ཙ༽ ནག་ཚོ་ལོ་ཙཱ་བ་ཇོ་བོ་གདན་འདྲེན་དུ་བྱོན་ཚུལ།

ཙ༽ ནག་ཚོ་ལོ་ཙཱ་བ་ཇོ་བོ་གདན་འདྲེན་དུ་བྱོན་ཚུལ།

 

དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་མཉམ་མེད་ཇོ་བོ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་ལས[1]།

རྒྱལ་རིགས་རིག་པའི་གནས་ལྔ་ཀུན་ལ་མཁས། །

སྒྲོལ་མས་ལུང་བསྟན་གངས་ཅན་དཔལ་དུ་བྱོན། །

བདག་པས་གཞན་གཅེས་འབྱོངས་ནས་གཞན་དོན་མཛད། །

མཚུངས་མེད་ཨ་ཏི་ཤ་ལ་གསོལ་བ་འདེབས། །

ཞེས་གསོལ་བ་འདེབས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ནས་ནག་ཚོ་ལོ་ཙཱ་བ་དཔོན་གཡོག་འགས་ལྷ་བླ་མའི་བཀའ་བཞིན་རྒྱ་གར་དུ་བྱོན། ལམ་བར་རྣམས་སུ་ཆོམ་རྐུན་གྱི་འཇིགས་པ་སོགས་བར་ཆད་མང་པོ་བྱུང་བ་རྣམས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྣ་ཚོགས་པས་བསལ་ཏེ་ཉེ་ཞོ་མེད་པར་བི་ཀ་མ་ལ་ཤཱི་ལར་སླེབས། རྒྱ་བརྩོན་སེང་དང་གྲོས་བྱས་ཏེ་ཇོ་བོ་གདན་འདྲེན་པའི་བཀོད་པ་བྱས་པ་ན་རེ་ཞིག་ཇོ་བོའི་ཞལ་མཇལ་བ་ཤིན་ཏུ་དཀའ་བ་བྱུང་། དེ་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པས་ཇོ་བོ་བོད་དུ་འབྱོན་པའི་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིགས་ཏེ། ཉིན་ཞིག་རྒྱ་གར་གྱི་པཎྜི་ཏ་དང་རྒྱལ་པོ་གཞན་གྱིས་མ་ཚོར་བར་དབེན་པ་ཞིག་གི་དུས་རྒྱ་བརྩོན་སེང་གིས་ནག་ཚོ་ལོ་ཙཱ་བ་ལ་ཤོག་གསུངས་ནས་ཇོ་བོའི་གཟིམ་ཁང་དུ་ཁྲིད། མཎྜལ་ཁྲུ་གང་པ་ཞིག་ཡོད་པའི་སྟེང་དུ་གསེར་ལིང་བ་དེ་བཞག །སིལ་མ་རྣམས་ཚོམ་བུར་བཀོད་ནས་ཇོ་བོ་ལ་ཕུལ་ཏེ། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་གཏམ་བཏང་བ། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་ལུགས། ཆོས་རྒྱལ་མེས་དབོན་གསུམ་གྱི་རིང་ལ་ཆོས་ཇི་ལྟར་དར་ལུགས། གླང་དར་མས་བསྟན་པ་བསྣུབས་ལུགས། བླ་ཆེན་པོའི་དྲིན་ལས་དགེ་འདུན་ཇི་ལྟར་འཕེལ་ལུགས། ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་སྤྱན་འདྲེན་པའི་ཕྱིར་དཀའ་སྤྱད་བྱས་ལུགས། ད་ལྟ་བོད་ན་ཆོས་ལོག་ཇི་ལྟར་དར་ལུགས་ཞིབ་རྒྱས་དང་བཅས་པ་ཞུས་ནས། ད་ཡང་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་ཚེ་དང་ལྡན་པ་འདི་མགོན་པོ་ཁྱེད་སྤྱན་འདྲེན་དུ་བཏང་ནས་གདའ་བས། ན་ནིང་སྐད་མི་གསུང་བར་བོད་ལ་ཐུགས་རྗེས་གཟིགས་པར་ཞུ་ཞུས་པས།

ཇོ་བོའི་ཞལ་ནས་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན་ཏེ། དེ་བས་བླ་ཆེན་པོ་ཡང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན། དེ་མིན་ན་བསྟན་པའི་མེ་རོ་བསླང་བར་མི་ནུས། ཇོ་བོ་ལྷ་བླ་མ་དེ་ཀུན་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །བྱང་ཆུབ་སེམས་དཔའི་བཀའ་བཅག་ཏུ་ཡང་མི་རུང་བ་ཡིན། རྒྱལ་པོ་དེ་ལ་ངོ་ཡང་གནོང་བར་ཡོད། ཁོང་གི་མི་ནོར་མང་པོ་ཆུད་ཟོས་ལ་སོང་། ཁྱེད་བོད་རྣམས་སྙིང་རྗེ་བར་ཡང་འདུག་སྟེ། ང་ཡང་ན་སོ་རྒས། ལྡེ་མིག་མང་པོའང་འཛིན། བྱ་བ་མང་པོའི་འཕྲོ་ཡང་ཡོད་པས་བོད་དུ་ཐོན་རེ་མི་འོང་ངམ། འོན་ཀྱང་ངས་བརྟག་པ་ཞིག་བྱ་ཡི། རེ་ཞིག་ཁྱེད་རང་གི་གསེར་ཚགས་གྱིས་གསུངས་ནས་ཕྱིར་ལ་གཏོད་པར་མཛད། ཅེས་མགྲིན་པ་བརྣངས་ཤིང་མིག་ཆུའི་ཐིགས་ཕྲེང་དབང་མེད་ལྷུག་ལྷུག་ཏུ་ལྷུང་དགོས་པ་འདི་ལྟར་བྱུང་ངོ་།།

དེ་བཞིན་སྐབས་དེར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་འཕགས་པའི་ཡུལ་ནས་མཁས་གྲུབ་ཆེན་པོ་ཞིག་གདན་འདྲེན་པར་ཐག་བཅད། དེའི་ཚེ་ཇོ་བོ་ཨ་ཏི་ཤ་རྒྱ་གར་ཤར་ནུབ་ཀྱི་མཁས་པའི་གཙུག་རྒྱན་དུ་གྱུར་པ་དང་། བོད་རྒྱལ་ཡང་ཇོ་བོའི་གྲགས་པ་ཐོས་ཏེ་ཅི་ནས་ཀྱང་དེ་བོད་ཡུལ་དུ་གདན་འདྲེན་དགོས་པའི་རྒྱུ་མཚན་མང་དུ་མཐོང་ནས་ཇོ་བོ་གདན་འདྲེན་པའི་ཆེད་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་རྒྱ་གར་དུ་བརྫངས། དེ་རྒྱ་གར་དུ་འབྱོར་ནས་ཡེ་ཤེས་འོད་ཀྱིས་བཏང་བའི་ཞུ་ཡིག་ཀྱང་ཇོ་བོའི་ཕྱག་ཏུ་ཕུལ། དེ་ཡང་ཞུ་ཡིག་ཏུ་ཡེ་ཤེས་འོད་ཀྱིས་ཇོ་བོ་ལ་ཇི་ལྟར་གསོལ་བ་བཏབ་པ་ནི།

ཁྱེད་ཀྱི་ཐུགས་རྗེ་ཕྱོགས་རིས་མི་མངའ་ཞིང་། །

སངས་རྒྱས་བསྟན་ལ་ཐུགས་ནི་སེམས་བྱེད་ན། །

ཁ་བ་ཅན་འདིར་སྔོན་ནི་ཕུན་ཚོགས་ཀྱང་། །

དེང་སང་དུས་ན་སེམས་ཅན་བསོད་ནམས་ཉམས། །

 

དེ་ཡི་སྟོབས་ཀྱིས་བོད་ཀྱི་རྒྱལ་པོ་ང་། །

མྱ་ངན་ཐང་ལ་ཚད་པས་གདུངས་པ་ན། །

ཆུ་ཡི་འདུ་བྱེད་ཡིད་ལ་བྱེད་པ་ལྟར། །

ཉིན་དང་མཚན་དུ་མགོན་པོ་ཁྱོད་བསམས་ན། །

བདག་ལ་ཐུགས་ཀྱིས་བརྩེ་བར་མཛད་དུ་གསོལ། །[3]ཞེས་སོ།།

དེ་ལྟར་དང་པོར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་ཨ་ཏི་ཤ་གདན་འདྲེན་པར་རྒྱ་གར་དུ་བཏང་ཡང་ལོ་ཙཱ་བས་གདན་འདྲོངས་མ་ཐུབ། སླར་ཡང་གདན་འདྲེན་པ་བཏང་བར་མཛད་པ་ལ་གསེར་མང་པོའི་དགོས་པ་ཡོད་པས་རྒྱལ་པོ་རང་ཉིད་གསེར་འཚོལ་དུ་ཕྱིན་པས། གར་ལོག་གི་རྒྱལ་པོས་[4]བཟུང་སྟེ་བཙོན་དུ་བཅུག་ནས་རྒྱལ་པོ་བཀྲོངས་པར་མཛད། ཡེ་ཤེས་འོད་ཀྱིས་བྱང་ཆུབ་འོད་ལ་ཇོ་བོ་བོད་དུ་གདན་འདྲེན་དགོས་པའི་བསླབ་བྱ་མང་དུ་མཛད་ཡོད་པའི་རྐྱེན་གྱིས་བྱང་ཆུབ་འོད་ཀྱིས་སླར་ཇོ་བོ་གདན་འདྲེན་པའི་ཆེད་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དཔོན་གཡོག་ལྔ་དང་བཅས་གསེར་སྲང་བདུན་བརྒྱ་བསྐུར་ནས་རྒྱ་གར་དུ་བཏང་། དེས་རྐྱེན་པས་ཇོ་བོ་བོད་དུ་ཕེབས་ཐུབ་པར་མ་ཟད། བོད་ཀྱི་སེམས་ཅན་སྤྱིའི་བསོད་ནམས་ཀྱིས་གངས་ཅན་གྱི་ལྗོངས་སུ་ལོ་བཅུ་གསུམ་[5]རིང་བཞུགས་ནས་བསྟན་པའི་བྱ་བ་མང་དུ་མཛད་པར་སྣང་ངོ་།།

དེ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་མཁས་པའི་གཙུག་རྒྱན་དུ་གྱུར་པའི་སློབ་དཔོན་དེ་བོད་ཡུལ་ཁ་བ་ཅན་དུ་གདན་འདྲེན་ཐུབ་པ་ནི། སྤྱིར་བོད་ཀྱི་སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་བསོད་ནམས་ཡིན་མོད། གཙོ་བོ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་འབད་རྩོལ་ལགས་ཏེ། དེས་དམ་པའི་ཆོས་དང་། ཁྱད་པར་དུ་དམ་པའི་ཆོས་དེས་གངས་ཅན་ལྗོངས་འདི་ཆེས་ཁྱབ་པར་མཛད་པ་ལ་རང་གི་སྐུ་ལུས་ཀྱང་ཕངས་པ་མེད་པར་བཏང་བ་དང་། དེ་ཉིད་ལ་དམིགས་ནས་ཐབས་གཞན་ཡང་མང་དུ་མཛད་པའི་འབྲས་བུ་ལགས་སོ།།

དེ་ལྟར་གདན་འདྲེན་དཀའ་བ་བྱུང་དོན་ཡང་། འབྲོམ་སྟོན་གཞོན་ནུ་བློ་གྲོས་ (1271-?) ཀྱིས་མཛད་པའི་བསྟན་པ་རིན་པོ་ཆེ་ལྷ་ཆོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལོ་མཚར་རྨད་དུ་བྱུང་བ་ལས[6]། མཐར་ལྷ་མོ་སྒྲོལ་མས་ལུང་བསྟན་ནས། ལྷ་བླ་མ་ཁུ་དབོན་གྱིས་ཇི་ལྟར་སྤྱན་དྲང་བའི་ཚུལ་དང་། དེ་ཡང་འབྱོན་པའི་ཐུགས་རྗེ་གོང་ནས་ཡོད་ཀྱང་། ཐམ་ཐོམ་དུ་བྱོན་ན་བོད་ཀྱི་སེམས་ཅན་མགུ་བར་དཀའ་བ་དང་། མཐོ་འགྲོགས་ཆེ་བ་ཕྱི་ཐག་ཐུང་བའི་སྟོབས་ཀྱིས་པཎྜི་ཏ་འཕྱན་པོ་ཟེར་ནས་ཚད་མར་མི་འཛིན་པར་ཡོན་ཏན་རྒྱ་མཚོ་ལྟ་བུ་མི་ལེན། བླངས་ཀྱང་བླ་མར་མི་འཛིན། བཟུངས་ཀྱང་ཕྱོགས་རེ་ལས་མི་ལོང་། ཀུན་གྱིས་བླ་མར་མི་འཁུར་བ་ལ་གཟིགས་ནས། ཀླུ་འཇོག་པོའི་གཙུག་ནས་ནོར་བུ་རིན་པོ་ཆེ་ལེན་པའི་ཚུལ་དུ་དགོས་པ་ཆེ་ཡང་། ཤིན་ཏུ་སྤྱན་དྲངས་དཀའ་བར་བསྟན། ཕྱི་ཐག་རིང་ལ་གུས་པ་གནས་བརྟན་ན་ག་རཏྣ་ཨ་ཀ་ར་ལྟ་བུ་གནས་པོར་བསྟེན། གྲོགས་ཕུན་སུམ་ཚོགས་པ་པཎྜི་ཏ་ལྔ་བཅུ་ཙམ་བསྟེན། བྱ་བ་ཆེ་བ་ལྷ་ཁང་བརྒྱ་རྩ་བརྒྱད་ཙམ་གྱི་ལྡེ་མིག་བསྟེན། སྐུ་གཉན་པ་རྒྱལ་རིགས། ན་ཚོད་གཉན་པ་ཡར་བགྲེས། འདོད་པ་ཆུང་བ་བྷཾ་ག་ལའི་རྒྱལ་སྲིད་སྤངས་པ། འདོད་པ་ཆེ་བར་སྟོན་པ་ལྡེ་མིག་དེ་ཙམ་ཞིག་འཛིན་པ། ཆེ་བ་ཆུང་བ། རིགས་ངན་བཀྲེན་པོའི་གསེབ་ཏུའང་བཞུགས་པ། ཆེ་བ་ཆེ་བར་སྟོན་པ། ནཱ་ལེནྟྲའི་རྒྱལ་པོ་དང་། བྷྲི་ཀ་མ་ལའི་རྒྱལ་པོ་དང་། མཻ་ཏྲིའི་གཙུག་ལག་ཁང་གི་རྒྱལ་པོ་དང་། རྡོ་རྗེ་གདན་གྱི་རྒྱལ་པོ་དང་། དེ་ལ་སོགས་པ་རྒྱལ་པོ་དྲེགས་པ་ཅན་མང་པོའི་དབུ་ལ་བཞུགས་པ། པཎྜི་ཏ་དུ་མས་བྱིན་བརླབས་ཞུ། རྒྱལ་པོ་དག་མན་ངག་གིས་འདུལ་བར་བྱེད། མཁས་པ་དག་ལུང་རིགས་ཀྱིས་འདུལ་བར་བྱེད། བཙུན་པ་དག་སྦྱོང་ལམ་གྱིས་འདུལ་བར་བྱེད། བཟང་པོ་དག་རྫུ་འཕྲུལ་གྱིས་འདུལ་བར་བྱེད། མདོར་ན་དེ་ལྟར་གཞི་ཆེ་ཞིང་སྤྱན་དྲང་བར་དཀའ་བ། རྒྱལ་པོའི་མི་མང་པོ་གྲོན་པར་སྟོན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་། རྡོ་རྗེ་གདན་ལ་སོགས་པ་གནས་ཆེན་པོ་རྣམས་ཀྱི་ཆོས་སྐྱོང་དང་། མུ་སྟེགས་བྱེད་ཀྱི་སྟོན་པ་ལ་སོགས་པ་ཐམས་ཅད་བོད་དུ་འགྲོ་བ་ལ་ཕྱི་བཤོལ་འདེབས། རྒྱུ་མཚན་དེ་ལྟ་བས་ན་ཤིན་ཏུ་སྤྱན་དྲང་དཀའ་བ་དེ་ཡུལ་གུང་ཐང་། གདུང་ནག་ཚོ། མཚན་ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བ། འདུལ་བ་འཛིན་པ་ཆེན་པོར་བཙུན་པ། མདོ་སྡེ་འཛིན་པ་ཆེན་པོར་བཟང་བ། མངོན་པ་འཛིན་པ་ཆེན་པོར་མཁས་པ། གཞན་དོན་འགྱུར་ན་རང་གི་སྲོག་ཀྱང་འཕངས་པ་མེད་པ། ཐུགས་རྗེ་ཆེན་པོ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པའི་སྤྲུལ་པ་དེ་ཇོ་བོ་དང་། གདུང་དང་མཚན་ཡོངས་སུ་མཐུན་པ། ལྷ་བླ་མ་ཡེ་ཤེས་འོད་ཡོངས་སུ་གྲགས་པ་དེས། ལུང་བསྟན་པའི་འོད་ཀྱིས་མཐའ་ཅན་དེ་དང་མཐུན་པར་གཞན་སྤྱན་འདྲེན་པ་རྣམས་ཀྱིས་མ་འདྲོངས་པའི་རྗེས་སུ་སྤྱན་འདྲེན་པ་བརྫངས་པ་དང་། དཀའ་སྤྱད་དུ་མའི་སྒོ་ནས་སྤྱན་འདྲོངས་ཏེ། མངའ་རིས་དང་བལ་པོ་ལ་སོགས་པར་རིམ་གྱིས་བྱོན་པ་དང་། དེ་དག་ཏུའང་ཆོས་ཇི་ལྟར་གསུངས་པ་དང་། འགྲོ་བ་ལ་ཕན་ཇི་ལྟར་གདགས་པ་དང་། སྦྱོང་ལམ་ལ་སོགས་པས་གཞན་མགུ་དཀའ་བ་ཇི་ལྟར་བཏུལ་བ་དང་། ཁྱད་པར་དུའང་། ལྷ་བླ་མ་ཁུ་དབོན་ཐུགས་རྗེས་གཟུང་བ་དང་། དེའི་ནང་ནས་བྱང་ཆུབ་འོད་དང་། ཆོས་ལམ་གྱི་སྒྲོན་མ་ལ་སོགས་པ་ཟབ་དོན་མང་པོ་ལ་འཆད་ཉན་དང་། ཞུས་ལན་དུ་མ་མཛད་ལུགས་དང་། ལོ་ཙཱ་བ་རང་ཉིད་ཀྱིས་ཇི་ལྟར་ཞུས་པ་ལ་སོགས་པ་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ནའང་། འཇིག་རྟེན་གྲགས་སྡེ་དང་མཐུན་ཚོད་དམ། བོད་ཀྱི་བློ་ངོར་ཤོང་ཚོད་ཙམ་ཞིག་དགེ་བཤེས་གུང་ཐང་ཡོངས་སུ་བསྡེབས་ནས། ཇོ་བོའི་ལོ་རྒྱུས་ཆེན་མོར་ཡོངས་སུ་གྲགས་ཏེ། ཆུང་ངུ་ཙམ་ཡིན། ཐམས་ཅད་བརྗོད་པ་དང་བྲི་བས་ག་ལ་ལང་། ཞེས་བྱུང་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ག༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༡ ནས་ ༤བ༦ བར།

[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[3] ཆོས་འབྱུང་པདྨ་རྒྱས་པའི་ཉིན་བྱེད། པད་དཀར་བཀའ་འབུམ། གསང་སྔགས་ཆོས་གླིང་གི་དཔར་སྐྲུན། ཤོག་ ༣༥༤

[4] This was either the king of tha Raja oF Gurwal” Indian Pandits in tha land oF Snow. Page-56

[5] རྗེའི་ལམ་རིམ་ཆེན་མོ་སོགས་སུ་ནི་ཇོ་བོ་བོད་ཡུལ་དུ་ཁྱོན་བསྡོམས་ལོ་བཅུ་བདུན་བཞུགས་ཡོད་པར་གསུངས་ལ། ཡང་གྲུབ་མཐའི་བྱུང་བ་བརྗོད་པ་སོགས་སུ་ནི་ལོ་བཅུ་གསུམ་བཞུགས་ཡོད་པར་གསལ་བས་དཔྱད་གཞིར་སྣང་།

[6] བསྟན་པ་རིན་པོ་ཆེ་ལྷ་ཆོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལོ་མཚར་རྨད་དུ་བྱུང་བ། བྲིས་མ། ཤོག་ ༤ན༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༩ ནས་ ༢༠༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *