ཕ༽ ལོ་ཙཱའི་ཞལ་གྲངས་དང་། མཁས་པའི་བཞེད་ཚུལ།
བོད་ལ་པཎྜི་ཏ་ཇི་ཙམ་གདན་དྲངས་པ་ནི། མཁས་དབང་ནོར་བྲང་ཨོ་རྒྱན་ (འཁྲུངས་དུས། 1933-) ལགས་ཀྱིས་བརྩམས་པའི་བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་ལས[1]། སྐབས་འདིར་བསྟན་པ་སྔ་དར། ཕྱི་དར་གཉིས་ལ་པཎྜི་ཏ་བོད་ལ་ཕེབས་པའི་བསྡུར་ཚད་སྐོར། བསྟན་པ་ཕྱི་དར་ལ་བྱོན་པ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ (ཕྱི་ལོའི་དུས་རབས་བཅུ་གཅིག་པའི་འགོར།) བུདྡྷ་པཱ་ལ་བོད་དུ་གདན་དྲངས་པ་ནས་པཎ་ཆེན་ནགས་ཀྱི་རིན་ཆེན་
བོད་དུ་རབ་བྱུང་བདུན་པའི་མེ་རྟ་ཕྱི་ལོ་ ༡༠༢༦ བར་ཧ་ལམ་ལོ་ ༤༢༠ སྐོར་སོང་བའི་རིང་བྱོན་པ་དང༌། བོད་སིལ་བུའི་དུས་སྐབས་ཏེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བུདྡྷ་པཱ་ལ་སྤྱན་དྲངས་པ་ནས་འགྲོ་མགོན་འཕགས་པའི་དུས་མཇུག་པཎྜི་ཏ་ལཀྵྨཱི་ཀ་ར་ (ཤོང་སྟོན་ལོ་ཙཱ་བ།) རྡོ་རྗེ་རྒྱལ་མཚན་གྱིས་གདན་དྲངས་པ་ཡིན་རུང་། ལཀྵྨཱི་ཀ་ར་བོད་དུ་ནམ་ཕེབས་ཀྱི་ལོ་ཚིགས་ལྟར་བཞག་ཤོང་ལོའི་འཁྲུངས་འདས་ལོ་ཚིགས་ཀྱང་གསལ་པོ་ཞིག་མ་ཤེས་མོད། འོན་ཀྱང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་བཞིན་ཤོང་ལོས་ལཀྵྨཱི་ཀ་ར་གདན་དྲངས་པ་ཡོངས་གྲགས་ལྟར་དེའི་འགྲོས་ལ་བལྟས་ན་ཕྱི་ལོའི་དུས་རབས་བཅུ་གསུམ་པའི་མཇུག་ཙམ་ལ་ཡིན་སྲིད་པ་དེས་ན་ལྷ་བླ་མ་ཡེ་ཤེས་འོད་ནས་འདི་བར་ལོ་ངོ་བཞི་བརྒྱ་ལ་ཉེ་བར་པཎྜི་ཏ་དྲུག་ཅུ་རེ་དྲུག་དང་། དེ་རྗེས་པཎྜི་ཏ་བདུན་ཙམ་ཕེབས་པར་མངོན། བོད་དུ་པཎྜི་ཏ་ཕེབས་པའི་བསྡུར་ཚད་ལ་ཆ་བཞག་ན་བསྟན་པ་སྔ་དར་སྐབས་རྒྱ་གར་གྱི་པཎྜི་ཏ་ཐོག་མར་སློབ་དཔོན་ཀུ་ས་ར་ནས་རིག་བྱེད་འོད་ཟེར་བར་རིམ་པར་བྱོན་པ་བསྡོམས་པས་པཎྜི་ཏ་ ༢༤ ཟིན་པ་ནས་སངས་རྒྱས་གསང་བ་དང༌། སངས་རྒྱས་ཞི་བ་གཉིས་གངས་ཏི་སེར་བྱོན་ཏེ་བཞུགས་པ་མེས་ཨག་ཚོམ་གྱིས་སྤྱན་དྲངས་ཀྱང་མ་བྱོན་པ་ཕུད་དབུས་གཙང་རང་དུ་ཕེབས་པ་ ༢༢ ཡིན།[2] བསྟན་པ་ཕྱི་དར་རམ་བོད་སིལ་བུའི་དུས་པཎྜི་ཏ་ ༦༦ བྱོན་པ་དེས་ན་བསྟན་པ་སྔ་དར་ལས་ཕྱི་དར་གྱི་དུས་པཎྜི་ཏ་ ༤༤ ཡིས་མང་བ་སྟེ་བསྟན་པ་སྔ་དར་གྱི་བརྒྱ་ཆ་ 300% ཟིན་ཡོད། ཅེས་གསུངས་པ་ལྟར་རོ།།
དེ་བཞིན་བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་སོ་སོར་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཇི་ཙམ་བྱོན་པ་ནི། དེ་ཡང་ཕྱི་ལོ་ ༦༢༩ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་ལ་དབང་བསྒྱུར་བ་ནས་ཕྱི་ལོ་ ༨༦༩ ལོར་གཞི་རྒྱ་ཆེ་བའི་འབངས་གྱེན་ལོག་བྱུང་སྟེ་བཙན་པོའི་སྲིད་དབང་འཐོར་ནས་བོད་ཁམས་སིལ་བུར་གྱུར་པའི་བར་མི་ལོ་ ༢༥༣ རིང་གི་བསྟན་པ་སྔར་དར་གྱི་དུས་སྐབས་ནང་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ནས་ནམ་མཁའ་སྐྱོང་གི་བར་བུ་སྟོན་ཆོས་འབྱུང་[3]ནང་གསལ་ ༥༥ དང་། དེའི་སྟེང་ཉང་ཆོས་འབྱུང་[4]ནས་ཁ་བསྐང་བ་གཉས་ལོ་དྲི་མེད་ཤ་དྷ་ར་ནས་དྷརྨ་ཨ་ཙརྱ་བཅས་ ༡༥ ཀློང་ཆེན་ཆོས་འབྱུང་ནས་ཁ་བསྐང་བ་ ༣ བཅས་ལོ་ཙཱ་བ་ ༧༣ ཡོད། ལོ་ཙཱ་བ་དེ་རྣམས་བཙན་པོའི་སྲིད་གཞུང་གིས་གསོ་སྐྱོང་གནང་བ་ཤ་སྟག་ཡིན་ཅིང་། དེའི་ནང་ནས་རྒྱ་ནག་ཏུ་སློབ་སྦྱོང་བཏང་བ་ལོ་ཙཱ་བ་ཞལ་གྲངས་ ༧ དང་། རྒྱ་གར་དུ་སློབ་སྦྱོང་དུ་བཏང་བ་ཞལ་གྲངས་ ༡༡ བྱུང་བ་ལས་དེ་འཕྲོས་བོད་ས་རང་དུ་གསོ་སྐྱོང་གནང་བའི་ལོ་ཙཱ་བ་ཤ་སྟག་ཡིན་ལ། ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་ཆེད་གཏོང་གནང་མཛད་པ་རྣམས་ཀྱང་བོད་ཀྱི་བཙན་པོའི་སྲིད་གཞུང་གིས་འགྲོན་གྲོན་བཏང་བ་ཤ་སྟག་ཡིན།
ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་ཡིག་སྒྱུར་འཕེལ་རྒྱས་ཀྱི་སྐོར་ལས[5]། བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་རྒྱ་ནག་སྐད་ཀྱི་ལོ་ཙཱ་བ་ཇི་ཙམ་ཡོད་ཅེ་ན། ༡ བྲན་ཀ་ལེགས་ཀོང་དང་། ༢ ལྷ་ལུང་ཀླུ་གོང་། ༣ གྲོགས་གོམ་དབུལ་ཀོང་། ༤ སྦ་དཔལ་དབྱངས། ༥ རྨ་རིན་ཆེན་མཆོག ༦ འགོས་ཆོས་གྲུབ། ༧ བཻ་རོ་ཙ་ན། ༨ རྒྱལ་མོ་གཡུ་སྒྲ་སྙིང་པོ། ༩ སྦ་སང་ཤི། ༡༠ སྦ་གསལ་སྣང་། ༡༡ ལེགས་བྱིན་ཉི་མ་ཡིན་པར་གསུངས་ལ། འབྲས་བློ་གླིང་ཉག་རེ་ལྷ་རམས་དགེ་བཤེས་ཚེ་དབང་ཉི་མས་བརྩམས་པའི་དམ་ཆོས་འདུལ་བ་གཙོ་གྱུར་གྱི་གཞུང་སྣེ་མང་ལས་བཏུས་པའི་ཚིག་མཛོད་མུན་སེལ་སྒྲོན་མེ་ལས[6]། ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་རྒྱ་ནག་གི་སྐད་མཁྱེན་པའི་ལོ་ཙཱ་བ། ༡ བཻ་རོ་ཙ་ན། ༢ ལེགས་བྱིན་ཉི་མ། ༣ རྨ་རིན་ཆེན་མཆོག ༤ འགོ་གོང་སྤུང་འབྱིན། ༥ འགོས་ཆོས་གྲུབ། ༦ སྦ་གསལ་སྣང་། ༧ རྒྱལ་མོ་གཡུ་སྒྲ་སྙིང་པོ། ༨ ལྷ་ལུང་ཀླུ་གོང་། ༩ ཅ་ཁྲི་གཞེར་པ་ཀྲི་ཏ། ༡༠ རྨ་དགེ་བའི་བློ་གྲོས། ༡༡ རྒྱ་མཚོའི་སྡེ། ༡༢ རྣམ་པར་མི་རྟོག་པ་བཅས་སོ། །ཞེས་ནོར་བྲང་ཨོ་རྒྱན་གྱིས་ ༧ དང་། དུང་དཀར་རིན་པོ་ཆེས་ ༡༡ འདུལ་བའི་ཚིག་མཛོད་ལས་ ༡༢ བཅས་ཀྱི་མཚན་བྱང་གསལ་ལོ།།
དེ་བཞིན་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) པདྨ་བཀའ་ཐང་ལས[7]། དེ་སྲས་ཕྱག་རྡོར་སྤྲུལ་པ་བྱོན༔ ཁྲི་གཙུག་ལྡེ་བཙན་འོན་ཅང་རྡོ༔ དཔེ་མེད་བཀྲ་ཤིས་གཡུང་དྲུང་ལེགས༔ ཕྱོགས་བཞིར་གཙུག་ལག་བརྒྱ་རྩ་བརྒྱད༔ རྒྱ་གར་མཁན་པོ་ཛི་ན་མི་ཏྲ་དང་༔ སུ་རེནྡྲ་བོ་དྷི་ལ་སོགས་སྤྱན་དྲངས་ནས༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་སོགས༔ མདོ་རྒྱུད་བསྟན་བཅོས་མང་དུ་བསྒྱུར༔ སངས་རྒྱས་བསྟན་པ་དར་བར་མཛད༔ ཅེས་གསལ་བ་ལྟར། སངས་རྒྱས་ཀྱི་བསྟན་པ་ཆེས་རྒྱས་པའི་དུས་ནི་ཁྲི་རལ་གྱི་སྐབས་ཡིན་ཅིང་། རྒྱལ་པོ་གླང་དར་ཁྲིར་མ་བཀོད་གོང་རྒྱ་གར་ནས་པཎ་གྲུབ་ ༢༢ ཙམ་བོད་དུ་གདན་དྲངས་པ་དང་། བོད་ཀྱི་ལོ་ཙཱ་བ་ ༥༠ ཙམ་རྒྱ་གར་དུ་ཕེབས་ཡོད། དུས་སྐབས་འདིའི་བར་སངས་རྒྱས་ཀྱི་བཀའ་བསྟན་ཕབ་སྒྱུར་མཛད་པ་སོགས་དར་ཁྱབ་བྱུང་བ་དེ་ལ་བོད་ཀྱི་ལོ་རྒྱུས་ནང་བསྟན་པ་སྔ་དར་དུ་གྲགས་པ་དེ་ཡིན། མངའ་བདག་ཁྲི་རལ་སྐབས་རྒྱལ་བསྟན་དར་ཞིང་རྒྱས་པར་མཛད་ལ། དེ་ལྟར་མངའ་བདག་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་ (ཕྱི་ལོ་ ༨༡༥ ནས་ ༨༤༡ ལོའི་བར།) ནས་ལོ་ ༢༧ ལ་སླེབས་སྐབས་གཅུང་གླང་དར་མས་བཀྲོངས་ཤིང་། དེ་ནས་ལོ་ངོ་ ༢ ཙམ་སོང་དུས་ནང་བསྟན་ཆོས་ལུགས་བསྣུབས་པ་ནས་ལོ་ངོ་ ༡༠༩ སོང་བ་ས་བྱ་ཕྱི་ལོ་ ༩༤༩ ལོར་བསྟན་པ་ཕྱི་དར་འགོ་ཚུགས་ཤིང་། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[8]། ལོ་ཆེན་རིན་ཆེན་བཟང་པོ་ནས་འདར་ལོ་ངག་དབང་ཕུན་ཚོགས་བར་བོད་རང་གི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞལ་གྲངས་ ༡༥༩ བྱོན་པའི་མཚན་གཞུང་གྲངས་འདྲེན་གནང་ཡོད་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བསྟན་པ་སྔ་དར་ལ་ལོ་ཙཱ་བ་ཞལ་གྲངས་ ༧༣ བྱོན་པར་གསུངས་སོ།།
བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ཇི་ཙམ་བྱོན་ནམ་ཞེ་ན། འབངས་གྱེན་ལོག་བྱུང་བའི་རྗེས་སུ་བཙན་པོའི་སྲིད་དབང་འཐོར་ཏེ་བོད་དུ་ནང་བསྟན་ཆོས་ལུགས་བསྣུབས་ལོ་ ༨༦༩ ནས་ཕྱི་དར་ ༩༤༨ བར་ལོ་གྲངས་ ༨༠ རིང་བསྟན་པ་མེད་པའི་བར་སྟོངས་ཡིན་ཅིང་། ཕྱི་ལོ་ ༩༤༩ ལོར་བསྟན་པ་ཕྱི་དར་དབུ་ཚུགས་ཤིང་། ལྷ་སར་དགེ་འདུན་གྱི་སྡེ་ (དགེ་སློང་བཞི་) སླར་ཡང་ཆགས་འགོ་ཚུགས་པ་ནས་བཟུང་སྟེ་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ཕྱི་ལོ་ ༡༩༥༡ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་གཤེགས་པའི་བར་ལོ་གྲངས་ ༡༠༠༣ གྱི་རིང་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་བར་ལོ་ཙཱ་བ་སྔ་རྗེས་བསྡོམས་ ༢༥༩ བྱོན་ཡོད། དེ་ལ་བུ་སྟོན་ཆོས་འབྱུང་[9]ནང་གསལ་བ་ ༡༣༧ དང་། ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་[10]ནང་གསལ་བ་ ༡༨ མཁས་པའི་དགའ་སྟོན་[11]ནས་ཁ་བསྐང་བ་ ༢༥ སྡེ་དགེ་བསྟན་འགྱུར་དཀར་ཆག་ནས་ཁ་བསྐང་བ་ ༧༩ བཅས་ཀྱི་ཐོག་གོང་གསལ་དེ་དག་གི་ནང་མཚན་མ་འཁོད་པ་དགའ་ལྡན་ཁྲི་ཆེན་འོད་ཟེར་གྱིས་རབ་བྱུང་དགུ་པའི་མེ་བྱི་ཕྱི་ལོ་ ༡༥༡༦ ལོར་མཛད་པའི་བསྟན་རྩིས་གསལ་བའི་སྒྲོན་མེའི་[12]ནང་མཚན་གསར་དུ་ཐོན་པ་སྐྱོགས་ལོ་རིན་ཆེན་བཀྲ་ཤིས། སྨིན་གླིང་ལོ་ཆེན་དྷརྨ་ཤྲི་རྣམ་གཉིས་དང་། དེ་དག་ཐོག་ཏུ་སི་ཏུ་རིན་པོ་ཆེ་དང་། འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ། མཁས་དབང་དགེ་འདུན་ཆོས་འཕེལ་ ༣ བསྣན་པས་ཁྱོན་བསྡོམས་བསྟན་པ་ཕྱི་དར་སྐབས་བྱོན་པའི་རང་རིགས་ཀྱི་ལོ་ཙཱ་བ་མི་གྲངས་ ༢༦༢ བྱོན་ཡོད་ཚུལ་དུང་དཀར་རིན་པོ་ཆེས་གསུངས་ལ། གཞན་ཡང་དབའ་བཞེད་[13]དུ་ཆོས་འབྱུང་ཕྱི་མ་རྣམས་སུ་མ་གསལ་བའི་ལོ་ཙཱ་བ་བེག་ཟླ་གོང་དང་། འབིག་ཁྱིའུ། ཁྱི་ཆུང་། ཞང་ཉ་བཟང་གི་བུ་ཞང་ལྷ་བུ་བཅས་བཞི་ཡང་མཆིས་སོ།།
དེ་བཞིན་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས[14]། བསྟན་པ་ཕྱི་དར་སྐབས་མཁས་གྲུབ་ལོ་པཎ་རིམ་བྱོན་སྐོར། པཎྜི་ཏ་རིམ་པར་བྱོན་པའི་སྐོར། བསྟན་འགྱུར་དཀར་ཆག་ལས། བསྟན་པ་ཕྱི་དར་དུས་བུདྷ་པཱ་ལ་ (སངས་རྒྱས་སྐྱོང་) དྷརྨ་པ་ལ་ (ཆོས་སྐྱོང་) དང་། པྲཛྙཱ་པཱ་ལ་ (ཤེས་རབ་སྐྱོང་) དང་ནི་ལེགས་པར་བཤད་སོགས་མཁས་གྲུབ་དང་པཎྜི་ཏ་ ༧༣ དང་། ཆེན་མོ་ལྷ་ཡི་བླ་མ་ཡེ་ཤེས་འོད་ཟེར་དང་། རིན་ཆེན་བཟང་པོ་གྲགས་འབྱོར་ཤེས་རབ་སོགས་ལོ་ཙཱ་བ་ ༡༥༧ རིམ་པར་བྱོན་པར་བོད་དུ་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་ལ་མཛད་རྗེས་བསུབ་ཐབས་མེད་པ་བཞག་ཡོད། ཅེས་གསལ་བ་ལྟར་རོ།།
ལོ་ཙཱ་བ་དེ་དག་གི་ནང་ནས་ལོ་ཆེན་རིན་ཆེན་བཟང་པོ་ནས་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱི་བར་ལོ་ཙཱ་བ་ ༡༥༦ ཡོད་པའི་ཁོངས་ནས་རེ་གཉིས་མ་གཏོགས་དེ་མིན་ཚང་མ་རྒྱ་གར་དང་། ཁ་ཆེའི་ཡུལ། བལ་ཡུལ་བཅས་སུ་ཕེབས་ནས་སློབ་གཉེར་ཐོན་པ་ཤ་སྟག་ཡིན། དེའི་རྒྱུ་མཚན་ནི་རབ་བྱུང་གསུམ་པའི་ལྕགས་བྱ་ཕྱི་ལོ་ ༡༢༠༡ ལོར་ཁ་ཆེའི་རྒྱལ་པོ་ཤི་ཧཱ་བུ་དིན་གྱི་དམག་གིས་རྒྱ་གར་ནུབ་ཕྱོགས་དང་དབུས་ཁུལ་དུ་དམག་དྲངས་ཏེ་ནང་བསྟན་ཆོས་ལུགས་ཀྱི་གནས་གཞི་གཙོ་བོ་དཔལ་ནཱ་ལེནྡྲ་དང་། ཨོ་ཏནྟ་པུ་རི་སོགས་བཅོམ། སྐུ་རྟེན་རིན་ཐང་ཅན་རྣམས་འཁྱེར། གསུང་རབ་གང་ཡོད་ཐམས་ཅད་ཀྱང་མེ་ལ་བསྲེགས་པ་བཅས་ནང་བསྟན་ཆོས་ལུགས་རྩ་མེད་དུ་བསྣུབས་ཐོག །རྒྱ་གར་དབང་འོག་ཏུ་བསྡུས་པ་དེ་ནས་བཟུང་བོད་ནས་རྒྱ་གར་ལ་ལོ་ཙཱ་བ་སློབ་སྦྱོང་དུ་ཕེབས་མཚམས་ཆད་པ་ཡིན། དེ་ཡང་ཡོངས་གྲགས་ལྟར་ན། ཕྱི་ལོ་ ༡༢༠༤ ལོར་ཁྲོ་ཕུ་ལོ་ཙཱ་བས་དཔལ་ནཱ་ལེནྡྲའི་མཁན་པོ་ཆེས་མཐའ་མ་ཆོས་རྗེ་ཤཱཀྱ་ཤྲཱི་བོད་དུ་གདན་དྲངས་པ་ནི་རྒྱ་གར་པཎ་གྲུབ་བོད་དུ་ཕེབས་མཁན་མཐའ་མ་དེ་ཡིན་ལ། དེ་བཞིན་བོད་ནས་རྒྱ་གར་དུ་སློབ་གཉེར་དུ་ཕེབས་མཁན་གྱི་མཐའ་མ་ནི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཆགས་ཡོད།
གཞན་ཡང་དུས་རབས་བདུན་པ་ནས་དུས་རབས་བཅུ་བདུན་པའི་བར་རྒྱ་གར་གྱི་པཎྜི་ཏ་བོད་དུ་རིམ་བྱོན་དང་། བོད་ཀྱི་མཁས་པ་རྒྱ་གར་དུ་རིམ་པར་བྱོན་པའི་མཚན་ཐོ་དང་། ལོ་དུས་མཛད་བརྗོད་རགས་བསྡུས་བཅས་ཕྱོགས་བསྡེབས་རིན་ཆེན་ནོར་བུའི་དོ་ཤལ་ལས[15]། དང་པོ། དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་བྲམ་ཟེ་ཤམ་ཀ་ར་ནས་བཟུང་སྟེ་དུས་རབས་བཅུ་བདུན་པའི་ནང་བྱོན་པའི་གཽཀྵུ་ལ་ན་ཐ་མི་ཤྲའི་བར་ཞལ་གྲངས་ ༡༢༨ བྱོན་པར་གསལ་བའི་ཁྲོད་དུ་ཁ་ཆེའི་པཎྜི་ཏ་ཞལ་གྲངས་ ༣ དང་། བལ་པོའི་པཎྜི་ཏ་ཞལ་གྲངས་ ༧ བྱོན་པ་ཚུད་ཡོད། གཉིས་པ། དུས་རབས་བདུན་པར་བྱོན་པའི་བོད་ཀྱི་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ནས་བཟུང་དུས་རབས་བཅུ་བདུན་པའི་ནང་བྱོན་པ་ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་བར་བོད་ཀྱི་ལོ་ཙཱ་བ་རྒྱ་གར་འཕགས་ཡུལ་དུ་བྱོན་པ་ ༧༦ ཡོད་པ་གསལ་འདུག
ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ་ལས[16]། སྒྱུར་མཁན་གྱི་ཐོག་མ་ལོ་ཆེན་ཐོན་མི་སམྦྷོ་ཊ་ནས་ནམ་མཁའ་སྐྱོང་གི་བར་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་མཁས་པ་ ༥༡ ཙམ་བྱུང་ཞིང་། བསྟན་པ་བསྐྱར་དར་བྱུང་བའི་རྗེས་ནས་སོག་པོ་ཇུན་གར་གྱིས་བོད་ལ་དབང་མ་མཛད་གོང་སྟེ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་སྨིན་གྲོལ་གླིང་ལོ་ཆེན་དྷརྨ་ཤྲཱིའི་བར་སྔ་རྗེས་སུ་ལོ་ཙཱ་བ་ ༡༧༡ བྱུང་བ་རྣམས་ཀྱིས་བཀའ་དང་བསྟན་བཅོས་མང་པོ་རྒྱ་གར་དང་རྒྱ་ནག་གི་སྐད། ཞང་ཞུང་གི་སྐད། ལི་ཡུལ་གྱི་སྐད་བཅས་ནས་བོད་སྐད་དུ་བསྒྱུར། ཅེས་བྱུང་བས་དཔྱད་དགོས་སོ།།
གཞན་ཡང་བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་ནང་བཙན་པོ་ཁྲི་གཙུག་ལྡེ་བཙན་སོགས་བཙན་པོ་དང་བཙན་པོའི་གདུང་རྒྱུད་དུ་གྱུར་པའི་ལོ་པཎ་བདུན་དང་། བནྡེ་དྷརྨ་ཏཱ་ཤཱི་ལ་དང་ཆོས་ཉིད་ཚུལ་ཁྲིམས་ལྟ་བུ་མིང་གི་རྣམ་གྲངས་སུ་གྱུར་པའམ་ཟློས་སྐྱོན་དུ་སོང་བ་བཅུ་གཉིས། མཁན་པོ་བོདྷི་ས་ཏྭ་སོགས་ཡུལ་ཕྱོགས་གཞན་གྱི་ལོ་པཎ་བརྒྱད་དང་། བཅོམ་ལྡན་རིག་པའི་རལ་གྲི་སོགས་དམ་པ་སྔ་མ་དག་གིས་ལོ་ཙཱ་བའི་མཚན་ཐོ་རུ་མ་བགྲངས་ཤིང་། ཀུན་ལ་ལོ་ཙཱ་བར་མ་གྲགས་པའི་ལོ་པཎ་གཉིས། དེ་མིན་སོག་ཡུལ་ནས་བྱོན་པའི་བོད་སོག་ལོ་ཙཱ་བ་གཉིས་བཅས་དེ་རྣམས་འཕྲི་བའི་ལྷག་མར་གྱུར་པ་བོད་ཀྱི་ལོ་ཙཱ་བ་ ༢༤༢ ཀྱི་མཛད་རྣམ་དང་འགྱུར་གཞུང་སྙིང་བསྡུས་ངོ་སྤྲོད་གནང་ཡོད་ལ། མདོར་ན། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་དུ་སློབ་དཔོན་ཐོན་མི་ནས་མཁས་དབང་དགེ་འདུན་ཆོས་འཕེལ་བར་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ ༢༧༣ གྱི་མཚན་བགྲངས་ཤིང་རྣམ་ཐར་སྙིང་བསྡུས་ཏེ་བཀོད་ཡོད། དེ་བཞིན་བསྟན་འགྱུར་གསེར་བྲིས་ཀྱི་དཀར་ཆག་ལས[17]། བསྟན་འགྱུར་བོད་དུ་སྒྱུར་བ་པོ་བོད་ཀྱི་ལོ་ཙཱ་བ་ཞལ་གྲངས་ ༢༣༣ དང་། བསྟན་འགྱུར་སྒྱུར་བ་པོ་རྒྱ་གར་གྱི་ལོ་པཎ་ཞལ་གྲངས་ ༢༨༨ དང་། ཁ་ཆེའི་པཎྜི་ཏ་ ༢༩། བལ་པོའི་པཎྜི་ཏ་ ༡༣། ལི་ཡུལ་གྱི་མཁན་པོ་སུ་རེནྡྲ་ཀ་ར་བྷ་དྲ། ༡ དང་། རྒྱའི་ལོ་ཙཱ་བ་ཐང་སན་ཙང་དང་། རྒྱའི་དགེ་བཤེས་སིང་གྱང་ཇུས་ ༢ བཅས་བསྟན་འགྱུར་བོད་དུ་སྒྱུར་བ་པོ་ལོ་ཙཱ་བ་དང་། པཎྜི་ཏ། མཁན་པོ་བཅས་ཁྱོན་བསྡོམས་ ༥༦༦ ཙམ་བྱོན་པའི་མཚན་བྱང་བཀོད་ཡོད་ལ། འདི་ནི་བསྟན་འགྱུར་ཁོ་ནའི་དབང་དུ་བྱས་པའི་ལོ་པཎ་མཁན་གསུམ་གྱི་མཚན་གཞུང་ཡིན་ལ། ཡང་ལ་ལས། བཀའ་འགྱུར་དང་བསྟན་འགྱུར་གྱི་འགྱུར་བྱང་ལས་མཚན་དངོས་སུ་གསལ་བའི་ལོ་ཙཱ་བ་ ༢༨༥ འབྱུང་བ་ལས། ལོ་ཙཱ་བ་ཞལ་གྲངས་ ༤༧ ནི་བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ཡིན་ཞིང་། དེ་དག་གི་ཁྲོད་དུ་རྒྱའི་ཧྭ་ཤང་བཞི་ཡོད་པ་ལས་གཞན་རྣམས་བོད་ཀྱི་ལོ་ཙཱ་བ་ཡིན་པར་འདོད།
གཞན་ཡང་པདྨ་བཀའ་ཐང་དང་། ཉང་ཆོས་འབྱུང་ལྟར་ན། བསྟན་པ་སྔ་དར་སྐབས་སུ་ལོ་ཙཱ་བའི་ཁྲོད་བཙན་པོའི་སྲིད་གཞུང་གིས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བཏང་བ་ལས། ལོ་ཙཱ་བ་སོ་སོས་གྲོན་དངུལ་བཏང་ནས་ཕེབས་མཁན་བྱུང་མེད་ལ། བསྟན་པ་ཕྱི་དར་སྐབས་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་འགྲོ་གྲོན་བཏང་ནས་མི་ ༢༡ རྒྱ་གར་དུ་མངགས་ཀྱང་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལས་གཞན་ ༡༩ འགོ་མ་ཐོན་པར་སྐུ་གཤེགས། དེ་འཕྲོས་ལོ་ཙཱ་བ་བརྒྱ་ལྷག་ཙམ་ཡོད་པ་ཚང་མ་སོ་སོས་གྲོན་དངུལ་བཏང་ནས་ཕེབས་པ་ཤ་སྟག་ཡིན་ཚུལ་ལོ་པཎ་ཆོས་འབྱུང་དང་། ལོ་པཎ་བཀའ་ཐང་དུ་གསལ་ལ། བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བ་མང་པོ་དེ་ལྟར་སོ་སོས་འགྲོ་གྲོན་བཏང་སྟེ་རྒྱ་གར་དང་། ཁ་ཆེ། བལ་ཡུལ་བཅས་ལ་སློབ་སྦྱོང་ལ་ཕེབས་ཡོད། འགྲོ་གྲོན་གཏོང་བྱེད་ཀྱི་དངུལ་ཇི་ལྟར་བྱས་ཏེ་བྱུང་སྙམ་ན། སྐབས་དེར་བོད་ལ་ལྕགས་རིགས་ཀྱི་དངུལ་དང་། དངུལ་ལོར་ཐོན་མེད་ཀྱང་། གསེར་གྱི་ཐོན་ཁུངས་འབེལ་པོ་ཡོད་པས་གསེར་རྡོག་པོ་དང་། གསེར་ཕྱེ་ཤིང་སྲང་ལ་འཇལ་ནས་བསྣམས་ཕེབས་ཏེ་སློབ་དཔོན་ལ་དད་འབུལ་ཞུ་རྒྱུ་དང་། སློབ་གཉེར་གྱི་མཁོ་ཆས། ཟས་གོས་གནས་མལ་སོགས་ཀྱི་འགྲོ་གྲོན་བཏང་ནས་ལོ་ཙཱ་སློབ་བཞིན་ཡོད།
གནའ་བོའི་དུས་སུ་འཕགས་བོད་རྒྱལ་ཁབ་བར་ཆོས་དང་། ཤེས་རིག་གི་འབྲེལ་ཟབ་རྡོ་རྗེའི་མདུད་རྒྱས་ལུ་གུ་རྒྱུད་དུ་སྦྲེལ་ཡང་། ཚུལ་དེའི་གཏམ་རྣམས་ཆོས་ཀྱི་བྱུང་བ་བརྗོད་པ་དང་། དཀར་ཆག་གི་མཛོད་ཆེན་པོ་རྣམས་སུ་སིལ་བུར་བཞུགས་པ་ལས། བརྩོན་ཤེས་ཀྱི་མཐུ་དམན་པའི་ཚོགས་ཀྱི་སྤྱན་ལམ་དུ་འགྲིམས་བདེ་བ་མེད་སྟབས། སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ཕེབས་དགོངས་བཞིན། འཕགས་བོད་ལོ་པཎ་རྣམས་ཀྱི་བཀའ་དྲིན་རླབས་པོ་ཆེ་རྗེས་སུ་དྲན་པའི་ཕྱིར་དང་། སྔ་རབས་འཕགས་བོད་འབྲེལ་ཟབ་རྨད་དུ་བྱུང་བའི་ཚུལ་རྗེན་པར་རྟོགས་བདེ་བའི་སླད་དུ། ཆོས་འབྱུང་དེབ་ཐེར་སྣ་ཚོགས་ནས་འབྱུང་བའི་ལོ་ཙཱ་བའི་བྱུང་འཕེལ་སྐོར་དཔྱད་ཞིབ་ཕྱོགས་བསྡེབས་ཞུ་ཁུལ་ལགས་ཀྱང་། ད་དུང་སྒྲ་སྒྱུར་གྱི་འགོ་གང་ནས་བཙུགས་པ་དང་། སྒྲ་སྒྱུར་ལས་དོན་གྱི་བརྒྱུད་རིམ། ད་ལྟའི་ཡིག་སྒྱུར་གྱི་གནས་བབ། སྒྲ་སྒྱུར་གྱི་གལ་གནད་དང་། སྒྲ་སྒྱུར་གྱི་ཚད་གཞི། མ་འོངས་པར་སྒྲ་སྒྱུར་གྱི་ཁ་ཕྱོགས་སོགས་ཀྱི་ཐད་རྒྱུས་ལོན་དཔྱད་ཞིབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྙམ་མོ།།
སྒོ་མེ་ཚེ་དབང་རྣམ་རྒྱལ་དང་སངས་རྒྱས་མཚོས་བརྩམས་པའི་དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག་ལས[18]། བཙན་པོའི་དུས་སྐབས་དང་། བོད་སིལ་བུའི་དུས་སྐབས། ས་སྐྱའི་དུས་སྐབས། ཕག་གྲུའི་དུས་སྐབས། དགའ་ལྡན་ཕོ་བྲང་པའི་དུས་སྐབས་བཅས་སོ་སོར་ལོ་ཙཱ་བ་ཇི་ཙམ་བྱོན་མིན་སྡེ་ཚན་ལྔར་ཕྱེ་སྟེ། ༡ བཙན་པོའི་རྒྱལ་རབས་སྐབས་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་ནས་ལོ་ཙཱ་བ་ནམ་མཁའ་སྐྱོང་བར་ཞལ་གྲངས་ ༦༦ བྱོན་པ་དང་། ༢ བོད་སིལ་བུའི་དུས་སྐབས་སུ་ལོ་ཆེན་རིན་ཆེན་བཟང་པོ་ནས་ཨུ་རྒྱན་པ་རིན་ཆེན་དཔལ་བར་ཞལ་གྲངས་ ༡༥༥། ༣ ས་སྐྱའི་སྲིད་དབང་སྐབས་བྱོན་པའི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནས་ས་བཟང་བློ་གྲོས་རྒྱལ་མཚན་བར་ལོ་ཙཱ་བ་ཞལ་གྲངས་ ༤༢། ༤ ཕག་གྲུའི་སྲིད་དབང་སྐབས་སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱི་ནས་རྗེ་བཙུན་ཀུན་དགའ་སྙིང་པོའི་བར་ལོ་ཙཱ་བ་ཞལ་གྲངས་ ༢༢། ༥ དགའ་ལྡན་ཕོ་བྲང་པ་ཆེན་པོས་སྲིད་དབང་སྐྱོང་སྐབས་འདར་ལོ་ངག་དབང་ཕུན་ཚོགས་ནས་མཁས་དབང་དགེ་འདུན་ཆོས་འཕེལ་བར་ལོ་ཙཱ་བ་ཞལ་གྲངས་ ༧ བྱོན་པ་རྣམས་ཀྱི་རྣམ་ཐར་དང་འགྱུར་གཞུང་བཅས་བཀོད་ཡོད། དེ་ལྟར་བོད་ཀྱི་སྲིད་དབང་དུས་སྐབས་ཁག་ཏུ་ཁྱོན་བསྡོམས་ལོ་ཙཱ་བ་ ༢༩༢ དང་། གཞན་ཡང་རྒྱ་གར་གྱི་པཎྜི་ཏ་ ༣༧༢ ཁ་ཆེའི་པཎྜི་ཏ་ ༢༦ བལ་པོའི་པཎྜི་ཏ་ ༡༤ རྒྱ་ནག་གི་ཧྭ་ཤང་ལོ་ཙཱ་བ་ ༡༡ ཟ་ཧོར་གྱི་པཎྜི་ཏ་ ༩ བཅས་ཀྱི་རྣམ་ཐར་དང་འགྱུར་བྱང་བཀོད་ཡོད་ལ། ལྷག་པར་བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ ༡༠༠ དང་། བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ ༢༨༠ ཐམ་པའི་མཚན་གཞུང་བཀོད་འདུག་པ་ནི་ཆ་ལག་ཚང་ཤོས་ཤིག་ཡིན་འདུག །དེ་ཡང་བཀའ་བསྟན་དཔེ་གཞི་ཁག་གི་འགྱུར་བྱང་དང༌། ལོ་རྒྱུས་ཆོས་འབྱུང་གཞན་ནས་རྙེད་པའི་ལོ་ཙཱ་བ་ཁག་གཅིག་ཁ་སྣོན་གྱིས་སྔ་དར་ལ་ ༡༠༢ དང༌། ཕྱི་དར་ལ་ ༢༨༠ བཅས་བསྡོམས་པས་ལོ་ཙཱ་བ་ ༣༨༢ ཀྱི་མཛད་རྣམ་དང་འགྱུར་བྱང་བཅས་བཀོད་ཡོད།།
གཞན་ཡང་སྒྲ་སྦྱོར་བམ་གཉིས་ལས། ཛ་ཡ་རཀྵི་ཏ། རདྣེནྡྲ་ཤཱི་ལ། གཉིས་གསལ་མོད་ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་ནང་དུ་མཚན་མི་གསལ་ལ། དེ་བཞིན་དཀར་ཆག་འཕང་ཐང་མ་ལས། བནྡེ་ཆོས་ཀྱི་སྙིང་པོ། ཞེས་པ་གསལ་མོད་ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་ནང་དུ་མཚན་མི་གསལ་བ་དང་། ཏུན་ཧོང་ཡིག་རྙིང་ནང་གི་ཤེས་རབ་སྙིང་པོ་རྒྱ་འགྱུར་གྱི་འགྱུར་བྱང་ལས། མྱེང་ཆོས་ཀྱི་རྒྱ་མཚོའི་མཚན་གསལ་ཡང་། བཀའ་བསྟན་གྱི་འགྱུར་བྱང་དུ་མཚན་མི་གསལ། འབུས་རྣམ་སྣང་གི་བྲག་བརྐོས་ཁ་བྱང་ལས། དགེ་སློང་ལོ་ཆེན་ཡེ་ཤེས་དབྱངས་ཞེས་འབྱུང་མོད། བཀའ་བསྟན་གྱི་འགྱུར་བྱང་དང་དཀར་ཆག །དེ་བཞིན་སྒྲ་སྦྱོར་བམ་གཉིས་བཅས་སུ་མཚན་མི་གསལ། སྒྲ་སྦྱོར་བམ་གཉིས་ལས། ཡེ་ཤེས་དབང་པོ། ཞང་རྒྱལ་ཉེན་ཉ་བཟང་། བློན་ཁྲི་བཞེར་སང་ཤི་ཏ། ཛྙ་ན་དེ་བ་ཀོ་ཥ། བྲམ་ཟེ་ཨ་ནནྟ་རྣམས་ཁྲི་སྲོང་དུས་ཀྱི་ལོ་ཙཱ་བ་ཡིན་པར་གསལ་མོད། བཀའ་བསྟན་གྱི་འགྱུར་བྱང་ནང་མཚན་མི་གསལ། འགྱུར་བྱང་ནང་ལོ་ཙཱ་བ་ ༤༧ དང་། སྒྲ་སྦྱོར་བམ་པོ་གཉིས་པ་སོགས་སུ་གསལ་བའི་ལོ་ཙཱ་བ་ ༡༠ བཅས་ཁྱོན་བསྡོམས་ ༥༧ བྱོན་ཞིང་། བསྟན་པ་སྔ་དར་གྱི་ལོ་ཙཱ་བའི་ཞལ་གྲངས་འདི་ཙམ་གྱིས་རྫོགས་པ་མིན་ཏེ། ད་ལྟའི་བཀའ་བསྟན་གྱི་འགྱུར་བྱང་དུ་མ་འཁོད་པའི་ལོ་ཙཱ་བ་དང་། དེ་བཞིན་བཀའ་བསྟན་ཁོངས་སུ་མ་ཚུད་པའི་འགྱུར་གཞུང་ཡང་ཡོད་ངེས་པས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༣༢༤
[2] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༥༡༠
[3] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༠༨
[4] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༩༢
[5] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༣༢༥
[6] ཚིག་མཛོད་མུན་སེལ་སྒྲོན་མེ། ཐེ་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས། ༢༠༠༩ ལོ། ཤོག་གྲངས་ ༨༦
[7] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༡༥
[8] སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་ངོས་ ༧༨༥
[9] བུ་སྟོན་ཆོས་འབྱུང་། ལྕགས་དཔར་མ། ཤོག་གྲངས་ ༢༠༨ ནས་གསར་པ་གྲངས་ ༡༣༧ བར།
[10] ཉང་རལ་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༩༢
[11] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་ ༥༢༦
[12] བསྟན་རྩིས་གསལ་བའི་སྒྲོན་མེ། དབུ་མེད་བྲིས་མ། ཤོག་གྲངས་ ༡༦༣
[13] དབའ་བཞེད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༤
[14] ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། (ཧྲག་བསྡུས།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༨༥
[15] རིན་ཆེན་ནོར་བུའི་དོ་ཤལ། བོད་གཞུང་ཆོས་རིག་ལས་ཁུངས། ཕྱི་ལོ་ ༡༩༦༨ ཟླ་ ༡༠ ཚེས་ ༡༦ ཅན་དེབ་གཟུགས།
[16] རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༡༦༦
[17] བསྟན་འགྱུར་གསེར་བྲིས་ཀྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༦༠༦ ནས་ ༦༡༥
[18] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༥ ནས་ ༣༥༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།