༣༽ ཇོ་བོ་རྗེའི་བྱང་ཆུབ་ལམ་རིམ།
དེ་ཡང་ཀུན་མཁྱེན་ཙོང་ཁ་པ་ (1357-1419) ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས[1]།
བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །
གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །
རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །
ཤེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུངས། །
ཞེས་གསུངས་པ་ལྟར། ཆེ་བ་བཞི་དང་ལྡན་པའི་བྱང་ཆུབ་ལམ་གྱི་རིམ་པའི་གཞུང་ཐོག་མར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ཁུངས་ནི། ལམ་རིམ་གྱི་གཞུང་ཚོགས་ཆོས་སུ་གསུངས་པ་དང་། ཡི་གེར་བཀོད་པ་ཤིན་ཏུ་ཉུང་བར་མངོན་ཏེ། བཀའ་གདམས་གླེགས་བམ་ལས། ཇོ་བོ་ཆེན་པོའི་གཞུང་ཡི་གེར་བཀོད་པ་ལམ་གྱི་སྒྲོན་མ་ཡིན་ལ། ཉམས་ལེན་དམར་ཁྲིད་དུ་བྱས་པ་ལ་ལམ་གྱི་རིམ་པ་ཞེས་ཟེར། གཉིས་ཀའང་བརྗོད་པར་བྱ་བ་གཅིག་ཡིན་པའི་ཕྱིར་རོ། །ཞེས་ལ་ལས་[2]ལུང་འདྲེན་མཛད་འདུག་ཀྱང་། བཀའ་གདམས་གླེགས་བམ་དངོས་ལ་འདི་ལྟར་གསལ་བ་མ་མཇལ་ཡང་། པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད་ཕུལ་བྱུང་བཞད་པའི་དགའ་སྟོན་ལས[3]། ནག་ཚོས་མཛད་ཟེར་བའི་ལམ་སྒྲོན་གྱི་འགྲེལ་པ་བཤད་པའི་རྒྱན་བྱ་བ་ཞིག་ན། དྲི་བ་བདུན་འདི་ལྟར་ཐེག་ཆེན་གྱི་ལམ་རྟེན་གྱི་གང་ཟག་ཇི་ལྟ་བུ། སོ་སྐྱེའི་རྟེན་ལ་བྱང་ཆུབ་ཀྱི་སེམས་སྐྱེ་མི་སྐྱེ། སོ་ཐར་གྱི་སྡོམ་པ་བྱང་སྡོམ་གྱི་རྟེན་དུ་དགོས་མི་དགོས། སོ་ཐར་གྱི་སྡོམ་ལྡན་གྱིས་བྱང་སྡོམ་བླངས་ན་གནས་འགྱུར་རམ་གཉིས་ཀ་དང་ལྡན། ཚོགས་གཉིས་གསོག་པ་ལ་ཐབས་ཤེས་ཟུང་འབྲེལ་དུ་དགོས་སམ་མི་དགོས། དབུ་སེམས་གཉིས་ཡང་དག་པའི་དོན་དུ་གང་གཟུང༌། ཐེག་ཆེན་གསང་སྔགས་ཀྱི་སྒོར་ཞུགས་ན་ཇི་ལྟར་བྱ་ཞེས་པའི་ལན་གཞུང་དང་རིམ་གྱིས་སྦྱར། དགེ་བཤེས་སྟོན་པ། པོ་ཏོ་བ། ཤ་ར་བ་ཡབ་སྲས་ཀྱི་གསུང་སྒྲོས་དང༌། བཤད་པ་གང་དུའང་དྲི་བ་བདུན་དང༌། ལན་འདེབས་ཚུལ་སོགས་མ་བྱུང་ཡང༌། གཞུང་གི་བཤད་པ་ཞིབ་ཅིང༌། ལས་དང་པོ་བས་ཉམས་སུ་ལེན་ཚུལ་ཕུལ་དུ་བྱུང་བར་ནི་མཆིས་སོ།།
དེ་ཡང་དགེ་བཤེས་ལོ་ཙཱ་བ་གཉིས་ཀྱིས་བཤད་ཉན་མཛད་ཀྱང་དེང་སང་རྒྱུན་ཆད། འདིའི་འཕྲིན་ལས་རྒྱས་པར་བྱེད་པ་པོ་ནི། འབྲོམ་སྟོན་པ་སྟེ། ཁོང་གིས་ཇོ་བོ་ལ། སློབ་མ་གཞན་རྣམས་ལ་ཆོས་གཞན་དང་གཞན་གནང༌། ཁོ་བོ་ལ་ལམ་གྱི་རིམ་པ་འདི་གནང་བ་ཅི་ལགས་ཞུས་པས། འདི་ཁྱོད་མིན་པ་གཞན་ལ་གཏད་ས་མ་རྙེད་པ་ཡིན་གསུངས་ཤིང༌། དགེ་བཤེས་སྟོན་པ་རང་ལ་འདི་ཀུན་གྱི་འདྲ་མི་འདྲ་ཞུས་པ་ན། ང་རྩོམ་པ་པོ་དངོས་ཀྱི་སློབ་མ་ཡིན་གསུངས་པ་དང༌། ཡང་འདི་ལ་འགྲེལ་པ་ཞིག་བདོག་ན་ཞུས་ཙ་ན། འདིའི་འགྲེལ་པ་ད་ང་ཡིན་སྙམ་གསུངས་པ་ལགས་སྐད། ཅེས་གསལ་བ་ལྟར་ཇོ་བོས་ལམ་རིམ་མཛད་པར་གསུངས། དེ་བཞིན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཅུང་ཟད་བསྔགས་པའི་ཚིག་གི་རྒྱུད་མང་དད་བརྒྱའི་མེ་ཏོག་ལས[4]།
མཐའ་ཀླས་སྲས་བཅས་རྒྱལ་བའི་ཐུགས་ཀྱི་བཅུད། །
སྐྱེས་བུ་གསུམ་གྱི་ལམ་རིམ་ཁོ་ནས་ཀྱང་། །
ཟབ་རྒྱས་རྒྱལ་བའི་བཀའ་དབང་དགོངས་འགྲེལ་ཀུན། །
གདམས་ངག་གཅིག་ཏུ་འཆར་བའི་མཚན་སྙན་ལེན། །
ཞེས་དང་། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ (1663-1737) ཀྱི་གསུང་ལས་[5]ཀྱང་། ཇོ་བོ་ཆེན་པོས་དགེ་བཤེས་སྟོན་པ་ལ་ལམ་གྱི་རིམ་པ་འདི་ལྐོག་ཁྲིད་དུ་མཛད་དེ། དེ་ཡང་དགེ་བཤེས་སྟོན་པས་ཇོ་བོ་ལ་ཁོང་གཞན་ལ་སྔགས་ཀྱི་གདམས་པ་གནང་ནས། ངོས་ལ་ལམ་གྱི་རིམ་པ་འདི་གནང་བ་ཇི་ལྟར་ལགས་ཞུས་པས། ངས་ཁྱོད་མིན་པ་གཞན་ལ་གཏད་ས་མ་རྙེད་པ་ཡིན་གསུངས་ནས། མན་ངག་འདི་དགེ་བཤེས་སྟོན་པ་ལ་གཏད་དེ། ཁོང་བསྟན་པའི་བདག་པོར་བྱིན་གྱིས་བརླབས་པ་ཡིན་པས། དགེ་བཤེས་སྟོན་པ་འཕྲིན་ལས་ཁྱབ་གདལ་ཆེ་བ་ཡང་དེའི་རྟེན་འབྲེལ་ཡིན། བཤེས་གཉེན་ཆེན་པོ་འབྲོམ་གྱིས་རྣལ་འབྱོར་དབང་ཕྱུག་དགོན་པ་བ་དང་། སྤྱན་སྔ་ཚུལ་ཁྲིམས་འབར་ལ་གསུངས་ཤིང་། བཀའ་གདམས་གདམས་ངག་པ་ནས་བརྒྱུད་པའི་ལམ་རིམ་གཉིས། ཡང་སྟོན་པ་རིན་པོ་ཆེས་བཤེས་གཉེན་ཆེན་པོ་པོ་ཏོ་བ་ལ་གསུངས་ཤིང་། བཀའ་གདམས་གཞུང་པ་ནས་བརྒྱུད་པའི་ལམ་གྱི་རིམ་པ་ཞེས་གསུངས་པས་སོ།།
དེ་བཞིན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[6]། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་གདམས་པའི་རྒྱལ་པོ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞེས་གྲགས་པ་སྟེ། གཞུང་ནི་བྱང་ཆུབ་ལམ་སྒྲོན་ཡིན་ལ། སྔར་བཤད་པའི་སྤྱོད་པ་དང་ལྟ་བའི་གཞུང་དང་མན་ངག་སོ་སོ་བ་དེ་དག་ཀྱང་ལམ་རིམ་གྱི་ཡ་གྱལ་ཡིན་པས། ལམ་རིམ་གྱི་ཁུངས་སུ་དེ་ཐམས་ཅད་འདུ་བ་ཡིན་ལ། ལམ་རིམ་ནི་ཇོ་བོ་རྗེ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད་ཀྱི་མན་ངག་གཉིས་མངའ་བ་ལམ་གྱི་ལུས་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་ཆ་ཚང་བའི་གདམས་པ་ཡིན་པས། ལྟ་སྤྱོད་ཟུང་འབྲེལ་གྱི་གདམས་པ་ཞེས་བཏགས་པའོ། །ཞེས་ལམ་རིམ་གྱི་གཞུང་ནི་བྱང་ཆུབ་ལམ་སྒྲོན་ཡིན་པར་གསུངས་སོ།།
དེ་བཞིན་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་མཉམ་མེད་ལྷ་གཅིག་དཱི་པཾ་ཀ་ར་ལ་བསྟོད་པ་ཁུ་བྱུག་མགྲིན་པའི་གླུ་དབྱངས་ལས[7]།
བྱང་ཆུབ་ལམ་གྱི་རིམ་པའི་བང་མཛོད་ལས། །
བྱང་ཆུབ་སྤྱོད་པ་རྒྱ་མཚོའི་གཏེར་བརྡོལ་བས། །
བྱང་ཆུབ་རིགས་ཀྱི་འགྲོ་བ་མ་ལུས་ཀུན། །
བྱང་ཆུབ་མཆོག་གི་སྦྱིན་པས་ཡོངས་སུ་ཚིམས། །
ཞེས་བསྔགས་པ་མཛད་པ་ལྟར། ཇོ་བོ་རྗེས་འབྲོམ་ལ་དམིགས་བསལ་གྱིས་གསུངས་པ་བྱང་ཆུབ་ལམ་རིམ་གྱི་གཞུང་འདི་དང་འདི་ཡིན་པ་དེང་སང་ཡོངས་གྲགས་ངོས་འཛིན་མཛད་པ་ཞིག་མི་བཞུགས་ཀྱང་། སྤྱིར་ཡོད་དགོས་པ་ནི་གོང་གསལ་བཀའ་གདམས་གླེགས་བམ་དང་། པཎ་ཆེན་བློ་བཟང་ཆོས་རྒྱལ། པཎ་ཆེན་བློ་བཟང་ཡེ་ཤེས་སོགས་ཀྱི་གསུང་ལས་རྗེས་སུ་དཔོག་ཐུབ་པ་ཡིན། རྗེ་རིན་པོ་ཆེས་ཀྱང་ཇོ་བོའི་གསུང་བྱང་ཆུབ་ལམ་གྱི་སྒྲོན་མ་དེ་ཉིད་ཇོ་བོ་ཨ་ཏི་ཤའི་བྱང་ཆུབ་ལམ་རིམ་གྱི་གཞུང་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་གསུངས་པ་ལས་ཀྱང་མཚོན་ནུས་པར་མ་ཟད། ཇོ་བོའི་བྱང་ཆུབ་ལམ་གྱི་རིམ་པའི་བསྟན་བཅོས་ཀྱི་ཞལ་བྱང་དུ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཞེས་བྱ་བ་བཞུགས་སོ། །ཞེས་མཛད་པ་པོ་དང་། བསྟན་བཅོས་ཀྱི་མཚན་གཉིས་ཀ་གསལ་བར་བྱུང་ཞིང་། མཛད་བྱང་དུའང་བྱང་ཆུབ་ལམ་གྱི་རིམ་པ་ཞེས་བྱ་བ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །[8]ཞེས་གསལ་བར་སྣང་བས་སོ།།
གཞན་ཡང་རྗེ་བཙུན་མུས་པ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ (1388-1469/1470) གྱིས་ཕྱོགས་བསྒྲིགས་མཛད་པའི་བློ་སྦྱོང་ཚོགས་བཤད་མ་ལས[9]། ཇོ་བོའི་ལམ་རིམ་གསུངས་པ་ཐམས་ཅད་ཀྱང་ཞེན་པ་སྤོང་བའི་རིམ་པར་གསུངས་པ་ཡིན། འཆི་བ་བསམ་པས་ཚེ་འདི་ལ་ཞེན་པ་བཟློག་པ་ནས། བདག་མེད་གཉིས་བསྒོམ་པས་དངོས་པོ་དང་མཚན་མར་ཞེན་པ་བཟློག་པའི་བར་རོ། །ཞེས་དང་། དེ་བཞིན་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[10]། དེས་འདུལ་འཛིན་ཆེན་པོ་ཇོ་བོའི་ལམ་རིམ་ལ་མཁས་པ་ཞིག་ཤབ་ཀྱི་སྣ་རིངས་སུ་ཀླས་མོ་ཆེ་བས་ཞབས་ཏོག་མཛད། ཅེས་གསལ་བ་ལྟར་ཇོ་བོའི་ལམ་རིམ་ཡོད་པར་གསུངས་ལ། མཁན་པོ་ཉི་མ་རྒྱལ་མཚན་གྱིས་མཛད་པའི་དམ་པའི་ཆོས་དགོངས་པ་གཅིག་པའི་གཞུང་དོན་རྒྱས་པར་བཤད་པ་ལུང་སྦྱར་དགོངས་དོན་རབ་གསལ་ལས[11]། གཞན་ཡང་ཇོ་བོས་ལམ་རིམ་ལས། ནང་པར་ཆུད་ཅིང་སྡོམ་པ་ཀུན་གྱི་རྟེན། །སྔར་བྱས་སྡིག་འཛད་མཉན་ཡོད་བྲན་མོ་བཞིན། །གཞན་གྱི་གནོད་བསྲུང་གཏེར་རྙེད་བདེ་བ་ལྟར། །ངན་འགྲོ་སྤོང་ཞིང་དགོས་འདོད་འབྱུང་བ་དང་། །བསོད་ནམས་ཚོགས་རྫོགས་མྱང་འདས་སངས་རྒྱས་ཐོབ། །ཅེས་ཕན་ཡོན་རྣམ་པ་བརྒྱད་དུ་གསུངས། ཞེས་ཇོ་བོའི་ལམ་རིམ་ལས་ལུང་འདྲེན་ཡང་མཛད་དོ།།
ཆོས་རྗེ་ས་སྐྱ་པཎྜི་ཏས་ (1182-1251) མཛད་པའི་ཆོས་འབྱུང་ཆེན་མོ་ལས[12]། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་དང༌། སྤྱོད་པ་བསྡུས་པའི་སྒྲོན་མ་དང་། ལམ་རིམ་ལ་སོགས་པའོ། །ཞེས་ས་པཎ་གྱིས་ཀྱང་ཇོ་བོས་མཛད་པའི་ལམ་རིམ་ཡོད་པར་གསུངས་ཤིང་། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་ཁྲིད་ཡིག་ལས་[13]ཀྱང་། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་བློ་བཟང་དགེ་ལེགས། ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས་སོགས་ས་དགེའི་མཁས་པ་དུ་མ་ལས་ཕར་ཕྱིན། དབུ་མ། མངོན་པ་མཛོད། ཚད་མ་རྣམ་འགྲེལ། ཇོ་བོའི་ལམ་རིམ། ཐེག་ཆེན་བློ་སྦྱོང་གི་སྐོར་མང་པོ་སོགས་གསན་ཅིང་། ཞེས་དང་། རྫོགས་ཆེན་མཁན་པོ་ངག་ཆུང་ (1879-1940) མཆོག་གི་གསུང་ལས་[14]ཀྱང་།
བཀའ་གདམས་བསྟན་པའི་རྒྱན་གཅིག་པུ། །མཉམ་མེད་ཇོ་བོའི་ལམ་རིམ་དོན། །
གསལ་མཛད་འཇམ་དབྱངས་གཙང་ཁ་བས། །བྱང་ཆུབ་ལམ་གྱི་རིམ་པ་བཀྲལ། །
ཞེས་གསུངས་པ་ལྟར་མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བསྟན་བཅོས་ཡོད་ཚུལ་མང་དུ་བྱུང་བར་མ་ཟད། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་དམིགས་བསལ་གྱིས་བྱང་ཆུབ་ལམ་གྱི་རིམ་པ་དམིགས་ཀྱིས་གསུངས་ཏེ་འདིའི་མན་ངག་ཐམས་ཅད་གཏད་པར་མཛད་པ་ཡིན་ཏེ། ཇི་སྐད་དུ། བོད་སིལ་བུའི་བྱུང་བ་བརྗོད་པ་ལས[15]། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་གདམས་པའི་རྒྱལ་པོ་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞེས་གྲགས་པའི་གཞུང་ནི་བྱང་ཆུབ་ལམ་སྒྲོན་ཡིན་ལ། སྔར་བཤད་པའི་སྤྱོད་པ་དང་ལྟ་བའི་གཞུང་དང་མན་ངག་སོ་སོ་བ་དེ་དག་ཀྱང་ལམ་རིམ་གྱི་ཡ་གྱལ་ཡིན་པས། ལམ་རིམ་གྱི་ཁུངས་སུ་དེ་ཐམས་ཅད་འདུ་བ་ཡིན་ལ། ལམ་རིམ་ནི་ཇོ་བོ་རྗེ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད་ཀྱི་མན་ངག་གཉིས་མངའ་བ་ལམ་གྱི་ལུས་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་ཆ་ཚང་བའི་གདམས་པ་ཡིན་པས། ལྟ་སྤྱོད་ཟུང་འབྲེལ་གྱི་གདམས་པ་ཞེས་བཏགས། དེ་ལྟ་བུའི་ལམ་རིམ་གྱི་གདམས་པ་ནི་ཇོ་བོས་འབྲོམ་ལ་ལྐོག་ཏུ་འཁྲིད་པར་མཛད་དེ་ངས་ཁྱོད་མིན་པ་གཞན་ལ་གཏོད་ས་མ་རྙེད། ཅེས་གསུངས་ནས་འབྲོམ་སྟོན་པར་མན་ངག་གཏད་ནས་ཁོང་བཀའ་གདམས་བསྟན་པའི་བདག་པོར་བྱིན་གྱིས་བརླབས་པས། འབྲོམ་སྟོན་པ་འཕྲིན་ལས་རྒྱ་ཆེ་བ་ཡང་དེས་ཡིན་པར་གྲགས་ཤིང་། ཇོ་བོ་ཡབ་སྲས་ནས་དགེ་བཤེས་དགོན་པ་བ། དེ་ནས་སྣེའུ་ཟུར་པ་ལ་སོགས་པར་རིམ་གྱིས་བརྒྱུད་པ་དང་། འབྲོམ་ནས་དགེ་བཤེས་སྤྱན་སྔ་བ། དེས་བྱ་ཡུལ་བ་སོགས་ལ་བརྒྱུད་པར་བཀའ་གདམས་མན་ངག་པ་ཞེས་གྲགས། ཞེས་གསལ་བ་ལྟར་བྱང་ཆུབ་ལམ་གྱི་རིམ་པ་འདི་ཉིད་ཇོ་བོས་མཛད་མིན་ལ་ཐེ་ཚོམ་བྱེད་མི་དགོས་སོ་སྙམ་མོ།།
གཞན་ཡང་ལམ་རིམ་གྱི་བརྒྱུད་པའི་དབང་དུ་བྱས་ཚེ། ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[16]། དང་པོ་ལམ་རིམ་ལ། པོ་ཏོ་བ་ནས་བརྒྱུད་པ། སྤྱན་སྔ་ནས་བརྒྱུད་པ། གསང་ཕུ་བ་ནས་བརྒྱུད་པའོ། །དང་པོ་ནི། དོལ་པ་དམར་ཞུར་གྱི་བེ་བུམ་གྱི་རྩ་ཚིག་དང་། དེའི་འགྲེལ་པ་ལྷ་དོན་སྟེང་པས་མཛད་པ་ལ། ན་བཟའ་ལས་མཚན་དུ་གསོལ་བ། བེ་བུམ་སྔོན་པོ་དང་། བེ་བུམ་དམར་པོ་ཞེས་པ་ལོ་རྒྱུས། རྩ་བ། འགྲེལ་པ། ས་དཔྱད་དང་བཞི་འདུག་པ། ཡེར་པའི་ཞང་བཙུན་གྱིས་མཛད་པ་ཟེར་ཡང་། ཞང་ཡེར་པ་བ་དང་གཉིས་གང་གིས་མཛད་བརྟག་པར་བྱའོ། །བེ་བུམ་ཁྲ་བོ་ཞེས་པ་བཀའ་གདམས་ཀྱི་གསུང་བགྲོས་སྣ་ཚོགས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་སྣང་བ་ལས། གཅེར་སྒོམ་གྱིས་བཀའ་གདམས་ཐོར་བུ་བ་བཏུས་པར་མངོན་ནོ། །དགེ་བཤེས་གྲུབ་པས་མཛད་པའི་དཔེ་ཆོས་དང་། བྲག་དཀར་བས་དེ་ཉིད་རྒྱས་སུ་བཏང་བ་གཉིས་ལ་བརྟེན་ནས་གཅེས་སྒོམ་གྱིས་དཔེ་ཆོས་རིན་ཆེན་སྤུངས་པ་རྩ་འགྲེལ་མཛད་པ་གྲགས་ཆེ་ལ། འདིའི་ཞབས་སུ་སྤྲོས་བསྡུས་བྱས་ཞེས་པ། གྲུབ་པས་མཛད་པ་ལས་ཅུང་ཟད་སྤྲོས། བྲག་དཀར་བས་མཛད་པའི་རྒྱས་པ་ལས་བསྡུས་ཞེས་པའི་དོན་ནོ། །
གཞན་ཡང་ཤ་ར་བས་མཛད་པའི་ལམ་རིམ་ཆེ་ཆུང་གཉིས། བྱ་འཆད་ཀྱི་གསུང་བགྲོས་ཐོར་བུ་བ་རྣམས་དང་། དེ་ལས་བརྒྱུད་པ་བློ་སྦྱོང་གི་ཡིག་ཆ་ཆེ་ཆུང་དང་། སེ་སྤྱིལ་བའི་ལམ་སྒྲོན་ས་བཅད། ཊཱི་ཀ །སྦས་པ་སྟོན་གཞོན་གྱི་ལམ་རིམ་དང་། ལམ་སྒྲོན་ཊཱི་ཀ་སོགས་ཐོར་བུ་བ་འགའ་དང་། རྣལ་འབྱོར་བྱང་སེང་གི་བསྟན་རིམ་ལེགས་པ་ཞིག་ཀྱང་སྣང་ངོ་། །སྣར་ཐང་པས་ཀྱང་ཡིག་ཆ་འགའ་རེ་མཛད་ལ། ཁ་རག་སྐོར་གསུམ་གྱི་དུས་དཔལ་ལྡན་དགོན་པ་བའི་གསུང་བགྲོས་བསྒྲིགས་པའི་ལམ་རིམ་དང་། གཞན་ཡང་གཞུང་པ་བརྒྱུད་པའི་གསུང་བགྲོས་མཛད་བྱང་མེད་པ་མང་དུ་སྣང་ངོ་།།
གཉིས་པ་བཤེས་གཉེན་སྤྱན་སྔ་ནས་བརྒྱུད་པ་ལ། དགེ་བཤེས་སྟོན་པའི་གསུང་། སྤྱན་སྔ། བྱ་ཡུལ་བ། གཙང་པ་རིན་པོ་ཆེ་རྣམས་སྙན་ནས་སྙན་དུ་བརྒྱུད་པ། རིན་པོ་ཆེ་གླང་ལུང་པས་བསྒྲིགས་པའི་ལམ་རིམ་དང་། ཡང་རྣལ་འབྱོར་བ་ནས། སྟོད་ལུང་པ་ཆེན་པོ། དགེ་བཤེས་ལྷ་བཟོ། ཉ་ག་མོ་པ། གླང་ལུང་པ་ནས། བླ་མ་ན་རིམ་གྱི་བསྟན་རིམ་ཆེན་མོ་ལ་ཟིན་བྲིས། མཛད་བྱང་ཡོད་མེད་མང་དུ་སྣང་བའི་འབེ་སངས་རྒྱས་སྒོམ་པས་མཛད་པའི་ཟིན་བྲིས་དང་། རིན་པོ་ཆེ་གསེར་ཁང་པའི་ཟིན་བྲིས་དང་། རིན་པོ་ཆེ་ཚུལ་ཁྲིམས་ཀྱི་ཞལ་སྔ་ནས་མཛད་པའི་བསྟན་རིམ་ཆེན་མོ་ཉིད་མཆོག་ཡིན་ནོ། །དེ་ལྟ་བུའི་བསྟན་རིམ་དེ་ནི་ཚོགས་སུ་འཆད་ན་བསྟན་པའི་རིམ་པ། ཉམས་ལེན་དུ་དྲིལ་བ་ལམ་གྱི་རིམ་པ་གཞུང་དུ་བཀོད་པ། བྱང་ཆུབ་ལམ་གྱི་སྒྲོན་མེ་སྟོན། དོན་གཅིག་ལ་མིང་གསུམ་བཏགས་པ་དང་འདྲ་གསུངས་པ་དང་། ཐར་པ་དོན་གཉེར་གྱི་གང་ཟག །སངས་རྒྱས་ཀྱི་སར་འགྲོ་བ་ལ་བསྟན་པའི་ཆོས་ཐམས་ཅད་ལམ་གྱི་རིམ་པར་དྲིལ་ནས་ཉམས་སུ་ལེན་པས་ལམ་བསྟན་པའི་རིམ་པ་ཞེས་གསུངས་པ་ལྟར་ན། ཁྱད་པར་ཆེར་མེད་ཀྱང་། ཅུང་ཟད་འབྱེད་ན། ཆོས་ཁུངས་བཙུན་པར་རྟོགས་པའི་ཕྱིར་ཐོག་མར་ལོ་རྒྱུས་དང་། དེ་ལས་བརྒྱུད་པ་རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ། གང་ཟག་གཅིག་གི་ལམ་དུ་ལུང་རྣམ་དག་དང་སྦྱར་ཏེ་འགལ་མེད་དུ་སྟོན་པ། བསྟན་པའི་རིམ་པ་དང་། དེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་རིམ་པར་དྲིལ་ནས་སྟོན་པ་ལམ་རིམ་ཞེས་གསུངས་པ་ཡིན་ནོ། །
ཡང་སྟོད་ལུང་པ་ནས་བརྒྱུད་པའི་བདེན་གཉིས། བདེན་བཞིའི་ཆོས་སྐོར་དང་། ཆོས་ཐུན་རེར་ཉམས་ལེན་དོན་ཚན་བཞི་བཞིར་བསྡུས་པ། བཞི་ཚན་ཆོས་ཐུན་བཅུ་དགུ། ཇ་ཆོས་ཆོས་ཐུན་ལྔ་བཅུ་དང་། ཇོ་བོས་མང་ཡུལ་ལྕོག་ཀ་རི་ལ་ལྗོངས་རྒྱུ་བའི་དུས་གསུངས་པ་རི་ཆོས་སུ་གྲགས་པ་དང་། ལམ་སྒྲོན་ལ་གོང་དུ་སྨོས་པའི་ཊཱིཀ་དང་། མཆིམས་ནམ་མཁའ་གྲགས། ཆུ་མིག་པ་གཉིས་ཀྱི་ཏཱིཀ །གཞན་ཡང་གསུང་བགྲོས་བཀོད་པའི་ཊཱིཀ་མཛད་བྱང་མེད་པ་མང་དུ་གནང་བ་ནི། བཀའ་གདམས་ཀྱི་བཤེས་གཉེན་གོང་མ་རྣམས་བླ་མའི་གསུང་ལ་ཟིན་བྲིས་ཙམ་ལས་མཛད་བྱང་མི་སྦྱོར་བ་དང་། སློབ་མ་རྣམས་ཀྱིས་ཀྱང་བཀའ་འབུམ་བསྒྲིགས་པ་སོགས་ཆེར་མ་མཛད་ཅིང་། གསུང་བགྲོས་ཐོར་བུ་འདུག་པ་ཡང་ཡུན་རིང་བས་ཁ་ཐོར་བ་སོགས་མ་སྤྲོས་སོ། །གསུམ་པ་གསང་ཕུ་བ་ནས་བརྒྱུད་པ་ལ། རྔོག་ལེགས་ཤེས་མཛད་པའི་ལམ་རིམ་ཤླཽ་ཀ་དྲུག་དང་། དེའི་གསལ་བྱེད་བློ་ལྡན་ཤེས་རབ་ཀྱིས་མཛད་པ་ཤོག་བུ་ཉི་ཤུ་ཙམ་དང་། དེ་ཉིད་རྒྱས་པར་འཆད་པ་གྲོ་ལུང་པས་མཛད་པའི་བསྟན་རིམ་ཆེན་མོ་ཉིད་ཡིན་ནོ། །ཞེས་གསལ་བ་ལྟར་རོ།།
མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[17]། ལྷག་པར་ཟླ་བའི་ལྟ་བ་འཛིན་པ་ཇོ་བོ་རྗེ་དཔལ་མར་མེ་མཛད་ཡེ་ཤེས་ (Dipamkarasrijnana 982-1055) ལ་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོ་ལྟ་བརྒྱུད་དང༌། ཐོགས་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་དང་། ཞི་བ་ལྷ་ནས་བརྒྱུད་པའི་རླབས་ཆེན་སྤྱོད་བརྒྱུད་དང་། གསང་སྔགས་ཀྱི་བརྒྱུད་པ་བཅས་བསྟན་པ་ཡོངས་རྫོགས་ཀྱི་བརྒྱུད་པའི་བཀའ་བབས་ཏེ་ཇོ་བོས་ཀྱང་བོད་དུ་བསྟན་པ་ཡོངས་རྫོགས་ཀྱི་གནད་བསྡུས་པ་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས་ལམ་རིམ་ཞེས་པའི་ཐ་སྙད་དེ་ནས་བྱུང་། དེ་ཕྱིན་ཆད་ལྟ་སྤྱོད་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་སོ། །ཞེས་གསལ་བ་ལྟར་རོ།།

དེ་ལྟར་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་ནང་གསེས་ཆོས་ཚན་ཁག་ནི། ༡ བྱང་ཆུབ་ལམ་གྱི་རིམ་པ། ༢ ལམ་རིམ་མདོར་བསྡུས་པ། ༣ བྱང་ཆུབ་ལམ་རིམ་བསྡུས་དོན། (གཞུང་ལ་ས་དཔྱད་དང་། ཡིག་སྣ་གཉིས་སོ། །གདམས་ངག་བཞི། ལྐོག་ཆོས། ངོ་སྤྲོད། གེགས་སེལ། ཆོ་གའོ། །ཡིག་སྣ།) ༤ བྱང་ཆུབ་ལམ་རིམ་པའི་དཀའ་བའི་གནད་ཆེ་ལོང་ཙམ་ཞིག་བཤད་པ། ༥ ལྐོག་ཆོས་སམ། བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་དམར་ཁྲིད་ཡི་གེར་བྲིས་པ། ༦ བཀའ་གདམས་གཞུང་པ་བའི་སྤྱོད་ཕྱོགས་ཀྱི་གདམས་ངག །༧ ངོ་སྤྲོད་ལྔ་ཚོམས། ༨ སྒོམ་ཆེན་ཆེ་འབྲིང་ཆུང་གསུམ་ལ་གདམས་པ། ༩ རྨི་ལམ་ངན་པ་ཟློག་པའི་སྔགས། ༡༠ ལྟས་ངན་པ་ཟློག་པའི་སྔགས། ༡༡ ནད་རིམས་བསྲུང་བའི་སྔགས། ༡༢ སྟོང་པ་ཉིད་ཀྱི་ལྟ་བ་ལ་ཞེན་པ་ཟློག་པའི་ཕྱིར་དུ་མདོ་སྡེ་དཀོན་བརྩེགས་ལས་དྲངས་པའི་ལུང་། ༡༣ ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པའི་སངས་རྒྱས་རྣམ་པ་བཅུ། ༡༤ ལམ་རིམ་གེགས་སེལ་གྱི་སྲུང་འཁོར་གཉིས། ༡༥ བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་གི་སྤྱི་དོན། ༡༦ དོན་དམ་སེམས་བསྐྱེད་བཤད་པ་མེད་ཅེས་པ་ལ་དགག་པ། ༡༧ བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག །༡༨ སྨོན་པའི་རྩ་ལྟུང་ལྔ་ལ་ཁྱད་པར་གྱི་ཡན་ལག་བཞི་བཞི་སོགས། ༡༩ སྐྱབས་འགྲོ་ཐུན་མོང་བའི་ཆོ་ག །༢༠ བསྙེན་གནས། ༢༡ དགེ་བསྙེན་དུ་ཉེ་བར་སྒྲུབ་པའི་ཆོ་ག །༢༢ བྱང་ཆུབ་སེམས་དཔའི་སྡོམ་པའི་སྙིང་པོ། ༢༣ ཆོས་འཛིན་པའི་ཕན་ཡོན་བློ་གྲོས་རྒྱ་མཚོའི་མདོ་ལས་དྲངས་པ། ༢༤ སྡོམ་པའི་སྙིང་པོའི་བསྡུས་དོན། ༢༥ ལྟུང་བ་ཕྱིར་བཅོས་པའི་ཐབས། ༢༦ ཆོས་ལ་བཟང་ངན་དུ་རྩི་བ་ལ་རྣམ་པར་ཐར་པ་བསྡུས་པའི་མདོའི་ལུང་དྲངས་ནས་དགག་པ་བཅས་ཆོས་ཚན་ཆེ་ཆུང་ ༢༦ བཞུགས་ལ། ཆོས་ཚན་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཤིང་། རི་སྐྱ་ལྷ་འོད་སྤྲུལ་སྐུ་མཆོག་ནས་མ་དཔེ་བྲིས་མ་ཞིག་མཁོ་འདོན་གནང་བ་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་གླེགས་བམ་སྟོད་སྨད་གཉིས་ལས་སྨད་ཆར་གསལ་བ་ལྟར་གསུང་འབུམ་ནང་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༣ ནས་ ༣༡༥ བར་གསལ་བ་ལས་བཏུས་པའོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། ༼ཁ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༡༠༣
[2] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༡
[3] ཕྱག་རྒྱ་ཆེན་པོའི་ལྟ་བ་སྤྱི་ཁྱབ་ཏུ་ངོ་སྤྲོད་པའི་ཁྲིད་ཡིག་ཕྱོགས་སྒྲིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༢༡
[4] མཁྱེན་བརྩེའི་དབང་པོའི་གསུང་འབུམ། ༼ཀ༽ བསྟོད་ཚོགས། དཔེ་རིང་། ཤོག་ ༥༣ན༤ ནས་ ༥༥ན༥ བར།
[5] པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ། ཆུ་བཟང་རི་ཁྲོད་ཀྱི་པར་མ། ཤོག་གྲངས་ ༢བ ནས་༣ན
[6] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༢༢
[7] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༤ བར།
[8] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ཤོག་ ༤༢༨།༤༦༤
[9] ཨེ་ཝཾ་བཀའ་འབུམ། ༼༩༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༠༥
[10] ཀུན་མཁྱེན་ཆོས་འབྱུང་། འབྲུག་ལུགས་ཆོས་མཛོད་ཆེན་མོ། དཔེ་འཕྲུལ་པར་གཟུགས། ཤོག་གྲངས་ ༢༣༣བ༤
[11] དགོངས་པ་གཅིག་པའི་གཞུང་དོན་རྒྱས་པར་བཤད་པ། ལྡི་ལི་ཆ་མན་ཨིན་ཏྲར་པིར་སི། ༢༠༢༡ ལོ། ཤོག་ ༡༤༤
[12] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༤
[13] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼༤༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༢༥
[14] ངག་དབང་དཔལ་བཟང་གི་གསུང་འབུམ། ༼ཁ༽ བྲིས་མ། དཔེ་རིང་། ཤོག་གྲངས་ ༡༧
[15] བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༣༧༢
[16] བཀའ་གདམས་ཆོས་འབྱུང་ངོ་མཚ་རྒྱ་མཚོ། མཚོ་སྔོན་མི་རགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༧༩
[17] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༩༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༣ ནས་ ༣༡༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།