༥༽ ཤེར་ཕྱིན་གྱི་གདམས་པ་དོན་བརྒྱད་དུ་བསྡུས་ནས་བཤད་པ།
གཉིས་སུ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་པ་དོན་བརྒྱད་དུ་བསྡུས་ནས་རྒྱས་པར་བཤད་པ་ཞེས་པ་འདི་ཡང་། ཕྱག་དར་སྟོན་པས་ཀྱང་ཇོ་བོ་ལོ་ལྔ་བསྟེན་ཏེ་སྙེ་ཐང་དུ་བོད་སྟོན་རྣམས་ཀྱིས་ཕར་ཕྱིན་གསུང་བར་ཞུས་པས། ཐོག་མར་པཎྜི་ཏའི་བཤད་ལུགས་དང་། དེ་ནས་ཇོ་བོ་ཉིད་ཀྱི་བཞེད་པ། རྟོན་པ་བཞིའི་སྒོ་ནས་ཁྲིད་ཚུལ་གསུངས་པ། ཕྱག་དར་སྟོན་པས་ཟིན་བྲིས་སུ་བཏབ་པའི་ཤིན་ཏུ་ལེགས་པ་ཞིག་བྱུང་།
ཕར་ཕྱིན་ཁམས་ལུགས་མར་གྲགས་ཏེ། ཁོང་ཕར་ཕྱིན་ལ་རྩལ་ཐོན་པར་གསུངས་ཞེས་བཀའ་གདམས་ཆོས་འབྱུང་དུ་གསལ་བས། ཇོ་བོ་རྗེའི་ཕར་ཕྱིན་གྱི་གདམས་པ་ཞིག་ཡོད་པར་འགྲུབ་ལ། འདིར་བཀོད་པའི་ཕར་ཕྱིན་གྱི་གདམས་པའི་བརྒྱུད་པ་བཤད་པའི་སྐབས་ལས། ཇོ་བོ་རྗེ་ལ་ཕ་རོལ་ཏུ་ཕྱིན་པའི་གདམས་པ་མངའ་ཡང་། ཕྱིན་ཅི་མ་ལོག་པར་ཐོབ་པ་ནི་ཁམས་ཀྱི་ཕྱག་དར་སྟོན་པ་དང་། ལྡང་ཆང་སྟོན་པའོ། །དེ་ལ་བཤད་པ་དང་སྒོམ་པའི་གདམས་པ་དེ་གཉིས་ཀ་དགེ་བའི་བཤེས་གཉེན་ཁམས་པས་གསན། དེ་ལ་སློབ་དཔོན་གྱིས་གྲགས་པ་དང་རྙེད་པ་ལ་མ་བལྟོས་པར་གསན། དེ་ལ་བདག་ཅག་རང་གིས་ཐོས་ཞེས་གསལ་བ་ལྟར་ན། དགེ་བའི་བཤེས་གཉེན་ཕྱག་དར་སྟོན་པས་ཟིན་བྲིས་སུ་བཏབ་པ་དེ་ལ་གཞི་བྱས་ཏེ་ཅུང་རྒྱས་པར་བྱས་པ་ཞིག་ཡིན་པར་མངོན་ནོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༧ ནས་ ༣༣༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།