་བར་སྤྲོ་ན་ཡང་། །དེ་རིང་བདག་ཅག་བསོད་ནམས་སྐལ་བར་ལྡན། །མཁས་པ་ཆེན་པོ་རྫིངས་ལ་བྱོན་པ་ལེགས། །བར་དུ་བདུད་ཀྱི་དཀྲུགས་པར་མ་གྱུར་ཏམ། །ཉ་མིད་རླུང་གི་བར་ཆད་མ་མཆིས་སམ། །ཡུན་རིང་འཚོ་བས་ཉེན་པར་མ་གྱུར་ཏམ། །སའི་སྙིང་པོས་སྨྲས་པ། ཟླ་བ་བཅུ་གཉིས་རྫིངས་ལ་ཞུགས་ཏེ་འོངས། །དབང་ཕྱུག་ཆེན་པོས་ཉ་མིད་རླུང་དམར་གཡོས། །སྐད་ཅིག་ཉིད་ལ་བྱམས་དང་སྙིང་རྗེ་ཡིས། །བདུད་བཅོམ་འཇིགས་མེད་བསྐལ་པ་བཟང་པོ་ཐོབ། །དེ་ནས་སླར་ཡང་རྫིངས་ལ་འོངས་པ་ན། །རྗེ་བཙུན་ནམ་མཁའ་མཛོད་ལ་མངའ་བརྙེས་པས། །བརྒྱ་དང་ཉེར་ལྔ་འཕོངས་ཤིང་དབུ་མ་གྱུར། །མི་མཐུན་ཕྱོགས་རྣམས་བདེན་པའི་ཚིག་གིས་ཞི། །སའི་སྙིང་པོས་ཚིག་དེ་སྨྲས་པ་དང་། བསམ་གཏན་པ་ཀུན་དགའ་ཞིང་རབ་དགྱེས་ཏེ། །ཁོ་བོ་ཕྱོགས་གཅིག་འདུག་པའི་དྲུང་འོངས་ཏེ། །གུས་པའི་ཚིག་གིས་ཞུ་བ་འདི་སྐད་དོ། །ཁྱེད་ཀྱི་སྙན་པ་རྒྱང་ནས་ཐོས་པ་ན། །དགའ་བའི་སེམས་ཀྱིས་མཐོང་ན་ཡིད་སྨོན་འཆོར། །ད་འདིར་མཁས་པ་ཆེན་པོ་ལྷགས་པ་ན། །མི་ཤེས་མུན་པས་སྒྲིབ་པས་ནོངས་པར་གྱུར། །ད་ནི་ལུས་དང་ངག་དང་ཡིད་དག་གིས། །རབ་ཏུ་ཁྱེད་ལ་གུས་པས་ཕྱག་འཚལ་ལོ། །ཞེས་ཁོ་བོའི་དྲུང་དུ་ཕྱག་འཚལ་བ་དང་། ཁོ་བོས་ཀྱང་སླར་ཁེངས་པ་སྤངས་ཏེ། གུས་པས་ཕྱག་བགྱིས་སོ། །ཡང་བསམ་གཏན་པ་ཀུན་གྱིས་སྨྲས་པ། སྐྱེས་བུ་དམ་པ་གླིང་འདིར་ལྷགས་པ་ཡི། །ཆེད་དུ་བྱ་བ་གང་ལགས་བཤད་དུ་གསོལ། །གུས་པས་ཁྱེད་ཀྱི་བྱ་བ་བདག་གིས་བྱ། །ཅི་འཚལ་བདག་ལ་ལེགས་པར་བཀའ་སྩོལ་ཅིག །ཁོ་བོས་ལན་སྨྲས་པ། བདག་ནི་གསེར་གླིང་རྒྱལ་པོའི་དྲུང་དུ་སོང་། །ཞུས་ལ་བདག་གི་འདོད་པའི་སྐབས་ཕྱེ་ཞིག །དེ་ནས་བསམ་གཏན་པ་ཀུན་གྱིས་བླ་མ་གསེར་གླིང་པའི་དྲུང་དུ་ཕྱིན་ནས། ཀྱེ་བླ་མ་དམ་པ་གསན་དུ་གསོལ། དེང་སང་གླིང་འདིར་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་དེ་སློབ་མ་བརྒྱ་དང་ཉི་ཤུ་རྩ་ལྔའི་ཚོགས་དང་བཅས་ཏེ། ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོ་ལ་ཟླ་བ་བཅུ་གསུམ་གྱི་བར་དུ་བདུད་དང་མུ་སྟེགས་ཀྱི་ལྷ་དབང་ཕྱུག་ཆེན་པོ་བྱམས་སྙིང་རྗེས་འཆིང་ཞིང་། སྐུ་གསུང་ཐུགས་མདངས་མ་ཤོར་བར་བདག་ཅག་གང་ན་བ་དེར་ལྷགས་སོ། །དེ་ལ་ཞག་བཅུ་བཞིའི་བར་དུ་ཆོས་ཀྱི་གཏམ་བགྲོ་བར་མཛད་པས། བདག་ཅག་སེམས་རང་ཞིང་ཚིམ་པར་གྱུར་ཏོ། །ད་ནི་མཁས་པ་ཆེན་པོ་དེ་ཁྱེད་ཀྱི་དྲུང་དུ་འོངས་ཏེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་གཙོ་བོར་ཉན་པ་དང་། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཐེག་པ་ཆེན་པོའི་བློ་སྦྱོང་བར་བགྱིས། གཞན་ཡང་བླ་མའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཉིན་དང་མཚན་དུ་སྤྱད་པར་འདོད་པ་གདའ་བས། ཐུགས་རྗེ་ཆེན་པོས་སྐབས་ཕྱེ་ཞིག་ཅེས་པ་དང་། ཚིག་དེ་དག་གསན་མ་ཐག་ཏུ་བླ་མ་གསེར་གླིང་པའི་ཞལ་ནས། སའི་བདག་པོ་བྱོན་པ་ལེགས། །སྐྱེ་དགུའི་བདག་པོ་བྱོན་པ་ལེགས། །མཁས་པ་ཆེན་པོ་བྱོན་པ་ལེགས། །འཁོར་དང་བདག་པོ་བྱོན་པ་ལེགས། །དཀའ་བ་ཆེན་པོ་སྤྱད་པ་ལེགས། །དབང་ཕྱུག་ནག་པོ་བཏུལ་བ་ལེགས། །མི་མཐུན་ཕྱོགས་ལས་རྒྱལ་བ་ལེགས། །སྙན་པའི་བ་དན་སྒྲོག་པའི་ལེགས། །ཉེ་ཞོ་མེད་པར་སླེབས་པ་ལེགས། །དགེ་སློང་ཐམས་ཅད་ཆོས་གོས་གསོལ། །དམ་ཅན་དེའི་བསུ་བ་གྱིས། །
ཞེས་གསུངས་ནས་དགེ་སློང་ཆོས་གོས་ཁ་དོག་མཐུན་པར་གསོལ་བ། མཛེས་པར་བསྣམས་པ་ཤིན་ཏུ་སྤྱི་བླུགས་འཛིན་པ། དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང་སུམ་ཅུ་རྩ་ལྔའི་སྣ་བླ་མ་གསེར་གླིང་པས་དྲངས་ནས། དགེ་ཚུལ་དྲུག་ཅུ་རྩ་གཉིས་ཀྱིས་བརྟེན་ཏེ། མདོར་ན་རབ་ཏུ་བྱུང་བ་ལྔ་བརྒྱ་དང་བདུན་ཅུ་རྩ་གཉིས་ཀྱིས་རྒྱང་རིང་པོ་ནས་བསུ་བའི་ཕྱིར་ནར་གྱིས་བྱུང་བ་མཐོང་ངོ་། །དེ་མ་ཐག་ཏུ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་བ་ལྟར་ཤིན་ཏུ་དང་བ་འདྲེན་ཞིང་ཤེས་པ་ཉམས་དགའ་བའི་མཐར་ཐུག་པར་གྱུར་ཏོ།།
དེའི་ཚེ་ཁོ་བོས་ཀྱང་། གླང་པོ་ཆེ་གཉིས་ལ་མཐུན་པའི་རྐྱེན་རྣམས་བཀལ་ཏེ། དགེ་བསྙེན་བཞིས་ཡོ་བྱད་རྣམས་མགོ་འདོན་དུ་བཅུག་གོ །བླ་མ་ལ་ངོམ་པར་བྱ་བའི་ཕྱིར། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་དང་། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་གཅིག་ཡན་ཆད་ཕྱགས་ལྷམ་འབྲེང་མིག་མ་གསོལ་བ། ཁ་ཆེ་གུར་གུམ་གྱིས་ལེགས་པར་ཁ་བསྒྱུར་བའི་ཆོས་གོས་རྣམ་གསུམ་ཐོག་མ་བབས་པ་ཕལ་ཆེར་སྡེ་པས་ལེགས་པར་བསྔགས་པ་མཛེས་པར་གསོལ་བ། དེ་ཐམས་ཅད་ཀྱང་རྟེན་འབྲེལ་གྱི་ཆེ་བས་ལྕགས་ཀྱི་ལྷུང་བཟེད་རབ་ཚད་བུག་རྡོལ་མེད་པ་བསྣམས་པ། ཟངས་ཀྱི་རིལ་བ་སྤྱི་བླུགས་མ་ག་དྷའི་བྲེ་གང་ཤོང་བ། བསྟན་པའི་བདག་པོས་རབ་ཏུ་བསྔགས་པའི་འཁར་སིལ་ལ་སོགས་པའི་ལྔ་ཚན་ཐམས་ཅད་ལེགས་པར་ཚང་བ་ཡོད་པ། ཐམས་ཅད་ཀྱང་པཎྜི་ཏའི་ཞྭ་ང་རྒྱལ་མེད་པ་གསོལ་བ། རྔ་ཡབ་དཀར་པོ་རེ་ཕྱག་ན་བསྣམས་པ། དེ་ཡང་པཎྜི་ཏ་ཆེན་པོ་འགྲོ་བ་བཟང་པོ། ཆོས་ཀྱི་བཤེས་གཉེན། དགེ་བའི་འབྱུང་གནས། དཔའ་བོ་རྡོ་རྗེ། ལྷའི་བློ་གྲོས། ཉི་མ་སྦས་པ། སའི་སྙིང་པོ། ཡེ་ཤེས་སྙིང་པོ། ངག་གི་དབང་ཕྱུག །དྷ་ན་ཤྲཱི་མི་ཏྲ། ཤེས་རབ་བཟང་པོ། ཟླ་བ་བཟང་པོ། ཀུན་ཏུ་བཟང་པོ། གསང་བའི་སྙིང་པོ། བློ་གྲོས་མཐའ་ཡས། རྒྱ་མཚོ་རྦ་རླབས། རི་རབ་རྒྱལ་པོ། དཔའ་བོ་རོལ་པ་ལ་སོགས་པ་པཎྜི་ཏ་ཆེན་པོ་རྣམས་དང་། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་ཡེ་ཤེས་བཟང་པོ་ལ་སོགས་པའི་དགེ་སློང་བརྒྱ་དང་བརྒྱད། དགེ་ཚུལ་བཅུ་གསུམ། དགེ་བསྙེན་ཆེན་པོ་བཞི་སྟེ་བརྒྱ་དང་ཉི་ཤུ་རྩ་ལྔས་ཁོ་བོའི་རྗེས་སུ་བར་དུ་མི་རེ་ཤོང་བ་ཙམ་དུ་མ་འབྱར་བ་འགྱངས་ཆེས་མ་གྲགས་པ། བར་མ་ཆད་པར་འཇའ་ཚོན་སྣ་ལྔའི་གུར་བཞིན་དུ་མགོན་པོ་གསེར་གླིང་པ་གང་ན་བཞུགས་པ་དེར་ཕྱིན་པ་དང་། ཐམས་ཅད་ཕུན་སུམ་ཚོགས་པ་ཤ་སྟག་ཏུ་གྱུར་པས། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་བོ། །སྔར་འཁོར་བ་ཐོག་མ་མེད་པ་ནས་བླ་མ་དང་ཉེར་འབྲེལ་ཡང་། འདིར་སྔར་གདམས་པ་མ་ཐོབ་པ་དང་། ཁོ་བོའི་རྗེས་སུ་པཎྜི་ཏ་ཆེ་ལ་མང་བ་དང་། བདག་ཅག་གིས་ཕྱག་གི་མཆོད་པའི་རྗེས་སུ། བླ་མ་སྐུ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་ཁོ་བོ་དང་ཁོ་བོའི་སློབ་མ་རྣམས་ཀྱི་གཟི་བརྗིད་མ་ཐུབ་པ་དང་། ཐམས་ཅད་ཀྱང་སོ་སོར་ཐར་པའི་སྡོམ་པ་ནས་ཡོན་ཏན་ཐམས་ཅད་ཁོ་བོས་ཚང་བར་བྱས་པས་སྙིང་གཅིག་ཏུ་ཡོད་པ་དང་། ཐམས་ཅད་ཀྱང་ལྟ་སྤྱོད་མཐུན་པ་དང་། ཐམས་ཅད་ཀྱང་ཁོ་བོའི་རྗེས་སུ་སློབ་པ་ཤ་སྟག་ཡོད་པས་ལན་དུ་ཕྱག་ཀྱང་འགྱེལ་བ་བཞིན་དུ་མཛད་དོ། །དེས་རབ་ཏུ་གནས་པར་མཛད་པས་ཕྱིས་ཀྱང་ཁོ་བོ་རྒྱ་བོད་ཐམས་ཅད་ཀྱིས་བཀུར་བར་གྱུར་ཏོ།།
དེའི་ཚེ་བདག་གིས་རིན་པོ་ཆེའི་བུམ་པ་ལྟོ་བ་ཆེ་ལ་ལྷུན་གྱིས་གྲུབ་པ། རྩ་བ་བརྟན་ལ་མགྲིན་པ་རིང་བ། ཁ་གཡེལ་བ་མཆུ་འགྲོངས་པ། ནང་ན་ཅི་ཡོད་ཕྱི་ནས་གསལ་བ་ཞིག་རིན་པོ་ཆེ་གསེར་དངུལ་དང་མུ་ཏིག་དང་བྱི་རུ་དང་བཻ་ཌཱུརྱས་བཀང་སྟེ་བླ་མའི་ཕྱག་ཏུ་ཕུལ་ལོ། །གཞན་ཐམས་ཅད་ཀྱིས་ཀྱང་གསེར་གྱི་སྦྲམ་བུ་ཞོ་རེ་རེ་ཡོད་པ་རེ་ཕུལ་ལོ། །དེ་ནས་བླ་མ་གསེར་གླིང་པས་ཚིགས་སུ་བཅད་པའི་སྒོ་ནས་ལམ་གྱི་བར་ཆད་དྲིས་པ་འདི་ལྟ་སྟེ། འདུལ་བ་འཛིན་པ་བྱོན་ལགས་སམ། །ཚུལ་ཁྲིམས་གོས་ཅན་བྱོན་ལགས་སམ། །སྙིང་རྗེ་ཆེན་པོ་བྱོན་ལགས་སམ། །ཆོས་ཀྱི་རྒྱལ་པོ་འདིར་ལྷགས་སམ། །ཁྱེད་ཀྱི་སྙན་པ་རྒྱང་ནས་ཆེ། །མཐོང་ན་དགའ་བ་བྱོན་ལགས་སམ། །རྒྱ་གར་ཆོས་ཀྱི་ཕོ་བྲང་དུ། །རྒྱ་ཆེན་སྤྱོད་པས་འགྲོ་བ་ལ། །ཕྱོགས་རིས་མེད་པའི་སྙིང་རྗེ་ཡིས། །མགོན་སྐྱབས་དཔུང་གཉེན་མཛད་ལགས་སམ། །མཁས་པ་འཁྲུངས་ནས་བཙུན་ལགས་སམ། །སློབ་མ་མང་པོ་བསྐྱངས་ལགས་སམ། །མཁས་པ་མང་པོས་འཁུར་ལགས་སམ། །དེང་སང་གནས་འདིར་བྱོན་པ་ལེགས། །སྐྱེ་དགུའི་བདག་པོ་རྒྱ་མཚོ་ལ། །ཟླ་བ་བཅུ་གསུམ་བྱས་ཞེས་ཐོས། །དཀའ་བ་སྤྱད་པ་ངོ་མཚར་ཆེ། །དབང་ཕྱུག་ནག་པོ་བརྟུལ་ཞེས་ཐོས། །སྙན་པའི་གྲགས་པ་ངོ་མཚར་ཆེ། །འཇིགས་པ་སྤངས་པ་ངོ་མཚར་ཆེ། །མཁས་པ་བཤུལ་ཐག་རིང་པོ་ལ། །ལུས་སེམས་དུབ་པར་མ་གྱུར་ཏམ། །ནག་པོའི་ཕྱོགས་ཀྱི་ཕྲག་དོག་ལ། །སྙིང་རྗེས་སྐྱེ་བར་མ་གྱུར་ཏམ། །སྐྱེས་བུ་དམ་པ་བྱོན་པ་ལེགས། །གནས་ན་ཁ་ཐོར་ཙམ་ཞིག་མཆིས། །དེ་དག་ཐོས་བསམ་ལས་ལ་ཞུགས། །གཞན་རྣམས་ཁྱོད་ཀྱི་མདུན་དུ་འོངས། །ད་འདིར་མཇལ་བས་སྐལ་བ་བཟང་། །ད་ནི་གཙུག་ལག་ཁང་དུ་གཤེགས། །འདུས་པའི་ཀུན་དགའ་ར་བར་གཤེགས། །ཕེབས་པའི་གསུང་གླེང་རིམ་གྱིས་སྙད། །ཆོས་དང་མཐུན་པར་བགྲོ་བར་བྱ། །ཞེས་གསུངས་པ་དང་། བདག་གིས་འདི་སྐད་ཞུས་པ། འོངས་ལགས་རྒྱ་གར་དབུས་ནས་འོངས། །བར་ཆད་ཆོས་དང་མཐུན་པར་བསལ། །དཀོན་མཆོག་ཐུགས་རྗེའི་དཔལ་གྱིས་གཏམས། །དབང་ཕྱུག་ནག་པོ་ལས་ཀྱིས་ཕམ། །སྒོ་གསུམ་ནག་པོའི་ཕྱོགས་ལས་རྒྱལ། །ཉམས་པ་མེད་པར་བདེ་བར་སླེབས། །སྐྱེ་དགུའི་དོན་ལས་མ་ཉམས་པར། །རྒྱལ་བ་ལྷམ་མེར་བཞུགས་ལགས་སམ། །གཞུང་ལུགས་རྒྱ་མཚོ་རབ་འབྱེད་ཅིང་། །མདངས་དང་ལྡན་པར་བཞུགས་ལགས་སམ། །བདུད་སྡེ་ཐམས་ཅད་འཇོམས་མཛད་ཅིང་། །ཤེས་རབ་རྒྱ་མཚོར་བཞུགས་ལགས་སམ། །གསེར་གྱི་གླིང་ན་མཁས་པ་ཁྱེད། །འགྲོ་བའི་དོན་ལ་ཉིན་མཚན་དུ། །བྱམས་དང་སྙིང་རྗེས་རབ་གཟིགས་ཤིང་། །བསྟན་པའི་བདག་པོར་བཞུགས་ཞེས་ཐོས། །དེ་ཕྱིར་མཁས་པར་ཐམས་ཅད་མཁྱེན། །བདག་གི་བླ་མར་གསོལ་འདེབས་ཀྱིས། །ཤེས་བྱའི་དཀྱིལ་འཁོར་ཡངས་པ་ལ། །བདག་གི་ཤེས་རབ་སྤེལ་དུ་གསོལ། །ཞེས་ཞུས་པ་དང་། དགེ་སློང་ཐམས་ཅད་ངག་མཐུན་པར། སྐྱེས་བུ་དམ་པ་བྱོན་པ་ཤིན་ཏུ་ལེགས། །བདག་ཅག་རྣམས་ཀྱང་ཁྱོད་དང་ལྷན་ཅིག་ཏུ། །དམ་པའི་ཆོས་ཀྱི་བདེ་བས་ཚིམ་པར་བྱ། །ཞེས་གསུངས་པ་དང་། གཞི་བྱེས་ཐམས་ཅད་ལྷན་ཅིག་ཏུ་དགེ་འདུན་གྱི་ཀུན་དགའ་ར་བར་བྱོན་པ་དང་། དེ་ན་གནས་བརྟན་ཡར་སྒྲེས་ལ་སོང་བ་གཅིག་དགེ་འདུན་འགའ་ཞིག་ལ་ཆོས་གསུང་གིན་འདུག་པ་ལ་ཁོ་བོས་ཕྱག་འཚལ་ཏེ། གནས་བརྟན་དེས་དེའི་ལན་དུ་ཕྱག་མ་མཛད། དེ་ནས་བླ་མའི་གཟིགས་ཁང་ཕོ་བྲང་གསེར་གདུགས་ཅན་གྱི་ནང་དུ་བྱོན་ཏེ། སྟན་ལ་ཁོད་པ་དང་གནས་བརྟན་དེ་ཡང་ཆོས་མཐུན་བཏང་ནས་བྱུང་སྟེ། ཁོ་བོ་ལ་ཆོས་དང་མཐུན་པའི་ཕྱག་འཚལ་ཞིང་བདག་ལ་འདི་སྐད་གསུངས། སྐྱེས་བུ་དམ་པ་གནས་འདིར་བྱོན་པ་ལ། བསུ་བ་མ་བྱས་འོན་ཀྱང་ང་རྒྱལ་མིན། །གང་ཡང་སྐྱེས་བུ་དམ་པ་མཉེས་པ་ཡི། །ཆོས་ལ་བྱ་བ་བྱས་པ་ཡིན་བསམ་མོ། །གསུང་དེ་ཐོས་པས་ཁོ་བོ་ཡིད་རང་སྟེ། ཆོས་དང་གང་ཟག་གི་ཆེ་བ་འདོན་པ་ངོ་མཚར་ཆེ་སྙམ་མོ།།
དེ་ནས་གཞིས་ལེགས་པར་ཕབ་པ་དང་། བླ་མས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆེ་བར་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཆོས་ཐུན་བཅོ་ལྔ་ཙམ་གྱིས་ལེགས་པར་བཀྲལ་ནས་ཁོ་བོ་ལ་ལེགས་པར་གནང་ངོ་། །དེ་ནས་ཕོ་བྲང་དངུལ་གདུགས་ཅན་བཟུང་སྟེ། ཐོས་བསམ་སྒོམ་གསུམ་གྱིས་དུས་འདས་པར་བྱས་སོ། །དེ་ཐམས་ཅད་ཀྱང་གསེར་གླིང་དུ་ཆགས་ཕེབས་ཤིང་བླ་མ་དང་མཇལ་བའི་ཚུལ་ལགས་སོ། །ཞེས་པ་རྣམས་ཇོ་བོ་ཉིད་ཀྱི་གསུང་མ་འཁྲུལ་བའོ།།[1] །།
[1] འདི་ཡན་ཇོ་བོ་རང་ཉིད་ཀྱིས་མཛད་པའི་། ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར་ཡིན་ལ། རྣམ་ཐར་འདི་ཉིད་བཀའ་གདམས་ཕ་ཆོས་ (མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༡༩༩༣ ལོར་པར་སྐྲུན་ཞུས་པའི་དེབ་གཟུགས་ཤོག་གྲངས་ ༢༩ ནས་ ༤༣ བར་བཞུགས་པར་མ་ཟད། རྣམ་ཐར་འདི་ཉིད་གཙང་མཁན་ཆེན་གྱིས་བསྒྲིགས་པའི་ནང་དུ་བསྒྲིགས་པ་གཉིས་གཅིག་གོ།)
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣ ནས་ ༣༤ བར་གསལ་བ་ལས་བཏུས་པའོ།།
འཕྲོས་རྗེས་མར་གཟིགས་པར་ཞུ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།