བཅོ་ལྔ་པ། སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར། ཀ༽ མཚན་དོན།

བཅོ་ལྔ་པ། སློབ་དཔོན་ཡོན་ཏན་འོད་ ༼གུཎ་པྲ་བྷ༽ ཀྱི་རྣམ་ཐར།

ཀ༽ སློབ་དཔོན་ཡོན་ཏན་འོད་ཀྱི་མཚན་དོན།

 

དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་ (1235-1280) པས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ལས[1]།

འདུལ་བ་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང་། །

དུལ་བའི་ཡོན་ཏན་དཔལ་གྱི་གཟི་ཆེ་བས། །

འཆལ་ཚུལ་སྨག་རུམ་སེལ་བའི་འོད་མཛད་པ། །

ལྷ་ཡི་ཚོགས་ཀྱིས་བཏུད་པ་དེ་ལ་འདུད། །

ཅེས་དང་། དེ་བཞིན་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[2]། ལུང་རྟོགས་ཡོན་ཏན་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །ས་གསུམ་འོད་ཀྱི་སྣང་བ་རབ་རྒྱས་པས། །འདུལ་བ་འབུམ་སྡེའི་པད་ཚལ་བཞད་པའི་གཉེན། །འཕགས་པ་ཡོན་ཏན་འོད་ལ་སྤྱི་བོས་འདུད། །རིགས་རུས་ཡོན་ཏན་འབྱོར་པའི་ཆུ་གཏེར་དབུས། །བསླབ་གསུམ་གེ་སར་དགོད་པའི་འདབ་སྟོང་ཅན། །འདུལ་འཛིན་ཆུ་སྐྱེས་དབུས་ན་འོད་འབར་བ། །ཡོན་ཏན་འོད་ཅེས་གྲགས་པའི་བ་དན་གཡོ། །ཞེས་གསུངས་པ་ལྟར་རྒྱན་དྲུག་མཆོག་གཉིས་ལས་འདུལ་བའི་རྒྱན་མཆོག་གཉིས་ཀྱི་ཡ་གྱལ་འདུལ་འཛིན་སློབ་དཔོན་ཡོན་ཏན་འོད་ཀྱི་ལེགས་སྦྱར་གྱི་མཚན་ལ་གུ་ཎ་པྲ་བྷ་དང་། (गुणप्रभा) (Guṇaprabha) རྒྱའི་སྐད་དུ་ (功德光) ཞུ་ཞིང་། ལེགས་སྦྱར་གྱི་གུཎ་ཡོན་ཏན་དང་། པྲ་བྷ་འོད་དེ་ཡོན་ཏན་འོད་ཅེས་གྲགས། དེ་ཡང་སྒྲ་བཤད་ལྟར་ན། ཡོན་ཏན་ནི་བསླབས་ནས་ངེས་པའི་བློའམ་ནུས་པ་ཞིག་ལ་བྱ་ཞིང་། སློབ་དཔོན་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ་སོགས་ཀྱི་ཡོན་ཏན་གྱི་འོད་སྣང་དཀར་པོས་འཇིག་རྟེན་གྱི་རྒུད་པ་སེལ་བའི་བྱེད་པོར་གྲུབ་པས་ཡོན་ཏན་འོད་དམ། ཆུང་ངུའི་དུས་ནས་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས་པའི་ཡོན་ཏན་ཕུལ་དུ་བྱུང་བའི་འོད་དང་ལྡན་པས་ན་མཚན་དུ་ཡོན་ཏན་འོད་ཅེས་ཐོགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༨༩

[2]  ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༩ ནས་ ༢༣༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *