ཁ༽ སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་ཡི་ཆ་ལུགས།

ཁ༽ སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་ཡི་ཆ་ལུགས།

 

དེ་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་སྤྱིའི་དོན་མཐའ་དཔྱད་དང་བསྡུས་དོན་ས་བཅད་དང་འབྲུ་ཡི་དོན་མཐར་ཆགས་སུ་གཉེར་བ་བཅས་འཛམ་བུའི་གླིང་གསལ་བར་བྱེད་པའི་རྒྱན་ཉི་མའི་དཀྱིལ་འཁོར་ལས[1]།

གསུང་རབ་ཨུཏྤལ་བཞད་པའི་ལྟེ་བ་ནས། །

རྣམ་དཔྱོད་ཕམ་པ་བྲལ་བའི་ལུང་རིགས་ཀྱིས། །

འདུལ་བ་ཡིད་བཞིན་མགྲིན་སྙན་བསྒྱུར་བྱས་ཏེ། །

དོན་གྲུབ་གར་བྱེད་ཡོན་ཏན་འོད་ལ་འདུད། །

ཅེས་བསྟོད་ཕྱག་མཛད་ཡུལ་སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་ཡི་ཆ་ལུགས་ནི། ཀརྨ་པ་ཆོས་གྲགས་རྒྱ་མཚོས་ (1454-1506) མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[2]།

ལུགས་བཟང་གསེར་གྱི་རི་བོ་ལ། །ཐུབ་པའི་བརྟུལ་ཞུགས་ཉི་མ་ཤར། །

ངུར་སྨྲིག་འཛིན་པའི་པད་ཚལ་རྒྱས། །ཡོན་ཏན་འོད་ཀྱི་ཞབས་ལ་འདུད། །

ཅེས་དང་། དེ་བཞིན་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ་གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་ལས[3]།

བྱམས་དང་སྙིང་རྗེའི་ནོར་འཛིན་གྱིས་བསྐྲུན་ཞིང་། །

བསླབ་གསུམ་སྦྲང་རྩིའི་རོ་ཡིས་རབ་གཏམས་པ། །

ཞི་དུལ་བག་ཡོད་འཇམ་མཉེན་གོས་ཀྱིས་མཛེས། །

སྦྲང་འཛིན་ཡོན་ཏན་འོད་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་ཡི་ཆ་ལུགས་ནི། བོད་ལུགས་བྲིས་ཐང་ལྟར་ན། སྐུ་མདོག་ཅུང་ཟད་དཀར་ལ་དམར་མདངས་ཆགས་ཤིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། སྡེ་སྣོད་གསུམ་དང་ལྷག་པར་དུ་ལྷག་པ་ཚུལ་ཁྲིམས་ཀྱི་གཞུང་ལམ་དམ་ཆོས་འདུལ་བའི་གནས་ལ་མཁས་པའི་མཆོག་ཏུ་གྱུར་ཏེ། གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ཞལ་འདོན་དུ་མཛད་ནུས་པའི་སྐྱེས་མཆོག་ཁྱད་དུ་འཕགས་ཤིང་། པཎྜི་ཏའི་མཚོན་དོན་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་བཞེས་པ། འདུལ་བའི་ལུང་དང་དགོངས་འགྲེལ་མཐའ་དག་ལ་དབང་བསྒྱུར་ནས་དེ་དག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་མདོ་རྩ་འགྲེལ་དང་བཅས་པ་མཛད་པའི་མཚོན་བྱེད་དུ་ཕྱག་རིས་འབྲི་བཞིན་པར་བཞུགས་པའི་རྣམ་པའམ། ཕྱག་གཡས་ཆོས་འཆད་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དང་། བྲིས་ཆ་ལ་ལར་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་ཅིང་། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་ཞུགས་པའི་རྣམ་པའི་རྣམ་ཅན་ནོ། །དེ་ཡང་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ་ནི་གཡོན་འོག་དང་། གཡས་སྟེང་དུ་བཞག་ནས་མཐེ་བོང་གཉིས་རྩེ་སྤྲད་པ་ནི། མཐེ་བོང་ལ་བྱང་ཆུབ་སེམས་ཀྱི་རྩ་ཡོད་པས། དེ་གཉིས་ཕན་ཚུན་དྲོད་སྐྱེ་བའི་གྲོགས་བྱས་ཏེ་བྱང་ཆུབ་ཀྱི་སེམས་གོང་འཕེལ་དུ་སོང་ནས་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་འདོད་དོན་འབད་མེད་ལྷུན་གྱིས་འགྲུབ་པ་དང་། མཉམ་བཞག་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུ་དུས་ཅིག་ཅར་དུ་མཛད་པ་མཚོན་ནོ།།

གཞན་ཡང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ཡལ་འདབ་བརྒྱད་པ་ལས[4]།

གྲུབ་དབང་ཀློང་རྡོལ་བླ་མའི་རྣམ་ཐར་ལས། །

དགུང་གཅིག་རྒྱ་གར་ནས་ཡོང་ཨ་ཙ་ར། །

སྐུ་མདོག་སྨུག་ནག་གཟི་བརྗིད་ཆེ་བ་ཞིག །

ཅེས་གསུངས་པ་ལྟར། རྟ་ཚག་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་ (1760-1810) མཛད་པའི་རྗེ་བཙུན་བླ་མ་དམ་པ་ཀུན་སྤངས་སེམས་དཔའ་ཆེན་པོ་གྲུབ་པའི་དབང་ཕྱུག་ངག་དབང་བློ་བཟང་དཔལ་བཟང་པོའི་རྣམ་ཐར་མོས་གུས་རིན་ཆེན་འདྲེན་པའི་ཤིང་རྟ་རྒྱལ་སྲས་སྤྱོད་པའི་རྒྱན་ལས[5]། ཁྱད་པར་དུ་སྡོམ་པ་གསུམ་གྱི་བཅས་མཚམས་རྣམས་ཉིན་རེ་བཞིན་བསྔོ་བགྲང་གིས་རང་རྒྱུད་དང་ཞུས་དག་མཛད་ནས་མིག་འབྲས་བཞིན་བསྲུང་བར་མཛད་ཅིང་། ཚེ་འདི་པའི་མི་སུ་དང་ཡང་གསུང་གླེང་དང་འགྲོགས་འདྲིས་གཏན་ནས་མི་མཛད་པར་ཐུགས་དམ་འབའ་ཞིག་གིས་ས་གནས་[6]དེར་ལོ་དགུ་ཙམ་བཞུགས་པས། སྡིག་སྒྲིབ་དག་པ་དང་ཉམས་རྟོགས་འཁྲུངས་པའི་མནལ་ལྟས་མང་དུ་བྱུང་ཞིང་། ཁྱད་པར་དགོང་མོ་གཅིག་རྒྱ་གར་ནས་ཡོང་བ་ཡིན་ཟེར་བའི་ཨ་ཙ་ར་ལུས་མདོག་ཤིན་ཏུ་ནག་ཅིང་གཟི་བརྗིད་ཆེ་བ་ཞིག་གིས།

སྙིགས་དུས་མ་རྒན་རྣམས་ཀྱིས་སྤྱོད་ཚུལ་ནི། །དགེ་སློང་ཚུལ་བཞིན་མཁྱེན་པ་ཁྱོད་ལ་བརྗོད། །དེང་དུས་སྐྲ་བྲེགས་ཆོས་བྱེད་ཕལ་མོ་ཆེ། །རང་རྒྱུད་ཉོན་མོངས་དགྲ་བོ་མི་འདུལ་ཞིང་། །ཉིན་མཚན་ཀུན་ཏུ་ཉོན་མོངས་ཆེར་རྒྱས་ན། །དེ་ཡི་ཐོས་བསམ་སྒོམ་གསུམ་དོན་མེད་ཡིན། །ནམ་འཆི་ངེས་མེད་ཡིད་ལ་མ་བསྒོམས་ན། །ཚེ་འདིའི་སྣང་ཤས་ཆེས་ཆེར་ཁ་རྒྱས་ནས། །དགེ་སློང་ཐོས་བསམ་སྒོམ་གསུམ་བརྩོན་པ་ཡང་། །རྙེད་དང་བཀུར་སྟིའི་མི་གཙང་འདམ་ལྷུང་ནས། །ཐར་པ་ལྟ་ཞོག་མཐོ་རིས་ཤིན་ཏུ་རིང་། །སྙིགས་དུས་སྐྱ་སེར་སྐྱེ་བོ་ཕལ་ཆེར་ནི། །མི་དགེ་བཅུ་ལ་རྟག་ཏུ་སྤྱོད་བྱེད་ཅིང་། །སྙིང་མེད་ནོར་ལ་སྙིང་གི་ནོར་བུར་འཛིན། །ཐར་པ་ལྟ་ཞོག་མངོན་མཐོའི་གོ་འཕང་ཙམ། །སྒྲུབ་འདོད་མེད་པ་སྨྱོན་པའི་ཟློས་གར་བྱེད། །མ་རུངས་སེམས་ཅན་ཕན་ལན་གནོད་བྱེད་ལ། །སྐྱོབ་པའི་གོ་ཆ་བཟང་པོ་ལེགས་གྱོན་ནས། །རྒྱལ་སྲས་སྤྱོད་ལ་རྟག་ཏུ་བརྩོན་པར་ཞུ། །

ཞེས་ཟེར་ནས་ཡལ་བ་ཞིག་བྱུང་། སང་ནངས་པར་མནལ་བསད་ནས་མནལ་ལྟས་དེ་གང་ཡིན་དགོངས་པ་ན། དེས་ཟེར་བའི་ཚིག་རྣམས་ཕལ་ཆེར་ལས་རྒྱུ་འབྲས་ཕྲ་ཞིབ་ལ་སྤང་བླང་དགོས་པ་དང་འདོད་ཆུང་ཆོག་ཤེས་ངོས་ནས་འདུལ་བའི་བསླབ་ཁྲིམས་ལ་གཅེས་སྤྲས་དགོས་པའི་གདམ་ངག་ཏུ་འདུག་པས། སློབ་དཔོན་ཡོན་ཏན་འོད་ལྟ་བུས་བདག་ལ་བླང་དོར་སྟོན་པའི་ཕྱིར་དུ་རྨི་ལམ་གྱི་རོལ་པར་སྐུའི་བཀོད་པ་བསྟན་པ་མིན་པའི་ངེས་པ་མི་འདུག་སྙམ་དུ་དད་མོས་དང་ཐུགས་ངེས་ཆེན་པོ་འཁྲུངས། ཞེས་གསལ་བ་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་ལུས་མདོག་ཤིན་ཏུ་ནག་ཅིང་། གཟི་བརྗིད་ཆེ་བ་ཞིག་ཡོད་པར་གསལ་ལོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  མི་བསྐྱོད་རྡོ་རྗེའི་གསུང་འབུམ། པོད། ༼ཇ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༩ན༡

[2]  བཀའ་བརྒྱུད་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༦༢

[3]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་། ཤོག་ ༣༡བ༦ ནས་ ༣༣ན༢ བར།

[4]  རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར་བཞུགས།

[5]  ཀློང་རྡོལ་བླ་མའི་རྣམ་ཐར་རྒྱལ་སྲས་སྤྱོད་རྒྱན། ཞོལ་དཔར་དཔེ་རིང་། ཤོག་གྲངས་ ༢༨བ༦

[6]  མཉེས་ཐང་གི་ཕུ་རི་ཁྲོད་ཀློང་རྡོལ་དུ་ཡིན་ཅིང་། དེར་ཕྱག་རྒྱ་ཆེན་པོའི་རྟོགས་པའི་ཀློང་ཐོག་མར་རྡོལ་ཚུལ་མཛད་པས་ཀློང་རྡོལ་དུ་གྲགས་པ་དེར་ཕེབས་ནས་བཞུགས་པ་རྣམ་ཐར་དུ་གསལ་ལོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༡ ནས་ ༢༣༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *