ཆ༽ པྲ་བྷ་ཧ་ཏི་སློབ་དཔོན་ཤཱཀྱ་འོད་ཡིན་མིན།
དེ་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ (1478-1554) མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[1]།
ལེགས་པར་གསུང་བའི་ནམ་མཁའ་ལ། །བློ་གྲོས་ཟླ་བ་ཤར་བ་ཡིས། །
གདུལ་བྱའི་ཀུ་མུད་འཛུམ་བྱེད་པ། །ཤཱཀྱ་འོད་ཀྱི་ཞབས་ལ་འདུད། །
ཅེས་བསྟོད་པ་མཛད་ཡུལ་ཤཱཀྱ་འོད་ཀྱིས་གསང་སྔགས་ཀྱི་གཞུང་ལ་ཉམས་བཞེས་མཛད་པ་དང་། སྔགས་ལ་ཞུགས་པའི་མཚན་ལ་སློབ་དཔོན་པྲ་བྷ་ཧ་ཏི་ཞུ་བའི་ཚུལ་ནི།
མཁས་བཙུན་བཟང་པོ་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བའི་བདག་ཅག་རྣམས་ཀྱི་སྟོན་མཆོག་དོན་ཀུན་གྲུབ་པ་དང་དེའི་རྗེས་འཇུག་རྒྱ་གར་པཎ་གྲུབ་མང་པོའི་རྣམ་པར་ཐར་པ་ངོ་མཚར་པདྨོའི་འཛུམ་ཞལ་གསར་དུ་བཞད་པ་ལས[2]། པྲ་བྷ་ཧ་ཏི་ནི། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་རིགས་སུ་འཁྲུངས། ཙི་ཏ་བ་རིའི་ཡུལ་གྱི་སློབ་དཔོན་ཞི་བ་འོད་དང༌། མ་རུའི་ཡུལ་གྱི་འདུལ་འཛིན་ཆེན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ཞིང༌། མཚན་ཤཱཀྱ་འོད་དུ་གྲགས། སྡེ་སྣོད་གསུམ་ཀ་ལ་མཁས་པར་སྦྱངས་ཤིང་། སློབ་དཔོན་རྡོ་རྗེ་བཞད་པ་སོགས་སྔགས་ཀྱི་རྡོ་རྗེ་འཛིན་པའང་ཆེས་མང་བ་བསྟེན་ནས་རྒྱུད་སྡེ་ཐམས་ཅད་ཐུགས་སུ་ཆུད་ཅིང༌། མཆོག་གི་དངོས་གྲུབ་བརྙེས་པར་གྲགས། སྔགས་སུ་ཞུགས་པའི་མཚན་པྲ་བྷ་ཧ་ཏི། ཞེས་སློབ་དཔོན་འདིའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་རྣལ་འབྱོར་རྒྱུད་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་བརྩམས། འདི་གཉིས་ཀས་ཁ་ཆེར་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དེ། སྔ་མ་ལས་སློབ་དཔོན་སངས་རྒྱས་གསང་བས་གསན། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་ཀྱང་ཡང་ལེ་ཤོད་དུ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་མངོན་དུ་མཛད་པའི་སྐབས་ཀླུ་གྱོང་པོ་དང༌། གནོད་སྦྱིན་རྒོད་མ་ཁ་དང༌། བར་སྣང་ཁམས་ཀྱི་གློག་མ་སྤྲིན་གསུམ་གྱི་ཡིད་ལ་མི་བཟོད་པའི་ཚོར་བ་སྐྱེས་ཏེ་མཐོ་བརྩམས་པ་འདུལ་བའི་ཆེད་དུ་བི་ཏོ་ཏྟམ་ལ་འབུམ་སྡེའི་རྒྱུད་ལ་བརྟེན་ནས་སྒྲུབ་པ་མཛད་པས། བཛྲ་ཀུ་མཱ་རས་ཞལ་བསྟན་ཅིང་བར་ཆད་ཀྱི་མཚན་མ་རྣམས་བཅོམ། མ་མོ་བཅུ་གཉིས་དང་ས་བདག་མོ་བཞི་སོགས་དམ་འོག་ཏུ་བཅུག །སླར་སློབ་དཔོན་པྲ་བྷ་ཧ་ཏི་ལའང་ཀཱི་ལ་ཡའི་རྒྱུད་ཚར་བཅོ་བརྒྱད་དུ་གསན་པར་གྲགས་ཤིང་། འཕྲིན་ལས་ཕུར་པའི་བཀའ་བབས་ཀྱི་སློབ་དཔོན་འདི་དང་མཚུངས་པར་གྱུར་ཏོ། །དེས་ན་འཕྲིན་ལས་ཕུར་པའི་བཀའ་བབས་ཀྱི་སློབ་དཔོན་ཆེན་པོ་འདི་ནི། དུས་ཧ་ཅང་སྔ་བས་བརྒྱ་ཕྲག་དགུ་པའི་ནང་ཙམ་ལ་དུས་རགས་པ་ཙམ་འགྲིགས་པར་སྣང་ངོ༌། །ཞེས་གསལ་བ་ལྟར་སློབ་དཔོན་ཤཱཀྱ་འོད་སྐུ་འཁྲུངས་པའི་ཡུལ་ཕྱོགས་དང་། བྱོན་པའི་དུས་རབས། བསྟེན་པའི་སློབ་དཔོན་རྣམ་གཉིས་ཀྱི་མཚན། གསུང་སྐྱེས་ཀྱི་སློབ་མའི་མཚན། ལྷག་པར་སློབ་དཔོན་ཤཱཀྱ་འོད་རང་ཉིད་ཀྱི་གསང་སྔགས་ཀྱི་མཚན་དང་། འགྲོ་དོན་མཛད་ཡུལ་བཅས་གསལ་ནའང་། སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་དེབ་ཐེར་ཁག་ཏུ་ཅུང་ཟད་རེ་འཁོད་པ་རྣམས་སུ་སྔགས་སུ་བཞུགས་པར་མ་ཟད། མཚན་ལ་པྲ་བྷ་ཧ་ཏི་ཞེས་ཞུ་བ་ནི། ཆོས་འབྱུང་དེབ་ཐེར་གཞན་དང་། ཡོངས་གྲགས་ཀྱི་རྣམ་ཐར་ཁག་ཏུ་མི་གསལ་མོད། འོན་ཀྱང་སློབ་དཔོན་པྲ་བྷ་ཧ་ཏི་ (པྲ་བ་ཧ་ཏི་དང་། པྲ་ཝ་ཧ་ཏི་སོགས་འབྲི་སྲོལ་སྣ་ཚོགས་མཆིས།) འདུལ་འཛིན་སློབ་དཔོན་ཤཱཀྱ་འོད་ཡིན་མིན་ད་དུང་དཔྱད་དགོས་སོ།།
དེ་བཞིན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་བརྗོད་ཡལ་འདབ་དགུ་པ་ལས[3]། སྡེ་དགེའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཏུ་སློབ་དཔོན་འདི་དང་པོ་ཟ་ཧོར་རྒྱལ་པོའི་སྲས་ཡིན་ཅིང་། ཕྱིས་མཁན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་ཤིང་། སྐུ་ཚེ་སྨད་ལ་སྔགས་ལ་ཞུགས་ནས་གསང་སྔགས་ཀྱིས་གྲུབ་པ་བརྙེས་པའི་སློབ་མ་སློབ་དཔོན་ཤཱཀྱ་བཤེས་གཉེན་དང་། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་ཡིན་པར་བཤད། ཅེས་བྱུང་ཡང་། རིག་འཛིན་འཇིགས་མེད་གླིང་པས་ (1729/1730-1798) མཛད་པའི་རྙིང་མ་རྒྱུད་འབུམ་གྱི་བཞུགས་བྱང་དཀར་ཆག་ལས[4]། སློབ་ཡོན་ཤཱཀྱ་འོད་ཀྱི་རྣམ་ཐར་སྐོར་དམིགས་བསལ་གང་ཡང་མ་མཇལ་ལོ།།
འོན་ཀྱང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་བཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ་ལས[5]།
སློབ་དཔོན་པྲ་བ་ཧ་ཏི་ཡིས། །འཕྲིན་ལས་ཕུར་པའི་དངོས་གྲུབ་ཐོབ། །
བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཞེས་དང་། དེ་བཞིན་བྲག་དཀར་བ་ཆོས་ཀྱི་དབང་ཕྱུག་ (1775-1837) གིས་མཛད་པའི་བྱང་གཏེར་བླ་མ་རིག་འཛིན་གདུང་སྒྲུབ་ཀྱི་དབང་གི་ཆོ་ག་བཀླག་ཆོག་མར་བཀོད་པ་བྱིན་རླབས་དངོས་གྲུབ་བཅུད་འབེབས་ལས་[6]ཀྱང་།
བྱང་དུ་པྲ་བ་ཧ་ཏི་ནི། །འཕྲིན་ལས་ཕུར་པའི་གསང་གོས་ནི། །
ལྗང་ནག་ཕྱག་རྒྱའི་ཕུ་དུང་ཅན། །རྡོ་རྗེ་རྒྱ་གྲམ་པོ་ཏི་བསྣམས། །
ཞེས་གསུངས་པ་ལྟར་སློབ་དཔོན་པྲ་བ་ཧ་ཏི་ནི། སྤྱིར་གསང་སྔགས་ཀྱི་གཞུང་དང་། ལྷག་པར་སྔ་འགྱུར་རྙིང་མ། ཡང་སྒོས་ཕུར་པ་འཕྲིན་ལས་ཀྱི་ལྷ་ཚོགས་དང་འབྲེལ་ནས་ཇི་ལྟར་བྱུང་བ་ལྟར། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་པ་ལས[7]།
རིགས་ནི་ཟ་ཧོར་རྒྱལ་པོའི་རིགས། །སློབ་དཔོན་པྲ་བྷ་ཧ་ཏི་རྩལ། །
ཞེས་སློབ་དཔོན་པྲ་བ་ཧ་ཏི་ཟ་ཧོར་རྒྱལ་པོའི་རིགས་ཡིན་པར་གསུངས་པ་ལྟར། བྲག་དཀར་བ་ཆོས་ཀྱི་དབང་ཕྱུག་ (1775-1837) གི་གཟུངས་བསྡུས་མདོ་མང་གི་ལུང་ཐོབ་པའི་ཐོ་ལས་[8]ཀྱང་། ལུང་ཨ་ནུ་ཡོ་གའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རིགས་ལྔ། དམ་པ་ཏོག་དཀར། རིགས་གསུམ་མགོན་པོ། ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདང་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། ལི་ཙ་བྱི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་དྲ་མ་ལྔ། སྐལ་ལྡན་རྒྱལ་པོ་ཛ། ཨུ་པ་ར་ཛ༔ ཨིནྡྲ་བོ་དྷི། ཀླུ་རྒྱལ་ནཱ་ག་པུ་ཏྲ། རྒྱལ་པོ་ཡ་ག་པུ་ཏྲ། རྒྱལ་པོ་སིང་ཧ་པུ་ཏྲ། ཀུ་ཀུ་རཱ་ཛ་ཕྱི་མ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་བྷ་ཧ་ཏི། དྷ་ན་རཀྵི་ཏ། ཧཱུཾ་ཀ་ར། སྠི་ར་མ་ཏི། ཨཱ་ཙཱརྱ་དེ་ཝ་གསལ་མཛད། དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བྷ་སུ་དྷ་ར། གཙུག་ལག་དཔལ་དགེ། གྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས། དེ་ནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལའོ། །ཞེས་གསལ་བ་ལྟར་པྲ་བྷ་ཧ་ཏི་ནི་ཟ་ཧོར་གྱི་རྒྱལ་པོ་ཡིན་པར་གསལ་མོད། ཡོངས་གྲགས་སློབ་དཔོན་ཤཱཀྱ་འོད་ཀྱི་འཁྲུངས་ཡུལ་ནུབ་ཕྱོགས་ཡིན་པར་གསལ་ལ། ཟ་ཧོར་ནི་རྒྱ་གར་གྱི་ཤར་ཕྱོགས་ཡིན་པས་དོན་དངོས་སློབ་དཔོན་ཤཱཀྱ་འོད་ཀྱི་འཁྲུངས་ཡུལ་ཤར་ནུབ་གང་ཡིན་ཁྱད་པར་ཆེ་བས་དཔྱད་དགོས་པ་ཞིག་གོ།
དེ་བཞིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ (དུས་རབས་8པ།) དང་། ལོ་ཆེན་བཻ་རོ་ (དུས་རབས་8པ།) རྣམ་གཉིས་ནས་མཛད་པའི་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་རྣམ་གྲངས་བཅུ་གཉིས་ཀྱི་བདག་ཉིད་ཅན་དྲི་མ་མེད་པའི་རྒྱན་ལས[9]། དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ད་ནི་དང་པོར་རབ་ཏུ་བྱུང་ནས་ཀྱང༔ འདུལ་བ་མདོ་སྡེའི་ཡོན་ཏན་མཐར་ཕྱིན་དགོས༔ དགོངས་ནས་སློབ་དཔོན་པྲ་ཝ་ཧ་ཏི་ཡི༔ དྲུང་དུ་བྱོན་ནས་ཕྱག་འཚལ་འདི་སྐད་ཞུས༔ ཀྱེ་ཧོ༔ སློབ་དཔོན་ཆེན་མོ་བདག་ལ་དགོངས༔ བདག་ནི་ཨོ་རྒྱན་ཡུལ་བྱོན་ལུས་བླངས་ཀྱང་༔ རྒྱལ་སྲིད་བཟུང་ཡང་སྤྱོད་པ་བག་མེད་ཀྱིས༔ བདག་གིས་བློན་པོའི་བུ་སྨད་གཉིས་བསྐུམས་ནས༔ རྒྱལ་ཁྲིམས་གཉན་པས་ནོར་མེད་བདག་སྤྱུགས་ཀྱང་༔ ཞུ་བར་གནང་ཡང་བདག་ཅག་ཐུགས་རྗེས་ཟུངས༔ ཐོག་མར་ཚངས་སྤྱོད་རབ་ཏུ་བྱུང་ནས་ཀྱང་༔ སློབ་དཔོན་དགེ་བའི་བཤེས་གཉེན་མཛད་དུ་གསོལ༔ ཞེས་ཞུས་སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ ང་ནི་ཡོ་གའི་རྣལ་འབྱོར་ཡིན་པའི་ཕྱིར༔ རབ་ཏུ་བྱུང་ནས་ཨ་སུ་ར་རུ་སོང་༔ ཀུན་དགའི་དྲུང་དུ་རབ་བྱུང་གསོལ་བ་ཐོབ༔ ཅེས་པའི་ལུང་བསྟན་དེ་ནས་སློབ་དཔོན་ནི༔ ཤིང་ཕོ་རྟ་ལོ་སྤྲེལ་[10]ཟླའི་ཚེས་བརྒྱད་ལ༔ རབ་ཏུ་བྱུང་ནས་ས་ཡི་ལྷ་མོ་ཡིས༔ ཆོས་གོས་ཕུལ་སོགས་ལྟས་བཟང་བཀྲ་ཤིས་གང་༔ སྤུ་གྲི་བལྟམས་པའི་མཆོད་རྟེན་རང་འབྱུང་བྱུང་༔ མཚན་ཡང་དགེ་སློང་གུ་རུ་པདྨ་འབྱུང་གནས་ཀྱི༔ སྐྱེས་རབས་རྣམ་ཐར་དྲི་མ་མེད་པ་ལས༔ པྲ་ཝ་ཧ་ཏིའི་ལུང་བསྟན་ནས་ཀུན་དགའ་བོ་ལས་རབ་ཏུ་བྱུང་བའི་ལེའུ་སྟེ་ཉེར་གཅིག་པའོ། །ཞེས་བྱུང་ལ། དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོའི་ (1892-1940) གསུང་འབུམ་ལས་[11]ཀྱང་།
དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཡི༔
ཉེ་གནས་མཆོག་གྱུར་ཀུན་དགའ་བོ་དང་མཇལ༔
རབ་བྱུང་བསྒྲུབས་ནས་དགེ་སློང་ཆ་ལུགས་མཛད༔
སློབ་དཔོན་པྲ་བྷ་ཧ་ཏིའི་སྤྱན་སྔར་བྱོན༔
ཡོ་ག་རྣམ་གསུམ་ཆོས་ལ་སྦྱངས་པ་མཛད༔
ཅེས་གསུངས་པ་ལྟར། བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས་[12]ཀྱང་། བྲག་དམར་བྱ་ཁྱུང་ཚལ་དུ་སློབ་དཔོན་ཆེན་པོ་པྲ་བྷ་ཧ་ཏིའི་སྤྱན་སྔར་ཡོ་ག་རྣམ་པ་གསུམ་གྱི་ཆོས་ལ་སྦྱངས། དེ་ནས་བཤད་པའི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས། མཚན་ཤཱཀྱ་སེང་གེར་གྲགས། གསུངས་པ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་པྲ་བྷ་ཧ་ཏི་སློབ་དཔོན་དུ་བསྟེན་ནས་ཡོ་ག་རྣམ་གསུམ་ལ་སྦྱངས་པ་མཛད་པ་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སློབ་དཔོན་པྲ་བྷ་ཧ་ཏིའི་ཞལ་མཇལ་ནས་དངོས་སུ་བླ་མར་བསྟེན་པར་གསུངས་པ་ལྟར། སློབ་དཔོན་པྲ་བྷ་ཧ་ཏི་སློབ་དཔོན་ཤཱཀྱ་འོད་ཀྱི་གསང་སྔགས་ཀྱི་མཚན་ཡིན་ན། སློབ་དཔོན་ཤཱཀྱ་འོད་དང་སློབ་དཔོན་པདྨ་འབྱུང་གནས་བླ་སློབ་ཡིན་པར་བརྟེན། སློབ་དཔོན་ཤཱཀྱ་འོད་དུས་རབས་བརྒྱད་པར་བྱོན་པའི་དཔྱད་གཞི་གསར་པ་ཞིག་ཀྱང་ཡིན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་བརྒྱུད་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༦༢
[2] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༢༠༥
[3] རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།
[4] རྙིང་མ་རྒྱུད་འབུམ་གྱི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༦
[5] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༢༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤༩༤
[6] བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། ༼༤༽ འཕྲུལ་པར་དཔེ་གཟུགས། ཤོག་གྲངས་ ༡༦ན༤
[7] ཏཱ་ར་ནཱ་ཐའི་གསུང་འབུམ། དཔེ་བསྡུར་མ། པོད། ༼༢༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༥༨
[8] བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། ༼༢༽འཕྲུལ་པར་དཔེ་གཟུགས། ཤོག་གྲངས་ ༤༡༧བ༢
[9] བཀའ་ཐང་དྲི་མ་མེད་པའི་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༤༦
[10] ཤིང་སྤྲེལ་ནི་ཕྱི་ལོ་ ༨༠༤ འཁེལ་ཞིང་། ལོ་འདིར་པད་འབྱུང་ལྷོ་ནུབ་ཏུ་གཤེགས་ཞེས་བཻ་དཀར་དང་། གཡའ་སེལ་གཉིས་སུ་གསལ་ལ། ཇུ་ཙེ་བཙན་པོ་འདས་ནས་ཁྲི་ལྡེ་སྲོང་བཙན་ཁྲིར་འཁོད་ཅེས་རྒྱའི་ལོ་རྒྱུས་ནང་གསལ།
[11] ཨོ་རྒྱན་རྣམ་ཐར་དྲི་མེད་པདྨ་དཀར་པོ། ༼༢༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༢༨
[12] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༨༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༥ ནས་ ༣༦༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།