ཁ༽ སློབ་དཔོན་ཤཱཀྱ་འོད་ཀྱི་སྐུ་ཡི་ཆ་ལུགས།

ཁ༽ སློབ་དཔོན་ཤཱཀྱ་འོད་ཀྱི་སྐུ་ཡི་ཆ་ལུགས།

 

དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་ཐོར་བསྡུས་སྤེལ་བར་རྒྱབ་ཡིག་སྨོན་ལམ་ལས[1]།

ཤཱཀྱ་སེང་གེའི་བཅས་ཁྲིམས་ཨུཏྤལ་ཐོད། །

མ་རྙིང་བག་ཡོད་རང་འོད་འདོམ་གང་གིས། །

འཁོར་འདས་ཉིན་མཚན་བར་མེད་རབ་གསལ་ལྷའི། །

རྐང་རྗེས་ནོན་པའི་གོམ་པ་དེང་འགོད་ཤོག །

ཅེས་དང་། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ (1884-1968) མཛད་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ་ལས[2]།

ཡང་དག་གསུང་གི་སྙིང་པོ་འདུལ་བའི་བསྟན། །

བསྟན་པའི་གཞི་མར་སྤེལ་ལ་མཁས་པའི་དབང་། །

དབང་ཡིད་ལུས་ངག་ཞི་དུལ་བཙུན་པའི་མཆོག །

མཆོག་གི་སློབ་དཔོན་དམ་པ་ཤཱཀྱ་འོད། །

ཅེས་བསྟོད་ཕྱག་མཛད་ཡུལ་འདུལ་འཛིན་མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་ཀྱི་སྐུའི་ཆ་ལུགས་ནི། རྟེན་རབ་བྱུང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། གནས་ལྔ་རིག་པ་སྤྱི་དང་། བྱེ་བྲག་སྡེ་སྣོད་གསུམ་ལས་འདུལ་བའི་སྡེ་སྣོད་ལ་ཤིན་ཏུ་མཁས་པས་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་མནབས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གཡོན་དུ་འདུལ་བའི་གླེགས་བམ་བསྣམས་པའམ། བྲིས་ཆ་ལ་ལར་ཕྱག་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་ཅིང་། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའི་སྐུ་རྒྱབ་ཏུ་འདུལ་བ་ལུང་སྡེ་བཞིའི་གླེགས་བམ་བརྩེགས་པ། སྐུ་ཚེའི་རིང་ལ་འདུལ་བའི་བཅས་ཁྲིམས་ཕྲ་ཞིབ་རྣམས་རང་གིས་ཕྱག་ལེན་དུ་བསྟར་ཞིང་། གཞན་ལའང་སྤེལ་བར་མཛད་པའི་མཚོན་དོན་དུ་སྤྱོད་ལམ་ཞི་དུལ་གྱི་རྣམ་པ་དང་། དམ་ཆོས་འདུལ་བའི་གཞུང་ནས་གསུངས་པའི་དགེ་སློང་གི་འཚོ་བའི་ཡོ་བྱད་ལས་ཆུ་ཚགས་དང་། གཞན་ཡང་ལྷུང་བཟེད་དང་། འཁར་གསིལ། དེ་མིན་ཟ་མ་ཏོག་སོགས་བཅངས་བཞིན་བཞུགས་པའམ་བཀོད་པའི་རྣམ་རོལ་དུ་བཞུགས་པའོ།།

དེ་ཡང་གསོལ་ལྷུང་ངམ་ལྷུང་བཟེད་ནི། སྤྱིར་བཏང་འཚོ་བའི་ཁྲོད་དུ་སེར་མོ་དང་སྐྱ་བོའི་བར་གྱི་རྒྱུན་མཁོའི་ཡོ་བྱད་རིགས་བེད་སྤྱོད་ཚུལ་ལ་ཧ་ལམ་མི་འདྲ་བ་མེད་པ་ལྟ་བུར་མཐོང་མོད། ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་སྔོན་ནས་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་ལྷུང་བཟེད། ཅེས་པའི་སྣོད་ཁྱད་པར་ཅན་འདི་ཉིད་དགེ་སློང་དག་ལ་གནང་ཡོད་ཅིང་། ལྷུང་བཟེད་ཀྱི་བཟོ་དབྱིབས་དང་ཆེ་ཆུང་གི་ཁྱད་པར་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[3]། ལྷུང་བཟེད་ནི། སངས་རྒྱས་ཆོས་ལུགས་པའི་དགེ་སློང་རྣམས་ཀྱིས་བསོད་སྙོམས་སློང་བའི་སྣོད་ཅིག་ཡིན། དེ་ཡང་རྒྱུ་ནི་ལྕགས་དང་འཇིམ་པ་གང་རིགས་ལས་བྱས་པ་མདོག་ནག་པོ། བཟོ་དབྱིབས་སྒོ་ང་ཕྱེད་ཀ་བཅད་པ་ལྟ་བུ་ལ་དགེ་སློང་ཕ་ཡི་ལྷུང་བཟེད་ཆེ་ཚད་ནི་རྒྱ་གར་མ་ག་དྷ་ཡི་བྲེ་གང་གི་ཚད་ཀྱི་འབྲས་རླངས་བཙོས་བྱས་པ་འཕེལ་བའི་ཕུལ་བཅུ་གསུམ། དེའི་སྟེང་སྔོ་ཚོད་ཕུལ་བཞི། སྟོང་པ་ཕུལ་གང་བཅས་ཕུལ་བཅོ་བརྒྱདཤོང་བ་ཞིག་དང་། ཆུང་ཚད་ནི་འབྲས་བྲེ་གང་བཙོས་ནས་འཕེལ་བའི་ཕུལ་དྲུག །དེའི་སྟེང་སྔོ་ཚོད་ཕུལ་དོ། སྟོང་པ་ཕུལ་གང་སྟེ་ཕུལ་དགུ་ཤོང་བ་ཞིག་ཡོད་ཅིང་། དེ་གཉིས་ཀྱི་བར་ནི་འབྲིང་ཚད་ཡིན་ལ། དགེ་སློང་ཕའི་ལྷུང་བཟེད་ཆུང་ཚད་དེ་དགེ་སློང་མའི་ལྷུང་བཟེད་ཆེ་ཚད་ཡིན་པ་སོགས་ཞིབ་པར་འདུལ་བའི་གཞུང་རབ་བྱུང་གི་གཞིའི་སྐབས་སུ་གསལ། ཞེས་གསུངས་པ་ལྟར་རོ།།

དེ་བཞིན་ལྷུང་བཟེད་འཆང་བའི་མཚོན་དོན་ནི། ༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1682) མཛད་པའི་དགེ་སློང་གི་སྡོམ་པ་འབོགས་ཆོག་བྱ་ཚུལ་ལས[4]། འདི་ལྷུང་བཟེད་ཅེས་བྱ་བ་ཁྱིམ་པའི་ཁ་ཕོར། མུ་སྟེགས་ཀྱི་སློང་ཕོར། རབ་བྱུང་དམན་པ་གཞན་ལས་སྣོད་སྤྱད་ཀྱི་རྟགས་ཁྱད་པར་ཅན་དུ་གྱུར་པ་ཡིན། འདི་ཟས་ཀྱིས་འགེངས་པ་བཞིན་དུ། རང་གི་ཤེས་རྒྱུད་ཡོན་ཏན་གྱིས་འགེངས། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ལ་ལོངས་སྤྱོད། མཐའ་གཉིས་སྤངས་པའི་བསོད་སྙོམས་སྤྱོད་པའི་སྣོད་དུ་སྟོན་པས་གནང་བ་ཡིན་པས། དུས་རྒྱུན་དུ་སྣོད་སྤྱད་འདི་ལྟ་བུ་འཆང་སྙམ་པ་གྱིས། འདིང་བ་ལ་འཆང་ལུགས་སྔར་བཞིན་བྱས་ལ། འདི་གདིང་བ་བྱ་བ་ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ་ཕལ་ཆེར་མ་ཉམས་པ་དང་། དགེ་འདུན་གྱི་རྩྭའི་གདན་མ་གཏོགས་པ་གནས་མལ་ལ་ལོངས་སྤྱོད་པའི་དུས་སུ། འདིས་བསྐྱབས་ནས་ལོངས་སྤྱོད་དགོས་པ་ཡིན། ཞེས་གསུངས་པ་ལྟར་རོ།།

ལྷུང་བཟེད་འཆང་ཚུལ་ཡང་། བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས་ལས[5]། ཚུལ་ཇི་ལྟར་འཆང་ན། ལྷུང་བཟེད་ལ་ཞབས་རྟེན་གྱི་གཞི་མེད་པར། གད་པ་དང་གཡང་སོགས་ངོས་མི་མཉམ་པའི་སར་མི་བཞག་པ་དང༌། ཆུ་ཀླུང་དྲག་པོའི་བཟློག་ཕྱོགས་སུ་མི་འཆུ་བ་དང་། ལམ་གྱི་བཞི་མདོར་ལངས་ཏེ་མི་བཀྲུ་བ་སོགས་ལྷུང་བཟེད་ལ་སྤྱོད་པའི་ཆོས་བཅུ་བཞི་བཅོམ་ལྡན་འདས་ཀྱིས་འདུལ་བ་ལུང་ལས་ཇི་ལྟར་གསུངས་པ་བཞིན་ནོ། །ཞེས་ཀུན་སློང་བཟང་པོ་བཅས་འཆང་དགོས་པར་གསུངས་སོ།།

གཞན་ཡང་མཁར་གསིལ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) ཀྱིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། དགེ་སློང་གི་ལག་ཏུ་འཆང་བའི་མཁར་གསིལ་ཞེས་པ་ཞིག་ཡོད་པ་དེ་ཡིན། འདི་དགེ་སློང་འགའ་ཞིག་གིས་བསྣམས་པ་ལས་དགེ་སློང་ཚང་མས་བསྣམས་པའི་ངེས་པ་མེད། ཅེས་གསུངས་པ་ལྟར་པཎ་གྲུབ་བཅུ་བདུན་ལས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཤཱཀྱ་འོད། སློབ་དཔོན་སེངྒེ་བཟང་པོ་རྣམས་ཀྱི་སྐུ་ཐང་ཁག་གི་སྐུ་རྒྱབ་ཏུ་མཁར་གསིལ་འབྲི་བཞེངས་གནང་ཡོད། དེ་ལྟའི་རབ་བྱུང་ལ་གནོད་འཚེ་བསྲུང་བའི་ཕྱིར་དུ་སྟོན་པས་གནང་བའི་ཨ་ལོང་བཅུ་གཉིས་དང་ལྡན་པའི་འཁར་བ་རྒྱུ་ལྕགས་དང་ཤིང་གཉིས་ལས་གྲུབ་པའི་འཁར་བསིལ་གྱི་དག་སྡེབ་ལ་སྐབས་འགར་མཁར་བསིལ་དང་མཁར་གསིལ་ཞེས་འབྲི་སྲོལ་འགའ་ཞིག་བྱུང་ཡོད།

འཁར་གསིལ་གྱི་སྒྲ་བཤད་དང་མཚོན་དོན་ནི། སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[7]། འཁར་གསིལ། (འདུལ་བ) དགེ་སྦྱོང་གིས་རྒྱུན་དུ་འཆང་རྒྱུའི་དབྱུག་པ་ཞིག །སྒྲ་བཤད་ནི། འཁར་ནི་རྒྱུག་པའམ་དབྱུག་པ། གསིལ་ནི་སྒྲའི་བྱེ་བྲག་གོ །འཁར་གསིལ་གྱི་མཚོན་དོན་ནི། འཁར་གསིལ་གྱི་ཡས་མས་ཀྱི་ལྕགས་གཉིས། བར་གྱི་ཤིང་སྟེ་གསུམ་གྱིས་བསླབ་པ་གསུམ། སྟོད་ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། སྨད་ཟུར་བདུན་བྱང་ཆུབ་ཀྱི་ཡན་ལག་བདུན། རྭ་བཞི་བདེན་པ་བཞི། རྭ་རེ་ལ་ཨ་ལོང་གསུམ་གསུམ་སྟེ་བཅུ་གཉིས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས། དབུས་རྭའི་རྩེ་མོའི་མཆོད་རྟེན་གཉིས་ཀྱིས་ཆོས་གཟུགས་ཀྱི་སྐུ། རྟིང་པའི་རྒྱ་མདུད་ངན་སོང་གི་སྒོ་འགེགས་པ། བར་གྱི་ལྕགས་ཀྱུས་ངན་སོང་གི་གནས་ནས་འདྲེན་པ་མཚོན་པར་གསུངས་སོ། །དེ་ལ་དབྱེ་ན། རྭ་གཅིག་པ། རྭ་གཉིས་པ། རྭ་བཞི་པ། རྭ་དྲུག་པ་རྣམས་སོ། །འདི་ལ་འཁར་གསིལ། གསེག་ཤང་། གོ་བྱེད། ཁྱི་སྐྲོད། སིལ་བྱེད་ཅེས་ཀྱང་བྱའོ། །འཁར་བསིལ་གྱི་སྐོར། འཕགས་པ་འཁར་བསིལ་གྱི་མདོ་ཞེས་བྱ་བ། སྡེ་དགེ་སྤར་མའི་མདོ་ ༼ས༽ ༢༧༡ན༥ དང་། དེའི་མཇུག་ཏུ། འཁར་བསིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག་ཞེས་བྱ་བར། ཞིབ་པར་གསུངས་ཡོད་པས་དེར་བལྟ་བར་བྱའོ། །ཞེས་གསལ་བ་ལྟར་རོ།།

གཞན་ཡང་མཁར་གསིལ་གྱི་མཚོན་དོན་ནི། གངས་ཅན་ཤེས་རིག་བང་མཛོད་ལས[8]། དགེ་སློང་རྣམས་ཀྱིས་ཚུལ་བཞིན་འཆང་འོས་པའི་ཆོས་ཀྱི་ཡོ་བྱད་ཅིག་སྟེ། འཁར་གསིལ་གྱི་མགོ་དང་རྔ་མ་གཉིས་ལྕགས་དང་རྐེད་པ་ཤིང་ལས་བྱས་ཤིང་། རུ་གཉིས་པ་དང་བཞི་པ་གང་ཡང་རུང་བར་བཤད་ལ། ཚད་ནི་རྭ་མཐོ་གཅིག་དང་སོར་བཞི་དང༌། དེ་མན་ཆད་ནི་ལུས་ཚད་དང་མཉམ་པར་བྱ་ཞིང་། མཚོན་བྱེད་ཀྱང་དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་ངན་སོང་གསུམ་གྱི་སྡུག་བསྔལ་གསུམ་རྟག་ཏུ་དྲན་ཞིང་། ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་སྟེ་ལྷག་པའི་བསླབ་པ་གསུམ་རང་རྒྱུད་ལ་བསྟེན་པ་མཚོན་ཕྱིར་སྟོད་སྨད་བར་གསུམ་སྟེ་རིམ་པ་གསུམ་དང་། བསླབ་པ་གསུམ་ཟུང་དུ་འབྲེལ་ཕྱིར་སྦྲེལ་ཐག་ཅན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་སོགས་འཕགས་ལམ་ཡན་ལག་བརྒྱད་མཚོན་ཕྱིར་འཁར་གསིལ་གྱི་ཡུ་བ་རྒྱབ་གཞོགས་སུ་བྱས་པ། རྒྱ་མདུད་ནི་ངན་སོང་གི་སྐྱེ་སྒོ་གཅོད་པའི་བརྡ་དང་འཁོར་ལོ་གསུམ་དང་ལྕགས་ཀྱུས་ནི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་དང་འགྲོ་བ་རྣམས་ཐར་པའི་ལམ་དུ་འདྲེན་པར་བྱེད་པ་མཚོན། རྭ་གཉིས་པས་ནི་བདེན་པ་གཉིས་དང་དེ་བཞིན་རུ་བཞི་པས་ནི་ཀུན་འབྱུང་སོགས་འཕགས་པའི་བདེན་པ་བཞི་མཚོན། སིལ་སྙན་གྱི་སྒྲ་ཁྲོལ་བའི་ལྕགས་ཀྱི་ཨ་ལོང་བཅུ་གཉིས་ཀྱིས་ནི་གསུང་རབ་ཡན་ལག་བཅུ་གཉིས་དང༌། སྟེང་གི་མཆོད་རྟེན་གྱིས་སྤྲུལ་པའི་སྐུ་མཚོན་པ་དང་། ནང་མ་ནི་ལོངས་སྤྱོད་རྫོགས་པའི་སྐུ་མཚོན་བྱེད། བར་སྟོང་གིས་ཆོས་ཀྱི་སྐུ་མཚོན་པ་ཡིན། ཞེས་བྱུང་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ༸རྒྱལ་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༢༤༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༤༨༧

[2] ཤེས་རབ་རྒྱ་མཚོའི་གསུང་འབུམ། གསུང་ཐོར་བུ། ༼༡༽ དཔེ་རིང་། ཤོག་གྲངས་ ༦༡བ༤ ནས་ ༦༢བ༣ བར།

[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༨༤

[4] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། པོད། ༼༡༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༥༨

[5] བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས། ༼༤༧༽ འབྲས་བློ་གླིང་ཤེས་ཡོན་ལྷན་ཚོགས། ༢༠༠༠ ལོ། ཤོག་གྲངས་ ༨༣

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༣༢

[7] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ། ༼༡༽ ཐེ་ཝན་པར་མ། ༢༠༡༣ ལོ། ཤོག་གྲངས་ ༢༤༧

[8] གངས་ཅན་ཤེས་རིག་བང་མཛོད། ༼༡༽ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ༢༠༦ ལོ། ཤོག་གྲངས་ ༤༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༥ ནས་ ༣༣༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *