ར༽ ཇོ་བོ་རྗེས་ཡེར་པ་ལྷ་རི་སྙིང་པོར་མཛད་པ་བསྐྱངས་ཚུལ།

ར༽ ཡེར་པ་ལྷ་རི་སྙིང་པོར་མཛད་པ་བསྐྱངས་ཚུལ།

 

དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་དྲུག་སྐྱེས་གླུ་དབྱངས་ལས[1]།

བག་མེད་འདམ་གྱིས་ནམ་ཡང་གོས་མིན་པའི། །

རྣམ་ཐར་གཙང་མའི་འདབ་སྟོང་དཀར་འཇམ་ཅན། །

ལྷ་ཆོས་བདུན་གྱི་གེ་སར་ལྡེམ་པ་ཡི། །

བཀའ་གདམས་པདྨའི་ཕྲེང་བ་རྣམ་པར་བཞད། །

ཅེས་བསྟོད་ཕྱག་མཛད་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ནས་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་ཕེབས་ནས་ཇོ་བོ་ཡབ་སྲས་ཀྱིས་ལོ་གསུམ་གྱི་རིང་ལ་བྱང་ཆུབ་ལམ་གྱི་རིམ་པའི་དབུ་བཤེས་གཉེན་བསྟེན་ཚུལ་ནས་མཐར་འབྲས་བུ་ཟུང་འཇུག་གྲུབ་པའི་བར་གྱི་ས་ལམ་འབྲས་བུ་དང་བཅས་པའི་དཀའ་བའི་གནས་རྣམས་ལ་བརྒལ་ཞིང་བརྟག་པ་དང་། ལུང་དང་རིགས་པས་མཐའ་གཅོད་པར་མཛད་ཅིང་། བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོའི་ཡང་སྙིང་པོ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་མན་ངག་གསང་བ་ལས་ཀྱང་ཆེས་ཆེར་གསང་བ། ཐིག་ལེ་བཅུ་དྲུག་གི་དབང་དང་གདམས་ངག་རྣམས་གནང་སྟེ། དེའི་ཚེ་རྗེ་བཙུན་སྒྲོལ་མའང་རྒྱུན་དུ་དངོས་སུ་བྱོན།

༼བྲག་ཡེར་པའམ་ཡེར་པ་ལྷ་རི་སྙིང་པོ།༽

བརྒྱུད་པ་གསུམ་གྱི་བླ་མ་རྣམས་ཀྱང་དངོས་སུ་བྱོན་ཏེ་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཞལ་འཛོམས་པའི་དབུས་སུ་རྗེ་བཙུན་མ་སྒྲོལ་མས་ཐིག་ལེ་བཅུ་དྲུག་གི་རྩ་ཚིག་གསུངས། འབྲོམ་རིན་པོ་ཆེའི་སྐུ་འོད་དུ་ཡལ་ཏེ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དངོས་སུ་བཞེངས། འོད་ཟེར་གྱི་སྤྲོ་བསྡུས་བསྐྱེད་རྫོགས་ཀྱི་ལམ་མཐར་ཐུག་པ་རྣམས་ཚུལ་འདི་ལྟར་རོ་ཞེས་མིག་ལ་སྟོན་པ་ལྟ་བུ་མཛད། དེའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ་གསང་ཕུ་བ་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཡབ་སྲས་གཉིས་ལ་མཎྜལ་ཕུལ་ཏེ་ཡབ་སྲས་གཉིས་ཀའི་གསང་བ་ཐུན་མོང་མིན་པའི་བཀོད་པ་རྣམས་སྟོན་པར་ཡང་དང་ཡང་དུ་གསོལ་བ་བཏབ་པ་ན། འབྲོམ་རིན་པོ་ཆེའི་སྐྱེས་རབས་ཟབ་མོ་རྣམས་ཇོ་བོས་གསུངས། འབྲོམ་རིན་པོ་ཆེ་ཉིད་ཀྱིས་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་པ་སྤྲུལ་པའི་གླེགས་བམ་ཞེས་པ་དེང་སང་བཀའ་གདམས་གླེགས་བམ་དུ་གྲགས་པ་འདི་གསུངས། མི་རབས་མང་པོའི་བར་དུ་ཆིག་བརྒྱུད་ཁོ་ན་ལས་རྒྱ་ཆེར་སྤེལ་བའི་གནང་བ་མ་ཐོབ། ཕྱིས་སུ་འབྲོམ་རིན་པོ་ཆེའི་སྤྲུལ་པ་འབྲོམ་ཀུ་མ་རས་བཀའ་རྒྱ་བཀྲོལ་ཏེ་རེ་གཉིས་ལ་སྤེལ། དེ་ནས་དཔལ་སྣར་ཐང་གི་ཆོས་སྡེར་རིམ་གྱིས་འཕེལ་ནས་དེང་སང་ཕྱོགས་ཐམས་ཅད་དུ་ཁྱབ་པ་འདི་བྱུང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།

བདེ་མཆོག་གི་བླ་རིའམ་ཕོ་བྲང་དུ་གྲགས་པའི་ཡེར་པ་ལྷ་རི་སྙིང་པོ་ཞེས་རི་བོ་གཡུ་ཡི་མཎྜལ་འདྲ་བ་དེའི་བྱང་ངོས་སུ་ཇོ་བོ་ཨ་ཏི་ཤས་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་མན་ངག་ཐིག་ལེ་བཅུ་དྲུག་གི་དབང་དང་གདམས་ངག །གསང་ཕུ་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཡབ་སྲས་ལ་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པ་བཞིན་ཇོ་བོ་ཨ་ཏི་ཤས་འབྲོམ་གྱི་སྐྱེ་རབས་ཟབ་མོ་བཀའ་གདམས་བུ་ཆོས་སུ་གྲགས་པ་དེ་གསུངས། དེའི་འགྲམ་དུ་ཁང་པ་ཞིག་ཡོད་པ་གོས་སྐུ་འགྲེམས་ས་དང་། དེའི་འགྲམ་གྱི་རྡོ་ཁྲི་དེ་རྒྱལ་བའི་བཞུགས་ཁྲི་ཡིན་[3]པར་གསལ།

༼ཡེར་པར་ཇོ་བོ་རྗེས་བཀའ་གདམས་ཕ་ཆོས་བུ་ཆོས་གསུང་སའི་བཞུགས་ཁྲི།༽

གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ལས[4]། རེ་དགུ་བཞེས་པའི་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་ལ་ཡེར་པ་ལྷ་རིའི་མགུལ་དུ་དགེ་བཤེས་སྟོན་པས་འབུལ་ནོད་བྱས། ཞེས་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། ལྕགས་སྟག་ཕྱི་ལོ་ ༡༠༥༠ འབྲོམ་སྟོན་པས་བྲག་ཡེར་པར་ཇོ་བོ་རྗེ་ལ་འབུལ་ཆེན་མཛད། ཕྱག་དར་སྟོན་པས་ཇོ་བོ་རྗེ་དང་མཇལ། ཞེས་གསལ་ལ། བསྟན་རྩིས་ཀུན་བཏུས་སུའང་དེ་དང་མཐུན་པར་བྱུང་བ་ལྟར། སློབ་དཔོན་ཆེན་པོ་འདི་བོད་མངའ་རིས་སུ་ཕེབས་པ་ནས་བཟུང་སྙེ་ཐང་དུ་ཞི་བར་མ་གཤེགས་བར་ལོ་བཅུ་གསུམ་མམ་བཅུ་བདུན་ཡང་ཟེར་བ་གང་ལྟར་ཡང་མཛད་པ་འཕྲིན་ལས་ཤིན་ཏུ་རྒྱས་པ་དང་། ཁྱད་པར་བོད་ཀྱི་སེམས་ཅན་ལ་ཕན་པ་ཤིན་ཏུ་ནས་ཀྱང་རྒྱ་ཆེན་པོ་བྱུང་ཡོད་པས། དེ་རྣམས་ནི་རེ་རེ་ནས་འདིར་བརྗོད་པར་མི་ནུས་ལ། སྙིང་དོན་ནི་སྐབས་དེར་བོད་ཡུལ་གྱི་ཆོས་མཛད་མཁས་ཤིང་གྲུབ་པར་གྲགས་པ་རྣམས་ལ་ཡོད་པའི་རྒྱལ་བསྟན་ཕྱོགས་རེ་བས་མདོ་སྔགས་འགལ་འདུར་སོང་བ་དང་། ཉམས་རྟོགས་དང་མི་མཐུན་པའི་རྩིང་སྤྱོད་ཀྱི་སྐྱོན་སོགས་ཀྱིས་བསྟན་པ་དྲི་མ་ཅན་དུ་སོང་བ་རྣམས་བསལ་ཏེ་བསྟན་པ་སྐྱོན་མེད་སྤེལ་བར་མཛད་པ་ཉིད་དེ། ཇི་སྐད་དུ་ལམ་རིམ་ཆེན་མོ་ལས[6]། མངའ་རིས་སུ་ཕྱག་ཕེབས་པ་ན། སངས་རྒྱས་ཀྱི་བསྟན་པའི་དག་ཐེར་མཛད་པར་གསོལ་བ་བཏབ་པ་ལ་བརྟེན་ནས་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་རིམ་པར་དྲིལ་བའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ལ་སོགས་པའི་སྒོ་ནས་བསྟན་པ་རྒྱས་པར་མཛད་དེ། དེ་ཡང་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༩༥

[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[3] དགའ་ལྡན་དགོན་པ་དང་བྲག་ཡེར་པའི་ལོ་རྒྱུས། ༼༡༽ གྲོང་ཁྱེར་ལྷ་ས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་ཡིག་རྒྱུ་ཆ་རྩོམ་འབྲི་ཨུ་ཡོན་ལྷན་ཁང་ནས་རྩོམ་འབྲི་བྱས། ༡༩༩༤ ལོ། ཤོག་གྲངས་ ༡༢༢

[4] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༤

[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༩

[6] བྱང་ཆུབ་ལམ་རིམ་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༩ ནས་ ༢༦༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *