༢༽ རྡོ་འཇོག་གི་གཙུག་ལག་སློབ་གྲྭ་ཆེན་མོ།
གོང་གསལ་མཛེས་བརྗིད་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་པོ་དེ་ནི། དེང་སང་གི་མཐོ་སློབ་འཛུགས་སྐྲུན་གྱི་ཇུས་འགོད་འཆར་གཞི་ལྟར་ར་སྐོར་གཅིག་ཏུ་ཤེས་ཡོན་སྒྱུ་རྩལ་ཡོངས་རྫོགས་སློབ་སྦྱོང་བྱེད་སའི་ལྟེ་གནས་ཤིག་མེད་ཚོད་དང་། དེ་ནི་སློབ་དཔོན་སོ་སོའི་བཞུགས་གནས་ཀྱི་སྤྱིལ་བུའི་ནང་བཟོ་རིག་སྒྱུ་རྩལ་སྣ་ཁ་རེ་གཉིས་སློབ་གཉེར་བྱེད་སའི་གྲོང་སྡེ་ཆེན་པོའི་མཉམ་སྡེབ་ཚོགས་པ་ཞིག་ལ་རིམ་པས་བརྗོད་བདེའི་ཐོག་རྡོ་འཇོག་གི་གཙུག་ལག་སློབ་གྲྭ་ཆེན་པོ་ཞེས་ལམ་སྲོལ་ཆགས་པ་ཞིག་རེད་འདུག །
སློབ་དཔོན་ཚོའི་གྲོང་སྡེ་ཆེན་པོ་དེ་ན་སློབ་དཔོན་སྐུ་ཡོན་ཆེན་པོ་ཤ་སྟག་བཞུགས་ཀྱི་ཡོད་པ་དང་། སློབ་གྲྭའི་སློབ་དཔོན་ཆེན་པོའི་གནས་རིམ་དབུ་གནས་ཆེད་རིག་བྱེད་གསུམ་དང་། བཟོ་རིག་སྒྱུ་རྩལ་སུམ་ཅུ་ལ་མངའ་བརྙེས་པའི་མཁས་མཛངས་ཅན་ཞིག་འདེམས་བསྐོ་བྱེད་དགོས་པ་སློབ་གྲྭའི་བཅའ་ཁྲིམས་ནང་གསལ་བཤད་བྱས་ཡོད། དེ་ལ་དིཤཱ་པྲ་མ་ཁ་སྟེ་ཕྱོགས་ཀྱི་རྗེ་བོ་ཞེས་མཚན་གསོལ་ཡོད་པ་དང་། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་རྗེ་བོ་དེའི་ཕྱག་རོགས་ལ་དགེ་རྒན་ཕོན་ཆེན་པོ་རེ་ཡོད་པ་དེ་ཚོའི་མཚན་གནས་པིཊ་ཋི་ཨཱ་ཅར་ཏེ་སློབ་དཔོན་རྒྱབ་སྐྱོར་བ་ཞེས་གསོལ་ཞིང་། སློབ་གྲྭ་དང་སློབ་གཉེར་ཁང་སོགས་ཀྱི་ཤེས་ཡོན་སློབ་སྟོན་གྱི་སྒྲིག་འཛུགས་མཐའ་དག་སློབ་གྲྭའི་བཀའ་ཁྲིམས་འོག་སློབ་དཔོན་ཕྱོགས་ཀྱི་རྗེ་བོས་ཉེ་རིང་མེད་པར་སྤྱི་སྙོམས་ཉི་ཟླ་ལྟ་བུར་སྐྱོང་གི་ཡོད་སྟབས་སྒྲིག་ལམ་ཧ་ཅང་སྤུས་དག་ཅིང་། ཤེས་ཡོན་ཆུ་ཚད་མཐོན་པོར་སླེབས་ཡོད་པའི་དབང་གིས། ཡུལ་ལུང་གཞན་པའི་མི་རིགས་ཀྱིས་ཀྱང་ཡིད་སྨོན་ཞིང་། སློབ་གྲྭ་བ་འབོར་ཆེན་པོ་ཤེས་ཡོན་སྒྱུ་རྩལ་གསན་སྦྱོང་ཆེད་རྡོ་འཇོག་སློབ་དཔོན་ཚོའི་གྲོང་སྡེ་ཆེན་པོར་འཛུལ་ཞུགས་བྱེད་ཀྱི་ཡོད་པ་རེད།

སློབ་གཉེར་བ་དེ་ཚོའི་ནང་ཚན་སློབ་ཡོན་སྤྲོད་མཁན་ཉིན་སློབ་པ་དང་། ཆོས་ཀྱི་ཉེ་གནས་ཞེས་ཁག་གཉིས་ཡོད་པ་རེད། དེ་བཞིན་དང་པོ་ལྟར་ན། སློབ་ཡོན་ཕུལ་ནས་ཉིན་མོར་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། ཅིག་ཤོས་ཀྱིས་ཉིན་མོར་སློབ་དཔོན་ཚང་ལ་ཞབས་འདེགས་ཞུས་ནས་སྔ་ལངས་ཕྱི་ཉལ་གྱིས་སྔ་དགོང་ཤེས་ཡོན་སྒྱུ་རྩལ་སྦྱོང་གི་ཡོད་པ་རེད་ལ། སློབ་དཔོན་ཚང་གི་ནང་མི་དང་སློབ་གཉེར་བ་ཚོ་ཁྱུ་འདྲེས་བྱས་ནས་མཉམ་བཟའ་མཉམ་འཐུང་གི་འཚོ་བར་རོལ་གྱི་ཡོད་པ་ནི། རྡོ་འཇོག་གཙུག་ལག་སློབ་གྲྭ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་སྨོས་ཀྱང་ཅི་དགོས། སློབ་དཔོན་གཞན་ཕན་དོན་གཉེར་ཅན་རྣམས་ཀྱི་མཁོ་ཆས་ཀྱང་ཧ་ཅང་རྒྱས་སྤྲོས་མེད་སྟབས། སློབ་ཡོན་གྱི་ཡོང་འབབ་ཁེར་གཙང་གིས་སློབ་གྲྭ་དང་བཟའ་ཚང་གི་བཟའ་བཅའི་མཐུན་རྐྱེན་ཡོངས་རྫོགས་འགྲིག་འགྲོ་གི་ཡོད་པ་རེད།
འདི་ལྟར་སློབ་དཔོན་ཚོའི་གྲོང་སྡེ་ཆེན་པོ་རྡོ་འཇོག་གི་གཙུག་ལག་སློབ་གྲྭ་ཆེན་པོ་དེར་འཛུལ་ཞུགས་ཆེད་མི་རིགས་ཀྱི་རྣམ་དབྱེ་དང་། དབུལ་ཕྱུག་གི་ཚད་ཐིག་སོགས་དོ་དམ་གང་ཡང་མེད་རྐྱེན། ལོ་ན་བཅུ་དྲུག་ཧྲིལ་པོར་ལོན་པའི་གཞོན་སྐྱེས་ཚང་མར་སོ་སོའི་འདོད་མོས་ལྟར། ཤེས་ཡོན་སྒྱུ་རྩལ་སྦྱོང་ཆོག་པའི་བདག་དབང་ཡོད་པ་རེད།
འདི་ལྟར་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་རྗེ་བོ་དང་། རྒྱབ་སྐྱོར་བ་སློབ་དཔོན་ཚོའི་འདུས་སྡེ་དེ་ནི། སྒྲིག་འཛུགས་ཆེ་གེ་མོའི་འཛིན་སྐྱོང་གི་ཁོངས་གཏོགས་ཤིག་མིན་ཞིང་། སློབ་དཔོན་ཚོགས་ཁག་དུ་མའི་མཉམ་སྡེབ་ཚོགས་པ། དཔེར་ན། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་པ་ལྟ་བུའི་ཁྱད་དུ་འཕགས་ཤིང་དགེ་མཚན་ལྡན་པ། ཤེས་ཡོན་སྤེལ་སའི་གནས་ཤིག་ཡིན་ལ། དེ་ལྟར་ཤེས་ཡོན་སྤྲོད་རྒྱུའི་སྲིད་ཇུས་གཏན་འབེབས་ཇི་བཞིན་གསར་བུ་བ་བསྡུ་ལེན་དང་འཛུལ་བཅུག་བྱེད་ཕྱོགས་ཐད་དྲག་ཞན་ལ་མ་བལྟོས་པར་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་རྗེ་བོས་སློབ་གྲྭའི་སྒྲིག་གཞིའི་འོག་གཏན་འཁེལ་ཐག་གཅོད་གནང་རྒྱུའི་འགན་དབང་ཆ་ཚང་ཡོད་པ་རེད། གསར་བུ་བ་ཚོ་ལ་ཡང་སོ་སོའི་ཁམས་མོས་བསམ་པ་ལྟར་ཤེས་ཡོན་སྒྱུ་རྩལ་ཅི་རིགས་སྦྱོང་རྒྱུའི་གོ་སྐབས་ཕུན་སུམ་ཚོགས་པོ་ཡོད་པ་རེད།
དེ་ནི་མཚན་སྙན་གྱི་རྔ་གསང་ཕྱོགས་བཅུར་ཁྱབ་པའི་སྨན་པ་འཚོ་བྱེད་གཞོན་ནུའི་མཛད་རྣམ་ལས་ཀྱང་གསལ་པོར་ཤེས་རྟོགས་བྱུང་ཞིང་། རྒྱལ་བུ་འཚོ་བྱེད་གཞོན་ནུ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། དབུས་འགྱུར་འཆང་གི་ས་ལ་སྤྱོད་པ་རྒྱལ་པོ་གཟུགས་ཅན་སྙིང་པོ་གཉིས་ཀྱི་སྐུའི་བླ་སྨན་དང་། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་འཇིགས་མེད་གཞོན་ནུས་སྐུ་སྐྱེད་བསྲིངས་པའི་རྒྱལ་བུ་ཞིག་ཡིན་ཏེ། དགུང་གྲངས་ནར་སོན་པ་དང་དམ་པའི་རང་རྟགས་མངོན་པར་གསལ་ནས་འགྲོ་བ་མིའི་ལུས་ཅན་རྣམས་ཀྱི་སྲོག་འཚོ་བའི་ཐབས་སྟོན་པའི་གསོ་བ་རིག་པ་གསན་སྦྱོང་ཆེད་མཛེས་བརྗིད་ལྡན་པའི་རྡོ་འཇོག་གི་གཙུག་ལག་སློབ་གྲྭ་ཆེན་པོར་ཕྱགས་བཏེགས་ནས་སློབ་དཔོན་ཕྱོགས་ཀྱི་རྗེ་བོ་ཞིག་གིས་ཞབས་ལ་གཏུགས་ཏེ་ཉིན་མཚན་གཡེང་བ་མེད་པར་གསོ་གཞུང་ལག་ལེན་དང་བཅས་པར་གསན་སྦྱོང་ལ་བརྩོན་པ་གཅིག་ཏུ་བསྐྱེད་ཅིང་བཞུགས་སོ།།
དེ་ལྟར་ལོ་གྲངས་བདུན་རིང་བརྩོན་པ་ལྷུར་མཛད་ཀྱིས་ཐུགས་སྦྱོང་མཛད་ཀྱང་། སྨན་གཞུང་རྒྱ་མཚོ་ལྟ་བུའི་གཏིང་དཔོག་པ་ཞིག་མི་སྣང་བས། རེ་ཞིག་གཅིག་ན་སློབ་དཔོན་ཕྱོགས་ཀྱི་རྗེ་བོའི་གམ་བཅར་ཞུས་ནས་གསོལ་པ། སློབ་དཔོན་ལགས། བདག་གིས་ལོ་དང་ཟླ་བ་སྦྲེལ་ནས་མི་ལོ་ཧྲིལ་པོ་བདུན་རིང་གསོ་རིག་ལ་བརྩོན་ཁུལ་རྒྱུན་སྲིང་བྱས་ཀྱང་ད་དུང་མཐར་འཁྱོལ་བ་ཞིག་མ་བྱུང་བས། ད་ནི་ངལ་ཐང་ཆད་ལ་ལུས་ཟུངས་ཀྱང་ཤོར་ལ་ཁད། ཐུགས་བརྩེ་བའི་སྤྱན་གྱིས་གཟིགས་ནས། བདག་ལ་སློབ་སྦྱོང་མཐའ་རུ་འཁྱོལ་བའི་ཞལ་གདམས་སྙིང་པོར་དྲིལ་བ་ཞིག་ཅིས་ཀྱང་སྐྱབས་འཇུག་གནང་རོགས་གནང་ཞེས་ཞུས་པས། སློབ་དཔོན་ཆེན་པོས། འོ་ན། འཚོ་བྱེད་གཞོན་ནུ་ཁྱོད་རང་དགྲ་སྟ་ཞིག་བླངས་ནས་སློབ་གྲྭའི་ཕྱོགས་བཞིར་བསྐྱོད་དེ་སྔོ་སྨན་མིན་པའི་རྩྭ་ལྡུམ་ཞིག་བཙལ་ནས་ཁྱེར་ཤོག །དེ་ནས་ངས་ཁྱོད་ལ་མཇུག་སྡོམ་གྱི་གདམས་ངག་ཚང་ལ་མ་ནོར་བ་ཞིག་སྟེར་རོ་གསུངས།
འཚོ་བྱེད་གཞོན་ནུ་སློབ་དཔོན་ཆེན་པོའི་བཀའ་དགོངས་བཞིན་སློབ་གྲྭའི་ཕྱོགས་བཞིར་རྒྱང་གྲགས་རེ་མྱུལ་ནས་སྔོ་སྨན་མིན་པའི་རྩྭ་ལྡུམ་ཞིག་བཙལ་ཀྱང་མ་རྙེད་པས། སླར་སློབ་དཔོན་གྱི་རྩར་ལོག་ནས་གསོལ་པ། ཀྱེ། སློབ་དཔོན་རིན་པོ་ཆེ། བདག་སློབ་གྲྭའི་མཐའ་འཁོར་དུ་རྒྱང་གྲགས་རེ་ཕྱིན་ནས་བལྟས་ཀྱང་། སྔོ་སྨན་མིན་པའི་རྩ་ལྡུམ་གཅིག་ཀྱང་མ་རྙེད་ཅེས་གསོལ་པས། སློབ་དཔོན་གྱིས། འཚོ་བྱེད་གཞོན་ནུ་གསོ་བ་རིག་པའི་སློབ་སྦྱོང་དེ་ཙམ་ཞིག་གིས་འགྲིག་པ་ཡིན་ཅིང་། དེ་ཁྱོད་རང་ཕ་ཡུལ་དུ་ལོག་ལ་སྒོ་གསུམ་བཏང་སྙོམས་ལ་མ་སོང་བ་དང་། ནད་པ་རྣམས་ལ་ཞིབ་བརྟགས་ཀྱིས་བཅོས་ཁ་གྱིས་ཤིག །བློ་སྐྱེད་ཞོར་ལ་འོང་ཞེས་གསུངས་སོ།།

མི་རབས་གོང་མ་ཚོའི་སྙིང་སྟོབས་དང་ལྷག་བསམ་གྱི་རྩལ་ཇི་ཙམ་བཏོན་པའི་གནས་ཚུལ་ར་སྤྲོད་བདེན་དཔང་མཛད་པའི་རྒྱལ་བུ་འཚོ་བྱེད་གཞོན་ནུ་ཙམ་མ་ཡིན་པས། མཽརྱ་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཙནྡྲ་གུཔྟ་སྟེ་ཟླ་བ་སྦས་པའི་སྲིད་བློན་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལ་ཕུལ་དུ་ཕྱིན་པ་ཙཱཎཀྱ། དེ་བཞིན་སྒྲ་གཞུང་པཱ་ཎི་པ་མཛད་པ་པོ་སློབ་དཔོན་པཱ་ཎི་ནི་སོགས་གནའ་རབས་ཀྱི་མཁས་དབང་དོན་སྙིང་གལ་ཆེན་ཡོད་པའི་མི་སྣ་ཕུལ་བྱུང་མང་པོ་རྡོ་འཇོག་གཙུག་ལག་སློབ་གྲྭ་ཆེན་པོའི་སློབ་གཉེར་བ་ཤ་སྟག་ཡིན་ནོ།།
དེ་ནས་རིམ་བཞིན་དུས་ཀྱི་འཕོ་འགྱུར་དང་། འཁོར་བའི་ཆོས་ཉིད་ཀྱིས། ཕྱི་ལོ་བརྒྱ་ཕྲག་ལྔ་པའི་འགོ་ཙམ་ལ་བྱང་ཕྱོགས་ཧོར་གྱི་རྒྱལ་ཁབ་ནས་ཤཀ་དང་ཧཱུཎ་བྱ་བའི་མི་རིགས་ཀྱིས་རྒྱ་གར་ནུབ་བྱང་མཚམས་ཀྱི་ས་ཆར་དམག་དྲངས་ཏེ་གཱན་དྷ་རའི་རྒྱལ་ཁབ་རྨེག་མེད་དུ་བཏང་། རྡོ་འཇོག་གི་གྲོང་ཁྱེར་དང་། གཙུག་ལག་སློབ་གྲྭ་ཆེན་པོར་གཏོར་བཤིག་འཕྲོག་བཅོམ་དང་། མེར་བསྲེགས་ཀྱིས་ཐལ་བའི་ཕུང་པོར་བྱས། དེ་དུས་རྒྱ་གར་སྟོད་དང་ནུབ་བྱང་གི་མཚམས་སུ་གུཔྟའི་རྒྱལ་རྒྱུད་ཀྱིས་སྲིད་དབང་སྐྱོང་གི་ཡོད་ཀྱང་། ཤཀ་དང་ཧཱུཎ་མི་རིགས་ཀྱི་སྟོབས་ཤུགས་ཆེ་བས་ཐེངས་གཉིས་པའི་སྐབས་གུཔྟའི་རྒྱལ་རིགས་ཀྱིས་དམག་འཐབ་ཚ་ལན་སྤྲོད་མ་ཐུབ་པའི་རྐྱེན་དབང་གིས་རྒྱ་གར་ནུབ་བྱང་གི་ས་མཚམས་རྣམས་དགྲ་ཟླའི་དབང་དུ་ཤོར་ནས་གུཔྟའི་དབང་སྒྱུར་མཇུག་འགྲིལ་བ་དང་། རྡོ་འཇོག་གི་གྲོང་ཁྱེར་དང་གཙུག་ལག་སློབ་གྲྭ་ཆེན་པོར་ཉམས་རྒུད་ཆེན་པོ་བྱུང་བ་རེད།[1]
དེ་ལྟར་རྡོ་འཇོག་གི་གྲོང་ཁྱེར་ཆེན་པོ་དེ་ཉིད་ཕྱི་ལོའི་དུས་རབས་ལྔ་པ་དྲུག་པའི་ནང་དུ་ཉམས་རྒུད་ཕྱིན་པར་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་ལ། རྒྱའི་བཙུན་པ་ཧྥ་ཤཱན་གྱི་སྐབས་སུ་དར་རྒྱས་ཆེན་པོ་ཡོད་པར་གསལ་ཡང་། ཐང་སན་བླ་མའི་སྐུ་དུས་སུ་ཉམས་ཆགས་ཤུགས་ཆེ་ཕྱིན་ཚུལ་གསལ་བ་ལས་ཀྱང་རྟོགས་ཐུབ་ལ། དེ་རྗེས་ཉམས་རྒུད་ལས་ཡར་རྒྱས་སུ་གཏན་ནས་འགྲོ་མ་ཐུབ་པར་བརྟེན། བར་སྐབས་རྡོ་འཇོག་དེ་ཉིད་ཡིག་ཆ་རྙིང་པར་གསལ་བ་ཙམ་ལས། ལག་ལེན་དངོས་ལ་འཛམ་གླིང་གི་ས་ཡུལ་དངོས་ནས་འཇལ་ཡལ་བ་ལྟར་དུ་གྱུར་ནས་ངོས་འཛིན་ཡང་དཀའ་བའི་གནས་སུ་གྱུར་པ་དང་། ཕྱི་ལོའི་དུས་རབས་བཅོ་བརྒྱད་པ་ཙམ་ནས་དབྱིན་ཇིས་རྒྱ་གར་དབང་བསྒྱུར་བྱས་རིང་རྒྱ་གར་གྱི་ས་གནས་མང་པོ་ཞིག་ནས་གནའ་ཤུལ་བསྔོག་འདོན་བྱས་པའི་ཁོངས་ནས་རྡོ་འཇོག་གི་གནའ་ཤུལ་མང་དག་ཅིག་རྙེད་སོན་བྱུང་སྟེ། རྡོ་འཇོག་ཡིན་པ་ར་འཕྲོད་ངོས་འཛིན་ཐུབ་པ་བྱུང་སྟེ། ད་ལྟ་རྗེས་ཤུལ་ཙམ་ལྷག་མར་ལུས་པ་འདིའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ག་ཤ་བ་དངོས་གྲུབ། ཟ་མ་ཏོག །ལྡི་ལི་བོད་ཀྱི་ཁང་པ། ༢༠༠༦ ལོ། ཤོག་གྲངས་ ༡༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༣ ནས་ ༡༠༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།