ཨི༽ ཇོ་བོ་རྗེའི་རྗེས་འཇུག་གི་སློབ་ཚོགས།
དེ་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[1]།
ཕ་ལས་བུ་རྫིག་བུ་ལས་ཚ་བོ་རྫིག །
ཚ་བོ་ལས་ཀྱང་ཡང་ཚ་སུམ་ཚ་རྫིག །
ཅེས་པའི་བདེན་གཏམ་རྡོ་རྗེའི་ཚིག་གི་རྒྱ། །
བསྐལ་པའི་སྲིད་དུ་མི་ཤིགས་རྣ་བའི་རྒྱན། །
སྐུ་མཆེད་གསུམ་དང་གླང་ཤར་ནས་བཟུང་སྟེ། །
རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བར། །
བཀའ་གདམས་བསྟན་པའི་བ་དན་དར་པོ་ཆེ། །
སྒྲེང་བའི་བསྟན་འཛིན་སྐྱེས་བུས་ས་སྟེང་ཁྱབ། །
ཅེས་བསྟོད་ཕྱག་མཛད་པ་ལྟར། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[2]། ཇོ་བོ་དེ་ལ་སྲས་རྒྱ་བོད་གཉིས་ན་བསམ་གྱིས་མི་ཁྱབ་ཀྱང་། རྒྱ་གར་ན་ཐུན་མོང་མ་ཡིན་པའི་སྲས་ལྔ་ནི། པཎྜི་ཏ་བི་ཏོ་པ། དབུ་མ་སེངྒེ་[3]། བཤེས་གཉེན་གསང་བ། ཛྙཱ་ན་མ་ཏི། པཎྜི་ཏ་སའི་སྙིང་པོ་རྣམས་ཡིན་ཏེ། ཇོ་བོ་ཉིད་དང་བྱིན་རླབས་དང་ཐུགས་རྒྱུད་མི་མཉམ་ཡང་། མཁྱེན་པ་མཉམ་པར་གྲགས། ཁྱད་པར་བོད་ཁ་བ་ཅན་པ་ལ་བཀའ་དྲིན་གྱིས་མ་ཁྱབ་པ་དང་། སློབ་མར་མ་གྱུར་པ་མེད་ཅིང་། དེའི་ནང་ནས་ཡོངས་སུ་གྲགས་པ་ལ། མངའ་རིས་སྟོད་ནས་ལྷ་བཙུན་པ་ཁུ་དབོན། ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་སོགས་པ་དང་། གློ་བོའི་ཡུལ་ནས་སྟོན་པ་ཡང་རབ། གུང་ཐང་ནས་སྒོམ་པ་ཚུལ་ཁྲིམས་དང་། ཤེས་རབ་འབྱུང་གནས། ལྷོ་བྲག་ནས་ཆག་ཁྲི་མཆོག་དང་། བཙུན་པ་དགེ་བསྐྱོད་ལ་སོགས་པ་མང་དུ་བྱོན། གཞན་ཡང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་། དགེ་བའི་བློ་གྲོས། ཤཱཀྱ་བློ་གྲོས། ཚུལ་ཁྲིམས་འབྱུང་གནས། ལྷ་ཆེན་པོ། གཟུས་རྡོ་རྗེ་རྒྱལ་མཚན། གཙང་སྟོད་ནས་གྲགས་སྟོན་ཆེ་ཆུང་གཉིས། གཙང་སྨད་ནས་འགར་འགོས་ཡོལ་གསུམ་གནམ་གྱི་རྫི་ཁ་བ། བཀའ་པ་བར་སྟོན་བྱང་ཆུབ་རྒྱལ་མཚན། རྔོག་གསུམ་པ། སྣ་ནམ་ཉད་མི། མལ་ཤེས་རབ་སེམས་དཔའ། དཔོན་ཆོས་རྒྱལ། མགོས་སྟོད་བཙན། ལྷ་བ་མི་ཆེན་པོ། ཡོལ་ཆོས་དབང་མཆེད་གསུམ། ཞང་བཙུན་ཡེར་པ་བ། སྒོམ་པ་དད་པ་བླ་མ། ཞང་བཙུན་དྲི་མ་མེད་པ། ཀ་བ་ཤཱཀྱ་དབང་ཕྱུག །སུམ་པ་མཐུ་ཆེན་ལ་སོགས་པ་མཐའ་ཡས་པ་ཞིག་བྱོན། ཁམས་ནས་རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་རིན་ཆེན། དགོན་པ་བ། མཛེད་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། བྱམས་པ་བློ་གྲོས་དང་སྐུ་མཆེད་ལྔ་བྱོན། དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དབུས་ནས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོ། །ཞེས་གསུངས་པ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་མཁས་གྲུབ་སྐྱེས་ཆེན་དམ་པ་མང་དུ་བསྐྱངས་པ་འདི་ཁོ་ནའི་བཀའ་དྲིན་ཡང་བསམ་བརྗོད་ལས་འདས་སོ།།
དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། ཇོ་བོ་རྗེ་ལ་རྒྱ་བོད་གཉིས་ཀར་བརྒྱུད་འཛིན་གྱི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། གཙོ་བོ་ནི་རྒྱ་གར་ན་ཇོ་བོ་དང་མཁྱེན་པ་མཉམ་པའི་པཎྜི་ཏ་ཆེན་པོ་བི་ཏོ་པ། དྷརྨཱ་ཨ་ཀ་ར་མ་ཏི། དབུ་མ་སེངྒེ། སའི་སྙིང་པོ་སྟེ་བཞི། གཞན་ཡང་བཤེས་གཉེན་གསང་བ་སོགས་བསྟན་པ་འཛིན་པའི་པཎྜི་ཏ་དང་། དབེན་པའི་རི་སུལ་དུ་སྒྲུབ་པ་སྙིང་པོར་བྱེད་པའི་ཀུ་སུ་ལུ་བགྲང་པ་ལས་འདས་པ་ཡོད་དོ། །བོད་དུ་བྱོན་ནས་གདུལ་བྱ་བགྲང་བ་ལས་འདས་པ་ལ་ཆོས་འཁོར་བསྐོར་བར་མཛད་པས་བརྒྱུད་འཛིན་བགྲང་བ་ལས་འདས་པ་ཡོད་མོད་ཀྱང་། གཙོ་བོ་ནི་མངའ་རིས་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ། ལྷ་བླ་མ་བྱང་ཆུབ་འོད། གཙང་ནས་འགར་དགེ་བ། འགོས་ལོ་ཆེན་པོ་ཡོལ་སྐུ་མཆེད། ལྷོ་བྲག་ནས་ཕྱག་ཁྲི་མཆོག་དང་དགེ་བ་སྐྱོང་། ཁམས་ནས་རྣལ་འབྱོར་པ་ཆེན་པོ། དགོན་པ་པ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། དབུས་ནས་ཁུ་རྔོག་འབྲོམ་གསུམ་རྣམས་ཇོ་བོའི་ཐུགས་སྲས་གཙོ་བོར་གྲགས་ཤིང་གཞན་ཡང་མཐའ་ཡས་སོ། །ཞེས་གསུངས་སོ།།
ཡང་ཇོ་བོ་རྗེའི་དངོས་སློབ་རྣལ་འབྱོར་པ་ལ་སྟེ། ༡ དགེ་བཤེས་དཔལ་ལྡན་དགོན་པ་བ་དང་། ༢ དགེ་བཤེས་བྱང་ཆུབ་རིན་ཆེན། ༣ དགེ་བཤེས་དབང་ཕྱུག་ཤེས་རབ་རྡོ་རྗེ། ༤ དགེ་བཤེས་ཕྱག་རྡོར་སྟོན་པ། ༥ དགེ་བཤེས་ཕྱག་ཁྲི་མཆོག་དང་ལྔ། དེ་བཞིན་ཇོ་བོ་རྗེའི་ཐུན་མོང་མ་ཡིན་པའི་སློབ་མ་ལྔ་སྟེ། ༡ དགེ་བཤེས་པོ་ཏོ་བ་དང་། ༢ དྷརྨ་ཀ་ར་མ་ཏི་དབུ་མའི་སེངྒེ་། ༣ བཤེས་གཉེན་གསང་བ། ༤ ཛྙཱ་ན་མ་ཏི། ༥ པཎྜི་ཏ་སའི་སྙིང་པོ་རྣམས་སོ། །གཞན་ཡང་སློབ་མ་ཡོལ་སྐུ་གསུམ་སྟེ། ༡ ཡོལ་ཆོས་དབང་དང་། ༢ ཡོལ་དྲང་སྲོང་། ༣ ཡོལ་ཐོགས་འབེབས་གསུམ་སོགས་བསྟན་པའི་མཛེས་རྒྱན་དུ་གྱུར་པའི་སློབ་མ་མང་དུ་བསྐྱངས།
དེ་ལྟར་ཇོ་བོ་ཆེན་པོ་དེ་བོད་དུ་ཡུན་རིང་བསྟན་པ་བསྐྱངས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་སྲས་ཀྱི་ཐུ་བོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004-1064) སོགས་ཏེ་ཁུ་རྔོག་འབྲོམ་གསུམ་གྱིས་ཇོ་བོའི་བཀའ་སྲོལ་བཀའ་གདམས་ཀྱི་བརྒྱུད་པ་བསྐྱངས་སོ། །བརྒྱུད་པ་དེ་རྣམས་ཀྱི་སྐོར་མདོ་ཙམ་ནི་ཐུའུ་བཀྭན་གྲུབ་མཐར་[5]དྲངས་པའི་ཆོས་འབྱུང་གསལ་བའི་སྒྲོན་མེའི་ལུང་ལས། དེ་ནས་ལོ་ངོ་བཅུ་ཡི་བར་དག་ཏུ། །དགེ་བཤེས་སྟོན་པས་ཚོགས་ཀྱི་དཔོན་མཛད་དེ། །ཇོ་བོའི་གདན་ས་དཔལ་གྱི་རྭ་སྒྲེང་བཏབ། །ཡོངས་སུ་དག་པའི་སློབ་འཁོར་སྨིན་པར་མཛད། །
དེ་ནས་ལོ་གྲངས་ཉི་ཤུ་ལྷག་ཙམ་ན། །སྐུ་མཆེད་གསུམ་གྱི་འཕྲིན་ལས་ཀློང་རྡོལ་ཏེ། །དབུ་རུ་བྱང་དུ་བཀའ་གདམས་ཉི་མ་ཤར། །གངས་ཅན་མ་ལུས་འོད་ཀྱིས་གང་བར་མཛད། །དྲང་སྲོང་ཆེན་པོ་པོ་ཏོ་བ་ལ་ནི། །ལྟ་སྤྱོད་ཡོངས་སུ་དག་པའི་སློབ་མ་ནི། །དུས་རེ་ལ་ཡང་ཉིས་སྟོང་ལྷག་ཙམ་དང་། །སྤྱན་སྔ་བ་ལ་བརྒྱད་བརྒྱ་དགུ་བརྒྱ་འདུས། །ཕུ་ཆུང་བ་ཡིས་ཚོགས་པ་མང་བསྐྱངས་ཀྱང་། །སྦས་པའི་ཚུལ་དུ་དཔག་མེད་སྨིན་པར་མཛད། །ཁམས་པ་ལུང་བའི་ཐུན་བརྒྱད་མ་ལ་ཡང་། །རྣམ་གྲོལ་དོན་གཉེར་བརྒྱད་བརྒྱ་འདུས་པར་གྲགས། །སྐུ་མཆེད་གསུམ་གྱིས་ལེགས་པར་བསྐྱངས་པའི་སྲས། །གླང་ཐང་བ་ལ་སྟོང་ཕྲག་རེ་ཙམ་དང་། །དགེ་བཤེས་ཆེན་པོ་ཤ་ར་བ་ལ་ནི། །རྣམ་ཐར་གཙང་བ་སུམ་སྟོང་ལྷག་རེ་འདུས། །དགེ་བཤེས་ཡ་གད་པ་ལ་སྟོང་ལྷག་དང་། །བྱ་ཡུལ་བ་ལ་ཉིས་སྟོང་བདུན་བརྒྱ་སོགས། །འཕྲིན་ལས་བསྐྱངས་པའི་བཤེས་གཉེན་མཐའ་ཡས་ཏེ། །དེ་དུས་ཁོ་ན་བསྟན་པའི་གདལ་ཆེའོ། །ཞེས་གསུངས་པ་ལྟར་རོ།།
དེ་བཞིན་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[6]། འཕྲིན་ལས་ཀྱི་རྒྱུན་བསྟན་པ་ཇི་ལྟར་དར་བ་ནི། ཇོ་བོ་ལ་སློབ་མ་སྤྱིར་རྒྱ་གར་དང་ཨུ་རྒྱན་དང་ཁ་ཆེ་དང་བལ་ཡུལ་དང་བོད་ཡུལ་ན་མང་པོ་བཞུགས་ཀྱང་ཐུང་མོང་མ་ཡིན་པའི་སློབ་མ་ལྔ་སྟེ། དབུ་ལྟ་བུ་རཏྣ་ཨ་ཀ་ར། སྤྱན་ལྟ་བུ་བོདྷི་པ། ཕྱག་གཡས་པ་ལྟ་བུ་བཤེས་གཉེན་གསང་བ། ཕྱག་གཡོན་ལྟ་བུ་དབུ་མའི་སེངྒེ་། ཐུགས་ལྟ་བུའི་སའི་སྙིང་པོ་རྣམས་ཇོ་བོ་ཉིད་དང་བྱིན་རླབས་མི་མཉམ་མཁྱེན་པ་མཉམ་པར་གྲགས་པ་ཡིན་ནོ།།
གྲུབ་པ་ཐོབ་པའི་སློབ་མ་མང་པོ་བྱོན་ཏེ་རྒྱ་གར་ཚུན་ཆད་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ཡིན། བོད་ཡུལ་དུ་སྤྱིར་རབ་ཏུ་བྱུང་བ་དང་སྔགས་པ་དང་སྐྱེ་བོ་ཁྱིམ་པ་ཐམས་ཅད་ཀྱིས་ཆོས་འབྲེལ་བྱས་ཤིང་བཀའ་དྲིན་གྱིས་ཁྱབ་པ། ཁྱད་པར་དུ་སློབ་མ་ཆེན་པོ་མངའ་རིས་པ་ལྷ་བཙུན་བྱང་ཆུབ་འོད། ལོ་ཙཱ་བ་གསུམ། གཙང་པ་འགར་འགོས། ཡེང་འབྲོག །སེ་གཟངས། ཡོལ་མཆེད་གཉིས། ལྷོ་བྲག་ཕྱག་ཁྲི་མཆོག །བཙུན་པ་དགེ་སྐྱོང་། དབུས་པ་ཁུ་རྔོག་འབྲོམ་གསུམ། ཁམས་པ་ཕྱ་དར་སྟོན་པ། རྣལ་འབྱོར་པ་རྣམ་པ་གསུམ་ལ་སོགས་པ་མང་པོ་བྱོན་ནས་བསྟན་པ་རྒྱས་པ་མཛད་དེ་ལོ་ཙཱ་བའི་བསྟོད་པ་ལས།
བླ་མ་བོད་དུ་མ་བྱོན་ན། །ཐམས་ཅད་ལོང་བ་བཞིན་དུ་འགྱུར། །
མཁྱེན་པ་རྒྱས་པ་ཁྱོད་བྱོན་པས། །བོད་དུ་ཡེ་ཤེས་ཉི་མ་ཤར། །
ཞེས་སོ། །ཞེས་བྱུང་བ་ལྟར། སློབ་དཔོན་འདི་ལ་རྒྱ་གར་ཁ་ཆེ་ཨོ་རྒྱན་བལ་པོ་བོད་རྣམས་ན་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང༌། གཙོ་བོ་ནི་རྒྱ་གར་ན་ཇོ་བོ་དང་མཁྱེན་པ་མཉམ་པའི་པཎྜི་ཏ་ཆེན་པོ་བི་ཏོ་པ། དྷརྨ་ཨ་ཀ་ར་མ་ཏི། དབུ་མ་སེང་གེ །སའི་སྙིང་པོ་སྟེ་བཞི། ཁ་ཅིག་བཤེས་གཉེན་གསང་བ་དང་ལྔར་བྱེད་དོ། །མངའ་རིས་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ། ལྷ་བླ་མ་བྱང་ཆུབ་འོད། གཙང་ནས་འགར་དགེ་བ་དང་འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་ཆག་པ་ཁྲི་མཆོག་དང་དགེ་བ་སྐྱོང༌། ཁམས་ནས་རྣལ་འབྱོར་པ་ཆེན་པོ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། དབུས་ནས་ཁུ་རྔོག་འབྲོམ་གསུམ་བྱུང་ངོ༌། །དེ་དག་གི་ནང་ནས་ཀྱང་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་པར་བྱེད་པའི་བརྒྱུད་འཛིན་ཆེན་པོ་ནི་སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོ། །འདི་དག་ནི་མཛད་པ་པོའི་ཆེ་བ་མདོར་བསྡུས་པ་སྟེ། རྒྱས་པར་ནི་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་ཤེས་པར་བྱའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥
[2] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༦
[3] སློབ་དཔོན་དབུ་མའི་སེངྒེ་ནི། མཉམ་མེད་ཇོ་བོ་ཆེན་པོའི་སློབ་མར་བགྲངས་པ་ལྟར་ན་དུས་རབས་ ༡༠ པའི་མཇུག་ཡས་མས་ཤིག་ཏུ་བྱོན་སྙམ། ཁོང་གིས་ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ་བརྩམས་སོ།།
[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[5] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༨༧
[6] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ། དཔེ་ཐུང་། ཤོག་གྲངས་ ༡༦༢ན༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༥ ནས་ ༣༧༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།