པ༽ སྒྲ་སྒྱུར་གྱི་གྲངས་འབོར་དང་། བཀའ་བསྟན་གླེགས་བམ།

པ༽ སྒྲ་སྒྱུར་གྱི་གྲངས་འབོར་དང་། བཀའ་བསྟན་གླེགས་བམ།

 

དེ་ལྟར་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་བསྒྱུར་བྱ་སྒྱུར་བྱེད་སྐད་ཡིག་གཉིས་ཀར་བྱང་ཆ་ལྡན་ཞིང་། མིང་དོན་མཚུངས་པའི་འཇིག་རྟེན་མིག་འབྱེད་ཤ་སྟག་བྱོན་པས། བོད་མི་ས་ཡ་དྲུག་ལས་མེད་པར་མ་ཟད། བོད་ཡིག་བྱུང་ནས་ཀྱང་ལོ་ངོ་ ༡༣༠༠ ལྷག་ཙམ་ལས་ཕྱིན་མེད་ཀྱང་། དུས་ཐུང་ནང་ལོ་ཙཱ་བའི་ཞལ་གྲངས་ཤིན་ཏུ་མང་ཞིང་། འགྱུར་གྱི་སྤུས་ཚད་མཐོ་བ། བསྒྱུར་བའི་ཆོས་ཚན་དང་གླེགས་བམ་གྲངས་འབོར་མང་བ་སོགས་ནི་འཛམ་གླིང་གི་སྒྲ་སྒྱུར་ལོ་རྒྱུས་ཐོག་ཤིན་ཏུ་མཐོང་དཀོན་པ་ཞིག་ཡིན་ལ།

བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དུ་མས་དུས་སྐབས་སོ་སོར་དཀའ་སྤྱད་འབད་བརྩོན་མཛད་པའི་འབྲས་བུར་རྒྱལ་བའི་བཀའ་འགྱུར་དང་། དགོངས་འགྲེལ་གྱི་བསྟན་འགྱུར་བཅས་ད་ལྟ་འཛམ་གླིང་ཐོག་བཀའ་བསྟན་ཞེས་ཡོངས་སུ་གྲགས་པ་གླེགས་བམ་ ༣༣༣ ཡོད་པ་རྣམས་བྱུང་ངོ་།།

དེ་ཡང་། ཀ༽ བཀའ་འགྱུར་ནི། སངས་རྒྱས་ཀྱིས་གསུངས་པའི་བཀའ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་ཡོངས་རྫོགས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་ཅིང་། བཀའ་འགྱུར་ལ་གླེགས་བམ་ ༡༠༤ འམ་ ༡༠༨ ཡོད། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་(1910-1985) མཆོག་གིས[1]། སྔ་ཕྱིར་བྱོན་པའི་ལོ་ཙཱ་བ་ཆེན་པོ་དེ་དག་གིས་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་ག་ཚོད་ཡོད་པའི་གྲངས་ནི། ཀ༽ བཀའ་འགྱུར་ལ། འདུལ་བ་པོ་ཏི་ ༡༣ ཤེར་ཕྱིན་པོ་ཏི། ༢༣ ཕལ་པོ་ཆེ་པོ་ཏི། ༤ དཀོན་བརྩེགས་པོ་ཏི། ༦ མདོ་མང་པོ་ཏི། ༣༢ རྒྱུད་འབུམ་པོ་ཏི། ༢༠ དུས་འཁོར་འགྲེལ་ཆེན་པོ་ཏི་ ༢ བཅས་པོ་ཏི་ ༡༠༠ ཐམ་པ་ཡོད་པར་གསུངས། དེ་ལྟར་བཀའ་འགྱུར་ལ་ཁྱོན་པོ་ཏི་ ༡༠༠ ཐམ་པ་དང་། ཆོས་ཚན་ ༨༦༨ ཡོད།

ཁ༽ བསྟན་འགྱུར་ལ། བསྟོད་ཚོགས་པོ་ཏི། ༡ རྒྱུད་སྡེ་པོ་ཏི། ༧༨ ཤེར་ཕྱིན་པོ་ཏི། ༡༦ དབུ་མ་པོ་ཏི། ༡༧ མདོ་སྡེ་པོ་ཏི། ༡༠ སེམས་ཙམ་པོ་ཏི། ༡༦ མངོན་པ་པོ་ཏི། ༡༡ འདུལ་བ་པོ་ཏི། ༡༨ སྐྱེས་རབས་པོ་ཏི། ༢ དཔག་བསམ་འཁྲི་ཤིང་པོ་ཏི། ༢ སྤྲིང་ཡིག་པོ་ཏི། ༢ ཚད་མ་པོ་ཏི། ༢༡ སྒྲ་རིག་པོ་ཏི། ༤ གསོ་རིག་པོ་ཏི། ༥ བཟོ་རིག་པོ་ཏི། ༡ སྣ་ཚོགས་པོ་ཏི། ༩ དེ་ལྟར་ན་བསྟན་འགྱུར་ལ་ཁྱོན་བསྡོམས་པོ་ཏི་ ༢༡༣ དང་། ཆོས་ཚན་ལ་བུ་སྟོན་ཆོས་འབྱུང་ལྟར་ན་ ༢༣༣༧ ཡོད་དོ། །ཞེས་གསལ་[2]ལ། སྡེ་དགེ་བསྟན་འགྱུར་ལྟར་ན། ཆོས་ཚན་ ༣༤༦༨ དང་། དེ་དག་གི་ཁྲོད་ནས་སྔགས་ཆོག་ཆོས་ཚན་ ༢༦༨༥ ཡོད་པས་བསྟན་འགྱུར་གྱི་བརྒྱ་ཆ་ ༧༧༌༥ ཟིན་ཡོད།

དེ་ལྟར་བསྟན་འགྱུར་ནི། རིག་གནས་སྐོར་དང་བཀའ་མདོ་རྒྱུད་ཀྱི་དགོངས་དོན་འགྲེལ་བར་བྱེད་པའི་བསྟན་བཅོས་བོད་སྐད་དུ་བསྒྱུར་བ་ཡིན་ལ། ཀ༽ སྡེ་དགེ་བསྟན་འགྱུར་ལ་པོ་ཏི་ ༢༡༣ དང་། ཡིག་ལྡེབ་ ༦༤༥༡༢། ཁ༽ པེ་ཅིང་བསྟན་འགྱུར་ལ་ཆོས་ཀྱི་རྣམ་གྲངས་ ༤༢༠༩ པོ་ཏི་ ༢༢༥། ག༽ སྣར་ཐང་བསྟན་འགྱུར་པོ་ཏི་ ༢༢༥ ཡིག་ལྡེབ་ ༧༦༨༨༣། ང༽ ཅོ་ནེ་བསྟན་འགྱུར་པོ་ཏི་ ༢༠༨ དང་། ཡིག་ལྡེབ་ ༦༥༤༢༥ བཅས་ཡོད།

བཀའ་བསྟན་གཉིས་ལ་ཁྱོན་བསྡོམས་གླེགས་བམ་མམ་པོ་ཏི་ ༣༣༣ ཡོད་ཅིང་། པོ་ཏི་རེ་ལ་ཆ་སྙོམས་ཤོག་གྲངས་ ༤༠༠ ལྷག་ཡོད། དེ་ལྟར་ན་བཀའ་བསྟན་གཉིས་ལ་བསྡོམས་ཤོག་གྲངས་ ༡༣༣༢༠༠ ལྷག་ཡོད་ཅིང་། འདི་རྣམས་ལོ་ཙཱ་བ་དག་གིས་ཚིག་འབྲུ་དང་། ཤླཽ་ཀ །ཤོག་གྲངས་རེ་རེ་བྱས་ཏེ་བསྒྱུར་བ་ཞིག་ཡིན་པ་ཀུན་གྱིས་མཁྱེན་སླ། དུས་ཚོད་ངེས་ཅན་ཞིག་གི་ནང་རང་རེའི་མེས་པོ་བློ་གྲོས་ཀྱིས་ཕྱུག་ཅིང་། ལས་ལ་བརྩོན་མཁན་རྣམས་ཀྱིས་སྒྲ་སྒྱུར་མཛད་པའི་འཕྲིན་ལས་འབྱམས་ཀླས་པ་འདི་འདྲ་ཞིག་འགྲོ་བ་མིའི་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཅེས་ཁ་མཚོན་གཅོད་ཐུབ། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ (1910-1985) མཆོག་གིས[3]། ལོ་ཙཱ་བ་སྔ་ཕྱིར་བགྲང་དུ་ཡས་པ་བྱོན་པ་རྣམས་ཀྱིས་བཀའ་དང་བསྟན་བཅོས་ཀྱི་པོ་ཏི་སུམ་བརྒྱ་དང་ལྔ་བཅུ་ལྷག་བསྒྱུར་བ་ལ་བཀའ་འགྱུར་དང་བསྟན་འགྱུར་ཞེས་གྲགས་པ་འདི་རྣམས་ཡིན་ནོ།།

མདོར་ན་ད་ལྟ་བོད་ན་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་སྐབས་སུ་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཐུགས་གཞིག་ཟབ་ཅིང་ཞིབ་པ་མཛད་ནས་དོན་སྒྱུར་དང་། ཐད་སྒྱུར། ཡིག་གཟུགས་རང་སོར་འཇོག་པ་གསུམ་གང་ལ་གང་འཚམ་དུ་བསྒྱུར་ནས་བཀའ་བསྟན་གྱི་སྙིང་པོ་སྡེ་སྣོད་གསུམ་དང་། ཐུན་མོང་བའི་རིག་གནས་མཐའ་དག་ལ་འཆད་ཉན་གྱི་སྲོལ་ལེགས་པར་བཏོད་ནས་ད་ལྟའི་བར་དུ་དེའི་རྒྱུན་མ་ཉམས་པར་རྨོངས་བློའི་མུན་པ་བསལ་ནས་བླང་དོར་ཚུལ་བཞིན་དུ་འབྱེད་ཤེས་པའི་ཤེས་རབ་ཀྱི་ཉི་འོད་ས་སྟེང་ལ་འཕྲོ་རྒྱུ་ཡོད་པ་འདི་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས། བདག་ཅག་རྗེས་སུ་འཇུག་པ་རྣམས་ཀྱིས་བཀའ་དྲིན་དེ་ནམ་ཡང་བརྗེད་པ་མེད་པའི་ངང་ནས་དེ་དག་གི་རྗེས་སུ་བསླབ་པ་ལ་བརྩོན་པ་རྒྱ་ཆེར་བསྟེན་པར་རིགས་སོ། །ཞེས་གསུངས་པ་ལྟར། སྒྲ་སྒྱུར་གྱི་གྲངས་འབོར་དང་། གནས་ཚད་གང་ཐད་ནས་ཀྱང་འཛམ་གླིང་གི་ལོ་རྒྱུས་ནང་བོད་པ་ལྟ་བུ་བྱུང་མྱོང་མེད། བཀའ་བསྟན་རྨང་གཞིར་བྱས་ཏེ་སངས་རྒྱས་ཆོས་ལུགས་བླ་སྲོག་བྱས་པའི་གངས་ལྗོངས་རིག་གནས་ཞེས་འཛམ་གླིང་རིག་གནས་བང་མཛོད་ཁྲོད་འོད་སྟོང་འཚེར་བའི་ནོར་བུ་འདི་དག་བྱུང་ཞིང་། སྒྲ་འགྱུར་གྱི་སྤུས་ལེགས་ཚད་ལྡན་བྱུང་བ་ནི་རྒྱ་གར་གྱི་པཎྜི་ཏ་གཅིག་དང་། བོད་ཀྱི་ལོ་ཙཱ་བ་གཅིག་སྟན་ཐོག་གཅིག་ཏུ་བཞུགས་ནས་མཉམ་ལས་ཀྱི་ཐོག་ནས་བསྒྱུར་བས་ཡིན་ལ། སྒྲ་སྒྱུར་མཛད་པ་རྣམས་ཀྱང་སྒྲ་དོན་དང་། གོ་དོན། སྙིང་དོན་བཅས་གསུམ་ག་ཚང་བ་ཞིག་བསྒྱུར་ཡོད་པ་དེ་དག་ཀྱང་སྒྲ་སྒྱུར་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཚེ་ཏན་ཞབས་དྲུང་གི་གསུང་འབུམ། ༼༦༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ཤོག་གྲངས། ༡༥༤

[2] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས། ཀྲུང་གོའི་བོད་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༤༣༩

[3] ཚེ་ཏན་ཞབས་དྲུང་གི་གསུང་འབུམ། ༼༦༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ཤོག་གྲངས་ ༡༥༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༧ ནས་ ༤༣༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *