ཉ༽ གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གྱི་མཚན་བྱང་།
སྤྱིར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལ་བརྩི་ལུགས་སྣ་ཚོགས་ཡོད་པ་ལས། དང་པོ་གྲུབ་ཆེན་ལཱུ་ཨི་པ་ནས་གྱ་བཞི་པ་བྱ་རི་པའི་བར་གྲུབ་ཐོབ་ ༨༤ ཅན་གྱི་བརྩི་ལུགས་འདི་ཉིད་ཡིན་ཅིང་། དེ་རྣམས་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་སྐབས་དངོས་སུ་བྱོན་པའི་གྲུབ་ཐོབ་ཀྱི་ཞལ་གྲངས་ཡིན། ༡༽ གྲུབ་ཆེན་དེ་དག་གི་རྣམ་ཐར་སྐོར་རྒྱ་གར་ཅམ་པཱ་རྣའི་བླ་མ་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་ཅིང་།
དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་ལེགས་པར་བསྒྱུར་བའི་རྣམ་ཐར་དང་། ༢༽ སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་གུ་རུ་ལཱུ་ཡི་པ་ནས་གུ་རུ་བི་ར་ལི་པའི་བར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་དང་། ༣༽ ཡང་བལ་ཡུལ་གྱི་དགེ་སློང་དཔལ་སྡེས་མཛད་ཅིང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་བསྒྱུར་ནས་བསྟན་འགྱུར་བཟོ་རིག་ཁྲོད་དུ་བཞུགས་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ། ༤༽ བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། ༥༽ རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་ཅིང་བོད་ཀྱི་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་དང་ལོ་རྒྱུས། ༦༽ ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་བྲིས་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར། ༧༽ དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ། ༨༽ མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་བ་ཞ་མ་ལོ་ཙཱ་བས་བསྒྱུར་བའི་གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ། ༩༽ ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་བཀའ་བབས་མདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར། ༡༠༽ དུང་དཀར་བློ་བཟང་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་གྲུབ་ཐོབ་བརྒྱད་བཅུ་རྒྱ་བཞིའི་གསལ་འགྲེལ་རེའུ་མིག་བཅས་རྣམ་ཐར་དང་ལོ་རྒྱུས། མངོན་རྟོགས་དང་གསོལ་འདེབས། མགུར་དང་བྲིས་ཡིག་སོགས་མཇལ་རྒྱུ་ཡོད་པ་དེ་དག་ཏུ་གྲུབ་ཆེན་རྣམས་ཀྱི་གྲངས་དང་གོ་རིམ། མཚན་གྱི་དག་སྡེབ། པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་པཎ་གྲུབ་གང་དག་ཚུད་མིན་ཞལ་གྲངས་དང་། དེ་དག་གི་གོ་རིམ་སོགས་ཀྱི་ཐད་མི་མཐུན་པ་ཤིན་ཏུ་མང་ལ། གཞུང་ལུགས་དེ་དག་ནང་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལའང་བརྩི་ལུགས་གཅིག་མཐུན་མེད་པར་བཞེད་ལུགས་སྣ་ཚོགས་ཤིག་བྱུང་བ་དེ་དག་ལ་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
དེ་དག་ལས། གྲུབ་ཐོབ་བརྒྱད་ཅུའི་རྣམ་ཐར་མཛད་པ་པོ་ནི་གྲུབ་པའི་དབང་ཕྱུག་ཆེན་པོ་ཨ་བྷྱ་ཀ་ར་གུཔྟ་སྟེ་འཇིགས་མེད་འབྱུང་གནས་སྦས་པ་ཞེས་བྱ་བ་ཡིན་ལ། ཁོང་རྒྱ་གར་ལྷོ་ཕྱོགས་ཨུ་ཊ་ཨཱི་ཤ་རུ་གྲགས་པའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། རྡོ་རྗེ་གདན་པའམ་སོ་སོ་རི་བའི་མདུན་ནས་བསྙེན་པར་རྫོགས་ཏེ་མཚན་ཨ་བྷྱ་ཀ་ར་གུཔྟ་ཞེས་གསོལ། མཁས་གྲུབ་གཉིས་ལྡན་གྱི་དམ་པ་དུ་མ་བསམ་བཞིན་གཙུག་ཏུ་བཀུར་ནས་མདོ་རྒྱུད་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་སྨྲ་བའི་སེང་གེ་ཆེན་པོའི་གོ་འཕང་བརྙེས། ཡི་དམ་གྱི་ལྷས་སྐུལ་མ་མཛད་པས་མན་ངག་སྙེ་མ་དང་ཕྲེང་བ་སྐོར་གསུམ་སོགས་བསྟན་བཅོས་མང་དུ་མཛད། བི་ཀྲ་མ་ལ་ཤཱི་ལར་གདུལ་བྱ་མཐའ་ཡས་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཅིང་། མཐར་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་གཅིག་བཞེས་པའི་སྟེང་སྐུ་འདས་པའི་ཚུལ་བསྟན་ལ། བར་དོར་མཆོག་གི་དངོས་གྲུབ་བརྙེས་ཞེས་ཡོངས་སུ་གྲགས་སོ།།
དེ་ལྟ་བུའི་སློབ་དཔོན་ཆེན་པོ་འདིས་མཛད་ཅིང་། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་ནས་གཏན་ལ་ཕབ་པའི་གཞུང་ཤིན་ཏུ་དཀོན་པ་ཞིག་ཡིན་ནའང་། ཕྱིས་སུ་ལོ་མང་འགོར་ཞིང་བཤད་སྲོལ་ཉམས་པའི་སྟོབས་ཀྱིས་མ་དག་རྒྱུན་འབྱམས་སུ་སོང་བ་མང་བར་བརྟེན། དཔལ་ས་སྐྱའི་མཁས་པ་ཆེན་པོ་ངག་གི་དབང་པོ་ཀུན་དགའ་རིན་ཆེན་ཞེས་བྱ་བས་སྐྱེས་མཆོག་དམ་པ་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པའི་མདུན་ནས་གཞུང་འདིའི་རྗེས་གནང་དང་ལུང་སོགས་གསན་རྗེས་སྤྱན་སྔ་རིན་པོ་ཆེའི་ཕྱག་དཔེ་དངོས་དང་། དེ་ཉིད་ཀྱིས་གསན་པའི་ཡུལ་སྙུག་ལ་པཎ་ཆེན་གྱི་ཕྱག་དཔེ་གཉིས་བསྡུར་ནས་ཞུས་གཏུགས་གང་ལེགས་དང་བསྒྲིག་ཚོམས་གནང་བའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་སྡེ་དགེ་པར་ཁང་ན་བཞུགས་པའི་རྣམ་ཐར་དཔེ་དཀོན་འདི་ཉིད་ང་ཚོས་མཇལ་ཐུབ་པའི་སྐལ་བ་བྱུང་བ་ཡིན་ནོ།།
གཞུང་འདིའི་ནང་དོན་གཙོ་བོ་ཕྱག་རྒྱ་མཆོག་གི་དངོས་གྲུབ་བརྙེས་པ་གྲུབ་ཆེན་ལཱུ་ཨཱི་པ་ (ཉ་ལྟོ་བ་) ནས་གྲུབ་པའི་དབང་ཕྱུག་ཆེན་པོ་བྱ་རི་བའི་ (བཅུད་ལེན་མཁན་) བར་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་བརྙེས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་དང་ལོ་རྒྱུས་རྒྱས་བསྡུས་འཚམ་ཞིང་། སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་བློ་ངོར་འཆུན་བདེ་བ་ཞིག་འཁོད་ཡོད་[1]པ་བཅས་སོ།།
གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་རགས་ཙམ་གླེང་བ་ལས[2]། སྣར་ཐང་བསྟན་འགྱུར་ལས་རྒྱུད་ཕྱོགས་ཀྱི་པོད་ ༼ལུ༽ པའི་ཆོས་ཚན་དང་པོར། འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་ཅིང་། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ཞེས་པའི་བསྟན་བཅོས་ཤིག་བཞུགས། འདི་ལ་ལྡེབ་ ༦༤ ཤོག་ངོས་ ༡༢༨ ཙམ་དང་། ད་ལྟའི་མགོ་བཙེམ་ལྟར་ན་ཤོག་ངོས་ ༢༥༨ བཞུགས། སྣར་ཐང་བསྟན་འགྱུར་ནི་ཕྱི་ལོ་ ༡༧༡ ནས་ ༡༧༤༢ བར་དུ་པར་བཞེངས་པ་ཡིན་ཅིང་། ཁུངས་ནི་སྡེ་སྲིད་སངས་རྒྱམ་པས་བཞེངས་པའི་བསྟན་འགྱུར་བྲིས་མ་དང་། རྒྱལ་རྩེའི་བསྟན་འགྱུར་བྲིས་མ་གཉིས་ཡིན། དེ་བཞིན་པེ་ཅིང་བསྟན་འགྱུར་ (ཕྱི་ལོ་ ༡༧༢༤ ལོ་ནས་ ༡༧༣༨ ལོའི་བར།) ལས་ཀྱང་རྒྱུད་འགྲེལ་པོད་ ༼ལུ༽ པའི་ཆོས་ཚན་དང་པོར་ཡང་བཞུགས། མདོར་ན། ཡིག་ཚང་ཚད་ལྡན་ལ་གཏོགས་ཤིང་། གནའ་བོའི་རྒྱ་གར་གྱི་ཆོས་ལུགས་དང་། རྒྱལ་ཕྲན་ཁག་གི་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། རྣམ་ཐར་དང་། དོ་ཧའི་རྩོམ་རིག་སོགས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ། བྱུང་རབས་ལ་དཔྱད་བྱའི་གཞིར་ཡང་སྣང་ངོ་།། །།

(རྒྱ་གར་བའི་ལུགས་ཀྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་སྐུ་བརྙན།[1])
[1] རྒྱ་གར་ལྷོ་ཕྱོགས་སྦོམ་བྷེའི་ས་གནས་སུ་ཆགས་པའི་གྲུབ་ཆེན་བརྒྱད་ཅུའི་གནས་ཏེ་དེང་སྐབས་ (KANHERI CAVES) ཞེས་པའི་
སྒྲུབ་གནས་བྲག་ཕུག་ ༡༢༩ ཡོད།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་རིག་གནས་ལས་འཕྲོས་པའི་གཏམ་སྤྱི་ནོར་བློ་གསལ་མགུལ་རྒྱན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༥༥
[2] མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། འགྱུར་མེད་རྡོ་རྗེ། ༢༠༢༠ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༨ ཉིན།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༩ ནས་ ༡༩༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།