༤༽ སྡུད་འགྲེལ་རྟོགས་པར་སླ་བ།
དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་འདེབས་པ་ལས[1]།
ལམ་མཆོག་ཤེར་ཕྱིན་རྒྱས་མཛད་སེང་བཟང་ཞབས། །
རྒྱལ་བའི་མན་ངག་ཀུན་འཛིན་ཀུ་ས་ལི། །
འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན། །
འགྲོ་བའི་དེད་དཔོན་གསུམ་ལ་གསོལ་བ་འདེབས། །
ཞེས་བསྔགས་པ་མཛད་པ་ལྟར་འགྲོ་བའི་དེད་དཔོན་གསུམ་གྱི་ཡ་གྱལ་ལམ་མཆོག་ཤེར་ཕྱིན་རྒྱས་པར་མཛད་པའི་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་ལེགས་བཤད་ལས་སྡུད་འགྲེལ་རྟོགས་པར་སླ་བའི་བརྗོད་བྱ་དང་། གཞུང་ཚད། སྒྱུར་བྱེད། ཚུལ་ཇི་ལྟར་མཛད་ཚུལ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ལས[2]། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་འདི་བསྒོམ་པའི་ཚེ་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང་། སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་བཞིན་དཔྱད་སྒོམ་དང་། འཇོག་སྒོམ་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྒོམས་པ་ལས་ལམ་གྱི་རྟོགས་པ་རྣམས་སྐྱེ་ཚུལ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བ་དང་། རང་གི་རྒྱུད་སྨིན་ནས་གདུལ་བྱ་གཞན་རྗེས་སུ་འཛིན་ཚུལ་རྣམས་སྟོན་པ་ལ་སློབ་དཔོན་སེངྒེ་བཟང་པོས་སྡུད་འགྲེལ་རྟོགས་པར་སླ་བ་མཛད་ཅིང་། ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་གྱི་མཛད་བྱང་ལས་[3]ཀྱང་། རྣལ་འབྱོར་མཁས་པ་འགས་ཀྱང་སྔོན་ཆད་ཡུམ་འདིའི་སྒྲུབ་པ་རིགས་པས་མ་རྟོགས་པ། །གཏི་མུག་མུན་ནག་སྨག་ནི་མ་ལུས་བསལ་བའི་མགོན་པོས་མཁྱེན་ནས་གསུངས་པ་ཡི། །རིགས་པ་ལེགས་ལྡན་ཚིག་གིས་དེ་བཤད་པ་ལས་བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་ཡོན་ཏན་རིན་ཆེན་བསྡུས་ལྡན་འདི་ནི་འགྲོ་བས་མྱུར་དུ་ཐོབ་པར་ཤོག །གང་ཞིག་མངོན་པར་རྟོགས་རྒྱན་གྱིས། །དེ་ཡིས་བསྡུས་དོན་རབ་གསལ་བ། །ཤེས་རབ་ཕ་རོལ་ཕྱིན་བཤད་པ། །རྫོགས་པར་རྟོགས་པར་སླ་བ་ཡིན། །བརྒྱད་པའི་སྡེབ་སྦྱོར་དེ་གཅིག་པའི། །ཚིགས་སུ་བཅད་པ་ཡོངས་བརྩིས་ཏེ། །ཕྱེ་བས་སྟོང་ཕྲག་གཉིས་དག་དང་། །བརྒྱ་ཡིས་འདི་ལྷག་ཤེས་པར་བྱ། །ཞེས་གསུངས་པ་ལྟར། གཞུང་ཚད་ལ་ཤློ་ཀ་ཉིས་སྟོང་ཆིག་བརྒྱ་པ། བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧང་དུ་ཤཱནྟི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱའི་འོད་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་བཞུགས་སོ།།
དེ་ལྟར་སློབ་དཔོན་སེངྒེ་བཟང་པོས་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་བ་དང་། བརྒྱད་སྟོང་པ་དང་སྦྱར་བ་དང་། ཡོན་ཏན་རིན་པོ་ཆེ་སྡུད་པ་དང་སྦྱར་བ་རྣམས་མཛད་ཅིང་། མངོན་རྟོགས་རྒྱན་འབུམ་དང་སྦྱར་བ་མ་མཛད་ཀྱང་ངེས་པར་སྦྱོར་དགོས་པ་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་དངོས་པོ་བརྒྱད་དང་། དེ་ལ་ནང་གསེས་ཀྱི་ཕྱེ་བས་དོན་བདུན་ཅུའི་སྒོ་ནས་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ས་ལམ་འབྲས་བུ་དང་བཅས་པ་སྟོན་པ་ལ་ཚིག་རྒྱས་བསྡུས་མ་གཏོགས་དོན་ལ་ཁྱད་མེད་པས་མངོན་རྟོགས་རྒྱན་འདི་ཡུམ་རྒྱས་འབྲིང་བསྡུས་གསུམ་གའི་རྒྱན་དུ་འབད་པས་སྒྲུབ་པར་མཛད་དོ། །དེའི་ཕྱིར་སློབ་དཔོན་བདག་ཉིད་ཆེན་པོའི་དགོངས་པ་བསྐངས་ཏེ་མངོན་རྟོགས་རྒྱན་ཡུམ་རྒྱས་པ་འབུམ་དང་སྦྱོར་ཚུལ་ནི་གོང་གསལ་གཞུང་ལས་རྟོགས་པར་བྱའོ།།
གཞན་ཡང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ (1561-1637) མཆོག་གིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་ལས[4]། སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་སྐུ་ཚེའི་རིག་འཛིན་བརྙེས་པས་རྡོ་རྗེ་གདན་གྱི་རྒྱབ་ཀུ་ས་ཛ་ཞེས་པའི་ནགས་སུ་བཞུགས་སོ། །ཕྱིས་སློབ་དཔོན་སེངྒེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལེགས་པར་གསན་པ་ཡིན་ཏེ། དེ་སྤྱིར་རིག་གནས་ཐམས་ཅད་ལ་མཁས་པ། ཁྱད་པར་སློབ་དཔོན་སེངྒེ་བཟང་པོ་ལ་ཕར་ཕྱིན་གསན་ཏེ་སྦྱངས་པས་མཐར་ཕྱིན་པར་མཁྱེན། ཞེས་གསལ་བ་ལྟར་སློབ་དཔོན་སེང་བཟང་གི་གསུང་ལས་སྐྱེས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པར་མཚོན་ནའང་། དངོས་བརྒྱུད་ཀྱི་སློབ་མ་སྙན་གྲགས་ཅན་མང་དུ་བྱུང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྗེའི་བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡
[2] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༥༽ དཔེ་རིང་། ཤོག་གྲངས་ ༢༥བ༤
[3] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༡༩༠
[4] འཇིགས་བྱེད་ཆོས་འབྱུང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ༢༠༡༦ ལོ། ཤོག་ ༢༣༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༤ ནས་ ༢༡༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།