ཆ༽ སྒྲ་སྦྱོར་བམ་གཉིས་ཀྱི་དོ་སྣང་བྱེད་དགོས་པ་བཞི།

ཆ༽ སྒྲ་སྦྱོར་བམ་གཉིས་ཀྱི་དོ་སྣང་བྱེད་དགོས་པ་བཞི།

 

དེ་ཡང་སྒྲ་སྒྱུར་སྐབས་དོ་སྣང་བྱེད་དགོས་པ་བཞི་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་ཡིག་སྒྱུར་འཕེལ་རྒྱས་ཀྱི་སྐོར་ལས[1]། ༡ ཞེ་སའི་ཐ་སྙད་རྒྱས་བསྡུས་སྐབས་དང་འཚམ་པ། ༢ བཀས་བཅད་མཛད་ཟིན་པའི་རྩ་དོན་རྣམས་སྒྱུར་བ་པོ་ཚང་མས་བརྩི་སྲུང་བྱེད་དགོས་པ། ༣ མིང་གསར་པ་བཏགས་དགོས་པ་བྱུང་ན། བསམ་འཆར་རྣམས་རྒྱལ་པོ་དང་། ལོ་ཙཱ་བ། མཁན་པོ་བཅས་ལ་སྙན་ཞུ་འབུལ་དགོས་པ་དང་།

༤ བཀས་བཅད་གནང་གྲུབ་རྗེས་གཞི་ནས་བསྒྱུར་ཆོག་པའི་བཀའ་ཕབ་པ་རྣམས་མ་གཏོགས་ལོ་ཙཱ་བ་རྣམས་ཀྱིས་གང་འདོད་དུ་བསྒྱུར་མི་ཆོག་པ་བཅས་ཡིན་ཚུལ་གསུངས།

དེ་ཡང་སྒྲ་སྦྱོར་བམ་པོ་གཉིས་པ་ལས[2]། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ཞེ་ས་དང་སྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཚད་ཙམ་དུ་བྱས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་འཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང༌། ལངྐར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག །སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང༌། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང༌། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང༌། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཅིང་སྤྱོད་དུ་གནང་གིས་ཀྱང༌། ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང༌། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ། སྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང༌། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་ཏུ་མི་གནང་ངོ༌། །སྐད་ཀྱི་མིང་སྔོན་གཏན་ལ་མ་ཕབ་པ་དང་། མིང་དུ་མ་ཐོགས་པ་ལས་ཐེག་པ་ཆེ་ཆུང་གི་གཞུང་དང་སྒྲའི་གཞུང་ལས་འབྱུང་བ་དང་སྦྱར་ཏེ་བཤད་པའི་དང་པོ་འོ[3]ཞེས་ཞིབ་གསལ་དུ་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༡༥

[2] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༣

[3] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ཤོག་གྲངས་ ༩༥ ཞེས་འབྱུང་བའི་བཀས་བཅད་པའི་ལོ་དེ་ནི་ཕལ་ཆེར་ཕྱི་ལོ་ ༨༡༤ བོད་ཤིང་རྟ་ལོ་དེ་ཡིན་པར་སྣང་། ལོ་དེར་རྒྱ་གར་དང་བོད་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་དེ་ཕན་ཆད་དུ་ཡུལ་ཁམས་དུ་མའི་སྐད་ནས་བོད་སྐད་ལ་བསྒྱུར་བའི་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་ཀྱི་གཞུང་ལུགས་རྣམས་ཞུས་ཤིང་གཏན་ལ་ཕབ་པ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་པ་ཡིན་ལ། དེ་ནི་བཀས་བཅད་རྣམ་པ་གསུམ་དུ་གྲགས་པའི་ནང་གི་གཉིས་པ་དེ་ཡིན་པར་འདོད། ཅེས་གསལ་ལོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༩ ནས་ ༤༠༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *