ག༽ སློབ་དཔོན་ཤཱཀྱ་འོད་དུས་ནམ་ཞིག་བྱོན་མིན།

ག༽ སློབ་དཔོན་ཤཱཀྱ་འོད་དུས་ནམ་ཞིག་བྱོན་མིན།

 

དེ་ཡང་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་གྱི་བརྩམ་པར་དམ་བཅའ་ལས[1]།

ཡོན་ཏན་འོད་བཤད་ལམ་གྱི་རྗེས་འབྲངས་ནས། །

མཁས་པས་བདག་སྨད་མི་འགྱུར་དེ་ཡི་ཕྱིར། །

ཐམས་ཅད་ཡོད་སྨྲའི་བླ་མ་རྣམས་ཀྱིས་བདག །

འདི་ལ་ཡང་དག་ཞུགས་པས་མྱུར་གྲུབ་མཛོད། །

ཅེས་དང་། གཞན་ཡང་དེ་ཉིད་ལས[2]། སློབ་དཔོན་ཡོན་ཏན་འོད་ཀྱི་ཞལ་ནས་ནི་ཡན་ལག་གི་ཆ་ཐམས་ཅད་གཟུང་དུ་མེད་པར་རབ་ཏུ་བསྟན་པ་ཁོ་ནའི་ཕྱིར་ལག་པ་ལ་སོགས་པ་མི་རྩོལ་བ་གསུངས་པ་ཡིན་ནོ་ཞེས་འཆད་དེ། ཞེས་དང་། དེ་ལྟ་བས་ན་སློབ་དཔོན་ཡོན་ཏན་འོད་ཀྱི་ཞལ་ནས། འདིར་རང་གིས་ལ་རང་གིར་འདུ་ཤེས་ཡོད་ཀྱང་དགོས་པའི་དབང་གིས་བརྐུ་བའི་སེམས་ཉེ་བར་གནས་པའི་དབང་དུ་མཛད་ནས་ནི་གཞུང་གི་དུམ་བུ་སྔ་མ་ལས་ཉེས་པ་སྦོམ་པོར་གསུངས་པ་ཡིན་ལ། གཞུང་གི་དུམ་བུ་ཕྱི་མ་ལས་ནི་གཞན་གྱི་ལ་གཞན་གྱི་ནོར་ཡིན་པར་འདུ་ཤེས་ཡོད་ན་མཐར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་བཤད་དོ[3]། །ཞེས་གསུངས་པ་ལྟར་སློབ་དཔོན་ཡོན་ཏན་འོད་ཀྱི་རྗེས་སུ་འབྲངས་ནས་དེའི་གཞུང་ལུགས་རྣམས་ཀྱི་རྣམ་འབྱེད་ལྟ་བུར་མཛད་པར་གསུངས་པས་སློབ་དཔོན་ཤཱཀྱ་འོད་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་རྗེས་སུ་བྱོན་པ་རྟོགས་ཐུབ་པ་ཞིག་ཡིན།

གོང་གསལ་སློབ་དཔོན་ཤཱཀྱ་འོད་རང་ཉིད་ཀྱིས་མཛད་པའི་གཞུང་དུ་སློབ་དཔོན་ཡོན་ཏན་འོད་ཅེས་གསལ་བ་ནི། ཞེ་སའི་ཆ་ནས་སློབ་དཔོན་ཞེས་བརྗོད་པའམ། ཡང་ན་རང་ཉིད་ཀྱི་སློབ་དཔོན་ཡིན་པའི་ཆ་ནས་སློབ་དཔོན་ཞེས་གང་གི་ཆ་ནས་བརྗོད་མིན་གསལ་ཁ་མེད་ཀྱང་། འདི་ནི་ཞེ་སའི་ཆ་ནས་སློབ་དཔོན་ཞེས་བརྗོད་པ་ལས་རང་ཉིད་ཀྱི་སློབ་དཔོན་ཡིན་པའི་ཆ་ནས་མིན་སྙམ། དེ་ཡང་དཔལ་ནཱ་ལེནྡྲའི་ལམ་སྲོལ་ཏེ་བླ་མའི་མཚན་གྱི་ཆ་ཤས་སློབ་མར་གནང་སྲོལ་ཡོད་པ་ལྟར། སློབ་དཔོན་ཡོན་ཏན་འོད་ཀྱི་མཚན་ཟུར་ལས་ཤཱཀྱ་འོད་ཅེས་མཚན་འདོགས་གནང་མཛད་པ་ལྟ་བུར་སྣང་བར་མ་ཟད། ཡོངས་གྲགས་སློབ་དཔོན་ཤཱཀྱ་འོད་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་དངོས་སློབ་ཏུ་འདོད་པ་གཙོ་ཆེ་ནའང་། དངོས་སློབ་མིན་ཚུལ་དོགས་སློང་གནང་མཁན་མང་དུ་མཆིས་སོ།།

གཞན་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[4]།

སྡེ་བཞིའི་ལུང་གི་ཆུ་གཏེར་ཆེན་པོ་ལས། །

ཚུལ་ཁྲིམས་འཕགས་པའི་གཅེས་ནོར་རིན་ཆེན་ཚོགས། །

འདྲེན་བྱེད་འོད་ལྡན་ལེགས་བཤད་གྲུ་གཟིངས་མཆོག །

སྦྱིན་མཛད་དེད་དཔོན་ཤཱཀྱ་འོད་ཅེས་གྲགས། །

ཞེས་གསུངས་པ་ལྟར། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་བརྗོད་ཡལ་འདབ་དགུ་པ་ལས[5]།

བྱེ་བྲག་བཤད་མཚོ་མདོ་རྩའི་རྗེས་འབྲངས་ནས། །

དགེ་ཚུལ་བསླབ་བྱ་འོད་ལྡན་རྩ་འགྲེལ་འདི། །

ཇི་ལྟར་བརྩམས་ཚུལ་འོད་ལྡན་རང་འགྲེལ་ལས། །

ཟབ་མོ་རྣམ་པར་གཏན་ལ་དབབ་པ་ལ། །

སོ་སོའི་སྐྱེ་བོའི་སེམས་དག་འཁྲུལ་བར་འགྱུར། །

ཡོན་ཏན་འོད་བཤད་ལམ་གྱི་རྗེས་འབྲངས་ནས། །

མཁས་པས་བདག་སྨད་མི་འགྱུར་དེ་ཡི་ཕྱིར། །

ཐམས་ཅད་ཡོད་སྨྲའི་བླ་མ་རྣམས་ཀྱིས་བདག །

འདི་ལ་ཡང་དག་ཞུགས་པས་མྱུར་འགྲུབ་མཛོད། །

ཅེས་པ་ལྟར། མང་དུ་ཐོས་པའི་སློབ་དཔོན་ཆེན་པོ་ཤཱཀྱ་འོད་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་འོད་ལྡན་གྱི་མཇུག་བྱང་ལས[6]། འདིར་བཤད་པ་ནི། སྔོན་ཆད་མ་བྱུང་བ་དག་འགའ་ཡང་མ་བྲིས་འོན་ཀྱང་ནི། །བདག་གི་མཁན་པོ་མ་ག་དྷར་[7]གནས་རྒྱན་དུ་གྱུར་པ་གྲགས་པ་ཐོབ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་པ་འདི་ནི་གསུམ་རིག་རྣམས་ཀྱི་བཞེད་པའི་ཕྱོགས་ཀྱི་གཞི་ཙམ་བསྟན་པ་ཡིན། །དེ་ཉིད་མ་མཐོང་རང་གི་བློ་ཡིས་དགོངས་པ་དག །ཐ་དད་པ་ཡི་འདུལ་བ་རྣམ་པར་དབྱེ་མི་རུང༌། །སུ་ཞིག་བདག་ཉིད་སྡིག་པའི་སྔགས་ཀྱིས་དྲེགས་པ་ཡིན། །ལག་པ་འཇིགས་པའི་སྦྲུལ་གྱི་བུ་གར་འཇུག་པར་བྱེད། །དེ་ཕྱིར་ཆོས་འདུལ་ཟབ་མོ་གཏན་ལ་དབབ་པ་འདི། །བྱེ་བྲག་བཤད་པ་དག་ལ་བརྟེན་ནས་བྱས་ཡིན་ཏེ། །མིག་དང་ལྡན་པ་ཟེར་བའི་གོམ་རྗེས་འབྲངས་ན་ནི། །བགྲོད་དཀའ་དག་ཏུའང་ལོང་བ་བདེ་བར་འགྲོ་བར་བྱེད། །གཞན་ཡང་བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་ཁྱབ་པ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་པ་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །བསྟན་བཅོས་སྣ་ཚོགས་མཁས་པའི་བློ་འབྱོར་གྱུར་པ་གྲགས་པ་དག་གི་རྒྱལ་མཚན་མཐོ་ལྡན་པ། །དེ་ཉིད་དོན་ནི་གཏན་ལ་འབེབས་པ་རྣམས་ཀྱིས་ན་ལེནྡྲ་དྲ་ཡི་བདར་ལ་བདར་བ་ཡིན། །དགེ་ཚུལ་གང་དག་འདུལ་བ་དག་ལ་མངོན་བརྩོན་ཞིང༌། །བསླབ་པ་དག་ལ་ལྷོད་པ་མེད་པའི་བློ་རྒྱུ་བ། །དེ་དག་རྟག་ཏུ་ནད་མེད་པ་ཡི་འོད་ལྡན་འདི། །སྟོན་པར་བྱེད་པས་གཞན་དག་ལ་ནི་གྲགས་གྱུར་ཅིག །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་ཞེས་བྱ་བ་མང་དུ་ཐོས་པའི་སློབ་དཔོན་ཆེན་པོ་ཤཱཀྱ་འོད་ཀྱིས་མཛད་པ་རྫོགས་སོ། །ཞེས་གསལ་བ་ལྟར་བླ་མ་མཁན་པོ་བསོད་ནམས་གྲགས་པ་དང་། སློབ་དཔོན་ཞི་བ་འོད་གཉིས་ཡིན་པར་གསུངས་པས་བླ་མ་དེ་གཉིས་ཀྱི་རྗེས་སུ་བྱོན་པའང་རང་ཤུགས་ཀྱི་རྟོགས་ཐུབ་པ་ཞིག་ཡིན།

དེ་བཞིན་མདོ་སྡེ་འཛིན་པའི་སློབ་དཔོན་ཀ་ལྱཱ་ཎ་མི་ཏྲས་མཛད་པའི་དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས[8]། གང་ཡང་བཙུན་པ་ཤཱཀྱ་འོད་ཀྱིས་དེ་དག་ཏུ་གཏོགས་པའི་ཚིག་ལེའུར་སྦྱར་བ་དང༌། གང་ཡང་ཁོ་བོས་སློབ་དཔོན་དང་མཁན་པོ་དག་ལས་ཅུང་ཟད་བསླབ་པའི་ཕྱིར་ཁོ་བོས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དོན་དུ་མདོ་ཅུང་ཟད་བརྩམ་པར་བྱའོ། །ཞེས་གསུངས་པ་ལྟར་ཀ་ལྱཱ་ཎ་མི་ཏྲའི་སྔོན་དུའང་བྱོན་ཟིན་པའོ།།

འོ་ན་དུས་རབས་གང་དུ་བྱོན་ནམ་ཞེ་ན། དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[9]། དེ་ནས་ཐམས་ཅད་ཀྱིས་འདི་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ནོ་བྱས་ནས་རྟག་ཏུ་རྒྱལ་སྲིད་དུ་བསྐོས་ཏེ། མཚན་གཽ་པཱ་ལར་གསོལ། སྐུ་ཚེའི་སྟོད་ལ་བྷཾ་ག་ལ་དབང་བསྒྱུར། སྨད་ལ་མ་ག་དྷ་ཡང་དབང་དུ་བསྡུས་ཏེ། ཨོ་ཏནྟ་པུ་རི་དང་ཉེ་བ་ན་ནཱ་ལནྡཱ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས། ཡུལ་ཆེན་པོ་དེ་གཉིས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཏེ་བསྟན་པ་ལ་མཆོད་པ་རྒྱ་ཆེན་པོ་མཛད་དོ། །སློབ་དཔོན་སྤྱོད་པ་བ་སྐུ་འདས་པའི་ཕྱི་ལོ་རྒྱལ་པོ་འདི་རྒྱལ་སྲིད་ལ་དབང་བསྐུར་བ་ཡིན་ཟེར་བ་དབང་པོ་བྱིན་གྱིས་བཤད། ལོ་བདུན་ནས་ཡིན་ཟེར་བ་ས་དབང་བཟང་པོས་བཤད་དོ། །རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་ ༼དེང་སང་རྒྱ་གར་གྱི་ཀ་ཤི་སྨིར།༽ དུ་འགྲོ་དོན་མཛད། ཅེས་གསུངས་པ་ལྟར་རྒྱལ་པོ་གཽ་པཱ་ལའི་སྐུ་དུས་སུ་བྱོན་པར་གསུངས་པས་རྒྱལ་པོ་གཽ་པཱ་ལས་ཕྱི་ལོ་ ༦༨༥ ནས་ ༧༢༩ བར་ཆབ་སྲིད་ལོ་ ༤༥ བསྐྱངས་པའི་སྐུ་དུས་སུ་སློབ་དཔོན་ཤཱཀྱ་འོད་བྱོན་པར་གསུངས།

དེ་ལྟར་སློབ་དཔོན་ཤཱཀྱ་འོད་དུས་ནམ་ཞིག་བྱོན་མིན་ནི། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་གཞུང་འོད་ལྡན་དུ་གསལ་བ་ལྟར་ན། སློབ་དཔོན་ཡོན་ཏན་འོད་དང་། བསོད་ནམས་གྲགས་པ། ཞི་བ་འོད་བཅས་ཀྱི་རྗེས་སུ་འབྲངས་ནས་མཛད་པར་གསུངས་པས་སློབ་དཔོན་དེ་དག་གི་རྗེས་སུ་བྱོན་པ་ཤིན་ཏུ་གསལ་བས། སློབ་དཔོན་ཡོན་ཏན་འོད་དུས་རབས་བདུན་པའི་ནང་བྱོན་པ་ཞིག་དང་། ལྷག་པར་སློབ་དཔོན་ཤཱཀྱ་འོད་ནི་གུ་རུ་རིན་པོ་ཆེ་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་བཅས་ཀྱི་བླ་མ་ཡིན་པས། སློབ་དཔོན་རིན་པོ་ཆེ་དུས་རབས་བརྒྱད་པའི་དུས་མཇུག་ལྟ་བུར་བོད་དུ་ཕེབས་པས་སློབ་དཔོན་ཤཱཀྱ་འོད་དུས་རབས་བརྒྱད་པའི་ནང་དུ་བྱོན་པ་གཏན་འཁེལ་བྱེད་ཐུབ་པ་ཞིག་ཡིན།

དེ་བཞིན་མཁས་བཙུན་བཟང་པོ་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བའི་བདག་ཅག་རྣམས་ཀྱི་སྟོན་མཆོག་དོན་ཀུན་གྲུབ་པ་དང་དེའི་རྗེས་འཇུག་རྒྱ་གར་པཎ་གྲུབ་མང་པོའི་རྣམ་པར་ཐར་པ་ངོ་མཚར་པདྨོའི་འཛུམ་ཞལ་གསར་དུ་བཞད་པ་ལས[10]། འདིས་སྡོམ་པ་བཤད་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད། སྐུ་ཚེ་རིང་བས་རྒྱལ་པོ་དྷརྨ་པཱ་ལའི་རྗེས་སུའང་ཅུང་ཟད་བཞུགས་སོ་ཞེས་པ་ལྟར་ན། སྐབས་འདིར་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ཡང་བྱུང༌། གཞན་ཡང་འདུལ་འཛིན་དགེ་ལེགས་བཤེས་གཉེན་དང༌། བློ་བཟང་ངང་ཚུལ་དང༌། དཾཥྚ་སྱ་ན་སྟེ་མཆེ་བའི་སྡེ་དང༌། ཡེ་ཤེས་ཟླ་བ་དང༌། རྡོ་རྗེ་མཚོན་ཆ་དང༌། འཇམ་དཔལ་གྲགས་པ་དང༌། ཡེ་ཤེས་བྱིན་དང༌། བཛྲ་དེ་ཝ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་དང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་དྷ་ན་མི་ཏྲ་དང༌། སློབ་དཔོན་སེང་བཟང་ཡང་སྐུ་ཚེའི་སྟོད་ཙམ་ཡིན་ནོ། །དེས་ན་དུས་རབས་ནི། (A.D.) བརྒྱ་ཕྲག་དགུ་པའི་ནང་ངོ༌། །ཞེས་གསུངས་སོ།།

གཞན་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ་རིན་པོ་ཆེའི་རྒྱུད་མང་བསྒྲེང་པ་ལས[11]།

ཤཱཀྱའི་རིང་ལུགས་ཉིན་མོར་བྱེད་པའི་འོད། །

འབུམ་ཕྲག་གང་གི་ཕྲག་པར་ལྡན་པ་ནས། །

མི་ཤེས་མུན་པའི་འཇུག་པ་རྒྱང་བསྲིངས་ཞེས། །

ཀུན་གྱིས་ཡང་ཡང་བསྔགས་པ་དེ་ལ་འདུད། །

ཅེས་བསྔགས་པ་ལྟར་གྱི་སློབ་དཔོན་ཤཱཀྱ་འོད་ཡོན་ཏན་འོད་ཀྱི་སློབ་མ་ཡིན་ནམ་ཞེ་ན། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[12]། རྒྱལ་པོ་གཽ་པཱ་ལས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད། ཁྱད་པར་ཁ་ཆེའི་ཡུལ་དུ་དཱ་ན་ཤཱི་ལ་ཆེན་པོ་དང༌། ཁྱད་པར་བཤེས་གཉེན་དང༌། ཤེས་རབ་གོ་ཆ་དང༌། འདུལ་འཛིན་སློབ་དཔོན་དཔའ་བོ་ཞེས་བྱ་བ་རྣམས་བྱུང་ཞིང༌། ཤར་ཕྱོགས་སུ་ནི་སློབ་དཔོན་ཡེ་ཤེས་སྙིང་པོའང་བཞུགས་པ་ཡིན་ལ། གང་དག་ལེགས་ལྡན། སྤྱན་རས་གཟིགས་བརྟུལ་ཞུགས། སངས་རྒྱས་ཡེ་ཤེས་ཞབས། ཡེ་ཤེས་སྙིང་པོ། ཞི་བ་འཚོ་ཞེས་དབུ་མ་རང་རྒྱུད་པའི་བརྒྱུད་པའི་བརྒྱུད་པ་འདེད་པ་ནི། ཞི་བ་འཚོའི་དབུ་མ་རྒྱན་ལ། བརྒྱད་སྟོང་འགྲེལ་ཆེན་དུ་སེང་བཟང་གི་འགྲེལ་པ་མཛད་པ་མ་མཐོང་ཞིང༌། སངས་རྒྱས་ཡེ་ཤེས་སེང་བཟང་གི་སློབ་མ་ཡིན་པར་མ་དྲན་པར། སངས་རྒྱས་ཡེ་ཤེས་ཀྱི་སློབ་མ་ཡེ་ཤེས་སྙིང་པོར་འདོད་པ་བླུན་པོའི་བླུན་རྟགས་བསྟན་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཞི་བ་འོད་དང་། ནུབ་ཕྱོགས་སུ་སློབ་དཔོན་ཤཱཀྱ་འོད་དང་། ཤར་ཕྱོགས་སུ་སློབ་དཔོན་ཡེ་ཤེས་སྙིང་པོ་རྣམས་དུས་མཉམ་དུ་བཞུགས་པ་ལྟར་ན། སློབ་དཔོན་ཡེ་ཤེས་སྙིང་པོ་ནི་མཁན་ཆེན་ཞི་འཚོའི་སློབ་དཔོན་ཡིན་པས་དུས་རབས་བརྒྱད་པའི་ནང་ཙམ་དུ་བྱོན་པས་ན། སློབ་དཔོན་ཤཱཀྱ་འོད་ཀྱང་དུས་རབས་དེ་མཚུངས་འབྱོན་དགོས་པར་འགྱུར་བས། བོད་ཡིག་གི་ཡིག་ཆ་ཕལ་མོ་ཆེའི་ནང་དུ་སློབ་དཔོན་ཤཱཀྱ་འོད་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མ་ཡིན་པར་གསུངས་པ་དུས་མི་འགྲིག་སྟེ། སློབ་དཔོན་ཡོན་ཏན་འོད་ནི་སློབ་དཔོན་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་འདུལ་བ་རང་ལས་མཁས་པ་དེ་ཡིན་པ་རྩོད་མེད་ཡོངས་གྲགས་ལ་བརྟེན། ཐོགས་མེད་སྐུ་མཆེད་རྣམ་གཉིས་ནི། འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[13]། ཕྱི་ལོའི་དུས་རབས་ལྔ་པའི་དཀྱིལ་ཙམ་ལ་ཐེག་ཆེན་ལ་མཛད་རྗེས་ཆེན་པོ་བཞག་པའི་སྐྱེས་བུ་ཆེན་པོ་སྤུན་གཉིས་བྱུང་སྟེ། ཐོག་མར་སྤུན་གཉིས་ཀའི་མཚན་ལ་བ་སུ་བན་དྷུ་སྟེ་དབྱིག་གཉེན་ཞེས་པར་བཏགས། ཕྱིས་སུ་ཕུ་བོའི་མིང་ལ་ཨ་སང་ག་སྟེ་ཐོགས་མེད་དུ་བསྒྱུར་ཅིང་། གཅུང་ལ་དབྱིག་གཉེན་དུ་འབོད། ཅེས་གསུངས་པ་ལྟར་དུས་རབས་ལྔ་པའི་གོང་དུ་བྱོན་པས་དུས་རབས་འགའ་ཞིག་གིས་བྱོན་སྔ་ཕྱིའི་བར་ཁྱད་ཡོད། ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་བླ་སློབ་ཡིན་མིན་སྐོར་ཞིབ་ཕྲ་གཤམ་གྱི་ས་བཅད་དུ་གཟིགས་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༢༠༠

[2] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༣༢༤

[3] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༢༥༦

[4] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤

[5] རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།

[6] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ༢༠༠༨ ལོ། ཤོག་གྲངས་ ༤༡༩

[7] འགའ་ཞིག་ཏུ་ས་མ་ཏའམ། ས་མ་ཏ་ཏར་ཞེས་བྱུང་ལ། འདི་སློབ་དཔོན་ཟླ་བ་གྲགས་པའི་འཁྲུངས་གནས་ཡིན་ཞེས་རིགས་པ་དྲུག་ཅུ་པའི་འགྱུར་བྱང་དུ་གསུངས།

[8] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༨༤༩

[9] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤༧

[10] རྒྱ་གར་པཎ་གྲུབ་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༥༦༦

[11] ཞལ་འདོན་གཅེས་བཏུས། འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༥༤

[12] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤༨

[13] ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥།༣ ཤོག་ ༡༣༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༣ ནས་ ༣༤༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *