༢༽ འདུལ་བ་མདོ་རྩ་བའི་བརྗོད་བྱ།
དེ་ཡང་ཤར་པ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ལས[1]།
ཡོན་ཏན་འོད་ཅེས་ས་གསུམ་རབ་གྲགས་པ། །
རྒྱལ་བའི་རིང་ལུགས་འཛིན་པ་དེས་མཛད་པ། །
ཐུབ་པའི་ནང་མཛོད་འདུལ་བ་འབུམ་སྡེའི་དོན། །
མ་ལུས་སྡུད་བྱེད་ལེགས་བཤད་འདི་བྱས་སོ། །
ཞེས་དང་། དེ་བཞིན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ཡལ་འདབ་བརྒྱད་པ་ལས[2]། གླེང་བཞི་ཕན་ཡོན་བསླབ་པ་དང་། །ལྟུང་དང་ལྟུང་མེད་བསླབ་བྱ་སྟེ། །དོན་ཆེན་དྲུག་གིས་སོ་ཐར་མདོ། །རྣམ་པར་བཤད་པ་རྣམ་འབྱེད་དང་། །རབ་བྱུང་ལ་སོགས་གཞི་བཅུ་བདུན[3]། །ཞིབ་ཏུ་སྟོན་པ་ལུང་གཞི་ཡི། །འགྲེལ་པ་ཕྲན་ཚེགས་སྒོ་བརྒྱད་དང་། །འགྲེལ་བཤད་ཞུ་བ་འདུལ་བྱེད་སོགས། །བླ་མའི་གཞུང་སྟེ་ལུང་སྡེ་བཞི། །མ་ཚང་ཁ་བསྐང་འཁྲུགས་པ་བསྡེབས། །རུང་མཐུན་ཞིབ་པར་སྦྱར་བ་ཡི། །མདོ་རྩ་རང་འགྲེལ་བཅས་པ་མཛད། །ཅེས་དང་། མཁས་གྲུབ་ཐམས་ཅད་མཁྱེན་པས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས་[4]ཀྱང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་གཞི་བཅུ་བདུན། རྣམ་དབྱེ་གཉིས་དང་བཅས་པ་སྟོན་པ་བམ་པོ་དགུ་དང་། དེ་ཉིད་ཀྱིས་མཛད་པའི་འདུལ་བའི་ཀརྨ་ཤ་ཏཾ་ལས་བརྒྱ་རྩ་གཅིག་པ་བམ་པོ་བཅུ་གཉིས་པ་དང་། མདོ་རྩའི་རང་འགྲེལ་ཉིད་ཀྱི་རྣམ་བཤད། ཅེས་གསུངས་པ་ལྟར་འདུལ་བ་མདོ་རྩའི་བརྗོད་བྱ་ནི། སངས་རྒྱས་ཀྱི་གསུང་རབ་ནང་བཞུགས་པའི་འདུལ་བ་རྣམ་འབྱེད་དང་། འདུལ་བ་ལུང་བཞི། འདུལ་བ་ཕྲན་ཚེགས། འདུལ་བ་གཞུང་དམ་པ་སྟེ་འདུལ་བ་ལུང་སྡེ་བཞིའི་བརྗོད་དོན་རྣམ་གོ་རིམ་བཞིན་དུ་བསྒྲིགས་ནས་གནད་ཚང་བར་མཛད་པ་ཞིག་ཡིན་ནོ།།
དེ་བཞིན་རྒྱ་གར་གྱི་སློབ་དཔོན་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་འདུལ་བ་བདུད་རྩིའི་རྒྱན་གྱི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[5]། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་འདིའི་ནང་དོན་ནི། སངས་རྒྱས་ཀྱི་གསུང་རབ་ནང་བཞུགས་པའི་འདུལ་བ་ལུང་སྡེ་བཞིའི་བརྗོད་དོན་རྣམས་གོ་རིམ་དུ་བསྒྲིགས་ནས་གནད་ཚང་བར་མཛད་པ་ཞིག་ཡིན། འདི་ལ་ལེའུ་ཉི་ཤུ་དང་བམ་པོ་དགུ་ཡོད། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་མུ་ཏིག་བཙན་པོའི་དུས་སུ་རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་སྣར་ཐང་པར་མའི་མདོ་ཕྱོགས་ལེ་ཚན་ ༼ཟ༽ པའི་ནང་ཡོད། འདི་ལ་སློབ་དཔོན་རང་ཉིད་ཀྱིས་མཛད་པ་པཎྜི་ཏ་ཨ་ལངྐ་དེ་བ་དང་། བོད་ཀྱི་ལོ་ཙཱ་བ་སྟེང་པ་ཚུལ་ཁྲིམས་འབྱུང་གནས་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་སྣར་ཐང་པར་མའི་མདོ་ཕྱོགས་ལེ་ཚན་ ༼འུ༽ ༼ཡུ༽ གཉིས་སུ་ཆ་ཚང་ཡོད། དེ་མིན་བསྟན་འགྱུར་མདོ་ཕྱོགས་ལེ་ཚན་ ༼རུ༽ ༼ལུ༽ ༼ཤུ༽ ༼སུ༽ བཅས་ལ་པོད་བཞི་ཡོད་ཅིང་། དུས་རབས་བཅུ་གསུམ་པའི་དཀྱིལ་དུ་བཀའ་གདམས་པའི་དགེ་བཤེས་མཚོ་སྣ་བས་མཛད་པའི་འདུལ་བ་མདོ་རྩ་བའི་མཆན་འགྲེལ་ཉི་མའི་འོད་ཟེར་ཞེས་པ་ཧ་ཅང་ལེགས་པོ་ཞིག་ཡོད་པ་བོད་ཡོངས་སུ་ཁྱབ་ཆེ་ཞིང་། དེ་སྔོན་ལྷ་སར་ཤིང་པར་ཡང་ཡོད། ཅེས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་གསུང་གི་བསྟན་བཅོས་ཇི་ཡོད་དང་། འདུལ་བ་མདོ་རྩ་བའི་བརྗོད་བྱ། བསྟན་བཅོས་དེ་དག་རྒྱལ་པོ་གང་གི་སྐུ་དུས་སུ་འཕགས་བོད་ལོ་པཎ་གང་དག་གིས་བསྒྱུར་ཞུས་གཏན་འབེབས་མཛད་མིན། བསྟན་འགྱུར་གྱི་པོད་གང་དུ་བཞུགས་མིན་བཅས་གསལ་བར་གསུངས་པ་ལྟར་རོ།།
དེ་བཞིན་སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་ (1874-1952) མཆོག་གིས་མཛད་པའི་གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ་ལས[6]།
ཕྲ་རགས་བཅས་མཚམས་མིག་གི་འབྲས་བཞིན་བསྲུང་། །
ཞི་དུལ་བག་ཡོད་ཁྲིམས་ཀྱི་ལེགས་པར་བརྒྱན། །
ནང་མཛོད་བསྟན་པའི་བདག་པོ་ཟླ་མེད་པ། །
འདུལ་འཛིན་གཙུག་རྒྱན་ཡོན་ཏན་འོད་ཀྱི་ཞབས། །
ཞེས་འདུལ་འཛིན་ཀུན་གྱི་གཙུག་རྒྱན་སློབ་དཔོན་ཡོན་ཏན་འོད་ནི། མཁས་མཆོག་དབྱིག་གཉེན་གྱི་དངོས་སློབ་འདུལ་བའི་བསྟན་པའི་བདག་པོ་ལྟ་བུ་ཡིན་ཏེ། གཞུང་ཆེན་བཀའ་པོད་ལྔ་ལས་འདུལ་བ་མདོ་རྩ་བ་མཛད་པ་པོ་ཡིན་ལ། དེ་ཉིད་རྩ་བར་བཟུང་བའི་འདུལ་བའི་འགྲེལ་པ་དང་། སྤྱི་དོན། མཐའ་དཔྱོད། མཆན་འགྲེལ། སྡོམ་ཚིག་སོགས་ཀྱི་གཞི་རྩར་གྱུར་ཡོད། འདུལ་བ་མདོ་རྩ་བ་དང་། འདུལ་བའི་ལས་ཆོག་ཀརྨ་ཤག་ཏམ་སྟེ་ལས་བརྒྱ་རྩ་གཅིག་པ་སོགས་བསྟན་བཅོས་རྣམས་ཀྱང་བོད་སྐད་དུ་བསྒྱུར་ནས་བཞུགས་ཡོད་ལ། དེ་དག་གི་འཆད་ཉན་གྱི་རྒྱུན་ཡོད་པར་མ་ཟད། འདུལ་བ་མདོ་རྩའི་བཤད་ལུང་གི་རྒྱུན་ཡང་མ་ཉམས་པར་བཞུགས་ཡོད་ཅིང་། རྒྱལ་བསྟན་གྱི་སྲོག་རྩ་མ་འགགས་པར་འཆད་ཉན་གྱི་ཕྱག་ལེན་གསོན་པོར་གནས་ཡོད་པ་ནི་པཎ་གྲུབ་འདི་དག་གི་ཐུགས་རྗེ་དང་བཀའ་དྲིན་ལགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ས་སྐྱ་པའི་བླ་མ་ཁ་ཤས་ཀྱི་རྣམ་ཐར། ༼ཁ༽ དཔེ་རིང་། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ཤོག་གྲངས་ ༩ན༥
[2] རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར་བཞུགས།
[3] གཞི་བཅུ་བདུན་ནི། རབ་བྱུང་གི་བསྒྲུབ་པའི་བསླབ་བྱ་ལ། སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་པ་རབ་བྱུང་གི་གཞི་གཅིག་དང་། ཐོབ་པ་མི་ཉམས་པར་བསླབ་པ་བསྲུང་བའི་གཞི་དགུ་དང་། ཉམས་པ་ཕྱིར་བཅོས་ཀྱི་གཞི་བདུན་ཏེ་བཅུ་བདུན་ནོ།།
[4] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༠
[5] དེབ་ཐེབ་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༤༥༤
[6] ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ། ༼༢༽༼ན༽ དཔེ་རིང་། ཤོག་གྲངས་ ༡༩ན༢ ནས་ ༢༠ན༢ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༣ ནས་ ༣༠༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།