༡༽ བསྟན་པའི་གཞི་མ་འདུལ་བ།
དེ་ཡང་སྒིས་སྟེང་ཡོངས་འཛིན་འཇམ་དབྱངས་བླ་མ་བློ་བཟང་དཔལ་ལྡན་ (1881-1944) གྱི་གསུང་ཐོར་བུ་ལས[1]།
བསྟན་པའི་གཞུང་ཤིང་བྱམས་ཆོས་སྡེ་ལྔ། །
བསྟན་པའི་སྙིང་པོ་རྩ་འཇུག་བཞི་གསུམ། །
བསྟན་པའི་ལྕགས་རི་ཚད་མ་སྡེ་བདུན། །
བསྟན་པའི་གཞི་མ་ལུང་ཆེན་སྡེ་བཞི། །
བསྟན་པའི་མཛེས་རྒྱན་མངོན་པ་གོང་འོག །
བསྟན་པའི་ནང་མཛོད་བཀའ་གདམས་གཞུང་དྲུག[2] །
ཅེས་གསུངས་པ་ལྟར། གཞུང་ཆེན་བཀའ་པོད་ལྔའི་བྱུང་རིམ་དང་། མཛད་པ་པོའི་པཎ་གྲུབ། དེ་དག་གིས་མཛད་པའི་བསྟན་བཅོས་བཅས་ནི། དེ་ཡང་མཁས་པའི་དབང་པོ་ལྡན་མ་དགེ་བཤེས་སྟོང་དཔོན་རིན་པོ་ཆེ་རྗེ་བཙུན་ངག་དབང་ཆོས་གྲུབ་ (1889-1949) མཆོག་གིས་མཛད་པའི་གཞུང་བཀའ་པོད་ལྔ་ཡི་སྨོན་ལམ་མཁས་པའི་ཡིད་འཕྲོག་ལས[3]།
དགེ་ལེགས་མཆོག་བྱེད་ངེས་འབྱུང་ཡོན་ཏན་མཚོར། །
འབུམ་ཕྲག་འདུལ་གཞུང་ཀླུང་ཀུན་འདུས་པའི་དགེས། །
ཚུལ་ཁྲིམས་རིན་ཆེན་འོད་མང་ཆགས་པ་ཡི། །
གཞི་རྩ་མཆོག་གྱུར་སྙིང་ལ་ཞུགས་གྱུར་ཅིག །
ཅེས་གསུངས་པ་ལྟར་བསྟན་པའི་གཞི་མ་དམ་ཆོས་འདུལ་བ་ནི། གདུལ་བྱའི་སྒོ་གསུམ་གྱི་སྤྱོད་པ་མ་རུང་བ་འདུལ་བྱེད་ཀྱི་སོ་སོར་ཐར་པའི་གཞུང་སྟེ། འཁོར་ལོ་དང་པོའི་སྤྱོད་པའི་ཆ་གསལ་བར་བྱེད་ལ། གཞུང་དོན་བྱེ་བྲག་སྨྲ་བ་ལྟར་འཆད་ཅིང་། སྟོན་པའི་གསུང་ལུང་སྡེ་བཞི་སོགས་འདུལ་བའི་གཞུང་ཤིན་ཏུ་མང་། དེ་དག་སྡོམ་པའི་ཚུལ་དུ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་མཛད་པ་ནི་འདུལ་བའི་རྩ་བར་བྱེད། དེ་ལ་གཞི་སྟོད་དང་གཞི་སྨད་གཉིས་ཡོད་ཅིང་། བརྗོད་བྱ་སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་པར་བྱེད་པ། ཉམས་པ་ཕྱིར་བཅོས་པའི་ཐབས་སྟོན་ནོ།།
སུ་མ་ཏི་དྷརྨ་དྷ་རས་མཛད་པའི་བཀའ་པོད་རྣམ་ལྔའི་བཤད་སྒྲུབ་སོགས་ཆོས་སྲིད་དགེ་མཚན་སྤེལ་བའི་བྱིན་འབེབས་གསོལ་འདེབས་པདྨ་རཱ་གའི་དོ་ཤལ་ལས[4]།
སྡེ་བཞིའི་ལུང་དང་འདུལ་བ་རྩ་འགྲེལ་སྦྱར། །
དགག་སྒྲུབ་གནང་བའི་འོད་དཀར་འབུམ་འཕྲོས་པས། །
ཕྲ་རགས་ཉེས་ལྟུང་ཚ་གདུང་ཀུན་ནས་འཕྲོག །
བསླབ་ཁྲིམས་རྣམ་དག་བསྲུང་བའི་ཕྱྭ་གཡང་སྩོལ། །
ཞེས་གསུངས་པ་ལྟར། དམ་ཆོས་འདུལ་བའི་གཞུང་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། རང་ཉིད་ཀྱི་སེམས་རྒྱུད་འདུལ་བའི་ཆེད་དུ་ལུས་ངག་གཉིས་ཀྱི་ཉེས་སྤྱོད་འགོག་པར་བྱེད་པའམ་ (དེ་ལ་ནང་གསེས་ཀྱིས་ཕྱེ་ན་ཉན་ཐོས་ཀྱི་འདུལ་བ་དང་། བྱང་ཆུབ་སེམས་དཔའི་འདུལ་བ། གསང་སྔགས་ཀྱི་འདུལ་བ་བཅས་གསུམ་ཡོད།) འདུལ་བའི་སྡེ་སྣོད་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ (ཆོས་སྒོར་ཞུགས་པའི་དགེ་བསྙེན་དང་། རབ་བྱུང་དགེ་ཚུལ། དགེ་སློང་རྣམས་ཀྱི་བསླབ་ཁྲིམས།) བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་སྡེ་སྣོད་ལ་ཟེར་ཞིང་། བཀའ་འགྱུར་གྱི་ནང་འདུལ་བ་ལུང་སྡེ་བཞི་ལ་པོད་བཅུ་གསུམ་ཡོད། དེ་ཡང་འདུལ་བ་ལུང་གཞི། པོད། ༼ཀ༽ ༼ཁ༽ ༼ག༽ ༼ང༽ བར་པོད་བཞི་དང་། བམ་པོ་བརྒྱ་དང་དགུ། ཤླཽ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ། ལུང་རྣམ་འབྱེད་ལས་དགེ་སློང་ཕའི་རྣམ་འབྱེད། པོད། ༼ཅ༽ ༼ཆ༽ ༼ཇ༽ ༼ཉ༽ བར་པོད་བཞི་དང་། བམ་པོ་གྱ་གསུམ་ཤླཽ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ། དགེ་སློང་མའི་རྣམ་འབྱེད། པོད། ༼ཏ༽ པ་པོད་གཅིག་དང་། བམ་པོ་ཉེར་བརྒྱད། ཤླཽ་ཀ་བརྒྱད་སྟོང་བཞི་བརྒྱ། དགེ་སློང་ཕའི་སོ་ཐར་གྱི་མདོ་དང་། དགེ་སློང་མའི་སོ་ཐར་གྱི་མདོ་སོ་སོར་བམ་པོ་གཉིས་རེ་བཅས་ཡོད། ལུང་ཕྲན་ཚེགས། པོད། ༼ཐ༽ ༼ད༽ བཅས་པོད་གཉིས་དང་། བམ་པོ་ལྔ་བཅུ་ང་དགུ། ཤླཽ་ཀ་ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ། གཞུང་དམ་པའམ་གཞུང་བླ་མ་ལ། པོད། ༼ན༽ ༼པ༽ གཉིས་བཅས་ཁྱོན་བཅུ་གསུམ་ཡོད། འདིར་བསྟན་འགྱུར་ཁོངས་སུ་ཡོད་པ་རྣམས་བཀའ་བསྡུ་བའི་ཁོངས་སུ་མ་གཏོགས་པས་བརྩིས་མེད། ཅེས་གསུངས་ལ། དགོངས་འགྲེལ་བསྟན་འགྱུར་ནང་། འདུལ་བ་པོད་ ༼དུ་༽ ནས་པོད་ ༼སུ་༽ བར་པོད་ ༡༨ བཞུགས་སོ།།
དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་ལས[6]།
ཐར་པའི་གྲོང་དུ་བགྲོད་པའི་འཇུག་ངོགས་མཆོག །
བསྟན་པའི་རྩ་བ་འདུལ་བ་འབུམ་སྡེའི་གཞུང་། །
ཐུབ་གསུང་དགོངས་འགྲེལ་བཅས་ཀུན་རྟོགས་གྱུར་ནས། །
བག་ཡོད་སྤྱོད་པས་རྟག་ཏུ་འཚོལ་བར་ཤོག །
ཅེས་གསུངས་པ་ལྟར། བསྟན་འགྱུར་ལས་སྐབས་སུ་བབས་པ་པཎ་གྲུབ་བཅུ་བདུན་ཁོ་ནའི་དབང་དུ་བྱས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་དང་། བསླབ་པ་བཅུའི་ཆོ་ག་གཉིས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པ་མདོ་ཙམ་དུ་བརྗོད་པ། བཙུན་པ་དབྱིག་གི་བཤེས་གཉེན་[7]གྱིས་མཛད་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་མདོ་རྩ་དང་། ལས་བརྒྱ་རྩ་གཅིག་པ། འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པའམ། འདུལ་བ་མདོའི་འགྲེལ་པ་བཅོམ་བརླག་མ། འདུལ་བ་མདོའི་འགྲེལ་པའམ་འདུལ་བ་མདོའི་རྩ་བའི་འགྲེལ་པ་ཆུང་བ་བཅས་བསྟན་བཅོས་བཞི། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་གཉིས་བཅས་བསྟན་འགྱུར་དུ་འདུལ་བའི་གཞུང་བཅུ་གཅིག་བཞུགས་སོ།།
དེ་བཞིན་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱས་མཚོ་ (1617-1682) མཆོག་གིས་མཛད་པའི་དགའ་ལྡན་ཐུབ་བསྟན་རབ་རྒྱས་ཀྱི་དགེ་འདུན་སྤྱིའི་ཁྲིམས་སུ་བཅའ་བ་དྲན་པའི་ལྕགས་ཀྱུ་ལས[8]། འབྲོག་མི་ལོ་ཆེན་དང་སྟག་ལོ་གཉིས་རྒྱ་གར་དུ་རྫོང་བའི་དུས། མཁན་སློབ་གཉིས་ཀྱི་ཞལ་བཀོད་ལ། བསྟན་པའི་གཞི་མ་ཡིན་པས་འདུལ་བ་ཉོན། བསྟན་པའི་སྙིང་པོ་ཡིན་པས་ཕར་ཕྱིན་ཉོན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་ཉོན། ཞེས་གདམས་པ་ལྟར་བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་གཞུང་འཕགས་བོད་དུ་ཇི་ལྟར་བྱུང་བའི་ཚུལ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[9]། རྒྱ་གར་དུ་སངས་རྒྱས་ཞལ་བཞུགས་དུས་སུ་གསུངས་པ་རྩ་བའི་ལུང་སོ་སོར་ཐར་པའི་མདོ་དང་། བཤད་པའི་སྡེ་བཞི་སྟེ། སོ་ཐར་གྱི་མདོའི་ཚིག་འགྲེལ་ལྟ་བུ་ལུང་རྣམ་འབྱེད། འདུལ་བའི་བསླབ་བྱ་ཕྲ་མོ་ཐམས་ཅད་རྒྱས་པར་བཤད་པ་ལུང་ཕྲན་ཚེགས། ཁ་སྐོང་གི་ཚུལ་དུ་འཆད་པ་ལུང་གཞི། དཀའ་བའི་གནད་གཏན་ལ་འབེབས་པ་གཞུང་བླ་མ༌བཅས་ཡིན།
ཐེག་དམན་གྱི་འདུལ་བ་ནི། བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་པ་དེའི་ནང་གསལ་ཞིང་། ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་གི་འདུལ་བ་ནི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ༌དང་། འདུལ་བའི་ལས་ཀྱི་ཆོ་ག་བརྒྱ་རྩ་གཅིག་ཕྱོགས་གཅིག་ཏུ་བསྡུས་པ་ཀརྨ་ཤ་ཏམ། དགྲ་བཅོམ་པ་ས་ག་ལྷས་མཛད་པའི་མེ་ཏོག་ཕྲེང་རྒྱུད། སློབ་དཔོན་དགེ་འདུན་བཟང་པོས་མཛད་པའི་ཀ་རི་ཀ་ལྔ་བཅུ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་བ་སུམ་བརྒྱ་པ་སོགས་མང་དུ་ཡོད་པའི་ནང་ནས་བོད་སྐད་དུ་བསྒྱུར་བ་གཅིག་པུ་ཡང་བཀའ་འགྱུར་གྱི་ནང་དུ་འདུལ་བ་པོད་བཅུ་གསུམ་དང་། བསྟན་འགྱུར་མདོ་ཕྱོགས་ཀྱི་པོད་ ༼དུ༽ ནས་ ༼སུ༽ བར་པོད་བཅོ་བརྒྱད་ལ་རྣམ་གྲངས་མི་འདྲ་བ་བཞི་བཅུ་ཞེ་གསུམ་ཡོད།
བོད་ལྗོངས་འདིར་བསྟན་པ་སྔ་དར་གྱི་དུས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སད་མི་བདུན་རབ་ཏུ་བྱུང་ནས་འདུལ་བའི་སྡོམ་རྒྱུན་དང་བཤད་རྒྱུན་གཉིས་ཀ་དར་བའི་འགོ་ཚུགས་ཤིང་། བཙན་པོ་ཁྲི་རལ་པ་ཅན་གྱི་དུས་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་པཎྜི་ཏ་དཱ་ན་ཤི་ལ་དང་། ཛི་ན་མི་ཏྲ་གཉིས་བོད་དུ་གདན་དྲངས་ཏེ་སློབ་མ་མང་དུ་བྱུང་བའི་ནང་ནས་ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་དང་། སྨར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང་། གཙང་རབ་གསལ་བཅས་བཞི་ནི་འདུལ་བ་ལ་མཁས་ཤིང་། སྨར་གཡོ་གཙང་གསུམ་ལ་བསྟན་པ་སྔ་དར་དུས་ཀྱི་མཁས་པ་མི་གསུམ་ཞེས་གྲགས། གླང་དར་མས་སངས་རྒྱས་ཆོས་ལུགས་བསྣུབས་སྐབས་ཁོང་གསུམ་མདོ་སྨད་དུ་བྲོས་བྱོལ་ཕེབས་དགོས་བྱུང་། ཁོང་གསུམ་ལ་སློབ་མ་བླ་ཆེན་དགོངས་རབ་གསལ་དང་། ཡང་སློབ་མཁས་བཙུན་མི་དྲུག །རྒྱུན་འཛིན་དབུས་གཙང་གི་མཁས་པ་མི་བཅུ་གཉིས་སོགས་བྱུང་བ་ལས་མཁས་པ་མི་བཅུ་གཉིས་ཀྱིས་བོད་དབུས་གཙང་དུ་ཕེབས་ནས་གནས་གཞི་བཟུང་སྟེ། འདུལ་བའི་བཤད་རྒྱུན་དང་སྡོམ་རྒྱུན་སྤེལ་བ་ནས་བཟུང་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ཏེ། གཟུས་རྡོ་རྗེ་རྒྱལ་མཚན་ལ་སློབ་མ་གཟུས་ཀྱི་བུ་བཞི་དང་། རྒྱ་འདུལ་བ་འཛིན་པ་ལ་སློབ་མ་ཀ་བ་བཞི་སོགས་འདུལ་བའི་འཆད་ཉན་གནང་ཐུབ་པའི་སློབ་མ་སྟོང་ཕྲག་གཅིག་ལྷག་ཙམ་བྱུང་བ་དང་། སྟོད་ལུང་ཐག་མ་དགོན་པ་དང་། སྐྱོར་མོ་ལུང་། དགའ་བ་གདོང་། གཉལ་ཟང་ཆེན། གཉལ་གྲྭ་སྐོར་སོགས་འདུལ་བའི་བཤད་གྲྭ་མང་དུ་བྱུང་བ་དང་། གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་འདུལ་བའི་གཞུང་གི་འགྲེལ་པ་དང་མཆན་འགྲེལ་དོགས་གཅོད་བཅས་མཛད་པའི་ནང་ནས་བོད་ཡོངས་ཀྱི་མཁས་པ་ཚང་མས་ཚད་མར་འཛིན་ཅིང་གྲགས་ཆེ་བ་ནི། དུས་རབས་བཅུ་གཉིས་པའི་དཀྱིལ་དུ་མཚོ་སྣ་མཁན་ཆེན་ཤེས་རབ་བཟང་པོས་མཛད་པའི་འདུལ་བའི་འགྲེལ་པ་ཉི་མའི་འོད་ཟེར༌ཡོངས་གྲགས་སུ་མཚོ་ཊིཀཱ༌ཅེས་འབོད་པ་དེ་ཡིན་ཅིང་། དུས་རབས་བཅུ་གཅིག་པའི་མཇུག་ནས་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་བར་དབུས་གཙང་གི་གདན་ས་ཆེན་པོ་དྲུག་ (གསང་ཕུ། རྭ་སྟོད། ཚལ་གུང་ཐང་། དགའ་གདོང་། སྐྱོར་མོ་ལུང་། ཟུལ་ཕུ།) གི་ནང་འདུལ་བར་སློབ་སྦྱོང་བྱེད་པའི་འཛིན་གྲྭ་ཆེད་གཉེར་གྱིས་སློབ་ཡུན་ལོ་བཞིའི་ལམ་ལུགས་བཙུགས་པ་དང་། དུས་རབས་བཅོ་ལྔ་པའི་དཀྱིལ་ནས་རིམ་བཞིན་དར་བའི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཆེ་ཁག་ཕལ་ཆེ་བར་འདུལ་བའི་འཆད་ཉན་གྱི་སྲོལ་རྒྱུན་མ་ཆད་པར་ཡོད། ཅེས་གསལ་བ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བློ་བཟང་དཔལ་ལྡན་གྱི་གསུང་ཐོར་བུ། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༤༡༧
[2] བཀའ་གདམས་གཞུང་དྲུག་ཏུ་གྲགས་པ་ནི། ས་རྒྱན་གཉིས། བསླབ་སྤྱོད་གཉིས། སྐྱེས་ཚོམས་གཉིས་ཏེ་དྲུག་ཡིན་ལ། དེ་ལས་བསླབ་སྤྱོད་གཉིས་ལྟ་སྤྱོད་ཟུང་འབྲེལ། གཞན་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་གཙོ་བོར་སྟོན་པའི་གཞུང་ཡིན་ནོ།།
[3] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་ ༢༤༡
[4] འབྱིན་འབེབས་གསོལ་འདེབས། ༼༡༽ གཡང་འབོད། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢ན༢
[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༡༤༦
[6] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༢༢
[7] བཙུན་པ་དབྱིག་གི་བཤེས་གཉེན་ཞེས་པ་དབྱིག་གཉེན་དང་གཅིག་མིན་དཔྱད་དགོས་པར་སྣང་ངོ་།།
[8] ༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་འབུམ། ༼༢༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༧༠
[9] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༠༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༨ ནས་ ༡༢༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།