ད༽ ཇོ་བོས་རྒྱལ་བའི་བསྟན་པ་ལ་བྱ་བ་ཇི་ལྟར་མཛད་ཚུལ།

ད༽ རྒྱལ་བའི་བསྟན་པ་ལ་བྱ་བ་ཇི་ལྟར་མཛད་ཚུལ།

 

དེ་ཡང་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་གཏད་རབས་བདུན་དང་། གྲུབ་ཆེན་བརྒྱད་ཅུ་རྩ་བཞི། རྒྱན་དྲུག་མཆོག་གཉིས། པཎ་གྲུབ་བཅུ་བདུན་ལ་སོགས་པ་གྲངས་ལས་འདས་པ་བྱོན་པའི་ཁྲོད་ནས། ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་ཇི་ལྟར་མཛད་ཚུལ་ནི།

ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་བསྟོད་པ་ལས[1]། ཚུལ་ཁྲིམས་རྣམ་པར་དག་གྱུར་པས། །སྐྱོབ་པ་ཤཱཀྱ་སེངྒེ་དེའི། །ཟབ་པ་དང་ནི་རྒྱ་ཆེ་བའི། །བསྟན་པ་ཁྱོད་ཀྱི་ཐུགས་ལ་གནས། །སངས་རྒྱས་བསྟན་པ་རིན་པོ་ཆེ། །བསྲུང་དང་འཛིན་དང་སྐྱོང་བ་ཡིན། །འདྲེན་པ་ཁྱོད་ནི་འདས་པ་ན། །བསྟན་པ་འོལ་དུ་ནུབ་པ་ཡིན། །མཐོ་དང་དམའ་དང་མཉམ་པ་ལ། །ཕྲག་དོག་རྔན་ཅན་འགྲན་མི་མངའ། །དེ་ལྟར་ཁྱོད་ནི་ཐམས་ཅད་ཀྱིས། །གཙོ་བོ་བཞིན་དུ་བཀུར་བ་ཡིན། །ཞེས་གསུངས་པ་ལྟར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། བསྟན་པའི་དག་ཐེར་སོགས་རྨད་དུ་བྱུང་བའི་མཛད་པ་བསྐྱངས་ཤིང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[2]།

ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས། །

བདུད་དང་མུ་སྟེགས་དབང་ཕྱུག་གྲུབ་མཐའ་ངན། །

རིགས་པས་ཚར་བཅད་ཐར་པའི་ལམ་ལ་བཀོད། །

ཐར་འདོད་དེད་དཔོན་ཁྱེད་ལ་གསོལ་བ་འདེབས། །

ཞེས་བསྟོད་ཕྱག་མཛད་པ་ལྟར། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[3]། གཉིས་པ་ནི། བསྟན་པ་ལ་བྱ་བ་མཛད་པ་ལ་གཉིས། རྒྱ་གར་དུ་མཛད་ཚུལ་དང༌། བོད་དུ་མཛད་ཚུལ་ལོ། །དང་པོ་ནི། རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་བཟུང་ཞིང༌། རང་གི་སྡེ་པ་གོང་འོག་གི་བསྟན་པ་ལ་ཡང་མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་གྱི་དྲི་མ་ངན་པ་རྣམས་བསལ་ནས་བསྟན་པ་རྒྱས་པར་མཛད་པས། སྡེ་པ་ཐམས་ཅད་ཀྱིས་ཀྱང་ཕྱོགས་རིས་མེད་པར་གཙུག་གི་རྒྱན་དུ་འཛིན་ཏོ། །ཞེས་གསུངས་སོ།།

དེ་བཞིན་བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[4]། དྲེགས་ལྡན་མགོ་ལ་གདུགས་ནི་བཅུ་གསུམ་གྱིས། །རབ་མཚན་རྟོག་གེ་ངན་པ་ཀུན་བཅོམ་ནས། །སླར་ཡང་གདུགས་བརྒྱད་ལྡན་པ་ཕབ་པར་བྱས། །བློ་བཟང་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་ཞིག་རྩོད་ཚེ་རྗེ་བཙུན་སྒྲོལ་མ་ཡིས། །སྨྲ་བ་ངན་པ་རབ་ཏུ་གཞོམ་པའི་ཐབས། །དག་ཅིང་གསལ་བར་ཡང་ཡང་སྟོན་མཛད་པ། །ལན་ལྡོན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[5]ཀྱང་། ཡང་ཇོ་བོ་རྡོ་རྗེ་གདན་དུ་བསྐོར་བ་མཛད་ཀྱིན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་སྦྱོང་བ་ན། ལྷོ་ཕྱོགས་ནས་མུ་སྟེགས་པའི་པཎྜི་ཏ་གདུགས་བཅུ་གསུམ་ཕུབ་པ་གཅིག་བྱུང་ནས་སངས་རྒྱས་པའི་བསྟན་པའི་བདག་པོ་ཁྱོད་ཡིན། མུ་སྟེགས་པའི་བསྟན་པའི་བདག་པོ་ནི་ཁོ་བོ་ཡིན་པས་རང་ཅག་གཉིས་རྩོད་པ་བྱས་ལ་སུ་རྒྱལ་བ་དེའི་བསྟན་པ་ལ་འཇུག་དགོས་ཟེར་ནས། རྒྱལ་པོ་དཔང་དུ་བཙུགས་ཏེ་རྩོད་པ་བྱས་པས། ཇོ་བོས་ཚེགས་མེད་པར་ཚར་བཅད་པས་གདུགས་བཅུ་གསུམ་པོ་ཇོ་བོ་ལ་ཕུལ། ཞབས་སྤྱི་བོའི་གཙུག་ཏུ་བླངས། །སློབ་མ་བྱས་ནས་ཕྱི་རོལ་པ་ཐམས་ཅད་ནང་པའི་བསྟན་པ་ལ་བཙུད་དོ།།

ཡང་སང་ཕོད་ལོ་དུས་སུ་མུ་སྟེགས་པའི་སྟོན་པ་གདུགས་བརྒྱད་ཕུབ་པ་གཅིག་བྱུང་བའང་སྔ་མ་བཞིན་དུ་ཚར་བཅད་དོ། །ཡང་དེའི་སང་ཕོད་མུ་སྟེགས་ཀྱི་སྟོན་པ་གདུགས་ལྔ་ཕུབ་པ་སྒྲ་ཚད་ལ་ཤིན་ཏུ་མཁས་པ་གཅིག་བྱུང་ནས། སྔ་མ་ཁོ་ན་བཞིན་དུ་ཟེར་བ་ལ། ཇོ་བོས་ཀྱང་རྩོད་པར་ཞལ་གྱིས་བཞེས་ནས་རྩོད་པའི་དུས་བོར། རྒོལ་ཕྱིར་རྒོལ་གྱི་སྟན་བཤམས། པཎྜི་ཏ་མང་པོ་དང་། སྐྱེ་བའི་ཚོགས་འདུས་པར་གྱུར་པའི་དབུས་སུ་རྩོད་པ་བྱས་པས་ཐོག་མར་པཎྜི་ཏ་སུམ་ཅུ་ཙམ་གྱིས་གོ །དེ་ནས་བཅོ་ལྔ་ཙམ་གྱིས་གོ །དེ་ནས་ཕྲ་བར་གྱུར་པས་བཅུ་ཙམ་གྱིས་གོ །དེ་ནས་ལྔ་ཙམ་གྱིས་གོ །དེ་ནས་རབ་ཏུ་ཕྲ་བར་གྱུར་པས་ཁོང་རང་གཉིས་ཀྱིས་གོ་གཞན་གྱིས་མི་གོ་བར་གྱུར་ཏོ། །དེར་མུ་སྟེགས་པ་དེས་སྒྲའི་ཚིགས་སུ་བཅད་པ་གཅིག་གི་དོན་དྲིས་པས་ཇོ་བོས་མ་དགོངས་པ་ན། ཁྱོད་དེར་སྡོད་ཅིག་གསུངས་ནས་ནང་དུ་ཕེབས་ཏེ་ཇོ་བོ་སྒྲོལ་མ་ལ་མཎྜལ་ཕུལ་གསོལ་བ་བཏབ་པས། ཐུགས་ལ་ཝལ་གྱིས་བྱུང་ནས་ལན་བཏབ་པས་པཎྜི་ཏ་དེ་ཚར་བཅད། སློབ་མར་ཁས་བླངས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །ཞེས་གསུངས་པ་ལྟར་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་པཎྜི་ཏ་མང་པོ་དང་བསྟན་པ་རྒྱན་དུ་བཞག་ནས་རྩོད་པས་དེ་དག་ཕམ་པར་མཛད་པ་སོགས་བསྟན་པའི་བྱ་བ་ཁྱབ་ཆེན་པོ་མཛད་པས་ན། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[6]།

འཕགས་པའི་ཡུལ་དུ་མུ་སྟེགས་ཞུགས་པའི་ཚེ། །

ཕས་ཀྱི་རྒོལ་བ་ལེགས་པར་ཚར་བཅད་ནས། །

རང་གི་བསྟན་ལ་ཉེ་བར་བཀོད་གྱུར་པ། །

རིགས་སྨྲ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་ཀྱང་མཛད་དོ།།  །།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༣༣༡ ནས ༣༤༡ བར།

[2] རྩོམ་ཡིག་གསེར་གྱི་སྦྲམ་བུ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༡ ནས་ ༨༥ བར།

[3] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད། ༼པ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༡༡

[4] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ། ཤོག་ ༡ན༡ ནས་ ༤བ༥ བར།

[5] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[6] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ། ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༡ ནས་ ༨༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *