ག༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་ཡི་ཆ་ལུགས།
དེ་ཡང་བི་ཀྲ་མ་ལ་ཤི་ལའི་ཐམས་ཅད་མཁྱེན་པ་གཉིས་པར་གྲགས་པའི་དཱི་པཾ་ཀ་ར་ཤྲཱི་ཛྙཱ་སྟེ། ཡོངས་གྲགས་ཇོ་བོ་དཔལ་ལྡན་ཨ་ཏི་ཤའི་སྐུ་ཡི་ཆ་ལུགས་ནི། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་ལས[1]།
སྐུ་མདངས་འཇམ་ཞིང་གསལ་བ་དང་། །དང་པོ་ཐ་མའི་མིག་ཆགས་འགྱུར། །
རྣམ་པར་འཚེ་བ་སྤངས་པ་ཡིན། །ཁྱོད་ཀྱི་སྐུ་ལ་སྙུང་མི་མངའ། །
ཞེས་དང་། དེ་བཞིན་དགེ་སློང་དཔལ་སྡེས་ (འཁྲུངས་གཤེགས་ཀྱི་ལོ་ཚིགས་མི་གསལ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་ལས[2]། མར་མེ་མཛད་དཀར་ཤམ་གཞོན་ནུའི་ཆ་བྱད་ཅན་བུད་མེད་དང་ལྷན་ཅིག་པའོ། །ཞེས་གསུངས་པ་ལྟར། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་མགོན་པོ་ཨ་ཏི་ཤ་གཙོ་བོར་གྱུར་པའི་བཀའ་གདམས་བླ་མ་རྣམས་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ལས་[3]ཀྱང་། དང་པོ་སྐུའི་རྣམ་པ་རྗེས་སུ་དྲན་པ་ནི།
གཞལ་མེད་ཁང་མཆོག་དེ་ཡི་དབུས་ཀྱི་ཆར། །
མི་འཇིགས་སེང་གེས་བཏེགས་པའི་རིན་ཆེན་ཁྲིར། །
མ་ཆགས་པདྨ་ཟླ་བའི་གདན་སྟེང་དུ། །
རྩ་བའི་བླ་མ་མཆོག་དང་དབྱེར་མེད་པ། །
སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་མཆོག །
འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤ །
མཉམ་མེད་ཇོ་བོ་མར་མེ་མཛད་བཟང་པོ། །
དཀར་གསལ་ཞི་འཛུམ་ཕྱག་གཉིས་ཆོས་འཆད་ཚུལ། །
དབུ་ལ་པཎ་ཞུ་སྐུ་ལ་ངུར་སྨྲིག་གི །
ཆོས་གོས་གསུམ་གསོལ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །
བག་དྲོ་ལྷུན་ཆགས་ཡེ་ཤེས་གཟི་བྱིན་འབར། །
ཞེས་གསུངས་པ་ལྟར། སྐུ་མདོག་མདངས་དང་ལྡན་ཞིང་། ཞལ་ཞི་བའི་འཛུམ་བག་དང་ལྡན་པ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་སྐུའི་སྣང་བརྙན་གསལ་བར་བྱེད་པའི་མེ་ལོང་ལས[4]། ཇོ་བོ་ཨ་ཏི་ཤ་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པ། སྐུ་ལ་ཆོས་གོས་དང་དབུ་པཎ་གསོལ་བ། ཞབས་སྐྱིལ་ཀྲུང་། གཡོན་དུ་འབྲས་སྤང་མཆོད་རྟེན་དང་གཡས་སུ་ཟ་མ་ཏོག་ཡོད་པ། དབུ་གཡས་སུ་ཅུང་ཟད་འགྱིང་བ་ཞེས་གསུངས་ཤིང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[5]།
འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཐམས་ཅད་དང༌། །
བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང༌། །
རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །
མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །
ཞེས་གནས་ལྔ་རིག་པར་ནང་བྱན་ཆུད་པའི་མཚོན་དོན་དུ་དབུ་ལ་པཎ་ཞྭ་དམར་པོ་དང་། དེ་ཡང་སྡེ་སྣོད་གསུམ་གར་མཁས་པའི་མཚོན་བྱེད་དུ་སྐེད་འཆིང་གསུམ་ལྡན་མནབས་པ། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། སྐུ་རྒྱབ་ཏུ་རིན་ཆེན་ཟ་མ་ཏོག་བཀོད་པའི་རྣམ་པ་དང་། གདན་པདྨའི་སྟེང་དུ་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་ཤིང་། བག་དྲོ་ལ་ལྷུན་ཆགས་ཡེ་ཤེས་ཀྱི་གཟི་བྱིན་འབར་བཞིན་བཞུགས་པའི་རྣམ་པ་ཅན་ནོ།།
ལ་ལར་ཆོས་འཁོར་གྱི་ཕྱག་མཛད་པ་ནི། ཕྱག་གཡས་གཡོན་གྱི་མཐེ་བོང་དང་། མཛུབ་མོ་གཉིས་རྩེ་སྤྲད་པ་ནི། ལམ་ཐབས་ཤེས་གཉིས་ཟུང་དུ་འབྲེལ་བ་མཚོན་པ་དང་། གུང་མོ་དང་། སྲིན་ལག །མཐེའུ་ཆུང་གསུམ་གྱེན་དུ་བསྒྲེངས་པ་དེས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བཞིན་འཁྲིད་པ་མཚོན། ཕྱག་གཉིས་ཁ་སྦྱོར་གྱི་ཚུལ་དུ་མཛད་པ་ནི། གདུལ་བྱ་ལ་བླང་དོར་གྱི་གནད་ཕྱིན་ཅི་མ་ལོག་པ་ཇི་ལྟར་འདོམས་པར་མཛད་པ་དེ་ལྟར་རང་ཉིད་ཀྱིས་ཀྱང་ཉམས་བཞེས་སུ་བསྟར་བར་མཛད་པ་མཚོན་པའོ།།[6]
གཞན་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་མཉམ་མེད་ཇོ་བོ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་ལས[7]། མདུན་མཁར་སེང་ཁྲི་པདྨ་ཟླ་བའི་སྟེང་། །རྩ་བའི་བླ་མ་དཔལ་ལྡན་ཨ་ཏི་ཤ །དཀར་གསལ་མཛེས་འཛུམ་ཆོས་གོས་རྣམ་གསུམ་གསོལ། །དབུ་ལ་པཎ་ཞྭ་ཕྱག་གཉིས་ཆོས་འཆད་མཛད། །

ཅེས་བསྔགས་པ་མཛད་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[8]། པཎ་ཆེན་གྱི་དབུ་ཞྭ་ཤིན་ཏུ་མཛེས་པ་དེས་ནམ་མཁའི་མཐོངས་སྙེག་པ། ཇོ་བོའི་ན་བཟའ་དེ་རྡོ་ཚོས་མ་སྣུམ་ན་དྲི་ཞིམ་ལ་མདངས་ཆགས་པ། སྐུ་ཤ་ཆེ་བ་ལྟ་བུ་ལ་བརྗིད་ཆགས་པ། སྐུ་ལུས་དྲང་ཞིང་མཛེས་ལ་སྐབས་ཐམས་ཅད་ཕྱེད་པ། ཕྱག་དང་སོར་མོ་ཐམས་ཅད་ཟླུམ་ཞིང་རྒྱས་པ། བྱིན་གྱིས་ཕྲ་བ། དབུ་སྐྲ་གནག་ཅིང་སྣུམ་ལ་མཚམས་ཕྱེད་པ། དཔྲལ་བའི་དབྱེས་ཆེ་བ། ཐམས་ཅད་ནས་བལྟས་ཀྱང་འཛུམ་ཆགས་པ། སྨིན་མ་བཟང་ལ་མདངས་འབྲེལ་བ། སྣའི་གཟེངས་མཐོ་བ། ཞལ་གྱི་དཀྱུས་ལེགས་པ། མཆུའི་ཆག་ཐོན་པ། སྙན་ཤལ་རིང་ལ་མཛེས་པ། བག་དྲོ་བ། ཟིལ་ཆེ་བ། ཡང་དང་ཡང་དུ་མཇལ་བར་འདོད་པའི་རྣམ་པ་ཅན་ཞིག་ཡོད་པར་གསུངས་ལ། ཡང་དེ་ཉིད་ལས[9]། རྒྱལ་སྲས་དེ་ནི་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞལ་དཀྱིལ་ཟླ་བ་ལྟར་དཀར་ཞིང་། དཔྲལ་བའི་དབྱེས་ཆེ་ལ་སྣའི་གཟེངས་མཐོ་བ། སྤྱན་དཀྱུས་རིང་ཞིང་མཆུ་སྒྲོས་བིམ་པ་ལྟར་དམར་བ་སོགས་སྐྱེ་བོ་དམ་པའི་མཚན་རྟགས་དང་ལྡན་པས་མཐོང་བ་ཙམ་གྱིས་ཉོན་མོངས་དང་སྡུག་བསྔལ་ཞི་ཞིང་། ཡིད་ལ་དགའ་བ་དང་བདེ་བ་སྐྱེ་ལ་དགེ་བའི་ས་བོན་བསྐྲུན་ནུས་པ་ཞིག་བྱུང་། ཞེས་གསུངས་པ་ལྟར་རོ།།
དེ་བཞིན་ཁལ་ཁ་དམ་ཚིག་རྡོ་རྗེས་ (1781-1855) མཛད་པའི་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ལ་བརྟེན་ནས་ཕྱག་མཆོད་སོགས་བསག་སྦྱང་གི་རིམ་པ་ཇི་ལྟར་བྱ་ཚུལ་བྱིན་རླབས་ཉེར་འཇུག་ལས[10]། ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀཱ་ར་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཨ་ཙརྱའི་རྣམ་པ་ཅན། སྤྱན་དཀྱུས་རིང་བ། ཞལ་འཛུམ་དགྱེས་པའི་ཉམས་ཅན། མགུལ་གཡོན་དུ་ཅུང་ཟད་འགྱིང་བ། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པ། སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་ཞིང་། དབུ་ལ་པཎ་ཞྭ་གསོལ་བ། སྐུའི་གཡོན་དུ་ཟ་མ་ཏོག་དང་། གཡོན་དུ་འབྲལ་སྤང་མཆོད་རྟེན་དང་བཅས་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཞེས་དང་། གཙང་མཁན་ཆེན་ (1610-1684) གྱིས་བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ལས[11]། ཇོ་བོའི་ཕྱག་གཡོན་པའི་གུང་མཛུབ་ལ་འཛེར་པ་ཞིག་ཡོད་པའི་རྗེས་གསལ་བ་ཡང་ཡོད། ཅེས་ཀྱང་བྱུང་བ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༣༣༡ ནས ༣༤༡ བར།
[2] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༩༢༦
[3] བཀའ་གདམས་ལམ་རིམ། ༼ང༽ བླ་མཆོད། དཔེ་རིང་། ཤོག་གྲངས་ ༤བ༡
[4] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༣༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༤༤
[5] རྩོམ་ཡིག་གསེར་གྱི་སྦྲམ་བུ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༡ ནས་ ༨༥ བར།
[6] གངས་ཅན་ཤེས་རིག་བང་མཛོད། ༼༢༽ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ༢༠༡༦ ལོ། ཤོག་ ༣༡༥
[7] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ག༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་ ༢བ༡ ནས་ ༤བ༦ བར།
[8] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[9] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[10] དམ་ཚིག་རྡོ་རྗེའི་གསུང་འབུམ། པོད། ༼༣༽ ཤིང་དཔར། དཔེ་རིང་། ༡ན༡ ནས་ ༡༡བ༢ བར་གསལ།
[11] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༤༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡ ནས་ ༡༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།