བརྒྱད་པ། ཁ་ཆེའི་ཡུལ་ངོས་འཛིན་ཚུལ་ལ་དཔྱད་པ།

བརྒྱད་པ། ཁ་ཆེའི་ཡུལ་ངོས་འཛིན་ཚུལ་ལ་དཔྱད་པ།

ཀ༽ ཁ་ཆེ་ཞེས་པའི་ཡུལ་ངོས་འཛིན་ངོ་སྤྲོད།

 

དེ་ཡང་ཁ་ཆེའི་ཡུལ་ནི། དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[1]། འདི་ཡོངས་གྲགས་སུ་ཀསྨིར་ (ཀ་ཤི་སྨིར་) ཟེར་བའི་རྒྱལ་ཁབ་དེ་ཡིན་ཅིང་། ཤར་ཕྱོགས་ནི་རང་རྒྱལ་གྱི་བོད་ལྗོངས་མངའ་རིས་དང་ས་འབྲེལ། ལྷོ་ཕྱོགས་ནི་ཧིན་རྡུ་དང་ས་འབྲེལ། ནུབ་དང་བྱང་ནི་པ་ཅི་སི་ཐན་ (པ་ཀི་སི་ཐན།) གྱི་ས་དང་འབྲེལ་བ་ཡིན། མི་གྲངས་མང་ཆེ་བ་ཁ་ཆེའི་རིགས་དང་ཆོས་ལུགས་ནི་སངས་རྒྱས་ཤཱཀྱ་མུ་ནེ་མྱ་ངན་ལས་མ་འདས་ཕན་ཆད་ཁ་ཆེའི་ཆོས་ལུགས་ཡིན་ཀྱང་།

སངས་རྒྱས་མྱ་ངན་ལས་འདས་ནས་ཡུན་རིང་མ་སོང་བར་དགྲ་བཅོམ་པ་ཉི་མ་གུང་པས་ཡུལ་དེར་བྱོན་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བ་དེ་ནས་བཟུང་སངས་རྒྱས་ཆོས་ལུགས་གཙོ་བོ་བྱས་པ་དཔེར་ན། ཐང་སན་ཙང་གི་ལམ་ཡིག་ལས། སྐབས་དེར་ཡུལ་དེ་ན་ཐེག་པ་ཆུང་ངུའི་དགེ་འདུན་ལྔ་སྟོང་ཙམ་ཡོད་པའི་དགོན་པ་ཆེན་པོ་གཅིག་དང་། སངས་རྒྱས་ཤཱཀྱ་མུ་ནེའི་ཚེམས་ཡིན་ཟེར་བ་སོགས་ཡོད་པ་དང་། ཐེག་པ་ཆེན་པོའི་ཆོས་མང་པོ་ཉན་པར་བཤད་ཅིང་། བོད་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་བ་ནས། དུས་རབས་བཅུ་གཉིས་པའི་མཇུག་ཏུ་རུ་ཀཿཡི་དམག་དཔུང་གིས་རྒྱ་གར་ལྷོ་ཕྱོགས་ཕུད་པའི་དབུས་དང་ནུབ་གཉིས་དབང་བསྒྱུར་མ་བྱས་པའི་བར་དུ་སངས་རྒྱས་ཆོས་ལུགས་གཙོ་བོར་བྱེད་པ་དང་། བོད་དུ་སྐད་གྲགས་ཡོད་པའི་བོད་རིགས་ལོ་ཙཱ་བ་ཆེན་པོ་མང་པོ་ཡང་ཁ་ཆེའི་ཡུལ་དུ་སངས་རྒྱས་ཆོས་ལུགས་སློབ་སྦྱོང་བྱས་པའི་གནས་ཚུལ་ལོ་ཙཱ་བ་སོ་སོའི་རྣམ་ཐར་དང་ལོ་རྒྱུས་ཚོར་འཁོད་ཡོད། གཞན་ཡང་བོད་དུ་སྐད་གྲགས་ཡོད་པའི་ཁ་ཆེ་ཤ་ཁ་མ་ཟེར་བའི་མེ་ཏོག་གུར་ཀུམ་གྱི་འདབ་ལོ་བོད་སྨན་ཐོག་མེད་དུ་མི་རུང་བ་དེ་ཡང་ཡུལ་དེ་ནས་ཐོན་ཅིང་། སངས་རྒྱས་ཤཱཀྱ་མུ་ནེ་སྐུ་བཞུགས་སྐབས་ནས་བཟུང་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ཀ་ཤི་ཀའི་རས་དང་དུ་ཀཱུ་ལ་ཟེར་བའི་སྐད་གྲགས་ཅན་དེ་ཡང་ཡུལ་དེ་ནས་ཐོན་པར་གདའ། ཞེས་གསུངས་སོ།།

རྒྱ་དཔེ་ཤོག་གཅིག་མ་ཞིག་ལག་ཏུ་བྱུང་བའི་བསྟན་པའི་གཏད་རབས། འགོས་ལོ་གཞོན་ནུ་དཔལ་གྱིས་བསྒྱུར་བ་ལས[2]། སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་ནས་འཕགས་པ་ཉི་མ་གུང་པས་ཁ་ཆེར་གཤེགས་ཏེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཕགས་ནས་ཀླུའི་རྒྱལ་པོ་ཨཽ་དུཥྚ་བཏུལ་ལོ། །བཱ་རཱ་ཎ་སཱིའི་ལྗོངས་ཀྱི་སྐྱེ་བོའི་ཚོགས་རྣམས་ལ་རྩེད་མོས་མཛད་ནས་ཁ་ཆེར་གཤེགས་པ་ཡིན་ནོ། །རྫུ་འཕྲུལ་གྱིས་སྐྱེ་བོའི་ཚོགས་དང་ལྷན་ཅིག་ཏུ་རི་བོ་སྤོས་ཀྱི་ངད་ལྡང་དུ་གཤེགས་ནས་ཀླུ་རྣམས་བཏུལ་ལོ། །གུར་གུམ་བླངས་ནས་ཁ་ཆེ་རྣམས་བསྟན་པ་ལ་བཙུད་ནས་གྲོང་དང་གྲོང་ཁྱེར་དང་། ལྗོངས་རྣམས་དང་རྒྱལ་པོའི་ཕོ་བྲང་གིས་བརྒྱན་ནས་ཐམས་ཅད་ལ་ཕན་བཏགས་ཤིང་ཁ་ཆེ་བ་དེ་དག་དགའ་བར་མཛད་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱས་པར་མཛད་དེ། བསྟན་པ་ཡོངས་སུ་བསྐྱངས་ནས་སེམས་ཅན་རྣམས་ལ་ཕན་པ་མཛད་དེ་འཕགས་པ་ཤཱ་ནའི་གོས་ཅན་ལ་བསྟན་པ་གཏད་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །

གཞན་ཡང་སློབ་དཔོན་ཆེན་པོ་སེམས་དཔའ་རྡོ་རྗེས་བརྩམས་པའི་ཚད་མ་རིགས་པ་ལ་འཇུག་པའི་རྣམ་བཤད་དཀའ་གནད་གསལ་བའི་ཟླ་ཟེར་ལས[3]། ཁ་ཆེ་ཞེས་པ་ནི་རྒྱ་གར་གྱི་ནུབ་ཕྱོགས་ཀྱི་ཡུལ་ཞིག་སྟེ། དེ་ལ་ཁ་ཆེ་ཞེས་པ་ནི། ཁཤ་ཞེས་པའི་མི་རིགས་ཀྱི་གནས་ཡུལ་ཡིན་པས་དེ་ལ་དེ་སྐད་ཅེས་བྱ་སྟེ། ཤ་ལ་ཆ་ཞེས་པའི་ནི་སྒྲ་ཟུར་ཆག་པ་ཡིན་ཞིང་། ཡུལ་འདིའི་མིང་ལ་བཤད་ཚུལ་མང་ཡང་གནས་རབས་དང་འབྲེལ་བ་ནི། འདི་ཉིད་ཡིན་པར་མངོན་ནོ། །ཞེས་གསུངས་པ་ལྟར་ཁ་ཆེ་ཞེས་པའི་ཐ་སྙད་འདི་ཡུལ་ཞིག་གི་ཐ་སྙད་ནས་མི་རིགས་ཤིག་གི་ཐ་སྙད་དུ་གྱུར་པ་ཡིན་འདུག །དེ་རྗེས་ཡུལ་དེ་དག་ཏུ་དར་འཕེལ་བྱུང་བའི་ཆོས་ལའང་ཁ་ཆེའི་ཆོས་ལུགས་ཞེས་ཐོགས་པ་ཡིན་འདུག

ཁ་ཆེ་ཞེས་པ་ནི་རྒྱ་སྐད་དུ་ (克什米尔) དང་། ཨིན་སྐད་དུ་ (Kashmir) ཀ་ཤི་སྨིར་ཏེ། དེ་དག་རྒྱ་གར་སྐད་ལས་བྱུང་བ་ཞིག་ཡིན། དེང་སྐབས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་རྩོད་གཞིར་གྱུར་པའི་ས་ཆ་ཞིག་སྟེ། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༢༨༤༧༨ དང་། མི་འབོར་ཁྲི་ ༥༩༨ ཡོད། ཡུལ་འདིའི་མི་ལ་ཁ་ཆེ་བ་ཟེར་ཞིང་། མི་རིགས་འདིར་རང་གི་སྐད་དང་ཡི་གེ་ཡོད། ཕྱི་ལོའི་དུས་རབས་བདུན་པ་ནས་ཁ་ཆེའི་ཤར་ཕྱོགས་བོད་ཀྱི་མངའ་ཁོངས་སུ་འདུས་ཤིང་། དུས་རབས་བཅུ་གསུམ་པར་བོད་དང་རྒྱ་གར་དབྱིན་ཇི་གསུམ་གྱི་ཁོངས་སུ་འདུས། དེང་སང་ལ་དྭགས་ཀྱིས་ཁ་ཆེའི་ཤར་ཕྱོགས་ཡུལ་མང་པོ་བཟུང་ཞིང་དེར་སྡོད་པ་ཀུན་བོད་མི་ཡིན། ཕྱི་ལོ་ ༡༩༤༧ ལོར་དབྱིན་ཇིའི་ཁོངས་སུ་འདུས་པའི་རྒྱ་གར་རང་བཙན་བྱས་ནས་རྒྱ་གར་དང་པ་ཀི་སི་ཐན་གྱི་རྒྱལ་ཁབ་གཉིས་སུ་གྱུར་པས་ཁ་ཆེའི་ཡུལ་གང་ཞིག་གང་གི་མངའ་ཁོངས་སུ་འདུས་མིན་ལ་རྩོད་པ་བྱུང་ནས་ད་ལྟའི་བར་དུ་ཐག་ཆོད་མེད། ཕྱི་ལོ་ ༡༩༤༧ ལོའི་ཟླ་བ་ ༡༠ པར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ནས་ཡུལ་འདིའི་བདག་དབང་ཆེད་དམག་འཁྲུག་བརྒྱབ་སྟེ་ཕྱི་ལོ་ ༡༩༤༩ ལོར་དམག་མཚམས་བཞག་པ་དང་། པ་ཀི་སི་ཐན་གྱིས་ཡུལ་འདིའི་ས་བརྒྱ་ཆའི་ལྔ་དང༌། མི་བཞི་ཆའི་གཅིག་བཟུང་ཞིང་། དེ་འཕྲོས་རྒྱ་གར་གྱིས་བདག་ཏུ་བཟུང་ཡོད། དེ་རྗེས་ ༡༩༦༥ ནས་ད་བར་ཡུལ་འདིའི་བདག་དབང་སླད་དམག་འཁྲུག་ཐེངས་མང་བརྒྱབ་ཡོད་པ་བཅས་སོ།།  །།

 

ཁ༽ བསྟན་འགྱུར་མཛད་པ་པོ་དང་། སྒྱུར་མཁན་གྱི་ཁ་ཆེའི་ལོ་པཎ།

༡ ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། ༢ ཁ་ཆེའི་པཎྜི་ཏ་མཱ་ར་ཤྲཱི། ༣ ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ། ༤ ཁ་ཆེའི་མཁན་པོ་པ་ཧི་ཏ། ༥ ཁ་ཆེའི་པཎྜི་ཏ་པ་ར་ཧི་ཏ་བྷ་དྲ། ༦ ཁ་ཆེའི་པཎྜི་ཏ་ཏ་ཐ་ག་ཏ་བྷ་དྲ། ༧ ཁ་ཆེའི་པཎྜི་ཏ་དྲི་མེད་དཔལ་བཟང་། ༨ ཁ་ཆེའི་པཎྜི་ཏ་དྷརྨ་བཛྲ། ༩ ཁ་ཆེའི་པཎྜི་ཏ་དྷརྨ་ཤྲཱི། ༡༠ ཁ་ཆེའི་པཎྜི་ཏ་དྷརྨ་དྷ་ར། ༡༡ ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱི། ༡༢ ཁ་ཆེའི་པཎྜི་ཏ་བྷ་དྲ་བོ་དྷི། ༡༣ ཁ་ཆེའི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན། ༡༤ ཁ་ཆེའི་པཎྜི་ཏ་མ་ཧཱ་ཛ་ན། ༡༥ ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ། ༡༦ ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ། ༡༧ ཁ་ཆེའི་པཎྜི་ཏ་ཟླ་བ་གྲགས་པ། ༡༨ ཁ་ཆེའི་པཎྜི་ཏ་ཛ་ཡ་ཨ་ནནྟ། ༡༩ ཁ་ཆེའི་པཎྜི་ཏ་ཛྙཱ་ན་ཤྲཱི་བྷ་དྲ། ༢༠ ཁ་ཆེའི་པཎྜི་ཏ་རིན་ཆེན་རྡོ་རྗེ། ༢༡ ཁ་ཆེའི་པཎྜི་ཏ་ལོངས་སྤྱོད་རྡོ་རྗེ། ༢༢ ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི། ༢༣ ཁ་ཆེའི་པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨ། ༢༤ ཁ་ཆེའི་པཎྜི་ཏ་ཤྲཱི་བྷ་དྲ། ༢༥ ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ། ༢༦ ཁ་ཆེའི་པཎྜི་ཏ་སངྒ་ཤྲཱི། ༢༧ ཁ་ཆེའི་པཎྜི་ཏ་སུ་མ་ན་ཤྲཱི་བྷ་དྲ། ༢༨ ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ། ༢༩ ཁ་ཆེའི་པཎྜི་ཏ་ཨ་མོ་གྷ་བཅས་ཁྱོན་བསྡོམས་ ༢༩ ཡོད[4]།།  །།

 

ག༽ པཎྜི་ཏ་དེ་དག་གིས་མཛད་པ་དང་། བསྒྱུར་བའི་གཞུང་།

༡༽ བསྟན་འགྱུར།

ཁ་ཆེའི་པཎྜི་ཏ་རྣམས་ཀྱིས་མཛད་པ་དང་བསྒྱུར་བའི་གཞུང་ལ་མཚོན་ན། ཁ་ཆེ་སྟེ་ཀསྨིར་ཡུལ་གྱི་ནང་པའི་པཎྜི་ཏ་བོད་ཀྱི་ལོ་རྒྱུས་ཐོག་འཁོད་པ་རྣམས་ཀྱི་མཚན་གཞུང་རགས་རིམ་འགོད་པ་ལ། ༡༽ ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ཞེས་པ་འདིར་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་། ཤཱཀྱ་ཤྲཱི་བཟང་པོ་དང་། ཁ་ཆེའི་པཎ་ཆེན་སོགས་ལ་ཟེར། བོད་ཀྱི་ལོ་རྒྱུས་ཐོག་ཁ་ཆེའི་པཎྜི་ཏ་མང་པོ་བྱོན་པ་རྣམས་ཀྱི་ནང་ནས་འདི་ཉིད་སྙན་གྲགས་ཆེ་ཤོས་སུ་སྣང་། བོད་གངས་ཅན་གྱི་ལྗོངས་སུ་དགེ་སློང་གི་སྡོམ་རྒྱུན་གསུམ་བྱུང་བའི་པཎ་ཆེན་སྡོམ་རྒྱུན་ཞེས་ཡོངས་སུ་གྲགས་པ་དེ་ཡང་པཎྜི་ཏ་འདི་ཉིད་ལས་བརྒྱུད་པའི་སྡོམ་རྒྱུན་ཡིན་ནོ། །དེ་བཞིན་གཤེགས་པའི་མཚན་བརྗོད་བསྐལ་བཟང་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་མཛད་ཅིང་། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་བྱམས་པའི་དཔལ་གཉིས་ཀྱིས་བསྒྱུར། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་ཞེས་བྱ་བ་ཡང་སློབ་དཔོན་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོ་གཉིས་ཀྱིས་བསྒྱུར། འདིས་མན་ངག་སྙེ་མ་ལའང་ཞུ་བཅོས་མཛད་དོ།།

༢༽ ཁ་ཆེའི་པཎྜི་ཏ་བུདྷ་ཤྲཱི་ཛྙཱ་ནའམ་ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྷ་ཤྲཱི་བྷ་དྲ་ཡང་ཟེར། སློབ་དཔོན་འདིས་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མེའི་ཕྲེང་བ་མཛད་ཅིང་། འདི་དང་གནུབས་ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གཉིས་ཀྱིས་བསྒྱུར[5]། ཁ་ཆེ་བྱེ་བྲག་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲའི་འགྱུར་ནི་ཤིན་ཏུ་མང་ངོ་།།

༣༽ ཁ་ཆེའི་པཎྜི་ཏ་སློབ་དཔོན་ཉི་མ་སྦས་པས་ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ་དང་། དེའི་སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་མཛད། ༤༽ ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱི། འདིས་འཕགས་པ་སྤྱན་རས་གཟིགས་རིགས་ཀྱི་འཇིག་རྟེན་མགོན་པོའི་རྗེས་གནང་གི་ཆོ་ག་མཛད་ཅིང་། པཎྜི་ཏ་དེ་ཉིད་དང་། ཤོང་ལོ་ཙཱ་བ་བློ་བརྟན་གྱི་འགྱུར། ༥༽ ཁ་ཆེའི་པཎྜི་ཏ་དྲི་མེད་དཔལ་བཟང་པོས་ལྔ་བཅུ་པའི་བཤད་པ་མཛད་ཅིང་། པཎྜི་ཏ་ཆེན་པོ་དེ་ཉིད་དང་། ལོ་ཙཱ་བ་ཡར་ལུངས་པ་ཤུད་ཀེ་གྲགས་པ་རྒྱལ་མཚན་གྱི་འགྱུར། ༦༽ ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་བྷ་དྲ། འདི་ལ་ཡེ་ཤེས་དཔལ་བཟང་པོ་ཡང་ཟེར། འདིས་ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་དང་མི་འགལ་བ་ཞེས་བྱ་བ་མཛད་ཅིང་།
དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་སྙིང་པོ་དང་། དགེ་སློང་རབ་ཞི་བཤེས་གཉེན་གཉིས་ཀྱི་འགྱུར། ༧༽ ཁ་ཆེའི་མཁན་པོ་བླ་མ་དྷརྨ་ཤྲཱིའམ་ཡོངས་གྲགས་སུ་ཁ་ཆེ་དྷརྨ་ཤྲཱི་ཟེར། སྡུད་པ་མངོན་རྟོགས་རྒྱན་དང་མཐུན་པར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ་མཛད་པ་དང་། སྟོང་ཕྲག་བརྒྱ་པའམ་འབུམ་གྱི་རྣམ་པར་བཤད་པ་ཞེས་བྱ་བ་དེ་ཡང་ཁོང་གིས་མཛད་པར་གྲགས་སོ།།

༨༽ ཁ་ཆེའི་མཁས་པ་ཆེན་པོ་ལ་ཀཥྨཱི། རིམ་པ་ལྔའི་འགྲེལ་པ་དོན་གསལ་བར་བྱེད་པ་ཞེས་བྱ་བ་མཛད། ༩༽ ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ། སློབ་དཔོན་འདི་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་གཉིས་ཀྱིས། སློབ་དཔོན་འཕགས་པ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་བསྒྱུར། ༡༠༽ ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱི་བྷ་དྲ། སློབ་དཔོན་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་ཉིས་ཀྱིས། རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ་བསྒྱུར།

༡༡༽ ཁ་ཆེའི་པཎྜི་ཏ་དགེ་སློང་སྙན་གྲགས་བཟང་པོ། སློབ་དཔོན་འདིས་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་ཞེས་བྱ་བ་མཛད། ༡༢༽ ཁ་ཆེའི་པཎྜི་ཏ་རིན་ཆེན་རྡོ་རྗེ། གཏོར་མའི་ལས་ཀྱི་རིམ་པ་དང་། དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་གཉིས་མཛད། ༡༣༽ ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ། སློབ་དཔོན་འདི་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་གཉིས་ཀྱིས། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་བསྒྱུར། པདྨ་ཅན་ཞེས་བྱ་བའི་དཀའ་འགྲེལ་དུས་ཞབས་པ་ཆེན་པོས་མཛད་པ་དེ་ཡང་བསྒྱུར། ༡༤༽ ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ། དཔལ་དོན་དམ་བསྙེན་པ་ཞེས་བྱ་བ་བསྒྱུར་ནས་གཏན་ལ་ཕབ། ཡང་འདིས་དབང་མདོར་བསྟན་པའི་རྒྱ་ཆེར་འགྲེལ་པ་རྣལ་འབྱོར་པ་དུས་ཀྱི་འཁོར་ལོའི་ཞབས་པས་མཛད་པ་ཡང་བསྒྱུར།

༡༥༽ ཁ་ཆེའི་པཎྜི་ཏ་དྷརྨ་དྷ་ར། སློབ་དཔོན་དེ་ཉིད་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གཉིས་ཀྱིས། ན་རོ་པས་མཛད་པའི་དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་བསྡུས་པ་ཞེས་བྱ་བ་བསྒྱུར། ༡༦༽ ཁ་ཆེའི་མཁན་པོ་ལོངས་སྤྱོད་རྡོ་རྗེ། དཔལ་གསང་ཆེན་པདྨ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་མཛད་ཅིང་། དེ་ཉིད་ཀྱི་རང་འགྱུར། ༡༧༽ ཁ་ཆེའི་པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ། སློབ་དཔོན་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོ་གཉིས་ཀྱིས་ལཱུ་ཡི་པས་མཛད་པའི་དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་པ་ཞེས་བྱ་བ་བསྒྱུར།

༡༨༽ ཁ་ཆེའི་པཎྜི་ཏ་དྷརྨ་བཛྲ། སློབ་དཔོན་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་གཉིས་ཀྱིས་དཱ་རི་ཀ་པས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་བསྟན་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ་བསྒྱུར། ༡༩༽ ཁ་ཆེའི་མཁན་པོ་བི་ནཱ་ཡ་ཀ །སློབ་དཔོན་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་གཉིས་ཀྱིས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་དད་བྱེད་གོ་ཆས་མཛད་པ་བསྒྱུར། ༢༠༽ ཁ་ཆེའི་མཁས་པ་བྷ་དྲ་བོ་དྷི། སློབ་དཔོན་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གཉིས་ཀྱིས། དཔལ་འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་སློབ་དཔོན་ཀུ་ས་ལི་པས་མཛད་པ་བསྒྱུར།

༢༡༽ ཁ་ཆེའི་པཎྜི་ཏ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། འདིས་དཔལ་འཁོར་ལོ་སྡོམ་པ་ལ་བསྟོད་པ་མཛད། ༢༢༽ ཁ་ཆེའི་པཎྜི་ཏ་བདེ་བའི་རྒྱལ་པོ། འདིས་དབང་གི་རིམ་པ་ཞེས་བྱ་བ་མཛད། ༢༣༽ ཁ་ཆེའི་པཎྜི་ཏ་སངྷ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་འཇམ་དཔལ་སྒེག་པའི་རྡོ་རྗེ་གཉིས་ཀྱིས། ཨུ་རྒྱན་གྱི་སྒྲོལ་མའི་རིམ་པ། དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་མདོར་བསྡུས་པ་པཎྜི་ཏ་པ་ར་ཧི་ཏས་མཛད་པ་རྣམས་བསྒྱུར། ༢༤༽ ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡ་དང་། བོད་ཀྱི་ལོ་ཙཱ་བ་ཁུ་མདོ་སྡེ་འབར་གཉིས་ཀྱིས། བྱང་ཆུབ་སེམས་ཀྱི་འགྲེལ་པ་ལྷུག་པ་མ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བསྒྱུར།

༢༥༽ ཁ་ཆེའི་སློབ་དཔོན་ཆེན་པོ་དཔལ་རིན་ཆེན་རྡོ་རྗེ། བཞི་པའི་རྣམ་པར་ངེས་པའི་མན་ངག་ཅེས་བྱ་བ་མཛད། ༢༦༽ ཁ་ཆེའི་མཁན་པོ་པཎྜི་ཏ་མཧཱ་ཛ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་གཞོན་ནུ་གཉིས་ཀྱིས། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་ཟླ་བཟང་གྲགས་པས་མཛད་པ། ༢༧༽ ཁ་ཆེའི་པཎྜི་ཏ་ཏ་ཐཱ་ཏ་བྷ་དྲ་དང་། དགེ་སློང་འཕགས་པས། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། རྒྱའི་ཡུལ་ཅོང་ཏོའི་མཁར་དུ་བསྒྱུར། ༢༨༽ ཁ་ཆེའི་མཁན་པོ་ཧ་སུ་མ་ཏི། སློབ་དཔོན་འདི་དང་། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་གཉིས་ཀྱིས། ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས་རྩ་བ་ཤེས་རབ་བསྒྱུར་བ་ལ་འགྲེལ་པ་ཚིག་གསལ་དང་བསྟུན་ནས་ཞུ་བཅོས་མཛད་དོ།།

༢༩༽ ཁ་ཆེའི་མཁན་པོ་ཀ་ན་ད་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་གཉིས་ཀྱིས་དཔལ་ལྡན་ཟླ་བས་མཛད་པའི་རྩ་ཤེའི་འགྲེལ་པ་ཚིག་གསལ་ལ་ཉི་འོག་ཤཪ་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་ཞུ་བཅོས་མཛད། ༣༠༽ ཁ་ཆེའི་མཁན་པོ་པ་ར་ཧི་ཏ། ལོ་ཙཱ་བ་དགེ་སློང་གཞོན་ནུ་མཆོག་གཉིས་ཀྱིས། སྟོང་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ་བསྒྱུར། ༣༡༽ ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་སོ་མ་ཤྲཱི། འདི་གོང་དུ་བཤད་པའི་སྟོང་ཉིད་བདུན་ཅུ་པའི་རྣམ་བཤད་མཛད་མཁན་སློབ་དཔོན་ཆེན་པོ་དཔལ་གཞན་ལ་ཕན་པ་ཞེས་བྱ་བ་དེའི་བླ་མ་ཡིན། ༣༢༽ ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་གཉིས་ཀྱིས། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་དང་། བསླབ་པ་ཀུན་ལས་བཏུས་པ་སློབ་དཔོན་ཞི་བ་ལྷས་མཛད་པ་ལ་ཞུ་བཅོས་ལེགས་པར་མཛད།

༣༣༽ ཁ་ཆེ་ཨ་མོ་གྷ་དང་། བོད་ཀྱི་འོ་རུ་ལོ་ཙཱ་བ་གཉིས་ཀྱིས། དབུ་མ་རྒྱན་གྱི་མན་ངག་ཅེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་བསྒྱུར། འདི་ལ་སྔ་འགྱུར་ཞིག་ཀྱང་ཡོད་པར་སྣང་། ༣༤༽  ཁ་ཆེའི་པཎྜི་ཏ་བ་ལ་ཤྲཱི་བྷ་དྲ། འདིས་གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ་མཛད། ༣༥༽ ཁ་ཆེའི་མཁན་པོ་ན་ར་ས་དེ་ཝ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རྒྱལ་བའི་ཤེས་རབ་གཉིས་ཀྱིས། དགེ་ཚུལ་གྱི་དང་པོའི་ལོ་དྲི་བ་བསྒྱུར། ༣༦༽ ཁ་ཆེའི་པཎྜི་ཏ་ཤྲཱི་ཐ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་གཉིས་ཀྱིས། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་དང་། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ་རྣམས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བསྒྱུར།

༣༧༽ ཁ་ཆེའི་པཎྜི་ཏ་བི་ནཱ་ཡ་དང་། བོད་ཀྱི་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་གཉིས་ཀྱིས། མི་རྟག་པའི་དོན་གྱི་གཏམ་སྙན་དངགས་མཁན་ཆེན་པོ་དགའ་བའི་དབང་པོས་མཛད་པ་བསྒྱུར། ༣༨༽ ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རྔོག་བློ་ལྡན་ཤེས་རབ་གཉིས་ཀྱིས། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལ་ཞུ་བཅོས་ལེགས་པར་མཛད། ༣༩༽ ཁ་ཆེའི་མཁན་པོ་པཎྜི་ཏ་ཀུ་མཱར་ཤྲཱི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་གཉིས་ཀྱིས། ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན་ཞེས་བྱ་བ་ཞུ་བཅོས་ལེགས་པར་མཛད།

༤༠༽ ཁ་ཆེའི་པཎྜི་ཏ་མ་ནོ་རཱ་ཐ་དང་། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་གཉིས་ཀྱིས། སེལ་བ་གྲུབ་པ་ཞེས་བྱ་བ་དགེ་བསྙེན་དམ་པ་མཁས་པ་ཆེན་པོ་བྲམ་ཟེ་ཤངྐ་རཱ་ནནྡས་མཛད་པ་བསྒྱུར། ༤༡༽ ཁ་ཆེའི་པཎྜི་ཏ་སྙན་དངགས་མཁན་ཆེན་པོ་སུ་མ་ན་ཤྲཱི་དང་། བོད་ཀྱི་ཞུ་ཆེན་ལོ་ཙཱ་བ་མང་དུ་ཐོས་པའི་དགེ་སློང་བྱང་ཆུབ་རྩེ་མོ་དང་། ལོ་ཙཱ་བ་ལུང་རིགས་སྨྲ་བ་ནམ་མཁའ་བཟང་པོ་རྣམས་ཀྱིས། སྙན་དངགས་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་སྙན་དངགས་མཁན་ཆེན་པོ་ནག་མོ་ཁོལ་གྱིས་མཛད་པ། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཏོ། །འདི་ཡན་ནི་བསྟན་འགྱུར་མཛད་པ་པོ་དང་། སྒྱུར་བ་པོའི་ཁ་ཆེའི་མཁས་པ་རྣམས་ཀྱི་མཚན་གཞུང་ཡིན།།  །།

 

༢༽ བཀའ་འགྱུར།

བཀའ་འགྱུར་སྒྱུར་བྱེད་ནི། ༡༽ ཁ་ཆེའི་མཁན་པོ་ཛྙཱ་ན་བཛྲ། འདིས་དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ་རང་འགྱུར་དུ་མཛད། ༢༽ ཁ་ཆེའི་པཎྜི་ཏ་ཨཱ་ཀ་ར་སིདྡྷི་དང་། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རབ་བྱེད་བཞི་བཅུ་རྩ་གཅིག་པ་བསྒྱུར། ༣༽ ཁ་ཆེའི་པཎྜི་ཏ་ཛྙཱ་ན་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་གཉིས་ཀྱིས། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད་བསྒྱུར། ༤༽ ཁ་ཆེའི་པཎྜི་ཏ་ཙེ་ལུ་དང་། བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་གཉིས་ཀྱིས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་གི་རྒྱུད་ཅེས་བྱ་བ་ལ་ལེའུ་བཅུ་གསུམ་བསྒྱུར། ༥༽ ཁ་ཆེའི་པཎྜི་ཏ་མ་ཧཱ་ཛྙཱ་ན། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ལྷ་ཡུལ་མ་ཆུང་བར་གྲགས་པ་རང་འགྱུར་མཛད། ༦༽ ཁ་ཆེའི་མཁན་པོ་དྷརྨ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་འབྱོར་གཉིས་ཀྱིས། ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ་བསྒྱུར་ཏོ།།  །།

 

༣༽ སྙིང་དོན།

དེ་ལྟར་ཁ་ཆེའི་པཎྜི་ཏ་ཇི་ཙམ་བྱུང་བའི་སྐོར། ཁ་ཆེ་སྟེ་ཀསྨིར་ཡུལ་གྱི་ནང་པའི་པཎྜི་ཏ་བོད་ཀྱི་ལོ་རྒྱུས་ཐོག་འཁོད་པ་རྣམས་ཀྱི་མཚན་གཞུང་རགས་རིམ་འགོད་པ་ལ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ནས་ཁ་ཆེའི་པཎྜི་ཏ་སྙན་དངགས་མཁན་ཆེན་པོ་སུ་མ་ན་ཤྲཱི་བར་ ༤༡ བྱུང་ཞིང་། འདི་ཡན་ནི་བསྟན་འགྱུར་མཛད་པ་པོ་དང་། སྒྱུར་བ་པོའི་ཁ་ཆེའི་མཁས་པ་རྣམས་ཀྱི་མཚན་གཞུང་ཡིན། བཀའ་འགྱུར་སྒྱུར་བྱེད་ནི། ༡༽ ཁ་ཆེའི་མཁན་པོ་ཛྙཱ་ན་བཛྲ་ནས་ཁ་ཆེའི་མཁན་པོ་དྷརྨ་ཀ་ར་བར་ ༦ བྱོན་པ་བཅས་སོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་ ༡༧༥

[2] བསྟན་འགྱུར་དཔེ་བསྡུར་མ། སྤྲིང་ཡིག ༼ངེ༽ དེབ་ཨང་ ༩༦ ཤོག་གྲངས་ ༡༠༤༦

[3] རིགས་པ་ལ་འཇུག་པའི་རྣམ་བཤད། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༡༩༩༦ ལོ། ཤོག་གྲངས་ ༡༩༨

[4] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས། ༦༡༤

[5] འདི་ཁྲོ་ཕུ་ལོ་ཙཱ་བས་ཐོག་མར་རྒྱ་གར་གྱི་སློབ་དཔོན་རྗེ་མི་ཏྲ་ཛོ་ཀི་བོད་དུ་སྤྱན་དྲངས། དེ་རྗེས་པཎ་ཆེན་བུདྡྷ་ཤྲཱི་སྤྱན་དྲངས། དེ་ཐམས་ཅད་ཀྱི་རྗེས་ལ་ཁ་ཆེ་པཎ་ཆེན་སྤྱན་དྲངས་པ་ཡིན་ཏེ། ཞེས་དེབ་སྔོན་སྨད་ཆ་ ༡༢༤༡ ལས་གསུངས་པས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་སྐུ་མཚུངས་པར་བྱོན་པ་ཡིན་ནོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༡ ནས་ ༤༦༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *