པ༽ ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ངོ་སྤྲོད།

པ༽ ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ངོ་སྤྲོད།

 

དེ་ཡང་ཨོ་ཏནྟ་པཱུ་རི་ (Odantapuri) ཞེས་པ་ནི། ལེགས་སྦྱར་གྱི་སྐད་ཡིན་ཅིང་། བོད་སྐད་དུ་འཕུར་བྱེད་ཀྱི་གྲོང་ཁྱེར་ཞེས་པའི་དོན་ཡིན་པ་ནི། དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལས[1]། ཨོ་ཏནྟ་པཱུ་རི་ནི། འཕུར་བྱེད་ཀྱི་གྲོང་ཁྱེར་ཞེས་པ་སྟེ། ཨོ་ཏནྟ་འཕུར་བྱེད་དང་། པཱུ་ར་གྲོང་ཁྱེར་གྱི་མིང་ངོ་། །

འདི་སྔོན་ནང་པའི་དགེ་བསྙེན་ (ཨུཌྜས་) ཞིག་གིས། མ་ག་དྷའི་ཕྱོགས་ན་མུ་སྟེགས་ཀྱི་རྣལ་འབྱོར་བ་ན་ར་དཱ་ཟེར་བ་ཞིག་རོ་ལངས་སྒྲུབ་པའི་གྲོགས་བྱས་པས། རོ་ལངས་ཀྱི་ལྕེ་རལ་གྲིར་སོང་བ་དེ་དགེ་བསྙེན་གྱིས་ཁྱེར་ཏེ་རི་རབ་ཀྱི་རྩེར་ཕྱིན་ནས་གླིང་བཞི་གླིང་ཕྲན་དང་བཅས་ཡུད་ཀྱིས་བསྐོར་ནས། སླར་རལ་གྲི་མུ་སྟེགས་པ་ལ་གཏད་པས་ཁོ་ལྷ་ཡུལ་དུ་སོང་། དགེ་བསྙེན་གྱིས་རོ་ལངས་ཀྱི་ལུས་གསེར་དུ་གྱུར་པ་དེས་ཁོ་རང་གིས་གླིང་བཞི་སོགས་མཐོང་བའི་བཀོད་པ་ལྟར་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་བཞེངས། ཞེས་གསལ་བ་ལྟར་དང་། དག་སྡེབ་ཐད་ཨོ་ཏནྟ་པཱུ་རི་དང་། ཨོ་ཏནྟ་པུ་རི། ཨོ་ཏན་ཏ་པུ་རི་བཅས་རིང་ཆ་ཡོད་མེད་དང་། བརྩེགས་པ་ཡོད་མེད་ཀྱི་འབྲི་ཚུལ་འགའ་ཞིག་སྣང་ལ། མཚན་གྱི་རྣམ་གྲངས་ལ་ཕུ་ལ་ཧ་རི་ (Phulahari) དང་། རི་བོ་གསེར་གྱི་དགོན་པ། དངོས་གྲུབ་ཅན་གྱི་དགོན་པ་ཞེས་ཀྱང་གྲགས་སོ།།

དེ་ལྟའི་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ས་གནས་གང་དུ་ཆགས་མིན་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས[2]། པ་ཊ་ནས་ར་ཇི་གི་རི་ལ་འགྲོ་བའི་ལམ་དུ་བི་ཧར་ཤ་རིབ་ (Biharsharif) ཟེར་བའི་གྲུ་ཟན་ལ་སླེབས་ཤིང་། དེ་ནས་ནུབ་ཏུ་བལྟས་ན་བྲག་རི་ལེབ་མོ་ཞིག་མཐོང་བ་དེ་ཨོ་ཏནྟ་ཏ་པུ་རིའི་གཙུག་ལག་ཁང་གི་ཤུལ་ཡིན་ཟེར། སྔོན་གཙུག་ལག་ཁང་དེ་རྒྱ་གར་ན་གྲགས་པ་ཞིག་ཡིན་ཅིང་། རང་རེ་བོད་ཀྱི་བསམ་ཡས་ཀྱང་དེ་ལ་དཔེ་བྱས་ཏེ་བཞེངས་པ་ཡིན། ས་འདི་ཡིན་ཟེར་བ་ཙམ་ལས་གནས་ཀྱི་ཤུལ་ལ་སོགས་པ་ནི་མི་སྣང་། རི་འདི་ནི་ནཱ་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ཆག་ལོའི་རྣམ་ཐར་དུ་ན་ལནྡཱའི་བྱང་ངོས་ཚ་འབོག་གཅིག་གི་ས་ན་རི་དེ་ཡོད་གསུངས་ཤིང་། ན་ལནྡཱའི་བྱང་ན་རི་འདི་གཅིག་པུ་མ་གཏོགས་མེད་ལ། རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་པས་མི་ལའི་རྣམ་ཐར་དང་ཡང་འགྲིག །ཅེས་དང་། ཡང་དེ་ཉིད་ལས[3]། ནཱ་རོ་པའི་སྒྲུབ་གནས་ཕུ་ལ་ཧ་རི་ནི། ན་ལེན་དྲའི་བྱང་ཕྱོགས་ཀྱི་ནགས་ཁྲོད་ཅིག་ན་རྩྭའི་སྤྱིལ་པོ་སྒོ་ལྕོག་རིམ་པ་གསུམ་ཞིག་པ་དང་། མ་ཞིག་པ་མང་པོ་ཡོད། རྩིག་པས་བརྩིགས་པ་མེད། ད་ལྟ་སྡོད་མིའང་འདུག་གསུངས་སོ། །ཞེས་གསལ་བ་ལྟར་ནཱ་ལེནྡྲའི་བྱང་ཕྱོགས་ཀྱི་སྤྱི་ལེ་ ༡༠ སར་ཆགས་ཡོད།

རི་དབྱིབས་བོད་ཕྱོགས་སུ་མགོ་གུག་པ་ལྟ་བུ་ཇི་ལྟར་ཆགས་པའི་ཚུལ་ནི། མར་པ་ལོ་ཙཱ་བས་རྗེ་བཙུན་མི་ལར་གནང་རྒྱུའི་གདམས་པ་ཁ་སྐོང་ཞིག་ཞུ་སླད་འཕགས་ཡུལ་གྱི་ཨོ་ཏནྟ་པུ་རིར་པཎ་ཆེན་ནཱ་རོ་པའི་དྲུང་ནས་གདམས་པ་ཞུས་ཏེ་བོད་དུ་ཕྱིར་ཕེབས་གནང་ཁར་མར་པ་ལོ་ཙཱ་བས་ང་ལ་བོད་དུ་སློབ་མ་ཐོས་པ་དགའ་ཞེས་བྱ་བ་ཞིག་ཡོད་ཅེས་པཎ་ཆེན་ནཱ་རོ་པ་ལ་ཞུས་པའི་ཚུལ་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ་ལས[4]། མི་ལའི་ལོ་རྒྱུས་ཞུས་པས།

བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །

ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །

ཞེས་ཕྱག་ཐལ་མོ་སྦྱར། དབུ་གུག་མཛད་པས། རི་དང་ཤིང་རྩི་ཐམས་ཅད་བོད་ཕྱོགས་སུ་མགོ་གུག་བྱུང་། ཕུ་ལ་ཧ་རིའི་རི་དང་རྩི་ཤིང་རྣམས་ད་དུང་དེ་ལྟར་ཡོད་སྐད།

ཅེས་གསལ་བ་ལྟར་དོན་དངོས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཆགས་ཡུལ་གྱི་རི་ཆུང་འདི་ནི། བྲག་རྡོ་དམར་སྐྱ་ཤ་སྟག་ལས་གྲུབ་པའི་རི་བོའི་རྩེ་མོ་བོད་ཕྱོགས་སུ་གུག་པ་ལྟ་བུའི་རི་འབུར་གྱི་སྟེང་དུ་ཆགས་ཤིང་། འདི་ནི་རྒྱ་གར་ཡུལ་གྱི་སྔ་མོའི་ནང་པའི་གསང་སྔགས་ཉམས་བཞེས་མཛད་ཡུལ་གྱི་ཆོས་སྡེ་སྙན་གྲགས་ཅན་ཞིག་ཡིན་པར་མ་ཟད། པཎ་ཆེན་ནཱ་རོ་པ་སྤྱོད་པ་ལ་གཤེགས་རྗེས་ཀྱི་བཞུགས་གནས་གཙོ་བོ་ཡང་འདི་ཉིད་ཡིན་འདུག

ཕུ་ལ་ཧ་རི་ཡང་ནཱ་ལེནྡྲ་དང་ཐག་ཉེའི་སར་ཆགས་ཡོད་པ་ནི། དགེ་བསྙེན་ཆོས་དཔལ་དར་དཔྱང་ (དུས་རབས་13པ།) གིས་མཛད་པའི་ཆག་ལོའི་རྣམ་ཐར་ལས[5]། ནཱ་རོ་པའི་སྒྲུབ་གནས་ཕུ་ལ་ཧ་རི་ནི། ནཱ་ལེནྡྲའི་བྱང་ཕྱོགས་ཀྱི་ནགས་ཁྲོད་ཅིག་ན་རྩའི་སྤྱིལ་པོ་སྒོ་ལྕོག་རིམ་པ་གསུམ་ཞིག་པ་དང་། མ་ཞིག་པ་མང་པོ་ཡོད། རྩིག་པས་བརྩིགས་པ་མེད། ད་ལྟ་སྡོད་མིའང་འདུག་གསུངས་སོ། །ཞེས་གསལ་བ་ལྟར་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ནི། གནས་མཆོག་རྡོ་རྗེ་གདན་ནས་པ་ཊ་ན་གྲོང་ཁྱེར་གྱི་ཕྱོགས་སུ་ཁ་ཕྱོགས་ནས་ཕྱིན་ན་སྤྱི་ལེ་ ༡༠༢ སར་བི་ཧར་ཤ་རིབ་ཅེས་པའི་གྲོང་ཁྱེར་གྱི་དབུས་སུ་ཆགས་པའི་རི་རྩེ་ལེབ་མོའི་ཐོག་ཏུ་ཆགས་ཡོད།

(ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་གི་རྗེས་ཤུལ་དེང་སྐབས་མཇལ་རྒྱུ་ཡོད་པ་འདིའོ།།)

དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱང་ངོས་སྤྱི་ལེ་ ༡༠ སར་ཆགས་ཡོད་ལ། ཆག་ལོའི་རྣམ་ཐར་དུ་ན་ལནྡཱའི་བྱང་ངོས་ཚ་འབོག་གཅིག་གི་སར་ཆགས་ཡོད་པར་གསལ་ནའང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[6]། བི་ཀྲ་མ་ཤཱི་ལའི་རབ་གནས་ཀྱི་ལོ་རྒྱུས་ན། ཡང་བི་ཀྲ་མ་ཤཱི་ལ་དང༌། ཨོ་ཏནྟ་པཱུ་རི་དང༌། ཤྲཱི་ནཱ་ལནྡ་དང༌། སོ་མ་པུ་རི་སྟེ། གཙུག་ལག་ཁང་བཞི་པོ་དེ་སོ་སོའི་བར་བར་ན་ཉིན་ལམ་མང་པོས་ཆོད་པ་ཡོད་ཅིང༌། བི་ཀྲ་མ་གསར་བཞེངས་ཡིན། སོ་མ་པུ་རི་ཞིག་གསོས་ཡིན་ཟེར། གཞན་གཉིས་ནའང་རྒྱལ་པོས་ལྷ་ཁང་གསར་དུ་བཞེངས་པ་མང་དུ་ཡོད་པ་རྣམས་ལ་རབ་ཏུ་གནས་པར་ཞུས་པས། སློབ་དཔོན་གྱིས་སྐུའི་བཀོད་པ་བཞི་སྤྲུལ་ཏེ། གཙུག་ལག་ཁང་བཞི་ཅར་ལ་རབ་ཏུ་གནས་པ་དུས་གཅིག་ཏུ་མཛད། ཅེས་གསལ་བ་ལྟར་གཙུག་ལག་ཁང་བཞི་པོ་སོ་སོའི་བར་དུ་ཉིན་ལམ་མང་པོས་ཆོད་པར་གསལ་ལོ།།

ཡང་ཀུན་སྤངས་ཆོས་གྲགས་དཔལ་ (1283-1363) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[7]། དེ་ནས་རྒྱལ་བུ་སློབ་དཔོན་ཚུལ་འཆང་བ། །ཨོ་ཏན་པུ་རིའི་དགོན་པར་ལེགས་བྱོན་ཏེ། །ཁོང་གིས་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། །ཁྱེའུ་དཀར་གཟུགས་བཟང་གཉིས་ནི་ཉིན་རེ་བཞིན། །དེར་འོང་ཆོས་ལ་ཉན་ནས་འགྲོ་བའི་སྐབས། །རྒྱང་གྲགས་གཅིག་ཙམ་དུ་ན་ས་འོག་འགྲོ། །ཉིན་གཅིག་ཚུལ་དེ་སློབ་དཔོན་འཕགས་པ་ཡིས། །དེ་གཉིས་ལ་དྲིས་ལན་སྨྲས་ཁོ་བོ་གཉིས། །ཀླུ་རྒྱལ་ནོར་རྒྱས་བུ་ལགས་ཞེས་ཟེར་རོ། །དེ་ལ་འཕགས་པས་ཁྱོད་གཉིས་ཡུལ་ཕྱོགས་སུ། །གནོད་སྦྱིན་འདམ་ཡོད་དམ་ཞེས་དྲིས་པའི་ཚེ། །ཡོད་བྱས་འཕགས་པས་དེ་ཉིད་ཁྱེར་ཤོག་གསུངས། །དེ་གཉིས་རང་ཡུལ་ལ་ཕྱིན་ཕ་ལ་སྨྲས། །ཀླུ་རྒྱལ་ཕ་ཡིས་འདི་སྐད་སློབ་དཔོན་ཉིད། །འདིར་སྤྱན་དྲངས་ལ་དེ་དུས་འབུལ་ཟེར་ནས། །ཁྱེའུ་དེ་གཉིས་ཀླུ་ཡི་པདྨ་དང་། །གསེར་གྱི་རྡོ་རྗེ་ཕྱག་རྟེན་དུ་བཟུང་སྟེ། །སླར་ཡང་སློབ་དཔོན་འཕགས་པའི་མདུན་དུ་ལྷགས། །པདྨ་རྡོ་རྗེ་ཕུལ་ནས་འདི་སྐད་སྨྲས། །འཕགས་པ་ཆོས་དབུལ་བསལ་ཕྱིར་ཕ་རྒན་གྱིས། །བདག་གཉིས་ཁྱེད་ཉིད་སྤྱན་འདྲེན་སླད་དུ་བཏང་། །ཞེས་གསོལ་འཕགས་པ་ཀླུ་ཡུལ་སྤྱན་དྲངས་སྐབས། །ཞེས་སོགས་མགོན་པོ་ཀླུ་སྒྲུབ་ཀྱིས་ཨོ་ཏནྟ་པུ་རིར་དགེ་འདུན་ཆིག་ཁྲི་ཉིས་སྟོང་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསུངས་ལ། དེ་ནས་ཀླུ་ཡུལ་དུའང་བྱོན་པར་གསལ་ཡང་། ཡོངས་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་དུས་སུ་ཨོ་ཏནྟ་པུ་རིའི་གཙུག་ལག་ཕྱག་གདབ་རྒྱུ་ཡིན་པས་དཔྱད་དགོས་པར་སྣང་ངོ་།།

ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་རྒྱལ་པོ་གང་གིས་བཞེངས་པ་དང་། དུས་ནམ་ཞིག་བཞེངས་པ། ཚུལ་ཇི་ལྟར་དུ་བཞེངས་པ་བཅས་ནི། བསྟན་རྩིས་ཀ་ཕྲེང་ལག་དེབ་ལས[8]། ཨོ་ཏནྟ་པཱུ་རི་དགོན་པ། རབ་བྱུང་ ༣ པའི་ལྕགས་བྱ་ཕྱི་ལོ་ ༡༢༠༡ ལོར་ཀླ་ཀློའི་དམག་གིས་བཅོམ། (སུམ་པ། སི་ཏུའི་རང་རྣམ།) སློབ་དཔོན་སེངྒེ་བཟང་པོའི་སྦྱིན་བདག་རྒྱ་གར་རྒྱལ་པོ་དྷརྨ་པཱ་ལའི་ཁྲི་རབས་གོང་མའི་སྐབས་སུ་བཏབ། ཅེས་བྱུང་བ་ལྟར། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[9]། རྒྱལ་པོ་གཽ་པཱ་ལ་འདིའམ་དེ་ཝ་པཱ་ལའི་མཚམས་སུ། དཔལ་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ཡང་བཞེངས་ཏེ། དེ་ནི་མ་ག་དྷཱའི་ཕྱོགས་གཅིག་ན་མུ་སྟེགས་བྱེད་ཀྱི་རྣལ་འབྱོར་སྔགས་ཀྱི་ནུས་པ་གྲུབ་ཅིང་། དྲང་པོའི་རང་བཞིན་ཅན་ན་ར་དཱ་ཞེས་ཟེར་བ་ཞིག་ཡོད་ཅིང༌། དེ་རོ་ལངས་ཀྱི་དངོས་གྲུབ་སྒྲུབ་པ་ལ་གྲོགས་ལུས་སྟོབས་ཆེ་ཞིང་ནད་མེད་ལ། ལུས་ལ་དཔའ་བོའི་མཚན་མ་དགུ་ཡོད་པ། ངག་བདེན་པར་སྨྲ་བ། བློ་རྣོ་ཞིང་དཔའ་བ། གཡོ་སྒྱུ་མེད་པ། བཟོའི་གནས་ཐམས་ཅད་ལ་མཁས་པ་ཞིག་དགོས་པ་ལས། གཞན་མེད་དེ་ནང་པའི་དགེ་བསྙེན་ཞིག་ལ་འདུག་པ་མཐོང༌། དེ་ལ་ངའི་སྒྲུབ་གཡོག་གྱིས་བྱས་པས། མུ་སྟེགས་པའི་སྒྲུབ་གཡོག་མི་བྱེད་ཟེར། དེ་ན་རེ། ཁྱོད་མུ་སྟེགས་ལ་སྐྱབས་སུ་འགྲོ་ནི་མི་དགོས། ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བས་ཆོས་དར་བར་བྱས་པས་ཆོག་མོད་ཟེར། འོ་ན་སློབ་དཔོན་ལ་ཞུས་ལ་འོང་གི་བྱས་ནས། སློབ་དཔོན་ལ་ཞུས་པས་གནང་སྟེ་དེའི་སྒྲུབ་གཡོག་བྱས། འགྲུབ་ཏུ་ཉེ་བ་ན་དེ་ན་རེ། རོ་ལངས་ལྕེ་ཕྱིར་གཡུགས་ཏེ་བཟུང་དགོས་ཏེ། ལན་དང་པོ་ལ་ཟིན་ན་དངོས་གྲུབ་ཆེན་པོ། བར་པ་ལ་འབྲིང༌། ཐ་མ་ལ་ཆུང་ངུ་འགྲུབ། ལན་གསུམ་ལ་མ་ཟིན་ན་དང་པོ་འོ་སྐོལ་གཉིས་ཟ། དེ་ནས་ཡུལ་ཁམས་སྟོང་པ་ཙམ་དུ་འགྲོ་ཟེར། དགེ་བསྙེན་གྱིས་ལན་དང་པོ་གཉིས་པ་གཉིས་ལ་མ་ཟིན། དེ་ནས་རོ་ལངས་དང་ཁ་སྤྲད་དེ་བསྡད་པས། གསུམ་པ་ལ་སོ་བཏབ་པས་ཟིན། དེ་ནས་ལྕེ་རལ་གྲིར་གྱུར། ལུས་གསེར་དུ་སོང་ངོ༌།།

དགེ་བསྙེན་གྱིས་རལ་གྲི་ཐོགས་ཏེ་བསྐོར་བས་ནམ་མཁའ་ལ་འཕགས་པ་ན། མུ་སྟེགས་ན་རེ། ངས་རལ་གྲིའི་དོན་དུ་བསྒྲུབས་པ་ཡིན་པས་རལ་གྲི་ང་ལ་སྤྲོད་ཟེར། ངས་ལྟད་མོ་ཞིག་བལྟས་ལ་འོང་གིས་བྱས་ནས་རི་རབ་ཀྱི་རྩེ་མོར་ཕྱིན། གླིང་བཞི་གླིང་ཕྲན་དང་བཅས་པ་ཡུད་ཀྱིས་བསྐོར་ནས། རལ་གྲི་ཁོང་རང་ལ་གཏད་པས། དེ་ན་རེ། ལུས་གསེར་དུ་སོང་བ་འདི་ཁྱོད་རང་གྱིས། རུས་པ་ལ་མ་ཐུག་པར་ཤའི་ཐད་ནས་ཆོད། ཆང་རིན་དང༌སྨད་འཚོང་གོ་དོན་སོགས་ལོག་པ་ལ་མ་སོང་བ་གྱིས། རང་གི་འཚོ་བ་དང་དགེ་བའི་ལས་ལ་སྦྱར་ན་དེ་རིང་བཅད་པའི་ཤུལ་དོ་ནུབ་གང་སྟེ་ཟད་མི་ཤེས་པ་ཡོང་ཟེར། ཁོང་རང་རལ་གྲི་ཐོགས་ནས་ལྷ་ཡུལ་དུ་སོང་ངོ༌། །དགེ་བསྙེན་དེས་རོ་ལངས་ཀྱི་གསེར་ལ་བརྟེན་ཏེ། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ཆེན་པོ་བཞེངས་པ་ཡིན།

ཨོ་ཏནྟ་འཕུར་བྱེད་ཀྱི་དོན་ཡིན། དགེ་བསྙེན་གྱིས་ནམ་མཁའ་ལ་ཕྱིན་ནས་རི་རབ་གླིང་བཞི་དངོས་སུ་མཐོང་བའི་བཀོད་པ་ལྟར་བཞེངས། དགེ་བསྙེན་དེ་ལ་ཨུ་ཊྱ་ཨུ་པ་སི་ཀ་ཞེས་ཐོགས་སོ། །ལྷ་ཁང་དེ་ལ་རྒྱལ་པོ་བློན་པོ་སོགས་སུའི་ཡང་དྲིན་ངོས་མེད། ལྷ་ཁང་རྩིག་མཁན། ལྷ་བཞེངས་མཁན། བཟོ་བོ་རྣམས་ཀྱི་གླ་ལྟོ་ཡོན་རྒྱུ་སོགས་ཐམས་ཅད་རོ་ལངས་ཀྱི་གསེར་བཙོངས་པ་ཁོ་ནས་གྲུབ་ཅིང༌། གསེར་དེ་ཁོ་ནས་དགེ་སློང་ལྔ་བརྒྱ་དང༌། དགེ་བསྙེན་ལྔ་བརྒྱའི་འཚོ་བ་སྦྱར་ཏེ། དགེ་བསྙེན་དེ་ཉིད་མ་ཤིའི་བར་དུ་ཁོང་རང་གིས་ཆོས་གཞི་བཏེག །འདའ་བའི་ཚེ། གསེར་འདིས་རེ་ཞིག་གཞན་ལ་ཕན་མི་ཐོགས། མ་འོངས་པ་ན་སེམས་ཅན་ལ་ཕན་པར་འགྱུར་ཞེས་གཏེར་དུ་སྦས། ཆོས་གཞི་རྒྱལ་པོ་དེ་ཝ་པཱ་ལ་ལ་གཏད་དོ། །རྒྱལ་པོ་གཽ་པཱ་ལའི་དུས་ཀྱི་གཏམ་སྟེ་ཉི་ཤུ་རྩ་བརྒྱད་པའོ། །ཞེས་གསལ་བ་ལྟར་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ནི་དགེ་བསྙེན་ཨུ་ཊྱ་ཨུ་པ་སི་ཀས་རྒྱ་གར་གྱི་རྒྱལ་པོ་དེ་ཝ་པཱ་ལའི་སྐུ་དུས་སམ། ཕྱི་ལོའི་དུས་རབས་བརྒྱད་པ་སྟེ་སློབ་དཔོན་སེངྒེ་བཟང་པོའི་སྦྱིན་བདག་ཆོས་རྒྱལ་དྷརྨ་པ་ལའི་རྒྱལ་རབས་གཅིག་ཙམ་གྱི་སྔོན་དུ་བཞེངས་པར་གྲགས་སོ།།

ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དུ་དགེ་འདུན་པ་ཇི་ཙམ་ཡོད་པ་ནི། འཕགས་པ་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསུངས་པའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་གཞུང་འགྲེལ་སྙིང་པོ་བསྡུས་པ་ལས[10]། ཨོ་ཏནྟ་པཱུ་རི་ན་དགེ་འདུན་སྟོང་ཕྲག་བཅུ་གཉིས་གནས་པ་ནང་མ་མཐུན་པ་ལས། གཅིག་གི་ཕྱོགས་བུར་ཤིང་རྒྱལ་པོས་བྱས་ཏེ་དམག་དྲངས་པ་འཁོར་ལོ་འཕངས་པས་དམག་ཐམས་ཅད་སྐྲག་པར་གྱུར་ཏེ་བྲོས། དགེ་འདུན་དང་གཙུག་ལག་ཁང་ལ་གནོད་པ་མེད་པ་ནི་གསུམ་པའོ། །ཞེས་བྱུང་བ་ལྟར་དགེ་འདུན་ ༡༢༠༠༠ ཡོད་པར་གསལ་ལ། དེ་བཞིན་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེས་ 1556-1601/1603) མཛད་པའི་ཡི་དམ་དྲག་པོའི་མངོན་རྟོགས་རྡོ་རྗེའི་ཕྲེང་བའི་དབང་བཤད་ལས[11]། ཨོ་ཏནྟ་པཱུ་རིའི་དྲུང་གི་གྲོང་ཁྱེར་ཨ་ལས་མ་ཛ་ཞེས་བྱ་བར། རྒྱལ་པོ་དྷརྨ་པཱ་ལའི་མཆོད་གནས་པཎྜི་ཏ་ ༥༠༠ དང༌། རབ་བྱུང་ ༡༠༠༠ ཙམ་བཞུགས། ཞེས་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས་[12]ཀྱང་། ཨོ་ཏནྟ་པུ་རིར་རྒྱུན་དུ་དགེ་སློང་ ༡༠༠༠ རེ་དང༌། སྐབས་འགར་རབ་བྱུང་སྟོང་ཕྲག་བཅུ་གཉིས་རེ་འབྱུང་བར་གྲགས་སོ། །ཞེས་གསུངས་པ་ལྟར་ན་གཉུག་མར་གནས་པའི་པཎྜི་ཏ་དང་དགེ་འདུན་སྟོང་ཕྲག་ལྷག་དང་། སྐབས་འགར་གློ་བུར་ལྷགས་པ་བཅས་མང་བའི་དུས་སུ་དགེ་འདུན་ ༡༢༠༠༠ ཙམ་ཡོད་པར་གསལ་ལོ།།

ཡང་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ (1173-1236) གྱིས་མཛད་པའི་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་ལས[13]། དེའི་རྗེས་སུ། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ཆེན་པོར་སྡེ་པ་ཆེན་པོ་ཡོད་སྨྲ་བ། ཕལ་ཆེན་པ། གནས་བརྟན་པ། མང་པོས་བཀུར་བ་སྟེ་བཞིའི་དགེ་འདུན་ཉིས་ཁྲི་ཉིས་སྟོང་གིས་བཀུར་སྟི་ཆེན་པོའི་སྒོ་ནས་བསུ་བ་བྱས་ཤིང་། ཐམས་ཅད་ཀྱིས་གཙོ་བོར་ཁུར་ནས་ཞབས་ལ་གཏུགས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེ་ལ་བྱང་ཆུབ་ཆེན་པོ་དགེས་ཤིང་ཞལ་འཛུམ་པ་མཛད་པ་དང་། འཕགས་མ་སྒྲོལ་མ་ལ་མཆོད་པ་ཕུལ་བ་དངོས་སུ་བཞེས་པ་གཟིགས། དེའི་དོན་ལོ་ཆེན་གྱིས།

དགེ་གནས་རྒྱལ་པོ་ཨོ་ཏན་པུ་རིའི་ནང་། །

བཅུ་གཉིས་སྟོང་ཕྲག་དགེ་འདུན་གྱིས་བསུས་ནས། །

མ་ལུས་སྡེ་བཞིའི་གཙོ་བོས་ཞབས་པད་གཏུགས། །

ངོ་མཚར་ལྟས་གཉིས་གཟིགས་ལ་ཕྱག་འཚལ་ལོ། །

ཞེས་སོ། །ཞེས་བྱུང་བ་ལྟར་དགེ་འདུན་ ༢༢༠༠༠ ཡོད་པར་གསལ་ལ། ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་བསྟོད་པ་ལས་[14]ཀྱང་། ཨོ་ཏནྟ་ཡི་པུ་རི་ན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བི་ཀཱ་མ་ནི་ཤཱི་ལ་ན། །རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་པའི་ཁེངས་གྲགས་ཁྱོད་མི་མཛད། །མ་ག་དྷཱ་ཡི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་གྱུར། །ཁྱོད་ནི་སྡེ་པ་བཅོ་བརྒྱད་ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པས་ན། །ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། །ཞེས་རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ་ཡོད་ཚུལ་བཅས་མི་མཐུན་པ་མང་ངོ་།།

ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་པཎྜི་ཏ་སུས་བསྐྱངས་མིན་ནི། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[15]། མཁས་པ་སྒོ་དྲུག་འདས་པའི་འོག་ཏུ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཁན་པོར་སྤྱན་དྲངས། འདིས་ཨོ་ཏནྟ་པཱུ་རི་ཡང་བསྐྱངས། དེ་ནས་མངའ་བདག་མི་ཏྲིའི་འཕྲིན་ལས་ཡང་དར་བ་ཡིན། དེ་ནས་ལོ་མང་ཞིག་སོང་བ་དང་སློབ་དཔོན་ཨ་བྷ་ཡ་ཀ་ར་དང༌། ཁ་ཆེའི་ཡུལ་དུ་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང་། ཆོས་འབྱུང་ཞི་བ་དང༌། བུདྡྷ་ཤྲཱི་དང༌། བཛྲ་ཤྲཱི་ལ་སོགས་པའི་པཎ་གྲུབ་རྣམས་དང༌། ཨ་བྷ་ཡ་ཀ་དང༌། ནཱ་རོ་པའི་སློབ་རྒྱུད་ལ་སོགས་པ་རྣམས་ཀྱིས་བསྟན་པ་བསྐྱངས་པར་མཛད་དོ། །ཞེས་གསལ་བ་ལྟར་རྒྱ་གར་འཕགས་ཡུལ་གྱི་དབུས་འགྱུར་འཆང་དུ་ཆགས་པའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་། སཽ་མ་པཱུ་རིའི་གཙུག་ལག་ཁང་བཅས་བཞི་པོ་རྣམས་མཁན་པོའམ་པཎྜི་ཏ་གཅིག་གིས་སྐྱོང་སྲོལ་ཡོད་ཚུལ་དེབ་ཐེར་མང་པོར་གསལ་བ་ལྟར་རོ།།

ཨོ་ཏནྟ་པཱུ་རིའི་སྦྱིན་བདག་རྒྱལ་པོ་གང་གིས་མཛད་པའི་ཚུལ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[16]། བ་ན་པཱ་ལའི་སྲས་ནི་རྒྱལ་པོ་མཧཱ་པཱ་ལ་སྟེ། འདིས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་གཅིག་མཛད། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་དུ་ཉན་ཐོས་ཀྱི་དགེ་འདུན་རྣམས་གཙོ་བོར་མཆོད་ཅིང༌། དགེ་སློང་ལྔ་བརྒྱ་དང་ཆོས་སྟོན་པ་ལྔ་བཅུ་ལ་འཚོ་བ་སྦྱོར། དེའི་ཡན་ལག་ཏུ་ཨུ་རུ་བཱ་ས་ཞེས་བྱ་བའི་གཙུག་ལག་ཁང་བཞེངས། དེར་ཡང་ཉན་ཐོས་སེནྡྷ་པ་ལྔ་བརྒྱ་རེ་ལ་འཚོ་བ་སྦྱོར། བི་ཀྲ་མ་ཤཱི་ལར་སྔར་གྱི་སྲོལ་དེ་ག་བཟུང་སྟེ་མཆོད་འོས་ཀྱི་མཐིལ་དུ་མཛད། དཔལ་ནཱ་ལེནྡྲར་ཡང་ཆོས་གཞི་འགའ་རེ་བཙུགས། སཽ་མ་པུ་རི་དང༌། ན་ལེནྡྲ་དང༌། ཚ་བ་གསུམ་གྱི་གཙུག་ལག་ཁང་ལ་སོགས་པར་ཡང་ཆོས་གཞི་མང་པོ་བཙུགས། ཞེས་གསལ་བ་ལྟར་རྒྱལ་པོ་མཧཱ་པཱ་ལ་སོགས་ཀྱིས་སྦྱིན་བདག་མཛད་ཅིང་། ཨུ་རུ་བཱ་ས་ཞེས་བྱ་བའི་གཙུག་ལག་ཁང་འདི་ཡང་ཨོ་ཏནྟ་ཏ་པུ་རིའི་གཙུག་ལག་ཁང་གི་ཡན་ལག་ཏུ་བཞེངས་པར་གསུངས་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན་ལས[17]། ཏྲི་མ་ལ་དེ་ཡུལ་བཟང་ཞིང་ནང་པ་མང་ལ། དཔལ་ཨོ་ཏནྟ་པཱུ་རིའི་མཆོད་པ་ཕལ་ཆེ་བ་ཡང་ཡུལ་དེ་ནས་འབྱུང་བ་ཡིན། ཞེས་གསལ་ལོ།།

དེ་བཞིན་རྗེ་བཙུན་རྭ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་ལས་[18]ཀྱང་། བི་ཀྲ་མ་ཤཱི་ལ། ཨོ་ཏནྟ་པུ་རི། ན་ལནྡ་རྣམས་སུ་ཉི་ཁྲི་དང་། བརྒྱད་སྟོང་པ། མངོན་རྟོགས་རྒྱན་དང་བཅས་པའི་འཆད་ཉན་གྱི་ཐེས་དང་། ཆུང་བ་སྡུད་པ་འཆད་པའི་ཐེས་སོགས་བསྟན་པ་ནམ་གནས་བར་དུ་རྒྱལ་བློན་ལ་ཞིང་ས་དང་། ལྷ་འབངས་གྲོང་ཞུ་བ་སོགས་ལ་གསེར་སྲང་བརྒྱ་ཙམ་ཉིས་བརྒྱ་ཙམ་འབུལ་བར་བཏང་བ་ཤིན་ཏུ་མང་། བླ་མ་ལ་གུས་ཤིང་ཞབས་ཏོག་ཆེ་བའི་ཚད་དུ་བཞག་པ་ཡིན། ཞེས་ཀྱང་བྱུང་ངོ་།།

གཙུག་ལག་ཁང་འདིར་ལོ་པཎ་མཁས་གྲུབ་གང་དག་ཕེབས་བཞུགས་གནང་མིན་ནི། དེ་ཡང་དཔལ་ལྡན་ནཱ་རོ་པ་ཆེན་པོ་ལུང་བསྟན་ཐོབ་ནས། ཨོ་ཏནྟ་པུ་རིར་ཏིལླི་པ་དང་མཇལ་ཏེ། ལོ་བཅུ་གཉིས་བསྟེན་ཞིང་དཀའ་ཆེན་བཅུ་གཉིས། དཀའ་ཕྲན་བརྒྱད་ཅུ་སྤྱད་པར་གྲགས་པ་ལྟར་ཇོ་བོ་ཏཻ་ལོ་པ་དང༌པཎ་ཆེན་ནཱ་རོ་པ་རྣམ་གཉིས་མཇལ་ཡུལ་ཡང་ཨོ་ཏནྟ་གཙུག་གི་ནོར་བུའི་གཙུག་ལག་ཁང་དུ་ཡིན་པར་གསལ་ལ། དེ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་མ་བྱོན་གོང་གདན་ས་འདིར་བླ་མ་དྷརྨ་རཀྵི་ཏའི་དྲུང་ནས་ལོ་ངོ་བཅུ་གཉིས་རིང་བྱེ་བྲག་ཏུ་བཤད་པ་ཆེན་མོ་གསན་བཞེས་མཛད་པར་མ་ཟད། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར་ལས[19]། སློབ་དཔོན་དཔལ་འཛིན་ནི་རྒྱལ་པོ་དྷརྨ་པཱ་ལའི་སྐུ་ཚེའི་མཇུག་གི་ཆ་ཙམ་ལ་ཡུལ་མ་ག་དྷར་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་ངུ་ནས་སྒྲ་ཚད་སོགས་རིག་པ་དུ་མ་ལ་མཁས་པར་བྱས། དཔལ་ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལའང་མཁས་པར་མཛད། ཅེས་གསུངས་པ་ལྟར་སློབ་དཔོན་དཔལ་འཛིན་དགེ་ཚུལ་སློང་སྒྲུབ་ཡུལ་ཡང་གནས་འདི་ཉིད་ཡིན་པར་མ་ཟད། ལྷག་པར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གཙུག་ལག་ཁང་འདི་ཉིད་དུ་མི་ལོ་ཧྲིལ་པོ་བཅུ་གཉིས་རིང་གསན་བསམ་མཛད་པར་ཡང་གྲགས་སོ།།

ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་འདི་ཉིད་ནི། བོད་གངས་ཅན་གྱི་ལྗོངས་སུ་ཕྱི་ལོའི་དུས་རབས་བརྒྱད་པར་དགོན་པའི་ཐོག་མ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་མཛད་སྐབས་དཔེར་བླང་སའི་གཙུག་ལག་ཁང་ཡིན་པར་གྲགས་པ་སྟེ། ཕྱི་ལོ་ ༧༦༢ ལོར་བསམ་ཡས་གཙུག་ལག་ཁང་གི་དབུ་རྩེ་ཆེན་མོ་བཞེངས་འགོ་བརྩམས་ཤིང༌། བོད་འབངས་དྲུག་ཁྲི་བསྐུལ་ཏེ་ལོ་བཞིའི་ནང་བཞེངས་གྲུབ་ཅིང་། གཙུག་ལག་ཁང་འདི་ནི་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་མཁན་སློབ་ཆོས་གསུམ་གྱིས་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ཆེན་པོར་དཔེ་མཛད་ནས་བཞེངས་སུ་བཅུག་པའི་སྐོར་ནི། དེ་ཡང་གཙོ་བོ་རྒྱ་གར་གྱི་ཨོ་ཏནྟ་པཱུ་རི་བྱ་བའི་གཙུག་ལག་ཁང་ལ་དཔེ་བྱས། འོག་ཁང་བཟོ་དབྱིབས་བོད་ལུགས་དང༌། བར་ཁང་བཟོ་དབྱིབས་རྒྱ་ནག་ལུགས། སྟེང་ཁང་བཟོ་དབྱིབས་རྒྱ་གར་ལུགས་སུ་བཞེངས་པས་རི་རབ་ལ་དཔེ་བྱས་པ་དང༌། ཤར་ལྷོ་ནུབ་བྱང་བཞི་རུ་ལྷ་ཁང་གསུམ་རེ་བཞེངས་པ་དེ་དག་ལས་དབུས་མ་རྣམས་གླིང་བཞིར་དཔེ་བྱས། གླིང་ཕྲན་བརྒྱད་དང་ཉི་ཟླར་དཔེ་བྱས་ནས་བཞེངས་པའི་ལྷ་ཁང་ཆུང་ངུ་ཡང་ཡོད་པ་བཅས་ནང་པ་སངས་རྒྱས་པའི་ལྟ་བ་བཞིན་གླིང་བཞི་ཕྲན་བརྒྱད་རི་རབ་ཉི་ཟླ་སུམ་བཅུ་རྩ་གསུམ་གྱི་བཀོད་པ་བཞིན་བཞེངས་པར་གྲགས། དེ་ཡང་སྦ་བཞེད་ཞབས་བཏགས་མ་ལས[20]། དཔལ་བྲག་དམར་བསམ་ཡས་ལྷུན་གྱིས་གྲུབ་པ་འདི། འཛམ་གླིང་ན་བྱིན་ཆེ་བ། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། གསང་སྔགས་ཐམས་ཅད་དང་མཐུན་ཞིང་མི་འགལ་བ་འགྲན་གྱི་དོ་མེད་པ་ཞིག་འཚལ་གསུངས། ཨ་ཙརྱ་དེ་ལྟ་བུ་མཁྱེན་ནམ་ཞུས་པས། ངས་ཤེས་དེ་ལྟ་བུ་ཞིག་ཨོ་ཏནྟ་པཱུ་རི་ན་ཡང་ཡོད། གཙུག་ལག་ཁང་བརྩིགས་པ་དེའི་དཔེ་རི་རབ་གླིང་བཞི་ཉི་ཟླ་གླིང་ཕྲན་དང་བཅས་པ་ལ་དཔེ་བྱས་ཏེ་བཞེངས། ཞེས་དང་། ཡང་དེ་ཉིད་ལས[21]། དེའུ་ཁར་གཙུག་ལག་ཁང་རྩིག་པ་དེའི་དཔེ་རི་རབ་བཞི་ཉི་ཟླ་གླིང་ཕྲན་དང་བཅས་པ་ལ་དཔེ་བྱས་ཏེ་བཞེངས་པ། ཨོ་ཏནྟ་པུ་རི་བྱ་བ་ཡོད། བཙན་པོའི་ཐུགས་དམ་གྱི་དཔེ་དེ་ལ་བྱའོ་གསུངས། ཞེས་གསལ་བ་ལྟར་གཙུག་ལག་ཁང་འདི་བོད་ཀྱི་ལོ་རྒྱུས་དང་དམིགས་བསལ་འབྲེལ་ཡོད་ཅིག་ཏུའང་གྱུར་ཡོད།

གཞན་ཡང་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་ (1452-1507) གྱིས་མཛད་པའི་མར་པའི་རྣམ་ཐར་ལས[22]། ནཱ་རོ་པ་ཕེབས་སྒུག་གིས་མར་པ་ལོ་ཙ་བ་ནཱ་ལེནྡྲར་བཞུགས་པ་ན་བང་ཆེན་འབྱོར་བས་དགེ་ཚུལ་ཤེས་རབ་སེངྒེ་དང་བསྡེབས་སྤང་ལྗོངས་མེ་ཏོག་གིས་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པ་ཕུ་ལ་ཧ་རིར་ནཱ་རོ་པ་མཇལ་ཞེས་དང་། དེ་བཞིན་མར་པ་ལོ་ཙ་བའི་རྣམ་ཐར་ལས[23]། པུཥྤ་ཧ་རིར་ནཱ་རོ་པའི་དྲུང་དུ་ཆོས་གསན་ནས་ན་ལེནྡྲར་བྱོན་པས། ཁ་ཆེའི་པཎྜི་ཏ་ཤྲི་བྷ་དྲ་དང་མཇལ་ཞེས་དང་། ཡང་མར་པའི་རྣམ་ཐར་ལས[24]། བྱང་ཕྱོགས་ཕུ་ལ་ཧ་རིར་བྱོན། །དངོས་གྲུབ་ཅན་གྱི་དགོན་པ་རུ། །སྒོ་སྲུང་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་དང༌། །བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་ཐོབ། །ཁྱད་པར་གཏུམ་མོའི་ལས་རྒྱ་ཞུས། །སྙན་རྒྱུད་ཀྱི་དོན་ལ་ངོ་སྤྲོད་བྱས། །ཞེས་སོགས་གསུངས་པ་ལྟར་བོད་ཀྱི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཞབས་ཀྱང་གཙུག་ལག་ཁང་འདིར་ལན་འགའ་ཕེབས་བཞུགས་མཛད་མྱོང་བར་མ་ཟད། ཁོང་གིས་པཎ་ཆེན་ནཱ་རོ་པའི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་ཞུས་པའི་གནས་ཀྱང་གཙུག་ལག་ཁང་འདི་ཉིད་ཡིན་པར་སྣང་ལ། གཞན་ཡང་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱིས་པཎ་ཆེན་ནཱ་རོ་པ་བླ་མར་བསྟེན་ནས་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་དུ་བཞུགས་སྐབས། རྒྱལ་རིགས་ཀྱི་པཎྜི་ཏ་ཞི་དུལ་ཅན་ཞིག་གྲུབ་ཆེན་ནཱ་རོ་པའི་དྲུང་དུ་ཡང་ཡང་ཆོས་ཞུ་བར་འོང་བ་གཟིགས་པ་ཕྱིས་བོད་ཉང་སྟོད་དུ་ཕེབས་དུས་ཁོང་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཡིན་པར་ངོ་ཤེས་པའི་སྐོར་མར་པའི་རྣམ་ཐར་དུ་གསལ་བ་ལྟར་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་གཉིས་གནས་འདིར་མཇལ་འཕྲད་ཐེངས་མང་བྱུང་མྱོང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་གི་མཁས་གྲུབ་མང་པོ་ཞིག་ཀྱང་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་འདིར་པཎ་ཆེན་ནཱ་རོ་པ་སོགས་པཎ་གྲུབ་ཉི་ཟླ་དང་མཉམ་པ་རྣམས་ཀྱི་དྲུང་དུ་ཆོས་ཞུ་བར་ཡང་ཡང་བཅར་གྱི་ཡོད་པ་ཡང་གསལ་པོར་རྟོགས་ཐུབ་པས། གནས་འདི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་ཞིག་ཀྱང་ཡིན་པ་ཐེ་ཚོམ་མ་མཆིས།

དེ་ལྟར་པཱ་ལའི་རྒྱལ་རབས་ཀྱི་སྐབས་སུ་རྒྱ་གར་དུ་ཁ་ཆེའི་དམག་སླེབས་ཟིན་ཅིང་། པཱ་ལའི་རྒྱལ་པོ་རྣམས་རྒྱ་གར་ཧྲིལ་པོར་དབང་སྒྱུར་མཁན་མིན་ནའང་། གུཔྟའི་རྒྱལ་རབས་ཉམས་རྗེས་རྒྱ་གར་ཡུལ་དབུས་སུ་གྲགས་པ་དང་རྒྱ་གར་ཤར་ཕྱོགས་བཅས་ལ་དབང་སྒྱུར་མཁན་གཙོ་བོ་པཱ་ལའི་རྒྱལ་རབས་ཡིན་པས་དེ་དག་གིས་བི་ཀྲ་མ་ཤཱི་ལ་ཙམ་མ་ཡིན་པར་ནཱ་ལནྡཱར་ཡང་གཟིགས་རྟོག་དང་ཉམས་གསོ་གནང་བའི་ཐོག །ཨོ་ཏནྟ་པཱུ་རི་སོགས་ནང་པའི་གཙུག་ལག་ཁང་གཞན་ཡང་བཞེངས་པས་ལོ་རྒྱུས་ཐོག་རྒྱ་གར་གྱི་ནང་པའི་གཙུག་ལག་སློབ་གཉེར་ཁང་གྲགས་ཆེ་ཤོས་ལྔ་ལས་ཕལ་མོ་ཆེ་པཱ་ལའི་རྒྱལ་རབས་ཀྱིས་བཞེངས་པའི་ལོ་རྒྱུས་ཡོད་པ་ལྟར། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[25]། དེ་ནས་ལོ་མང་ཙམ་སོང་བ་ན་མུ་སྟེགས་པ་འཕེལ་ཆེས་ཤིང་། སྟག་གཅིག་དང་ཀླ་ཀློའི་གྲུབ་མཐའ་འཛིན་པ་ཡང་མང་དུ་བྱུང་བས་རྡོ་རྗེ་གདན་དུ་ཐེག་ཆེན་གྱི་གྲྭ་མ་ཚུགས། ཨོ་ཏནྟ་པུ་རི་དང་བི་ཀྲ་མ་ལ་ཤཱི་ལར་ཡང་རྒྱལ་པོས་རྫོང་གི་རྣམ་པ་ཅུང་ཟད་བྱས་ཏེ་དམག་གིས་བསྲུང་བ་བྱུང༌། དེ་ནས་ལོ་འགའ་ཞིག་འདས་པ་ན་གངྒཱ་དང་ཡ་མུ་ནའི་བར་གྱི་ཡུལ་ཨནྟར་བྷི་དིའི་ཡུལ་དུ་རུཀྵའི་རྒྱལ་པོ་ཟླ་བ་ཞེས་བྱ་བ་བྱུང༌། དགེ་སློང་འགའ་རེས་རྒྱལ་པོའི་ཕོ་ཉ་བྱས་པས་རྐྱེན་བླངས་ཏེ། ཡུལ་གཞན་དང་གཞན་ན་གནས་པའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ། མ་གྷ་དྷའི་ཡུལ་ཐམས་ཅད་བཅོམ། ཨོ་ཏནྟ་པཱུ་རིའི་རབ་ཏུ་བྱུང་བ་མང་པོ་ཞིག་བསད། དེ་དང་བི་ཀྲ་མ་ལ་གཉིས་ཀ་བཤིག །ཤུལ་དུ་སྟག་གཟིག་གིས་རྫོང་བཅས། ཞེས་གསལ་བ་ལྟར་རོ།།

དེ་བཞིན་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དུས་ནམ་ཞིག་གཏོར་བཤིག་བཏང་ཚུལ་ནི། ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་ (1649-1705) ཀྱིས་མཛད་པའི་འཇམ་དཔལ་དཀར་པོ་དཔའ་བོ་གཅིག་སྒྲུབ་ཀྱི་ཆོས་སྐོར་བློ་གྲོས་པདྨོ་ཁ་འབྱེད་ལས་[26]ཀྱང་། པཎྜི་ཏ་ཨ་བྷ་ཡཱ་ཀཱ་ར་གུཔྟའི་རྣམ་ཐར་སྐབས། ཨོ་ཏནྟ་པུ་རིར་ཏུ་རུཀྵའི་དམག་གིས་འུར་བྱུང་བས་ཤར་ཕྱོགས་སུ་བྱོན་པའི་ཚེ་རྒྱ་དཔེ་གླང་པོ་ཆེའི་ཁལ་སུམ་ཅུ་རྩ་གཉིས་བྱུང་། འཇམ་པའི་རྡོ་རྗེ་སོགས་ཐུགས་དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཤླཽ་ཀ་འབུམ་ཕྲག་བརྒྱད་ཅུ་ཐུགས་ལ་བཞུགས། མང་དུ་ཐོས་པའི་མཐར་སོན། ཞེས་གསལ་ཞིང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[27]། དེ་ནས་གངྒཱ་དང༌། ཡ་མུ་ནའི་བར་གྱི་ཡུལ་ཨནྟར་བྷི་དིའི་ཡུལ་དུ་ཏུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་བྱ་བ་བྱུང༌། དགེ་སློང་འགའ་རེས་རྒྱལ་པོའི་ཕོ་ཉ་བྱས་པས་རྐྱེན་བླངས་ཏེ། དེ་དང་བྷཾ་ག་ལ་ལ་སོགས་པའི་ཡུལ་གཞན་དང་གཞན་ན་གནས་པའི་ཏུ་རུཥྐའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་ག་དྷཱའི་ཡུལ་ཐམས་ཅད་འཇོམས་པར་བྱུང་སྟེ། ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་བ་མང་པོ་ཞིག་བསད། དེ་དང་བི་ཀྲ་མ་ཤཱི་ལ་གཉིས་ཆར་བཤིག །ཨོ་ཏནྟ་བི་ཧ་རའི་ཤུལ་དུ་སྟག་གཟིག་གི་རྫོང་བཅས། པཎྜི་ཏ་ཤཱཀྱ་ཤྲཱི་ཤར་ཕྱོགས་ཨོ་ཊི་བི་ཤའི་ཡུལ་ཛ་ག་རྡ་ལར་བྱོན། ཞ

ེས་ཕྱོགས་མཚུངས་སུ་གསལ་བ་ལྟར། སློབ་དཔོན་ཨ་བྷ་ཡའི་སྐུ་དུས་སུ་ཏུ་རུཥྐའི་རྒྱལ་པོ་ཟླ་བ་སོགས་རྒྱལ་ཕྲན་གཅིག་བསྡུས་བྱས་པའི་ཏུ་རུ་ཀྵའི་དམག་གིས་གཏོར་བཤིག་བྱས་པར་གསལ་ལོ།།

འོན་ཀྱང་ལྷ་བཙུན་ངག་དབང་རྡོ་རྗེས་ (1715-1780) བརྩམས་པའི་༸རྒྱལ་བ་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་གསང་བའི་རྣམ་ཐར་ལས[28]། ང་གཅིག་པུ་རིམ་གྱིས་སོང་ནས་ཕུ་ལ་ཧ་རིའི་དགོན་པར་སླེབས། དེ་དུས་ང་ལ་རླུང་གི་ནུས་པ་དགའ་རབ་ཡོད་པས། མི་རང་ག་བས་ཞག་བདུན་གྱིས་འགྲོ་བའི་སར་ཉིན་གཅིག་ལ་འགྲོ་ཐུབ་པ་ཡོད། དེ་དུས་ཕུ་ལ་ཧ་རི་ན་པཎྜི་ཏ་ལྔ་བརྒྱ་ཚང་བ་བཞུགས་འདུག །གསེར་སྲང་འགའ་ཡོད་པ་ཕུལ་ནས་མང་ཇ་གཅིག་བཏང་ནས་གཙུག་ལག་ཁང་ཐམས་ཅད་ལ་ཕྱག་སྐོར་མང་དུ་བྱས་ཏེ། ཨུ་ཏཱ་ཞི་ཞིག་ལ་གནས་ཚང་གཡར་ནས་ཟླ་བ་དྲུག་གི་རིང་ལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་སྒྲུབ་པ་ཉམས་སུ་བླངས་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་བརྩོན་པ་བྱས་པས་ཉམས་རྟོགས་སོགས་དགའ་རབ་བྱུང་། རྒྱ་གར་འཕགས་པའི་ཡུལ་འདི་སངས་རྒྱས་མང་པོས་བྱིན་གྱིས་བརླབས་པའི་གནས་ཡིན་ཟེར་བ་ལ་དགོས་པ་ཁྱད་པར་ཅན་ཞིག་ངེས་པར་འདུག །ཅེས་གསུངས་པ་ལྟར། ཐུན་མོང་མ་ཡིན་པའི་དག་སྣང་ལ་དེ་ལྟར་བྱུང་སྲིད་ཀྱང་། ལོ་རྒྱུས་ཐུན་མོང་བའི་དབང་དུ་བྱས་ན་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་ (ཆུ་སྦྲུལ་ ༡༧༡༣ ལོ།) སུ་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་འདི་ཉིད་གཏོར་བཤིག་གིས་མཁར་ཤུལ་ཙམ་ལས་མེད་པས། པཎྜི་ཏ་ལྔ་བརྒྱ་བཞུགས་སའི་ནང་པའི་གཙུག་ལག་ཁང་གཞི་རྒྱ་ཆེན་པོ་ཞིག་ཡོད་ཚོད་མི་སྣང་བ་ནི། ཕྱི་ལོ་ ༡༢༠༡ ལོ་ཡས་མས་ནས་བཟུང་ནུབ་ཕྱོགས་ཏཱ་སིག་གི་ཡུལ་ནས་དུ་རུ་ཀའི་དམག་རྒྱ་གར་དུ་འོངས་ནས་ཤར་ཕྱོགས་དང་ལྷོ་ཕྱོགས་མ་གཏོགས། ནུབ་དང་། བྱང་། དབུས་བཅས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་ནང་པའི་གཙུག་ལག་ཁང་གྲགས་ཅན་ན་ལེནྡྲ་དང་། ཨོ་ཏནྟ་པཱུ་རི། བི་ཀཱ་མ་ལ་ཤཱི་ལ་སོགས་མང་དུ་བཅོམ་པར་བརྟེན་རྒྱ་གར་གྱི་པཎྜི་ཏ་དང་མཁས་པ་རྣམས་བོད་སོགས་ཡུལ་གྲུ་གཞན་དག་ཏུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་ལས་གསལ་པོ་རྟོགས་པས། ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དུ་འཁོད་པ་ནི་ཡོངས་གྲགས་ཀྱི་ལོ་རྒྱུས་དང་མི་མཐུན་ཏེ། ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ (1908-1989) གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས[29]། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ནི་བྷི་ཧར་ནང་དགོན་པ་ཆེ་ཤོས་ཤིག་ཡིན་ཅིང་། དེ་ནི་ཕྱི་ལོ་ ༡༡༩༣ ལོར་ཁ་ཆེའི་དམག་དཔོན་ཨིག་ཏི་ཨུ་རན། མ་མུ་ཡེ་མན་ནས་རྩ་མེད་གཏོར་ཏེ་དེང་སང་དགོན་ཤུལ་ཙམ་ལས་མེད། ཅེས་གསལ་བ་ལྟར་རོ།།

ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[30]། སློབ་དཔོན་རཏྣ་རཀྵི་ཏ་ནི་དང་། ཛྙཱ་ན་ཨཱ་ཀ་གུཔྟ། བུདྡྷ་ཤྲཱི་མི་ཏྲ་བཅས། འདི་དག་གི་དུས་རྒྱལ་པོ་སེ་ན་བཞི་བྱུང་སྟེ། དེའི་རིང་ལ་ཕྱོགས་ཀུན་ཏུ་མུ་སྟེགས་ཇེ་འཕེལ་དུ་སོང་ཞིང༌། ཀླ་ཀློའི་གྲུབ་མཐའ་འཛིན་པ་ཡང་ཇེ་མང་དུ་གྱུར། དེའི་རྗེས་སུ་ཏུ་རུ་ཥྐའི་རྒྱལ་པོ་ཞིག་བྱུང་སྟེ། དེས་ཏུ་རུཥྐའི་རྒྱལ་ཕྲན་གཞན་དང་ལྷན་ཅིག་ཏུ་མ་ག་དྷའི་ཡུལ་ཐམས་ཅད་བཅོམ། ཨོ་ཏནྟ་པུ་རིར་རབ་བྱུང་མང་པོ་བསད་ནས་དེ་དང་བི་ཀྲ་མ་ཤྲཱི་ལ་གཉིས་ཅིག་ཅར་དུ་བཤིག །པཎྜི་ཏ་རྣམས་ཕྱོགས་གཞན་དུ་བྲོས་ཏེ་དེ་གཉིས་སུ་བསྟན་པ་ནུབ་བོ། །ཞེས་བྱུང་ངོ་།།

དེ་བཞིན་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མར། སྔ་མོ་དུ་རུ་ཀྵའི་དམག་གིས་ནང་པའི་ཆོས་སྡེ་ཁག་བཅོམ་ཤུལ་དུ་ཁ་ཆེའི་ལྷ་ཁང་རེ་བཞེངས་ཚུལ་གསལ་བ་ལྟར། ད་ལྟའི་ཆར་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ཆགས་ཡུལ་གྱི་རི་སྟེང་གི་དབུས་སུ་དབྱིབས་ཟླུམ་གཟུགས་ཅན་གྱི་ཁ་ཆེའི་ལྷ་ཁང་དང་། གཡས་གཡོན་མདུན་རྒྱབ་ཏུ་ཁ་ཆེའི་རོ་ཁང་ལྟ་བུར་གྱུར་ཅིང་། དེ་འཕྲོས་རྣམས་ནི་གྱང་རོ་དང་། རྩིག་རྨང་གི་རྗེས་ཤུལ་ཙམ་ལས་གང་ཡང་མཇལ་རྒྱུ་མེད་པ་དག་མིག་ལམ་དུ་གྱུར་སྐབས། སྔོན་བྱོན་ལོ་པཎ་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་ཅིང་། དེ་དག་གིས་གཙུག་ལག་ཁང་ཆེན་འདིར་༸རྒྱལ་བསྟན་འཛིན་འཛིན་སྐྱོང་སྤེལ་གསུམ་དང་། བཤད་སྒྲུབ་འཆད་ཉན་གྱི་སྒོ་ནས་བསྟན་འགྲོའི་མཛད་བཟང་བསྐྱངས་པའི་རྣམ་ཐར་ཁག་ཡིད་ལ་དྲན་སྐབས་ཡིད་སྐྱོ་བློ་ཕམ་དང་། མིག་ཆུ་དབང་མེད་ཤོར་བ་ཞིག་ཆགས་ཡོད་པ་འདི་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༦༡

[2]  དགེ་འདུན་ཆོས་འཕེལ་གྱི་གནས་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༧༡

[3]  དགེ་འདུན་ཆོས་འཕེལ་གྱི་གནས་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༦

[4]  རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། ༼༡༽ ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་ ༩༢

[5]  ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༦

[6]  ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༣༤༨

[7]  ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༨༢

[8]  བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༦༠༤

[9]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༠

[10]  གདམས་ངག་མཛོད། པོད། ༼མ༽ སེམས་ཉིད་ངལ་གསོ། དཔེ་གཟུགས། ཤོག་གྲངས་ ༢ན༢

[11]  ཡི་དམ་དྲག་པོའི་མངོན་རྟོགས་རྡོ་རྗེའི་འཕྲེང་བའི་དབང་བཤད། བལ་ཡུལ་ཀརྨ་ལེགས་བཤད་གླིང་། ༢༠༡༢ ལོ། ཤོག་གྲངས་ ༡༥

[12]  གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༩ ལོ། ཤོག་ ༡༨༡

[13]  ས་སྐྱ་པ་དང་ས་སྐྱ་པ་མ་ཡིན་པའི་བླ་མ་ཁ་ཤས་ཀྱི་རྣམ་ཐར། ༼ག༽ རྒྱལ་ཡོངས་གསུང་རབ་སློབ་ཁང་། དཔེ་རིང་། ཤོག་ ༥བ༢

[14]  བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣༣༡ ནས ༣༤༡ བར།

[15]  ཆོས་འབྱུང་བསྟན་པའི་ཉི་མ། ༼༡༽ དཔེ་གཟུགས་བྲིས་མ། ཤོག་གྲངས་ ༡༤༤བ༣

[16]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༦༠

[17]  ཏཱ་ར་ནཱ་ཐའི་གསུང་འབུམ། འཛམ་ཐང་པར་མ། པོད། ༼༢༠༽ དཔེ་གཟུགས་ཤོག་གྲངས་ ༥བ༥

[18]  གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། ༢༠༠༩ ལོ། ཤོག་ ༣༢༥

[19]  ཏཱ་ར་ནཱ་ཐའི་གསུང་འབུམ། དཔེ་བསྡུར་མ། ༼༡༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༦༦

[20]  རྦ་བཞེད་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༢༩

[21]  རྦ་བཞེད་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༠

[22]  མར་པའི་རྣམ་ཐར། པོད། ༼༡༽ བྲིས་མ་དེབ་གཟུགས། ཤོག་གྲངས་ ༡༠༥

[23]  ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། སྟོད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོ་བསྡུ་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༢༥

[24]  ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། སྟོད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོ་བསྡུ་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༢༣

[25]  ཆོས་འབྱུང་བསྟན་པའི་ཉི་མ། པོད། ༼༡༽ དཔེ་ཐུང་བྲིས་མ། ཤོག་གྲངས་ ༡༤༤ན༡

[26]  མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་གསུང་འབུམ། པོད། ༼༡༽ རྒྱལ་ཡོངས་གསུང་རབ་སློབ་ཁང་། ཤོག་ ༣༣༠

[27]  ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༤༢

[28]  ཚངས་དབྱངས་རྒྱ་མཚོའི་གསང་བའི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༠༩

[29]  བོད་ཀྱི་སྲིད་དོན་རྒྱལ་རབས། ༼༡༽ བོད་གཞུང་ཤེས་རིག་དཔར་ཁང་། ༡༩༧༦ ལོ། ཤོག་གྲངས་ ༡༧༥

[30]  གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼ན༽ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༩ ལོ། ཤོག་ ༡༨༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༡ ནས་ ༡༧༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *