ཉ༽ ཤཱཀྱ་འོད་འགྲོ་དོན་མཛད་ཡུལ་ཁ་ཆེའི་ཡུལ་ངོ་སྤྲོད།

ཉ༽ ཤཱཀྱ་འོད་འགྲོ་དོན་མཛད་ཡུལ་ཁ་ཆེའི་ཡུལ་ངོ་སྤྲོད།

 

དེ་ཡང་ཁ་ཆེ་ཞེས་པའི་ཐ་སྙད་འདི་ནི། ཡུལ་གྱི་མིང་མི་རིགས་ཤིག་ལ་ཐོགས་པ་ཞིག་ཡིན་ལ། ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་ (1910-1985) མཆོག་གིས་མཛད་པའི་གསུང་རབ་ཕྱོགས་བསྒྲིགས་ཀྱི་དཀར་ཆག་བློ་གྲོས་སྒོ་འབྱེད་གཡས་འཁྱིལ་དུང་གི་སྒྲ་དབྱངས་ལས[1]།

སོ་ཐར་འདུལ་བའི་སྲོག་འཛིན་ཡོན་ཤཱཀ་སྟེ། །

འཛམ་གླིང་རྒྱན་གྱུར་རྣམས་ལ་གུས་པས་འདུད། །

ཅེས་གསུངས་པ་ལྟར་དམ་ཆོས་འདུལ་བའི་སྲོག་འཛིན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་འགྲོ་དོན་མཛད་ཡུལ་གྱི་ཁ་ཆེའི་ཡུལ་ནི། ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་ཕྱག་ཆེན་ཐིག་ལེ་ལས[2]། ཀསྨིར་བྷི་ལ་བ་རུ་གྲགས། །དེ་བཞིན་ཀེ་འུ་རང་ཡུལ་ཡིན། །ཉེ་བའི་བྷི་ལ་ནེ་པ་ལ། །ཉེ་བའི་བྷི་ལ་ཀར་ནེ་ཛོ། །ཞེས་དང་། ཕྱི་ནང་སྦྱར་བ་ནི། ཁ་ཆེའི་ཡུལ་ནི་ལུས་རྣམས་ཀུན། །ཀེ་ར་ཏ་ནི་རྐང་མཐིལ་ལོ། །ནེ་པ་ལ་ནི་ལྟག་པ་འོ། །ཀ་ནུ་ཛ་ནི་སྐེད་པ་འོ། །དེ་ནི་དོན་དམ་པ་ཡི་གནས། །ཞེས་གསུངས་པ་ལྟར། ལེགས་སྦྱར་སྐད་དུ་ཀསྨཱིར་ཞེས་པ་བོད་སྐད་དུ་ཁ་ཆེ་ཞེས་སུ་གྲགས། དེ་ཡང་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[3]། དེ་ནས་ཤར་ལྷོའི་མཚམས་སུ་རི་བོ་བརྒལ་ཏེ་ལུང་ཤུར་ཞིག་ལ་ལྕགས་ཐག་ལ་འཇུས་པ་སོགས་ཀྱིས་རྒྱང་གྲགས་སྟོང་ལྷག་ཕྱིན་པ་ན་ཀ་སྨི་ར་སྟེ་སྒྲ་ཐད་བསྒྱུར་བྱས་ན། རིགས་ངན་ཏེ་ཁ་ཆེའི་ཡུལ་དེའི་མཐའ་འཁོར་དུ་ལེ་དབར་བདུན་སྟོང་ལྷག །ཕྱོགས་བཞིར་འབར་འབུར་གཤང་གཤོང་ཁོ་ནས་བསྐོར་བ། འཇུག་སྒོའི་ལམ་ཡོད་ཀྱང་འཕྲང་ཧ་ཅང་དོག་པས་བགྲོད་དཀའ་བ། སྔོན་ནས་ད་བར་ཕ་རོལ་གྱི་དགྲ་འཇུག་མ་མྱོང་ཟེར། ཞེས་གསལ་བ་ལྟར། ཁ་ཆེ་ཞེས་པ་ནི་རིགས་ངན་གྱི་དོན་ཡིན་པར་གསལ་ལོ།།

སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ་ལས་[4]ཀྱང་། ལྷོའི་ཁ་ཆེའི་རྒྱལ་ཁབ་ནི། ཁ་ཆེའི་རྒྱལ་པོ་གྲིབྟན་གྱིས་བཟུང་བའི་ཀསྨིར་ཟེར་བ་དེ་ཡིན་ཅིང༌། རྒྱལ་པོ་དེ་ལ་བོད་རྣམས་ཀྱིས་ཁ་ཆེ་ཁྲི་བརྟན་གྱི་རྒྱལ་པོ་ཞེས་འབོད་པར་བཤད་ལ། ཡུལ་འདི་ནི་ཁ་ཆེས་མ་བཟུང་བའི་སྔོན་དུ་ནང་ཆོས་དར་བའི་གནས་གཞི་ཆེན་པོ་ཞིག་ཏུ་བཤད་དོ། །ཞེས་གསལ་བ་ལྟར་ཁ་ཆེས་མ་བཟུང་བའི་སྔ་རོལ་ཏུ་ནང་ཆོས་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་བར་གསལ་ལོ།།

དེ་ལྟར་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ཁ་ཆེའི་ཡུལ་དེར་སྔོན་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་འཕེལ་བྱུང་མྱོང་ཞིང་། ཡུལ་འདི་ནས་པཎྜི་ཏ་ཡང་མང་དུ་བྱོན་ཡོད། དགྲ་བཅོམ་པ་ཉི་མ་གུང་པ་ལ་ཀླུ་རྣམས་ཀྱིས་ཕུལ་བར་གྲགས་པའི་ཁ་ཆེ་ཤ་ཁ་མ་ཟེར་བའི་སྨན་དེ་ཡང་ཡུལ་འདི་ནས་ཐོན་བཞིན་ཡོད། འདི་ལྟའི་ཁ་ཆེའི་ཡུལ་དུ་རྒྱལ་བསྟན་ནམ་ཞིག་དར་ཚུལ་དང་། ཇི་ལྟར་དར་ཚུལ་སྐོར་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[5]། དེ་ལྟར་སྟོན་པ་བཞུགས་དུས་འཛམ་བུའི་གླིང་གི་གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཏུ་ནི་བསྟན་པ་ལེགས་པར་དར་ལ། ཁ་ཆེར་དེའི་ཚེ་གྲོང་ཁྱེར་མེད་པས་སྟོན་པ་འདས་ནས་ལོ་བརྒྱ་ན། ཉི་མ་གུང་པས་བསམ་གཏན་དང་མཐུན་པའི་གནས་མལ་གྱི་མཆོག་ཁ་ཆེར་བསྟན་པ་འཇོག་གོ་ཞེས་ལུང་བསྟན་པ་བཞིན། ཀུན་དགའ་བོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུར་ཉེ་བ་ན། དགྲ་བཅོམ་པ་ཉི་མ་གུང་པས་ལུང་བསྟན་པའི་དུས་ལ་བབ་པར་ཤེས་ནས་ཁ་ཆེར་སོང་སྟེ། དེ་མཚོར་ཡོད་པའི་ལུང་པ་དགུའི་མདོ་སྐྱིལ་མོ་ཀྲུང་གཅིག་གིས་མནན་པས། ཀླུ་འཁྲུགས་ཏེ་ས་གཡོས་རྫི་ཆར་དྲག་པོ་ཕབ་ཀྱང་ཆོས་གོས་ཀྱི་མཐའ་ཡང་མ་གཡོས། མདའ་མཚོན་གྱི་ཆར་ཕབ་པ་མེ་ཏོག་ཏུ་བསྒྱུར་བས། ཀླུ་རྣམས་ངོ་མཚར་ནས་བཀའ་ཅི་སྩོལ་ཟེར་བ་དང་། ང་སྟོན་པས་ལུང་བསྟན་པས་གནས་འདིར་འོངས་ཀྱི་ང་ལ་འདི་བྱིན་ཅིག །སྐྱིལ་མོ་ཀྲུང་གིས་གང་ནོན་པ་དེ་ཕུལ་ལོ། །འཁོར་ཇི་ཙམ་མངའ། འཁོར་དགྲ་བཅོམ་པ་ལྔ་བརྒྱའོ། །དེ་ལ་གཅིག་མ་ཚང་ནའང་འཕྲོག་གོ་ཟེར་བ་དང་། གནས་བརྟན་གྱིས་སྦྱིན་བདག་གནས་སར་ལེན་པ་ཡོད་པས་ཁྱིམ་བདག་ཀྱང་གཞུག་པར་བྱའོ་ཞེས་བགྲོས་ནས། དེར་སྒྱུ་མ་མཁན་སྒྱུ་མའི་གྲོང་ཁྱེར་བྱེད་དུ་བཅུག་ནས་ཕུན་སུམ་ཚོགས་ལ་མི་འཇིག་པར་བྱིན་གྱིས་བརླབས། དེར་སྐྱེ་བོའི་ཚོགས་བཅུག་ཅིང་རི་སྤོས་ངད་ལྡན་ལས་གུར་ཀུམ་བླངས་ཏེ། བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་སྐྱེ་བར་བྱིན་གྱིས་བརླབས་ཏེ། གྲོང་ཁྱེར་གཅིག་ལའང་མི་ཁྱིམ་འབུམ་ཕྲག་སུམ་ཅུ་སོ་དྲུག་ཙམ་ད་ལྟའི་བར་དུ་ཡོད་ཟེར། གཞན་གྲོང་ཁྱེར་དུ་མ་ཡོད་པ་ཡུལ་ཤིན་ཏུ་ཉམས་དགའ་བའོ། །ཞེས་གསལ་བ་ལྟར་རོ།།

དེ་ལྟར་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟར་གྱུར་པའི་སློབ་དཔོན་ཤཱཀྱ་འོད་ཡུལ་གང་དུ་འགྲོ་དོན་མཛད་པའི་ཚུལ་ལ་རྣམ་ཐར་ཁག་ཏུ་ནུབ་ཕྱོགས་སུ་འཁྲུངས་ཤིང་། ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་ཅེས་པའི་ཁ་ཆེའི་ཡུལ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། ཀསྨི་ར། བོད་སྐད་དུ་ཁ་ཆེའི་ཡུལ་ཟེར། རྒྱ་གར་ནུབ་བྱང་ཕྱོགས་སུ་ཡོད། བོད་ཡིག་ཐོག་འཁོད་པའི་ལོ་རྒྱུས་ཁག་དང་། ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལེའུ་གསུམ་པའི་འགོར། ཁ་ཆེའི་ཡུལ་འདི་ཐོག་མར་མཚོ་ཞིག་ཡིན་པ་ལ་རྒྱལ་པོ་མ་སྐྱེས་དགྲའི་བུ་ལག་བཟང་ (འཆར་བྱེད་ཡིན་ནམ་སྙམ།) གི་བུ་གཞུ་བཟང་(མ་འགགས་པ་ཡིན་ནམ་སྙམ།) གིས་སྲིད་དབང་བཟུང་སྐབས་ཏེ། ཕལ་ཆེར་ཕྱི་ལོའི་གོང་གི་ ༥༠༥ ལོ་ནས་ ༤༩༧ ལོ་བར་ཡིན་ཚོད་ལ། སྐབས་དེར་ཀུན་དགའ་བོའི་སློབ་མ་དགྲ་བཅོམ་པ་ཉི་མ་གུང་པས་ཡུལ་དེར་བྱོན་ནས་ཀླུའི་རྒྱལ་པོ་ཨོ་དུ་ཤྚ་བཏུལ་ནས་མཚོ་བསྐམས་པའི་ཤུལ་དུ་སྐམ་ས་ཆགས་ཏེ། རིམ་གྱིས་ཡུལ་གཞན་དག་ནས་མི་མང་པོ་དེར་འཛོམས་ཤིང་། གྲོང་ཁྱེར་ཆེན་པོ་དགུ་དང་གྲོང་གསེབ་ཁག་མང་པོ། རྒྱལ་པོའི་ཕོ་བྲང་གཅིག །གཙུག་ལག་ཁང་བཅུ་གཉིས། དགེ་འདུན་ཧ་ཅང་མང་པོ་འཛོམས་པ་ཞིག་ཆགས་པར་གསུངས་ཀྱང་མུ་སྟེགས་རིག་བྱེད་སྨྲ་བ་འགའ་ཞིག་གིས་བཤད་སྲོལ་ལ། དྲང་སྲོང་ཀ་ཤྱབ་ཟེར་བ་ཞིག་ཡུལ་དེར་བྱོན་ནས་མཚོ་རྡོལ་དུ་བཅུག་པ་ཡིན་པས། ཡུལ་གྱི་མིང་ཡང་དྲང་སྲོང་དེའི་མཚན་ལས་གྲས་ཏེ་ཀ་ཤ་སྨིར་ཞེས་ཐོགས་པ་ཡིན་ཟེར་བའང་སྣང་། གང་ལྟར་མཚོ་བསྐམས་པའི་ཤུལ་དུ་ཡུལ་གྲོང་ཆགས་པའི་བཤད་ཚུལ་[7]མཐུན་ཡོད།

དེ་ནས་ཕྱི་ལོའི་དུས་རབས་དང་པོའི་དཀྱིལ་དུ་ཀུ་ཤ་ནའི་རྒྱལ་རབས་ཀྱི་རྒྱལ་པོ་མི་ཐོག་གསུམ་པ་རྒྱལ་པོ་ཀཎི་སྐའི་དུས་སུ་ཐེག་པ་ཆེ་ཆུང་གཉིས་ཀ་དར་རྒྱས་ཆེ་ཞིང་། བཀའ་བསྡུ་གསུམ་པའི་སྦྱིན་བདག་ཀྱང་རྒྱལ་པོ་འདིས་བྱས་ཏེ་ཀཎི་སྐའི་གཙུག་ལག་ཁང་དང་། ཁྲུ་བཞི་བརྒྱ་ (འདོམ་བརྒྱ་) ཡོད་པའི་མཆོད་རྟེན་ཆེན་པོ་བཅས་བཞེངས་པར་གསལ་ཞིང་། ཐང་སན་ཙང་གི་ལམ་ཡིག་བོད་སྐད་དུ་བསྒྱུར་བ་ལས། སྐབས་དེར་ཁ་ཆེའི་ཡུལ་དུ་ཐེག་པ་ཆུང་ངུའི་དགེ་འདུན་ལྔ་སྟོང་ཙམ་ཡོད་པའི་དགོན་པ་གཅིག་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚེམས་ཡིན་ཟེར་བ་ཚོན་གང་ཙམ་ཡོད་པ་གཅིག་བཅས་མཇལ་བ་དང་། སློབ་དཔོན་དགེ་འདུན་གྲགས་པ་ལས་ཐེག་པ་ཆེན་པོའི་ཆོས་དང་། རིག་གནས་སྐོར་མང་པོ་གསན་པར་གསུངས།

དེ་ནས་རབ་བྱུང་གསུམ་པའི་མཇུག་ལ་ (དུས་རབས་བཅུ་གསུམ་པའི་འགོ) ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་ནས་ཁ་ཆེའི་ཡུལ་དུ་ཕྱིར་ལོག་ཕེབས་རྗེས་ལོ་ངོ་བཅུ་བཞིའི་རིང་ནང་བསྟན་ཆོས་ལུགས་དར་སྤེལ་མཛད་པའི་ལོ་རྒྱུས་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་ཁྲོ་ཕུ་ལོ་ཙཱ་བས་མཛད་པའི་ནང་གསལ། དེ་ནས་རབ་བྱུང་བཅུ་གཅིག་པའི་མེ་རྟ་ (༡༦༦༦) ཡས་མས་སུ་དབྱི་སི་ལམ་གྱི་ཆོས་ལུགས་ལ་དད་པའི་རྒྱལ་པོ་ཨོ་རན་ཛེབ་ཟེར་བས་རྒྱ་གར་གྱི་ས་ཁུལ་མང་ཆེ་བ་བཟུང་རྗེས་རྒྱ་གར་བྱང་བརྒྱུད་དུ་དམག་དྲངས་ཏེ་དབང་དུ་བསྡུ་སྐབས། ཀསྨི་ར་ཡང་འོག་ཏུ་བཅུག་པ་དེ་ནས་བཟུང་ཀསྨི་རའི་ཡུལ་དུ་སྡོད་པའི་མི་ཚང་མ་དབྱི་སི་ལམ་གྱི་ཆོས་ལུགས་ལ་མ་བསྒྱུར་དབང་མེད་བྱུང་ཞིང་། བོད་ས་གནས་སུ་དབྱི་སི་ལམ་གྱི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་ཚོང་པ་མང་ཆེ་བ་ཐོག་མར་ཀསྨི་ར་ནས་ཡོང་བ་ཡིན་སྟབས། བོད་དུ་ཡོངས་གྲགས་ཀྱི་ངག་རྒྱུན་ལ་དབྱི་སི་ལམ་གྱི་ཆོས་ལ་དད་པ་བྱེད་མཁན་གྱི་ཀསྨི་རའི་མི་རྣམས་ལ་ཁ་ཆེ་ཞེས་འབོད་སྲོལ་དང་། ཀསྨི་ར་ནས་ཐོན་པའི་མེ་ཏོག་གུར་ཀུམ་ལ་ཁ་ཆེ་གུར་ཀུམ་ཞེས་འབོད་སྲོལ་བྱུང་བ་ཡིན། ཞེས་དང་། སྐྱོགས་སྟོན་ལོ་ཙཱའི་ (དུས་རབས་15པ།) དག་ཡིག་ལི་ཤིའི་གུར་ཁང་ལས[8]། ཀུངྐུ་མ་ཟུར་ཆག་པས་གུར་གུམ་དང་། ཞེས་གསུངས་པ་ལྟར་རོ།།

དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[9]། ཁ་ཆེའི་ཡུལ། འདི་ཡོངས་གྲགས་སུ་ཀསྨིར་ཟེར་བའི་རྒྱལ་ཁབ་དེ་ཡིན་ཅིང་། ཤར་ཕྱོགས་ནི་རང་རྒྱལ་གྱི་བོད་ལྗོངས་མངའ་རིས་དང་ས་འབྲེལ། ལྷོ་ཕྱོགས་ནི་ཧིན་རྡུ་དང་ས་འབྲེལ། ནུབ་དང་བྱང་ནི་པ་ཅི་སི་ཐན་གྱི་ས་དང་འབྲེལ་བ་ཡིན། མི་གྲངས་མང་ཆེ་བ་ཁ་ཆེའི་རིགས་དང་། ཆོས་ལུགས་ནི་སངས་རྒྱས་ཤཱཀྱ་མུ་ནི་མྱ་ངན་ལས་མ་འདས་ཕན་ཆད་ཁ་ཆེའི་ཆོས་ལུགས་[10]ཡིན་ཀྱང་། སངས་རྒྱས་མྱ་ངན་ལས་འདས་ནས་ཡུན་རིང་མ་སོང་བར་དགྲ་བཅོམ་པ་ཉི་མ་གུང་པས་ཡུལ་དེར་བྱོན་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བ་དེ་ནས་བཟུང་སངས་རྒྱས་ཆོས་ལུགས་གཙོ་བོ་བྱས་པ་དཔེར་ན། ཐང་སན་ཛང་གི་ལམ་ཡིག་ལས། སྐབས་དེར་ཡུལ་དེ་ན་ཐེག་པ་ཆུང་ངུའི་དགེ་འདུན་ལྔ་སྟོང་ཙམ་ཡོད་པའི་དགོན་པ་ཆེན་པོ་གཅིག་དང་། སངས་རྒྱས་ཤཱཀྱ་མུ་ནེའི་ཚེམས་ཡིན་ཟེར་བ་སོགས་ཡོད་པ་དང་། ཡུལ་དེའི་སློབ་དཔོན་དགེ་འདུན་གྲགས་པ་སོགས་ལས་རིག་གནས་དང་། ཐེག་པ་ཆེན་པོའི་ཆོས་མང་པོ་ཉན་པར་བཤད་ཅིང་། བོད་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་བ་ནས། དུས་རབས་བཅུ་གཉིས་པའི་མཇུག་ཏུ་རུ་ཀཿཡི་དམག་དཔུང་གིས་རྒྱ་གར་ལྷོ་ཕྱོགས་ཕུད་པའི་དབུས་དང་ནུབ་གཉིས་དབང་བསྒྱུར་མ་བྱས་བར་དུ་སངས་རྒྱས་ཆོས་ལུགས་གཙོ་བོར་བྱེད་པ་དང་། བོད་དུ་སྐད་གྲགས་ཡོད་པའི་བོད་རིགས་ལོ་ཙཱ་བ་ཆེན་པོ་མང་པོ་ཡང་ཁ་ཆེའི་ཡུལ་དུ་སངས་རྒྱས་ཆོས་ལུགས་སློབ་སྦྱོང་བྱས་པའི་གནས་ཚུལ་ལོ་ཙཱ་བ་སོ་སོའི་རྣམ་ཐར་དང་ལོ་རྒྱུས་ཚོར་འཁོད་ཡོད། གཞན་ཡང་བོད་དུ་སྐད་གྲགས་ཡོད་པའི་ཁ་ཆེ་ཤ་ཁ་མ་ཟེར་བའི་མེ་ཏོག་གུར་ཀུམ་གྱི་འདབ་ལོ་བོད་སྨན་ཐོག་མེད་དུ་མི་རུང་བ་དེ་ཡང་ཡུལ་དེ་ནས་ཐོན་ཅིང་། སངས་རྒྱས་ཤཱཀྱ་མུ་ནེ་སྐུ་བཞུགས་སྐབས་ནས་བཟུང་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ཀ་ཤི་ཀའི་རས་དང་། དུ་ཀཱུ་ལ་ཟེར་བའི་སྐད་གྲགས་ཅན་དེ་ཡང་ཡུལ་དེ་ནས་ཐོན་པར་བཤད། ཅེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། པོད། ༼༧༽ ཐོར་བུ། དཔེ་རིང་། ཤོག་གྲངས་ ༣ན༢

[2] ཨ་མྱེས་ཞབས་བཀའ་འབུམ། ༼འ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༢༤ན༦

[3] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༩༥

[4] དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༧

[5] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཕ་རན་སི་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༤༨

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢

[7] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༩༦

[8] དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༨

[9] དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༧༥

[10] ཁ་ཆེའི་སྟོན་པ་ (Muhammad) མོ་ཧ་མད་ཅེས་པ་བོད་སྐད་དུ་ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་གྲགས་པ་ནི། ཕྱི་ལོ་ ༥༧༠ ལོར་ཨ་རབ་རྒྱལ་ཁབ་ཀྱི་བྱེ་གླིང་གྲོང་ཁྱེར་མེག་ཁ་ཞེས་པར་འཁྲུངས། ཕྱི་ལོ་ ༦༣༢ ལོའི་ཟླ་བ་ ༦ ཚེས་ ༨ ཉིན་མེ་ཏིས་ན་ཞེས་པའི་ཡུལ་དུ་འདས་པར་གྲགས། སྟོན་པ་འདིའི་མཚན་ལ་བོད་ཀྱི་ཡིག་ཚང་ཁག་ཏུ་སྦྲང་རྩིའི་བློ་གྲོས་ཞེས་འབོད་སྲོལ་བྱུང་བ་ནི། འདིའི་མཚན་ལ་ཨ་རབ་ཀྱི་སྐད་དུ་མོ་ཧ་མོ་དྷི་ཞེས་འབོད་པའི་སྒྲ་ལེགས་སྦྱར་སྐད་དུ་མ་དྷུ་མ་ཏི་ཞེས་བསྒྱུར་བ་ལ། བོད་རྣམས་ཀྱིས་དེའི་དོན་སྒྱུར་བྱས་ནས་མ་དྷུ་སྦྲང་རྩི་དང་། མ་ཏི་བློ་གྲོས་སུ་བསྒྱུར་བ་ལས་བྱུང་བ་ཞིག་ཡིན་ལ། དོན་གྱིས་ཨ་རབ་སྐད་དུ་མོ་ཧན་མོ་དྷི་ཞེས་པ་ནི་དཀོན་མཆོག་གི་ཕོ་ཉ་དང་འབངས་མི་ཞེས་པའི་དོན་ཡིན་པར་བཤད། ཁོང་ནི་དཀོན་མཆོག་གིས་འགྲོ་བ་མིའི་ཆེད་དུ་ཆེས་མཐའ་མར་མངགས་པའི་ཕོ་ཉ་ཡིན་པར་བཤད་ལ། མངོན་ཤེས་ལ་ཐོགས་པ་མེད་པའི་འཕགས་པ་ཞིག་ཏུ་འདོད། ཡང་། ཀླ་ཀློའི་ཆོས་ཞུགས། མེ་མཁའ་རྒྱ་མཚོ་དང་པོའི་ཤིང་སྤྲེལ་ཕྱི་ལོ་ ༦༢༤ ལོར་མ་ཁར་སྦྲང་རྩིའི་བློ་གྲོས་ཀྱི་ཀླ་ཀློའི་ཆོས་བཞུགས། (འགོས་ལོ་ཡིད་བཟང་རྩེ་པས་ཤིང་ཕག་ཕྱི་ལོ་ ༣༧༥ ལོར་འདོད། ཅེས་བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠ ལོ། ཤོག་ ༡༧ གསལ་བས། སྟོན་པ་ཤཱཀྱ་ཐུབ་པ་མ་བྱོན་གོང་ཁ་ཆེའི་ཆོས་ལུགས་དར་རྒྱུ་ཡིན་འདུག་པས་དཔྱད་དགོས་པར་སྣང་།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༡ ནས་ ༣༧༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *