ཕ༽ སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར་གྱི་སྙིང་པོ།
བཅོམ་བརླག་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། །
དབྱིག་གཉེན་བསྟེན་ནས་འདུལ་བ་རང་ཉིད་ལས། །
མཁས་པའི་མཆོག་གྱུར་འདུལ་གཞུང་མདོ་རྩ་མཛད། །
འདུལ་བའི་རྒྱན་འགྱུར་ཡོན་ཏན་འོད་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་གུ་ཎ་པྲ་བྷ་ (गुणप्रभः) (Guṇaprabha) དང་། རྒྱའི་སྐད་དུ་ (功德光) བོད་སྐད་ཀྱི་མཚན་ལ་ཡོན་ཏན་འོད་ཅེས་ཞུ་ཞིང་།
དུས་རབས་ལྔ་པ་དྲུག་པ་ཙམ་ལ་མ་ཐུ་ར་སྟེ་ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་ཡབ་ཟླ་བས་བྱིན་དང་། ཡུམ་ལེགས་བྱིན་མའི་སྲས་སུ་སྐུ་འཁྲུངས། ཐམས་ཅད་ཡོད་སྨྲའི་སྡེ་ལས་ཡུལ་བཅོམ་བརླག་ཏུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གདན་ས་དཔལ་ནཱ་ལེནྡྲར་སློབ་དཔོན་དབྱིག་གཉེན་བླ་མར་བསྟེན་ནས་སྡེ་སྣོད་གསུམ་དང་ཁྱད་པར་དུ་འདུལ་བ་འབུམ་སྡེ་ལ་སྦྱངས་པ་ཕུལ་དུ་ཕྱིན་ནས། དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞི་ལས་འདུལ་བ་རང་ལས་མཁས་པར་གྱུར། གཞུང་འབུམ་ཕྲག་བཅོ་བརྒྱད་ཐུགས་ལ་མངའ་ཞིང་ས་གསུམ་པ་བརྙེས་པར་གྲགས། ཨ་གྲ་པུ་རིའི་གཙུག་ལག་ཁང་དུ་བཞུགས་ནས་འདུལ་བའི་བསྟན་པ་ལྷག་པར་དར་བར་མཛད་དེ་སློབ་མ་འདུལ་བ་འབུམ་སྡེ་ཐོན་པ་ལྔ་བརྒྱ་ཙམ་བྱུང་ཞིང་། རྒྱལ་པོ་ཤྲཱི་ཧརྴས་སྦྱིན་བདག་གནང་སྟེ་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་འདུལ་བ་མདོ་རྩ་སོགས་བསྟན་བཅོས་ ༧ མཛད་པ་བསྟན་འགྱུར་དུ་བཞུགས། དགུང་ལོ་བཞི་བརྒྱ་བཞུགས་ཤིང་། སློབ་མ་སློབ་དཔོན་ཤཱཀྱ་བཤེས་གཉེན་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བསྐྱངས། འདུལ་འཛིན་མཆོག་གཉིས་ཀྱི་ཡ་གྱལ་དང་། འདུལ་བ་རིགས་གཅིག་རྐང་འཛིན་མཛད། པཎ་གྲུབ་བཅུ་བདུན་ལས་བཅོ་ལྔ་པ་ཡིན་ལ། མཐར་ཡུལ་བཅོམ་བརླག་ཏུ་སྐུ་གཤེགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༥ ནས་ ༣༡༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།